Terdzo-LI-003
རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས། བླ་མ་བརྒྱུད་པའི་གསོལ་འདེབས་
by ([[Zhig po gling pa|]])
revealed by ([[Zhig po gling pa|]])
in cycle རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ (Rdzogs pa chen po gsang ba snying thig yang zab bsdus pa'i snying po)
Volume 56 (ལི) / Pages 201-204 / Folios 1a1 to 2b6
Tibetan Text
རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས། བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཨཱོྃ་ཨཱཿཧཱུྃ། ཆོས་སྐུ་སྟོང་ཉིད་མཐའ་བྲལ་ཞིང་ཁམས་སུ། །རྒྱལ་བའི་སྤྱི་མེས་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་མཁྱེན་བརྩེའི་སྤྱན་གྱིས་གཟིགས། །རང་བྱུང་རང་རིག་ཆོས་ཉིད་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་འོད་ལྔའི་ཕོ་བྲང་དུ། །ཞི་ཁྲོ་རབ་འབྱམས་རིགས་ལྔའི་སངས་རྒྱས་ལ། །གསོལ་བྎ རང་བྱུང་རང་གསལ་འོད་གསལ་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིནྎ དྲི་མེད་དགའ་ལྡན་བརྩེགས་པའི་ཞིང་ཁམས་སུ། །རིགས་དྲུག་རྒྱལ་བ་རྡོ་རྗེ་འཆང་ཆེན་ལ། །གསོལ་བྎ འཁོར་འདས་གཞི་གྲོལ་སེམས་ཉིད་ཆོས་སྐུའི་ཀློང་། །ད་ལྟ་ཉིད་དུ་རྟོགས་པར་བྱིནྎ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་ལ། །གསོལ་བྎ ལྷུན་གྲུབ་ཆོས་དབྱིངས་འོད་གསལ་ཆེན་པོའི་གནས། །ད་ལྟ་ཉིད་དུ་བགྲོད་པར་བྱིནྎ དུར་ཁྲོད་ཆེན་པོ་མེ་རི་འབར་བ་རུ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། །གསོལ་བྎ ཚེ་གཅིག་ལུས་གཅིག་སྒྲུབ་པའི་སངས་རྒྱས་ལམ། །ད་ལྟ་ཉིད་དུ་ཕྱིན་པར་བྱིནྎ འཕགས་ཡུལ་ཞིང་ཁམས་རི་བོ་སྣང་བྱེད་དུ། །རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་ལ། །གསོལ་བྎ གདོས་བཅས་ཕུང་པོ་མི་སྣང་འོད་ལུས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིནྎ རབ་རྔམ་དུར་ཁྲོད་སོ་ས་གླིང་ཆེན་དུ། །འཇམ་དབྱངས་སྤྲུལ་པ་མཉྫུ་མི་ཏྲ་ལ། །གསོལ་བ་འདེབས་སོ་མཁྱེན་བརྩེའི་སྤྱན་གྱིས་གཟིགས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས། །ད་ལྟ་ཉིད་དུ་གྲོལ་བར་བྱིནྎ རྒྱ་ནག་དུར་ཁྲོད་ཆེན་པོ་བསིལ་བྱེད་དུ། །སྤྱན་རས་གཟིགས་སྤྲུལ་དཔལ་གྱི་སེང་གེ་ལ། །གསོལ་བྎ མྱང་འདས་ལམ་སྟོན་གསུང་རབ་རྒྱ་མཚོའི་གླིང་། །ད་ལྟ་ཉིད་དུ་བགྲོད་པར་བྱིནྎ གནས་མཆོག་དམ་པ་བྷ་སིང་དུར་ཁྲོད་དུ། །མཆོག་གི་དངོས་གྲུབ་བརྙེས་པའི་ཡེ་ཤེས་མདོ། །གསོལ་བྎ མཆོག་དང་ཐུན་མོང་དངོས་གྲུབ་ཡེ་ཤེས་གཏེར། །ད་ལྟ་ཉིད་དུ་བརྙེས་པར་བྱིནྎ རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ། །གནས་ལྔའི་པཎ་ཆེན་བྱེ་མ་མུ་ཏྲ་ལ། །གསོལ་བྎ ཆོས་ཉིད་མངོན་སུམ་སྣང་བ་རྣམ་པ་བཞི། །ད་ལྟ་ཉིད་དུ་འབྱོང་བར་བྱིནྎ ཟུར་མཁར་རྡོ་ཡི་མཆོད་རྟེན་ཡང་དབེན་དུ། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ཡབ་སྲས་ལ། །གསོལ་བྎ འཕགས་ནོར་བདུན་ལྡན་ཆོས་ཀྱི་རྒྱལ་སྲིད་མཆོག །ད་ལྟ་ཉིད་དུ་ཟིན་པར་བྱིནྎ གཙིགས་ཀྱི་ཁང་བུ་ཞྭ་ཡི་ལྷ་ཁང་དུ། །ཉང་གི་བན་དེ་ཏིང་འཛིན་བཟང་པོ་ལ། །གསོལ་བྎ ཉིན་མཚན་འཁོར་ཡུག་འོད་གསལ་ཆེན་པོའི་ངང་། །ད་ལྟ་ཉིད་དུ་འབྱོང་བར་བྱིནྎ རྒྱལ་བས་ལུང་བསྟན་སྣང་རྩེའི་འདུན་ས་རུ། །རྫོགས་ཆེན་བཀའ་བབས་འོད་གསལ་སྒྱུ་མ་ལ། །གསོལ་བྎ ས་ལམ་རྟགས་རྫོགས་ཚེ་གཅིག་སངས་རྒྱས་སར། །ད་ལྟ་ཉིད་དུ་བགྲོད་པར་བྱིནྎ སྤྱི་གཙུག་བདེ་ཆེན་དག་པའི་ཞིང་ཁམས་སུ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བྎ གདོད་ནས་རང་བྱུང་རང་སེམས་ཆོས་སྐུའི་ཞལ། །ད་ལྟ་ཉིད་དུ་མཐོང་བར་བྱིནྎ རང་ལུས་དག་པ་རྒྱལ་བའི་ཕོ་བྲང་དུ། །ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལ། །གསོལ་བྎ བསྐྱེད་རྫོགས་མཐར་ཕྱིན་རྡོ་རྗེ་གསུམ་གྱི་དོན། །ད་ལྟ་ཉིད་དུ་འགྲུབ་པར་བྱིནྎ གསང་བའི་དོན་བསྡུས་མྱུར་ལམ་ཕོ་བྲང་དུ། །དམ་ཆོས་སྙིང་ཏིག་ཡང་ཟབ་བསྡུས་པ་ལ། །གསོལ་བྎ བརྒྱད་ཁྲི་བཞི་སྟོང་ཐེག་དགུའི་དགོངས་དོན་རྣམས། །ད་ལྟ་ཉིད་དུ་རྟོགས་པར་བྱིནྎ སྙིང་ཉེ་ལས་མྱུར་རྩལ་ཆེན་ཕོ་བྲང་དུ། །ཞྭ་ཡི་མགོན་པོ་སྐྱེས་བུ་དམ་ཅན་ལ། །གསོལ་བྎ དགྲ་བགེགས་ནད་གདོན་བར་ཆད་ཉེར་འཚེའི་ཚོགས། །ད་ལྟ་ཉིད་དུ་ཞི་བར་བྱིནྎ དམ་ཚིག་གཙང་ལྡན་སྤྲུལ་སྐུའི་ཞིང་ཁམས་སུ། །འདུས་པའི་མཆེད་ལྕམ་རྡོ་རྗེ་སྤུན་རྣམས་ལ། །གསོལ་བྎ དག་སྣང་ངེས་འབྱུང་སྐྱོ་ཤས་སྙིང་རུས་རེ། །ད་ལྟ་ཉིད་དུ་སྐྱེ་བར་བྱིནྎ གཞན་ཡང་ཕྱོགས་བཅུའི་རིག་འཛིན་རྒྱལ་སྲས་དང་། །ཉན་རང་འཕགས་ཚོགས་ལམ་ཞུགས་གང་ཟག་དང་། །མདོ་སྔགས་ཉམས་ལེན་ཆོས་མཛད་ཐམས་ཅད་ལ། །སྙིང་ནས་གསོལ་བ་སྐྱོ་དུབ་མེད་པར་འདེབས། །ཐུགས་རྗེས་གཟིགས་ཤིང་བྱིནྎ ཀྱི་ཧུད་བདག་འདྲ་སྡུག་བསྔལ་ཡུན་རིང་མནར། །ཐུགས་རྗེ་ཅན་ཁྱོད་བརྩེ་བས་ཕྱག་རྐྱོང་འཚལ། །སྡུག་བསྔལ་ཟུག་རྔུ་བཟོད་དཀའ་འདི་ཉིད་ལས། །ད་ལྟ་ཉིད་དུ་དྲང་བར་མཛད་པ་དང་། །ཐུགས་རྗེའི་ཞལ་ཆབ་ཉིད་ཀྱིས་བསིལ་བར་མཛོད། །བསྐྱེད་རྫོགས་དབང་ལུང་གདམས་ཁྲིད་ཟབ་གནད་རྣམས། །འཇུག་ཚུལ་མ་ནོར་ཚུལ་བཞིན་ཉམས་བླངས་ནས། །འགྲུབ་ཅིང་རྟགས་ཐོན་དེ་ཉིད་དོན་རིག་སྟེ། །འབད་ཅིང་བརྩོན་འགྲུས་ཉིན་མཚན་དབྱེར་མེད་པར། །དོན་གཉིས་ལྷུན་རྫོགས་དགོངས་དོན་རིག་པར་ཤོག །ཁྱད་པར་འོད་གསལ་གསང་བ་སྙིང་ཏིག་གིས། །བགྲོད་ལམ་ཉེ་བའི་ལུས་སེམས་ངག་ཡིད་གནད། །མི་འགུལ་གསུམ་བཅས་སྣང་བ་བཞི་པོ་ཡི། །ལམ་རྟགས་མཐར་ཕྱིན་འོད་ཕུང་ཆེན་པོའི་ཀློང་། །ཚེ་འདི་ཉིད་ལ་བགྲོད་པར་བྱིན་གྱིས་རློབས། །རང་བཞིན་རྣམ་པར་དག་པའི་དགེ་བ་འདིས། །མ་གྱུར་ཁམས་གསུམ་སེམས་ཅན་མ་ལུས་པ། །འདོད་ཆགས་ཞེ་སྡང་དུག་གསུམ་ལས་དབང་གིས། །རིགས་དྲུག་སྡུག་བསྔལ་ཉམ་ཐག་གཟིར་བ་རྣམས། །སྒྲིབ་གཉིས་སྦྱངས་ནས་ཚེ་གཅིག་སངས་རྒྱས་ཤོག །ཅེས་པ་འདི་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་གསང་བསྡུས་པའི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་རང་ཉིད་གུས་པའི་སྒོ་ནས་སྦྱར་བ་དགེ་ལེགས་འཕེལ། ཡི་གེ་པ་ནི་འོད་གསལ་ཚུལ་ཁྲིམས་ཀྱིས་བགྱིས་པའོ། །དྷ་ཐིམ།། །།