Terdzo-DA-008

From Rinchen Terdzö
Revision as of 14:56, 28 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

གསང་ཐིག་སྙིང་པོའི་སྐོར་ལས། ཚེས་བཅུའི་བླ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་སྨིན་བྱེད་བཅུད་ཀྱི་ཐིག་ལེ་

gsang thig snying po'i skor las/_tshes bcu'i bla sgrub kyi dbang bskur bklag chog tu bkod pa smin byed bcud kyi thig le

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
in cycle  གསང་ཐིག་སྙིང་པོའི་སྐོར་བདུན་ (Gsang thig snying po'i skor bdun)
Volume 11 (ད) / Pages 145-173 / Folios 1a1 to 15a6

[edit]

༄༅། །གསང་ཐིག་སྙིང་པོའི་སྐོར་ལས། ཚེས་བཅུའི་བླ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་སྨིན་བྱེད་བཅུད་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་ཡེ་ཤེས་བྱིན་ཆེན་པོས། །འགྲོ་རྒྱུད་སྐུ་བཞིར་སྨིན་མཛད་པ། །བླ་མེད་བླ་མ་སྙིང་དབུས་སུ། །བཀོད་ནས་དབང་ཆོག་ཉུང་གསལ་དགོད། །སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་མཛད་ཆེན་བཅུ་གཉིས་དང་རྗེས་སུ་འབྲེལ་བའི་བླ་མ་སྐུ་བཞིའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འོད་ཀྱི་ཐིག་ལེའི་སྨིན་བྱེད་བགྱི་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གོང་མས་བྱིན་གྱིས་བརླབས་པའི་གནས་སུ་ཡར་ངོའི་ཚེས་བཅུ་ལྟ་བུའི་དུས་བཟང་ལ་སྟེགས་བུའི་སྟེང་དཀྱིལ་འཁོར་སྒོ་རྫོགས་ཅན་གྱི་རས་བྲིས་བཏིང་། མ་འཛོམ་ན་མཎྜལ་ལ་དྲི་བཟང་པོས་གཤེར་བའི་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བརྒྱད་རིམ་གཉིས། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ་མཉྫིའི་སྟེང་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཅན་གྱི་ཁར་ཐོད་པ་མཚན་ལྡན་ཛ་གད་ལ་ཨ་མྲྀཏ་སྦྱར་བས་བཀང་པ་བཞག །དེའི་ཁར་མེ་ལོང་དྭངས་པ་ལ་སིནྡྷུ་རའི་ཐིག་ལེ་ཟླུམ་པོ་དབུས་སུ་ཆེ་བ་གཅིག །ཕྱོགས་བཞིར་ཆུང་བ་བཞི་བཀོད་པའི་དབུས་ཀྱི་ལྟེ་བར་ཧཱུྃ་གི་མཐར་བསྙེན་སྔགས་བཛྲ་གུ་རུ་གཡས་སྐོར། ཤར་སོགས་ཕྱོགས་བཞིར། ཨོཾ་ ཏྲཱཾ་ ཧྲཱིཿ ཨཱཿརྣམས་བཀོད་པས་བཀབ་པའི་སྟེང་གུ་རུའི་སྐུ་ཚབ་བཞུགས་སུ་གསོལ། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པའི་གཡས་གཡོན་དུ་སྨན་རཀ་སྣོད། མདུན་ངོས་སུ་ཚེ་འབྲང་། དེའི་གཡས་གཡོན་དུ་ཚེ་རིལ། ཚེ་ཆང་། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་རམ་མདུན་ངོས་ཕྲེང་ཚར་དུ་བཤམ་ཡང་ཆོག །གཏོར་དབང་རྗེས་དངོས་གྲུབ་ཏུ་སྦྱིན་རྒྱུའི་ཆང་དང་ཟས་སྣའང་ཐོད་སྣོད་སོགས་སུ་བཞག །གཞན་ཡང་སྔོན་གཏོར། ཚོགས་ཆས། བཀའ་སྲུང་གཏོར་འབུལ། ཆད་བརྟན། མདའ་དར། ལས་བུམ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་ལ། ཐོག་མར་དབང་དོན་སྒྲུབ་ཅིང་མཆོད་པ་ནི། ཕྲིན་ལས་ཆོག་བསྒྲིགས་ལྟར་གསོལ་འདེབས་ནས་བརྩམ་མཐར་ཆགས་སུ་གཏང་། ལྷ་བསྐྱེད་སྐབས་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བཟླས་པའང་དེ་ལྟར་བྱས་པས་ཆོག་མོད། རྟོགས་དགོངས་དམན་ན་བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བདག་མདུན་སོ་སོར་སྤྲོ་བསྡུའི་ཏིང་ངེ་འཛིན་གསལ་བས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཅི་འགྲུབ་བྱ། ཚེ་སྒྲུབ་ཀྱི་ཛཔ྄་དགོངས་བཅས་བཟླས་པ་ཅི་འགྲུབ་མཐར་ཚེ་འགུགས་གཏང་། སྟོང་ཚིགས་མཆོད་བསྟོད་ཕུལ། འགྲུབ་ན་ཚེས་བཅུའི་རྣམ་ཐར་གསོལ་འདེབས་ཀྱང་འདོན། སྲུང་མའི་གཏོར་ཆོག་གཏང་། ཚོགས་བྱིན་རླབས་ནས་སྐོང་བའི་བར་དུ་སོང་བ་དང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་སྤྱི་མཐུན་བྱ། ལྕོགས་ན་བདག་འཇུག་ཚང་བ་བླང་། མི་ལྕོགས་ན་རིག་པའི་མེ་ཏོག་དོར། གང་བྱེད་ཀྱང་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ། ཐོག་མར་སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བསྔོ། བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་པ་དང་ཁྱད་པར། དེའང་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསང་གསུམ་ཡོན་ཏན་མཛད་པ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་། མི་མཇེད་ཀྱི་འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་མུན་པའི་རྒྱལ་ཁམས་སུ་སྐྱེས་པའི་འགྲོ་བ་མགོན་མེད་པ་རྣམས་ཀྱི་མགོན་དུ་དམིགས་པ་མེད་པའི་ཐུགས་རྗེས་བསྐུལ་ཏེ་མགོན་པོ་འོད་དཔག་ཏུ་མེད་པ་ཉིད་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བཞེངས་པ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཞེས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྒྱ་མཚོར་མཚན་གྱི་རྔ་བོ་ཆེ་སྙན་པར་གྲགས་པ་གང་ཉིད། གདོད་ནས་འོད་གསལ་ཆོས་སྐུ་བདེ་བ་ཆེན་པོའི་དབྱིངས་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་ཆེན་པོ་བཀོད་ཅིང་། མཁའ་ཁྱབ་ཀྱི་སེམས་ཅན་གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་ཚད་མེད་པས་འཁོར་བ་དོང་ནས་སྤྲུགས་པའི་སངས་རྒྱས་ཀྱི་མཛད་པའི་ཆོ་འཕྲུལ་བསམ་ལས་འདས་པར་སྟོན་པ་ལས། བྱེ་བྲག་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་འཛམ་བུའི་གླིང་འདིར་ངོ་མཚར་རྨད་དུ་བྱུང་བའི་མཛད་པའི་རྣམ་རོལ་ཇི་སྙེད་ཅིག་གིས་གདུལ་བྱའི་ཁ་ལོ་ཐར་པར་བསྒྱུར་པ་ལས། གཙོ་བོར་གྱུར་པ་མཛད་པ་ཆེན་པོ་བཅུ་གཉིས་དང་མཐུན་པའི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་ཀྱང་དེ་ལྟར་གྲགས་པ་སྟེ། བླ་སྒྲུབ་འདི་ཉིད་ཀྱི་གཏེར་གཞུང་ལས། གདོད་ནས་རྣམ་པར་དག་པ་ཡི༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ལས༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་སྤྲིན༔ ཁ་སྦྱོར་བདེ་བའི་ཕྱག་རྒྱར་བཞེངས༔ དེ་ལས་སོ་སོར་རྟོག་པ་ཡི༔ ཡེ་ཤེས་རིག་མདངས་པདྨའི་གཙོ༔ འཆི་མེད་འོད་མཐའ་ཡས་པར་ཤར༔ སྙིང་རྗེས་འཁོར་བ་དོང་སྤྲུགས་ཕྱིར༔ ཐུགས་རྗེ་ཆེན་པོའི་རྣམ་པར་སྣང༔ བྱེ་བྲག་མི་མཇེད་འཛམ་གླིང་གི༔ གདུལ་བྱ་ཐུན་མོང་སྣང་ངོ་རུ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་འཆང༔ དྷ་ན་ཀོ་ཤར་བརྫུས་ཏེ་འཁྲུངས༔ བཅུ་གཉིས་མཛད་པའི་རྣམ་རོལ་གྱིས༔ རྒྱ་གར་རྒྱ་ནག་བོད་དང་ལི༔ ལྷོ་ནུབ་སྲིན་ཡུལ་ཚུན་ཆད་དུ༔ ངོ་མཚར་ཆོ་འཕྲུལ་བརྗོད་མི་ལངས༔ ཞེས་འབྱུང་ངོ་། །དེ་ལྟ་བུའི་གུ་རུ་སྤྲུལ་པའི་སྐུ་མཆོག་དེ་ཉིད་ཀྱིས་འཕགས་ཡུལ་སོགས་སུ་གདུལ་བྱ་འདུལ་བའི་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་ཅན་གྱི་ལྗོངས་སུ་སྤྱན་དྲངས་པ་ལྟར་སྐུ་དངོས་ཀྱིས་ཕེབས་ནས་ལྷ་འདྲེ་མ་རུངས་པ་རྣམས་བཏུལ། གཙུག་ལག་ཁང་བྱིན་གྱིས་བརླབས། མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། སྐལ་ལྡན་རྗེ་འབངས་རྣམས་ལ་ཐུན་མོང་མ་ཡིན་པའི་གདམས་ཟབ་མཐའ་ཡས་པ་བསྩལ། མ་འོངས་པའི་དོན་ལ་དགོངས་ཏེ་ཟབ་གཏེར་དཔག་ཏུ་མེད་པ་སྦས། མཐར་རྔ་ཡབ་སྲིན་པོའི་ཁ་གནོན་དུ་གཤེགས་ཏེ་ད་ལྟ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཁྱབ་བདག་དྲུག་པའི་རྒྱལ་ཚབ་ཀྱི་ཚུལ་གྱིས་རྟག་བརྟན་འགྱུར་བ་མེད་པར་བཞུགས་པ་སྟེ། སློབ་དཔོན་ཆེན་པོའི་མཛད་པའི་གཙོ་བོ་མཐའ་དག་ཡར་ངོའི་ཚེས་བཅུ་ལ་བསྟན་ཅིང་བྱིན་གྱིས་བརླབས་པ་ཡིན་པས་དེའི་དུས་རྗེས་སུ་དྲན་ཏེ་མཆོད་བསྟོད་གསོལ་བ་འདེབས་པ་སོགས་སྒོ་གསུམ་དགེ་བའི་སྤྱོད་པ་སྤྱི་དང་། བྱེ་བྲག་སྔགས་ཀྱི་རྣལ་འབྱོར་དང་འབྲེལ་བའི་སྒོམ་བཟླས་ཚོགས་མཆོད་སོགས་བགྱིས་པའི་ཕན་ཡོན་ཚད་མེད་བསམ་གྱིས་མི་ཁྱབ་པ་ཐོབ་པ་དང་། ཁྱད་པར་དུའང་ཚེས་བཅུ་ནམ་བྱུང་དུས་སུ་བོད་ལ་སྤྲུལ་པས་དངོས་སུ་བྱོན་ཏེ་དད་སྐལ་ལྡན་པ་རྣམས་རྗེས་སུ་བཟུང་བ་མངའ་བདག་ཡབ་སྲས་ལ་ཐ་ཚིག་འགྱུར་བ་མེད་པས་ཞལ་གྱིས་བཞེས་པ་སྟེ། གུ་རུ་ཆོས་དབང་གི་གཏེར་བྱོན་གསང་འདུས་གནད་ཐེམས་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པས་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ ཞེས་དང་། བྱང་གཏེར་གྱི་མངའ་སྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང༔ དེ་དུས་ང་ལ་མོས་པ་གྱིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོས༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པའི་སླད༔ ལས་དང་སྨོན་ལམ་རྒྱ་ཆེར་ཐོབ༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ ཞེས་དང་། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལུང་བྱང་ལས། ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔ འབྱུང་ངོ་ཅོག་གི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་སྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྷུང་ན་ངས་ཤེས་ཀྱི༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ ཅེས་དང་། ཞལ་གདམས་གསེར་ཕྲེང་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་ཆེན་བཅུ་ཡི་ཉིན༔ ཨོ་རྒྱན་ང་དངོས་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་པ་ང་ཡི་ཐ་ཚིག་ཡིན༔ འབྱུང་ངོ་ཅོག་གི་ཟླ་བའི་ཚེས་བཅུ་ལ༔ སྤྲུལ་པས་གངས་ཅན་ཁྱབ་པར་མི་འབྱོན་རེ༔ ཐ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤོད་ལྡན་གཏོར་མ་རིན་ཆེན་འབར་བ་བཤམ༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན༔ ཞེས་སོགས་གཏེར་ཁ་སྤྱི་དང་བྱེ་བྲག་པ་རྣམས་སུ་རྒྱ་ཆེར་བཀའ་བསྩལ་པའི་དགོས་པ་དང་ཕན་ཡོན་མཐའ་ཡས་པ་མངའ་བའི་ཚེས་བཅུའི་དུས་མཆོད་ལ་ཁྱད་པར་དུ་བསྔགས་པ། གུ་རུའི་ཐུགས་སྒྲུབ་གཏེར་ཁ་སྔ་ཕྱི་དུ་མར་བྱོན་པ་གཞན་ལས་མ་བྱུང་བ་སྐུའི་རྣམ་འགྱུར་དང་མཚན་གྱི་བྱེ་བྲག་ཟླ་བ་བཅུ་གཉིས་སོ་སོའི་ཚེས་བཅུའི་དུས་ངེས་པ་དང་སྦྱར་བའི། བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་སྐོར་རྒྱས་བསྡུས་རིམ་པ་གསུམ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པའི་ཚུལ་ཡང་། འདི་ཉིད་ཀྱི་གཏེར་གཞུང་ལས། དེ་ལྟར་སྐུ་བཞི་དབྱེར་མེད་པ༔ གུ་རུ་པདྨ་སཾ་བྷ་བའི༔ ཐུགས་སྒྲུབ་ཀུན་ལས་ཁྱད་འཕགས་ཕུལ༔ ངོ་མཚར་མཆོག་གི་རྣམ་པར་ཐར༔ རིག་འཛིན་རྣམ་བཞིའི་ལམ་བགྲོད་ཚུལ༔ བཅུ་གཉིས་མཛད་པར་རྗེས་མཐུན་གང༔ སྔོན་ཆད་གཞན་དུ་མ་བསྟན་པ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ བཻ་རོ་མཚོ་རྒྱལ་ལྕམ་ལ་སོགས༔ ཉེ་བའི་འདུས་པ་རྣམས་ལ་བཤད༔ རྒྱས་འབྲིང་བསྡུས་གསུམ་ཚུལ་དུ་དབྱེ༔ རྒྱས་པ་ལྷ་དབུས་སྙིང་དྲུང་དང༔ འབྲིང་པོ་ལྷོ་བྲག་ཕྱོགས་སུ་སྦས༔ སྙིང་པོ་འོད་ཀྱི་ཐིག་ལེ་ཞེས༔ ཁ་ཚང་དོན་འདྲིལ་ལག་ལེན་བདེ༔ བྱིན་རླབས་མངོན་སུམ་འབེབ་པ་འདི༔ དེ་ཝཱི་ཀོ་ཊི་གསུམ་པའི་གནས༔ རིན་ཆེན་བྲག་གི་སུལ་དུ་གཏམས༔ ནམ་ཞིག་སུམ་ཅུའི་དམར་ཐག་ལ༔ བཻ་རོས་བྱིན་བརླབས་རིག་འཛིན་གྱི༔ དངོས་གྲུབ་སྐལ་པར་ཐོབ་ནས་ཀྱང༔ གཞན་ལ་ཕན་པའི་བཙས་སུ་བྱེད༔ ཅེས་གསུངས་པའི་རྒྱས་པ་འདམ་ཤོད་ལྷ་དབུས་སྙིང་དྲུང་དུ་གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་དང་ལྷན་ཅིག་སྦས་པ་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བཤེས་གཉེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་སྲུང་གཉན་ཆེན་ཐང་ལྷས་དངོས་སུ་ཕུལ་བ་དང་། འབྲིང་པོ་ལྷོ་བྲག་གཏེར་སྟོན་མགོན་པོ་རིན་ཆེན་གྱིས་བཏོན་པ་དེང་སང་ཚེས་བཅུའི་ཕན་ཡོན་ཙམ་གྱི་དཔེ་རྒྱུན་ལས་མི་བཞུགས་ཤིང་། སྙིང་པོར་དྲིལ་བའི་བསྡུས་པ་འདི་ཉིད་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཙ་འདྲ་རིན་ཆེན་བྲག་གི་གསང་ཕུག་ནས་ཁོ་བོ་ཅག་གི་དངོས་གྲུབ་ཀྱི་སྐལ་པར་ཐོབ་པ་སྟེ། འདི་ཉིད་ཉམས་སུ་ལེན་པ་དང་ཚོམ་བུ་ཚོགས་སྒྲུབ། ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ཡང་གཞུང་ལས། འདི་ལྟ་བུ་ཡི་གདམས་པའི་ཕུལ༔ རབ་ཀྱིས་བསྐྱེད་རྫོགས་རྩེ་གཅིག་བསྒོམ༔ རིག་འཛིན་གོ་འཕང་ཚེ་འདིར་འགྲུབ༔ འབྲིང་གིས་ཚོགས་སུ་སྒྲུབ་པ་འམ༔ ཚེས་བཅུའི་དུས་མཆོད་རྒྱུན་བཟུང་ན༔ ཡུལ་ཕྱོགས་དགེ་ཞིང་བྱིན་ཆེན་ཕེབས༔ སྣོད་དང་བཅུད་ཀྱི་རྒུད་པ་ཞི༔ ཚེ་རིང་ནད་མེད་བསམ་རྒུ་འགྲུབ༔ ཚེ་འཕོས་རྔ་ཡབ་དཔལ་གྱི་རིར༔ རིག་འཛིན་འདུས་པའི་ཚོམ་བུར་སྦྱོར༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གིས་ངེས་པར་བསྟན་པའི་བླ་སྒྲུབ་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་འདི་ལ་སྨིན་གྲོལ་གྱི་གདམས་སྐོར་གཉིས་ལས་འདིར་སྨིན་བྱེད་ཀྱི་དབང་བསྐུར་བ་བསྒྲུབ་པའི་སྐབས་ཡིན། སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་ལ་མི་ཕྱེད་དད་པའི་གདུངས་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་སྐུ་བཞིའི་དཀྱིལ་འཁོར་ལྷ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཟབ་མོའི་རྣལ་འབྱོར་དོན་གཉེར་བས༔ སྨིན་བྱེད་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་བདེ་བ་ཆེན་པོ་བླ་མ་སྐུ་བཞི་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་སྐྱེ་རྒུ་མཐའ་དག་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། སྔོན་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོར་ཐུགས་ཇི་ལྟར་བསྐྱེད་ཅིང་བྱང་ཆུབ་ཀྱི་བསླབ་པ་ལ་ཇི་ལྟར་སློབ་པ་དེ་བཞིན་དུ། བདག་གིས་ཀྱང་ནམ་མཁའ་དང་མཉམ་པའི་མར་གྱུར་སེམས་ཅན་མ་བསྒྲལ་བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བའི་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། བླ་ན་མེད་པའི་སྔགས་ཀྱི་སྤྱོད་པ་ཟབ་མོ་ལ་བསླབས་ཏེ་དེ་དག་ཐམས་ཅད་བླ་མ་སངས་རྒྱས་ཀྱི་གོ་འཕང་མཆོག་ཏུ་དབུགས་དབྱུང་བར་བགྱིའོ་སྙམ་དུ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སླར་ཡང་མོས་པའི་ཤུགས་ཀྱིས་བསྐུལ་པས་ཕྱོགས་བཅུའི་མཆོད་ཡུལ་རྩ་གསུམ་རབ་འབྱམས་རྒྱ་མཚོ་སྤྱན་དྲངས་ཏེ་སྔར་གསལ་བཏབ་པའི་སྐྱབས་ཡུལ་རྣམས་དང་དབྱེར་མེད་དུ་བཞུགས་པའི་སྤྱན་སྔར། བདག་གཞན་ཁམས་གསུམ་གྱིས་བསྡུས་པའི་འགྲོ་བ་མཐའ་དག་གིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་ཀུན་བཟང་རྣམ་པར་རོལ་པའི་མཆོད་སྤྲིན་རྒྱ་མཚོས་རབ་ཏུ་མཆོད་པ་དང་། ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་འགྱོད་པ་ཆེན་པོས་སྙིང་ནས་བཤགས་ཤིང་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཟག་བཅས་ཟག་མེད་ཀྱི་དགེ་བ་མཐའ་དག་ལ་རྗེས་སུ་ཡི་རང་བ་དང་། གསང་ཆེན་བླ་ན་མེད་པའི་ཆོས་འཁོར་བསྐོར་བཞིན་དུ་འཁོར་བ་མ་སྟོངས་བར་དུ་མི་འགྱུར་རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ་བ་དང་། དགེ་རྩ་མཐའ་དག་མི་གནས་པའི་བྱང་ཆུབ་ཆེན་པོར་བསྔོ་ཞིང་ཤིན་ཏུ་ཡང་དག་གནས་ལུགས་རྡོ་རྗེ་ལྟ་བུའི་དོན་རྟོགས་པར་སྨོན་པ་སྟེ་ཡན་ལག་བཅུ་པའི་ཏིང་ངེ་འཛིན་རེ་རེ་བཞིན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བ་དང་གནས་པ་དང་གོང་དུ་སྤེལ་བའི་གཞི་དང་སྲོག་ཏུ་གྱུར་པ་དམ་ཚིག་དང་སྡོམ་པ་བཟུང་དགོས་པས། ཆོས་དཀར་ཐམས་ཅད་ཀྱི་རྩ་བ་སོ་སོ་ཐར་པའི་སྡོམ་པ། ཐེག་པ་ཆེན་པོའི་གཞི་རྟེན་བྱང་ཆུབ་སེམས་དཔའི་བསླབ་པ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་འདི་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱོད་རང་རྣམས་ལུས་དྲང་པོར་བསྲངས་རླུང་ཁ་སྦྱོར་དུ་ཆིངས། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སའི་ཕྱོགས་དག་པའི་ཞིང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་ཉི་མ་ཟླ་བའི་དཀྱིལ་འཁོར་རྣམས་བརྩེགས་པའི་གདན་ལ་རིག་པའི་ངོ་བོ་ཧཱུྃ་ཡིག་འོད་ལྔ་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་གུ་རུ་བདེ་བ་ཆེན་པོ་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་ཅན། མི་འགྱུར་བའི་ལྟ་སྟངས་དབྱིངས་སུ་གཟིགས་ཤིང་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ། ཕྱག་མཉམ་གཞག་གི་སྟེང་དུ་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་གསང་གོས། ཕོད་ཀ །ཆོས་གོས། ཟ་འོག་གི་བེར་ཆེན་རྣམས་བརྩེགས་མར་གསོལ་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་བླ་མ་ཆོས་སྐུ་གསང་བ་འདུས་པ་ནམ་མཁའི་མདོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་མཚོ་རྒྱལ་དཀར་མོ་ལ་འཁྱུད་པ། གཉིས་ཀའང་དར་དང་རིན་ཆེན་རུས་པ་མེ་ཏོག་གི་ཕྲེང་བས་བརྒྱན་ཅིང་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་ཏུ་འཁྲིགས་པའི་དབུས་ན་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་རྣམ་རོལ་མཐའ་ཡས་པ་འཕྲོ་བའི་ཁྱབ་བདག་ཆེན་པོར་གསལ་བའི་གནས་གསུམ་དུ། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་བའི་མདོག་ཅན་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་དྲྭ་བ་ནམ་མཁའི་དབྱིངས་གང་བ་འཕྲོས། ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ཁམས་ན་བཞུགས་པའི་ལྷ་ཚོགས་མ་ལུས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ཐམས་ཅད་ཀྱང་གུ་རུ་བདེ་བ་ཆེན་པོ་སྐུ་བཞིའི་རྣམ་པར་བཞེངས་ཏེ་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འོད་ཟེར་དང་བཅས་པའི་ཚོགས་དཔག་ཏུ་མེད་པ་ཆར་ཆེན་པོ་བབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད་ཅིག །འབེབ་པའི་རྫས་བདུག་དབྱངས་རོལ་དང་བཅས་ཏེ། ཧཱུྃ༔ སྔོན་གྱི་བསྐལ་པའི་སོགས་དང་སྔགས་མང་དུ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་མགོ་བོར་མེ་ཏོག་གམ་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་དག་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བའི་རིམ་པ་རྣམས་སོང་ནས། དབང་དངོས་གཞི་ལ་འདི་ལྟར་བུམ་པ་ལ་སོགས་པའི་དབང་རྣམ་པ་ལྔ་པོ་རེ་རེ་ལའང་ནང་གསེས་ཀྱི་བཞི་བཞིར་དབྱེ་བའི་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་བདག་ཉིད་ཅན་དུ་བསྐུར་བ་ཡིན་པས་སོ་སོའི་སྐབས་སུ་བབས་པའི་ཚིག་དོན་རྣམས་ལ་ཐུགས་རྩེ་གཅིག་ཏུ་གཏོད་ཅིང་ངེས་ཤེས་བསྐྱེད་མཛོད། བུམ་པ་ཐོགས་ལ། ཨོཾ༔ སྤྲོས་བྲལ་ཆོས་སྐུའི་བུམ་པ་ཟླུམ་པོ་རུ༔ ལོངས་སྤྱོད་ཡོངས་རྫོགས་ཡེ་ཤེས་བདུད་རྩིས་གཏམས༔ འགྲོ་འདུལ་སྤྲུལ་པའི་རྒྱན་དང་བཀོད་པར་བཅས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། ཀ་ལ་ཤ་བཛྲ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ལ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། ཡང་སྔགས་བརྗོད་ལ་མགྲིན་པར་བཞག་སྟེ་བུམ་ཆུ་བླུད། སྙིང་གར་གཏད་ལ། དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པ་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། དབྱིངས་སྤྲོས་བྲལ་ཆོས་སྐུ་མཚོན་པའི་བུམ་པ་ཟླུམ་པོའི་ནང་དུ། ཡེ་ཤེས་ཀྱི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་བུམ་ཆུས་བཀང་བ་ལ། འགྲོ་འདུལ་ཅིར་ཡང་སྤྲུལ་པའི་རྒྱན་བཀོད་ཀྱིས་སྤྲས་པས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་བུམ་པ་ལ་བརྟེན་པའི་དང་པོའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །བྷནྡྷའི་བདུད་རྩི་ཐོགས་ལ། ཨཱ༔ ཆོས་དབྱིངས་རང་བཞིན་བྷནྡྷ་ཡངས་པའི་ཀློང༔ བདེ་ཆེན་ལོངས་སྤྱོད་བདུད་རྩིའི་བཅུད་དུ་འཁྱིལ༔ ཐུགས་རྗེ་སྤྲུལ་པའི་ཡེ་ཤེས་ཆར་འབེབ་པས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མ་ཧཱ་ཀ་པཱ་ལ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ སྤྱི་བོར་བཞག་ཅིང་འཐོར། མགྲིན་པར་བཞག་ཅིང་མྱང་དུ་གཞུག །སྙིང་གར་གཏད་ལ། དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། དབྱིངས་ཀྱི་ངོ་བོ་ཆོས་སྐུའི་རང་བཞིན་ཐོད་པ་ཟླུམ་པོའི་ནང་དུ། རང་བཞིན་ལོངས་སྤྱོད་རྫོགས་པའི་བདུད་རྩིས་བཀང་བ་ལས། ཐུགས་རྗེ་སྤྲུལ་པའི་རོལ་རྩལ་གྱི་ཟེགས་མ་ཆར་དུ་འབེབ་པས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་ཐོད་པ་ལ་བརྟེན་པའི་གསང་བའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ལ་གསུམ་དུ་ཡོད་པའི་དང་པོ་བསྙེན་སྔགས་ལ་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་གུ་རུ་བདེ་བ་ཆེན་པོར་གསལ་བའི་ཐུགས་ཀར་ཆོས་སྐུ་གསང་བ་འདུས་པ། དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཐུགས་སྲོག་ཧཱུྃ་སྔོན་པོ། དེའི་མཐར་སྐོར་དུ་བསྙེན་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པར་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་གཉིས་པ་ཆད། ཞལ་ནས་ཞལ་དུ་བརྒྱུད་དེ་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་ནས་སོང་སྟེ། ཐུགས་དབུས་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་ཚད་མེད་པ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས་བླ་མ་སྐུ་བཞིའི་ལྷ་ཚོགས་ཀྱི་གསང་བ་གསུམ་དང་དབྱེར་མི་ཕྱེད་པར་གྱུར་པའི་མོས་པས་འདིའི་རྗེས་ཟློས། བཛྲ་གུ་རུ་ལན་གསུམ། གཉིས་པ་སྒྲུབ་སྔགས་ལ་དམིགས་པ་འདི་ལྟར་སྒོམས་ཤིག །སླར་ཡང་སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་སྲོག་གི་མཐར་སྒྲུབ་པའི་སྔགས་ཀྱིས་བསྐོར་བ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་སྔར་བཞིན་བརྒྱུད། ཐུགས་སྲོག་གི་མཐར་འཁོད་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། ཁམས་གསུམ་པོའི་ཐ་མལ་གྱི་སྣང་ཞེན་སྦྱངས། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་སྣང་གྲགས་དྲན་རྟོག་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་འདིའི་རྗེས་ཟློས། མ་ཧཱ་གུ་རུ་ལན་གསུམ། གསུམ་པ་ལས་སྦྱོར་གྱི་བཟླས་པའི་སླད་དུ་སློབ་དཔོན་ལ་མོས་གུས་བྱས་པས། ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་ལས་འོད་ཟེར་སྔོན་པོ་དང་། འཁོར་གྱི་ཐོད་ཕྲེང་རིགས་བཞིའི་ཐུགས་ཀ་ནས་འོད་ཟེར་དཀར་སེར་དམར་ལྗང་འཇིག་རྟེན་གང་བར་འཕྲོས་པས་ཞི་རྒྱས་དབང་དྲག་དང་མཆོག་གི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ལ་འདིའི་རྗེས་ཟློས། ཐོད་ཕྲེང་རྩལ་ཤམ་བཅས་ལན་གསུམ་བཟླར་གཞུག །མེ་ལོང་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་སྟོང་གསལ་རྡོ་རྗེའི་མཎྜ་ལར༔ བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་ཐིག་ལེར་ཤར༔ རིག་རྩལ་སྤྲུལ་པའི་སྔགས་ཕྲེང་འོད་ཟེར་འབར༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མཎྜ་ལ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྤྱི་བོར་བཞག །དཔྲལ་བར་སིནྡྷུ་རའི་ཐིག་ལེ་བཀོད། མགྲིན་པར་བཞག་ཅིང་དེར་ཐིག་ལེ་བྱ། སྙིང་གར་གཏུག་ཅིང་ཐིག་ལེ་བྱས་ལ། མེ་ལོང་གི་དཀྱིལ་འཁོར་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བྱས་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། ཀ་དག་དྲི་མེད་ཆོས་ཀྱི་དབྱིངས་མེ་ལོང་ཟླུམ་པོའི་ངོས་སུ། ལྷུན་གྲུབ་རིག་པ་ལོངས་སྐུ་སིནྡྷུ་རའི་ཐིག་ལེ་དང་། རིག་རྩལ་སྤྲུལ་པ་སྣ་ཚོགས་སུ་འཕྲོ་བར་མཚོན་པ་སྔགས་ཀྱི་ཕྲེང་བས་མཚན་པས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་མེ་ལོང་ལ་བརྟེན་པའི་གསུམ་པའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དཔལ་གཏོར་ཐོགས་ལ། ཧྲཱི༔ གཏོར་སྣོད་ཁྱབ་བདལ་ཆོས་སྐུའི་དབྱིངས་སུ་ཟླུམ༔ གཏོར་མའི་ངོ་བོ་ལོངས་སྤྱོད་དམ་ཚིག་རྫས༔ རོལ་རྩལ་སྣ་ཚོགས་སྤྲུལ་པའི་རྒྱན་ལྡན་པས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མ་ཧཱ་བ་ལིཾ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་སྤྱི་བོ་དང་མགྲིན་པར་བཞག་ལ་གཏོར་ཟན་སྦྱིན། སྙིང་གར་གཏད་ལ། གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ཅིང་གཏོར་ཟན་མྱོང་བ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་ཆོས་སྐུ་ཁྱབ་གདལ་ཆེན་པོ་གཏོར་སྣོད་ཟླུམ་པོའི་ནང་དུ། གཏོར་མ་སྐུ་དང་ཞིང་ཁམས་ལོངས་སྤྱོད་ཡོངས་སུ་རྫོགས་པའི་རང་བཞིན་ལ། གཏོར་རྒྱན་སྤྲུལ་པའི་རོལ་རྩལ་མ་འགག་ཅིར་ཡང་འཆར་བ་མཚོན་པས་དབང་བསྐུར་བས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་གཏོར་མ་ལ་བརྟེན་པའི་ཀ་དག་གི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །གུ་རུའི་སྐུ་འབག་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་ལོངས་སྤྱོད་རྫོགས༔ ཡེ་ཤེས་སྐུར་སྣང་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ རིག་རྩལ་དོན་གྱི་དགོངས་པའི་བྱིན་རླབས་ཀྱིས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མ་ཧཱ་ཛྙཱ་ན་ཀཱ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྐུ་འབག་སྤྱི་བོ་དང་མགྲིན་པར་བཞག་སྙིང་གར་གཏད་ལ། དེ་ལྟར་སྐུ་འབག་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། ངོ་བོ་ཆོས་སྐུ་སྐྱེ་བ་མེད་པ་གདོད་མའི་གྲོལ་གཞི་ཆེན་པོ་ལས། རང་བཞིན་གཞི་སྣང་ལོངས་སྐུའི་བཀོད་པ་མཁའ་ཁྱབ་ཏུ་སྣང་ཞིང་། ཐུགས་རྗེ་སྤྲུལ་པའི་རྣམ་རོལ་གང་འདུལ་མོས་པ་དང་མཐུན་པར་འཆར་བར་མཚོན་པའི་སྐུ་འབག་གིས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་སྐུ་འབག་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་བ་ལེགས་པར་གྲུབ་པ་ལགས། དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རིན་ཆེན་འབར་བའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་ནང་དུ། གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་ཡོངས་རྫོགས་མངོན་སུམ་བཞིན་དུ་གསལ་བའི་གནས་གསུམ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་རྩལ་རྫོགས་སུ་ཐོབ། སྒོ་གསུམ་དང་ཤེས་བྱའི་དྲི་མ་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་ཆེན་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་གཏོར་སྣོད་ཡེ་ཤེས་གཞལ་མེད་ཁང༔ གཏོར་མའི་ངོ་བོ་ཟུང་འཇུག་སྐུ་བཞིའི་ལྷ༔ ཐུགས་རྗེའི་སྤྲིན་ལས་བྱིན་རླབས་ཆར་ཆེན་འབེབ༔ སྐལ་ལྡན་སློབ་མའི་སྤྱི་བོར་མངོན་སུམ་བྱོན༔ དགྱེས་པའི་གར་མཛད་སྔགས་ཀྱི་སྒྲ་ཆེན་སྒྲོག༔ གནས་གསུམ་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་སྦྱངས༔ སྐུ་ཡི་རྡོ་རྗེར་དག་པར་བྱིན་གྱིས་རློབས༔ གསང་བའི་དབང་ཐོབ་ངག་གི་དྲི་མ་སྦྱངས༔ གསུང་གི་རྡོ་རྗེར་རྫོགས་པར་བྱིན་གྱིས་རློབས༔ གསུམ་པའི་དབང་ཐོབ་ཡིད་ཀྱི་དྲི་མ་སྦྱངས༔ ཐུགས་ཀྱི་རྡོ་རྗེར་སྨིན་པར་བྱིན་གྱིས་རློབས༔ བཞི་པའི་དབང་ཐོབ་ཤེས་བྱའི་དྲི་མ་སྦྱངས༔ ཡེ་ཤེས་རྡོ་རྗེར་གྲོལ་བར་བྱིན་གྱིས་རློབས༔ ཡོན་ཏན་རྩལ་རྫོགས་ཕྲིན་ལས་ངང་གིས་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་རེག་མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་བླ་མ་སྐུ་བཞིའི་གསང་བ་གསུམ་དང་དབྱེར་མེད་པར་གྱུར། གཏོར་རྫས་བདུད་རྩིའི་བཅུད་དུ་འཁྱིལ་པ་མགྲིན་པར་མྱོང་བས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། དེ་ནས་མཐའ་རྟེན་དུ་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བའི་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་བླ་མ་བདེ་བ་ཆེན་པོ་གཟི་བརྗིད་འོད་དུ་འབར་བར་གསལ་བའི་ཐུགས་ཀར་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་རླུང་སེམས་དབྱེར་མེད་སྲོག་གི་ངོ་བོ་ཧྲཱིཿདམར་པོ་གསལ་བ་དང་། སློབ་དཔོན་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་སྟེང་འོག་ཕྱོགས་མཚམས་ཁྱབ་པར་འཕྲོས་པས། རང་རང་གི་བླ་ཚེ་བརྐུས་འཕྲོག་ཆད་ཉམས་ཡར་བ་རྣམས་དང་། འཁོར་འདས་སྣོད་བཅུད་མ་ལུས་པའི་ཚེའི་བཅུད་དང་འབྱུང་བའི་དྭངས་མ་ཇི་སྙེད་པ་ཐམས་ཅད་འཆི་མེད་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས། བ་སྤུའི་བུ་ག་ནས་སིབ་སིབ་ཞུགས། སྙིང་གའི་སྲོག་རྟེན་ལ་ཐིམ་པས་བླ་སྲོག་དབང་ཐང་ཉམས་པ་སོར་ཆུད། མི་ཤིགས་རྟག་པ་དམ་པ་རྡོ་རྗེའི་ཚེ་དང་ཡེ་ཤེས་ཆེན་པོ་ལ་དབང་བརྙེས་པར་མོས་ཤིག །མདའ་དར་གཡབ་ལ། ལས་བྱང་ལྟར། ཧྲཱི༔ ངོ་བོ་འོད་གསལ་ཕོ་བྲང་ནས༔ སོགས་ཚེ་འགུགས་བཏང་ལ་རོལ་མོ་འཁྲོལ། ཚེ་འབྲང་ཐོགས་ལ། ཚེའི་འབྲང་རྒྱས་འདི་ཉིད་རྡོ་རྗེ་རིན་ཆེན་འོད་ལྔ་འབར་བའི་གཞལ་མེད་ཁང་གི་དབུས་སུ་བླ་མ་སྐུ་བཞི་གཙོ་འཁོར་ཡོངས་རྫོགས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང་། འཆི་བདག་གི་འཇིགས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་གྱུར་པར་མོས་ཤིག །ཧྲཱིཿཧྲཱིཿཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་མགོན་ཙཎྜ་ལཱི༔ ཨོ་རྒྱན་ཡབ་ཡུམ་འཆི་མེད་རིག་འཛིན་ཚོགས༔ དབྱིངས་ནས་བརྩེར་དགོངས་སྐལ་ལྡན་སློབ་མ་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་སྤྱི་བོར་བཞག །ཚེ་རིལ་ལག་གཡས་སུ་སྦྱིན་ལ། སྲིད་ཞིའི་དྭངས་བཅུད་ཐིག་ལེའི་གཟུགས་སུ་འཁྱིལ་བའི་ཚེའི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་རྟག་ཏུ་འཕོ་འགྱུར་མེད་པའི་ཚེ་དབང་ཐོབ་པར་མོས་ཤིག །ཧྲཱི༔ ཐབས་ཀྱི་རང་བཞིན་ཚེ་ཡི་རིལ་བུ་ལ༔ འཁོར་འདས་ཀུན་ཀྱི་དྭངས་བཅུད་ཐིག་ལེར་འདྲིལ༔ མི་འགྱུར་རྟག་པ་དམ་པའི་དབང་བསྐུར་བས༔ རྡོ་རྗེའི་ཚེ་དང་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཚེ་སྔགས་བརྗོད། ཚེ་ཆང་ལག་གཡོན་དུ་བྱིན་ལ། འཆི་མེད་བྱང་ཆུབ་སེམས་ཀྱི་དམ་ཚིག་ཚེའི་བདུད་རྩིའི་རྒྱུན་མྱོང་བས་ཤེས་རབ་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཚེ་དབང་ཐོབ་པར་མོས་ཤིག །ཧྲཱི༔ ཤེས་རབ་རང་བཞིན་ཚེ་ཡི་བདུད་རྩིའི་རྒྱུན༔ འཆི་མེད་བྱང་ཆུབ་སེམས་ཀྱི་དམ་ཚིག་རྫས༔ རྩ་ཁམས་བདེ་དྲོད་འབར་བའི་དབང་བསྐུར་རོ༔ བདེ་ཆེན་ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཚེ་སྔགས་བརྗོད། དེ་ལྟར་ཚེ་དབང་བསྐུར་པས་ཚེའི་བཅུད་ཀྱིས་ལུས་ཀྱི་ནང་གང་བའི་དྭངས་བཅུད་ཐམས་ཅད་སྲོག་རྟེན་མི་ཤིགས་པའི་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། རྟག་ཏུ་བགྲེས་རྒུད་དང་བྲལ་བ་འཆི་མེད་ཚེའི་རིག་འཛིན་ཐོབ། ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་འོད་འབར་བས་ཞུ་ལུབས་སུ་བགོས་པས་ཅིས་ཀྱང་གཞོམ་གཞིག་དང་བྲལ་བ་འཇིག་མེད་རྟག་པ་དམ་པའི་གོ་འཕང་མངོན་དུ་གྱུར་པར་མོས་ཤིག །ཚེ་མདས་རྒྱས་གདབ་ལ། ཧྲཱི༔ འཁོར་དང་མྱ་ངན་འདས་པའི་བཅུད༔ སོགས་ལས་བྱང་ལྟར་བརྗོད། མཚམས་སྦྱོར་སྤྱི་མཐུན་བཅས་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་ན་དེ་དག་རྣམས་ཀྱིས་བླ་མ་སྐུ་བཞིའི་སྒྲུབ་ཐབས་སྙིང་པོའི་ཡང་བཅུད་དུ་དྲིལ་བ་གསང་ཐིག་སྐོར་བདུན་གྱི་ཐོག་མ་བླ་སྒྲུབ་འོད་ཀྱི་ཐིག་ལེའི་དབང་བསྐུར་རྩ་བ་ཡན་ལག་བཅས་ལེགས་པར་གྲུབ་པ་ཡིན་པས་སྤྱིར་ཡོ་ག་གསུམ་གྱི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྩ་བ་སྐུ་གསུང་ཐུགས་དང་ནི༔ ཡན་ལག་དམ་ཚིག་ཚུལ་བཞིན་བསྲུང༔ མེད་ཕྱལ་གཅིག་པུ་ལྷུན་གྱིས་གྲུབ༔ དགོངས་པའི་སྲོག་ཏུ་བཟུང་བར་བགྱི༔ ལན་གསུམ། ཁྱད་པར་དབང་བསྐུར་འདི་ཉིད་ཐོབ་པའི་དམ་ཚིག་དམིགས་སུ་བསལ་བ་གུ་རུའི་སྐུ་གསུང་ཐུགས་ཀྱི་རྟེན་དང་མི་འབྲལ་ཞིང་། ཡར་ངོའི་ཚེས་བཅུའི་མཆོད་པ་མི་བཅག་པ་དང་རྟག་ཏུ་མོས་གུས་དྲག་པོས་གསོལ་བ་འདེབས་པ་ལ་བརྩོན་པར་བགྱིའོ་སྙམ་དུ་དམ་བཅའ་བ་འདིའི་རྗེས་ཟློས། གུ་རུའི་དབང་རྫོགས་དམ་ཚིག་ཏུ༔ སྐུ་གསུང་ཐུགས་ཀྱི་རྟེན་འཆང་ཞིང༔ ཡར་ངོའི་ཚེས་བཅུའི་མཆོད་རྒྱུན་བཟུང༔ རྟག་ཏུ་གསོལ་འདེབས་མོས་གུས་བསྒོམ༔ ལན་གསུམ། གཏོང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་གཏང་། ཐུགས་དམ་བསྐུལ། སྲུང་མའི་གཏོར་འབུལ། ཆད་བརྟན། རྟ་བྲོ། གཏང་རག་མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་ལས་བྱང་ལས་ཇི་ལྟར་འབྱུང་བ་ལྟར་བྱས་པས་གྲུབ་བོ། །ཡང་། ཚེས་བཅུའི་མཆོད་པའི་སྐབས་དངོས་གྲུབ་བླངས་པའི་རྗེས་འབྲེལ་དུ་འདུས་པ་རྣམས་ལ་གཏོར་དབང་སྦྱིན་པའི་ཕྱག་སྲོལ་སྔོན་གྱི་རིག་འཛིན་རྣམས་ལ་ཡོད་པ་དང་། སྨིན་བྱེད་སྟབས་བདེའི་ཁྱད་གཏོར་དབང་ཁོ་ན་བྱ་བར་འདོད་ན། གཤོམ་གྱི་སྐབས་གཏོར་མ་རིན་ཆེན་འབར་བ་སྐུ་ཙག་དར་གདུགས་ཀྱིས་སྤྲས་པ། མཆོད་པའི་བྱེ་བྲག་རྣམས་བཀོད། སྒྲུབ་ཚུལ་སོགས་སྔར་ལྟར་ལས་སྐབས་སུ་བབ་པ་ན། ཁྲུས་བགེགས་བསྐྲད། མཚམས་གཅོད་བྱ། དབང་བཤད་མདོར་བསྡུས་བྱས་ལ་མཎྜལ་འབུལ་གཞུག །གསོལ་བ་གདབ། སྐྱབས་སེམས། ཚོགས་གསག་ཡན་ལག་བཅུ་པའི་རྗེས་སློབ་མ་ལྷར་བསྐྱེད། ཡེ་ཤེས་དབབ་ལ་བརྟན། དེ་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དངོས་གཞི་གཏོར་མ་ལ་བརྟེན་ཏེ་དབང་བཞི་ཡོངས་སུ་རྫོགས་པ་བསྐུར་བ་ཡིན་པས་དམིགས་འདུན་འདི་བཞིན་མཛོད་ཅིག །གཏོར་སྣོད་ཡེ་ཤེས་རིན་ཆེན་འབར་བའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་ནང་དུ། གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་ཡོངས་རྫོགས་མངོན་སུམ་བཞིན་དུ་གསལ་བའི་དཔྲལ་བ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དཀར་པོ་ཟླ་བའི་མདངས་ཅན་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་སྦྱངས། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་གཏོར་སྣོད་ཡེ་ཤེས་གཞལ་མེད་ཁང༔ གཏོར་མའི་ངོ་བོ་ཟུང་འཇུག་སྐུ་བཞིའི་ལྷ༔ ཐུགས་རྗེའི་སྤྲིན་ལས་བྱིན་རླབས་ཆར་ཆེན་འབེབ༔ སྐལ་ལྡན་སློབ་མའི་སྤྱི་བོར་མངོན་སུམ་བྱོན༔ དགྱེས་པའི་གར་མཛད་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ དཔྲལ་བའི་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་སྦྱངས༔ སྐུ་ཡི་རྡོ་རྗེར་དག་པར་བྱིན་གྱིས་རློབས༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གཏོར་མ་དཔྲལ་བར་བཞག །དེས་འགྲེས་ཏེ། ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་མགྲིན་པ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་སྦྱངས། རྩ་རླུང་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་གཏོར་སྣོད་སོགས་ཚིག་རྐང་ལྔ་པོ་གོང་ལྟར་ལ། མགྲིན་པའི་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ གསང་བའི་དབང་ཐོབ་ངག་གི་དྲི་མ་སྦྱངས༔ གསུང་གི་རྡོ་རྗེར་རྫོགས་པར་བྱིན་གྱིས་རློབས༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག །ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་སྔོན་པོ་བཻ་ཌཱུརྱའི་ཞུན་མ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་སྦྱངས། ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །སྐུར་ཚིག་གོང་ལྟར་ལས། ཐུགས་ཀའི་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ གསུམ་པའི་དབང་ཐོབ་ཡིད་ཀྱི་དྲི་མ་སྦྱངས༔ ཐུགས་ཀྱི་རྡོ་རྗེར་སྨིན་པར་བྱིན་གྱིས་རློབས༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་གནས་གསུམ་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གཅིག་ཅར་དུ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། ཤེས་བྱའི་སྒྲིབ་པ་སྦྱངས། རྫོགས་པ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །སྐུར་ཚིག་གོང་ལྟར་ལས། གནས་གསུམ་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས། བཞི་པའི་དབང་ཐོབ་ཤེས་བྱའི་དྲི་མ་སྦྱངས༔ ཡེ་ཤེས་རྡོ་རྗེར་གྲོལ་བར་བྱིན་གྱིས་རློབས༔ སྔགས་མཐར། ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་གསུམ་དུ་བཞག །ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་མོས་གུས་ཀྱིས་ཐུགས་དམ་བསྐུལ་བས། དེ་རྣམས་ཀྱིས་སྐུ་དགྱེས་པའི་གར་མཛད། གསུང་གིས་སྔགས་སྒྲ་སྒྲོག །ཐུགས་མཁྱེན་བརྩེའི་ཡེ་ཤེས་ཆེན་པོས་དགོངས་པའི་དྲོད་གཏད། སྐུའི་གནས་རྣམས་ལས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ་པར་མོས་ཤིག །སྐུར་ཚིག་གོང་ལྟར་ལ། གནས་གསུམ་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ ཡོན་ཏན་རྩལ་རྫོགས་ཕྲིན་ལས་ངང་གིས་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ སྔགས་མཐར། གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ གཏོར་མ་སྤྱི་བོར་བཞག །མཐར་གཏོར་མའི་ལྷ་ཚོགས་འོད་ཟེར་གྱི་ཕུང་པོར་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་བླ་མའི་རྡོ་རྗེ་བཞི་དང་། སྒོ་གསུམ་དབྱེར་མི་ཕྱེད་པའི་གོ་འཕང་ཐོབ། གཏོར་རྫས་བདུད་རྩིའི་བཅུད་དུ་འཁྱིལ་པ་མགྲིན་པར་མྱོང་བས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །ཅེས་བྱས་ལ་གཏོར་ཟན་དང་བདུད་རྩི་སྦྱིན། རྗེས་ཤིས་བརྗོད། དམ་ཚིག་བཟུང་བ་སོགས་གོང་བཞིན་བྱའོ། །གཏེར་གཞུང་འདིར་གཏོར་དབང་མ་བྱུང་བས་རྗེ་བླ་མའི་ཟབ་གཏེར་བླ་མ་སྐུ་བཞིའི་སྙིང་ཐིག་ནས་ཁ་བསྐངས་པ་སོགས་གཏེར་གཞུང་སོར་བཞག་ལ་དགོས་ངེས་ཀྱི་ཁ་གསལ་ཕྲན་བུས་བརྒྱན་ཏེ་བཀླག་ཆོག་ཏུ་བཀོད་པའོ། །གུ་རུའི་བྱིན་རླབས་ཉིན་བྱེད་འོད། །འགྲོ་ཀུན་རྒྱུད་ལ་རང་ཞུགས་ཏེ། །སྒྲིབ་གཉིས་མུན་པ་གཏན་ནས་སངས། །ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །སྐྱེ་རྒུ་སངས་རྒྱས་གཉིས་པའི་བཀའ་དྲིན་ལ། །ཡིད་ཆེས་ཁོང་རྡོལ་ཟབ་མོའི་ལམ་བཟང་འདིར། །ནུས་པ་དང་འཚམ་སྒྲུབ་ལ་བརྩོན་པའི་མཐུས། །འཕྲལ་ཡུན་ཕན་བདེ་བླ་མེད་དཔལ་ཐོབ་ཤོག །ཅེས་གསང་ཐིག་བླ་སྒྲུབ་འོད་ཀྱི་སྙིང་པོའི་སྨིན་བྱེད་གཏོར་དབང་དང་བཅས་པའི་མཚམས་སྦྱོར་འདིའང་རང་གཞན་ལ་ཉེ་བར་མཁོ་བར་མཐོང་ནས། ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་དབེན་གནས་རྗེ་བླ་མའི་གཟིམ་སྐྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).