Terdzo-SHA-025

From Rinchen Terdzö
Revision as of 21:08, 15 December 2017 by Jeremi (talk | contribs) (Text replacement - "{{UnderConstruction}} " to "")

ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཆོས་ཐམས་ཅད་ཀྱི་སྔོན་འགྲོ་ཐུན་མོང་བ་

tshe gcig byang chub sgrub pa'i gseng lam yang dag bde chen snying po las chos thams cad kyi sngon 'gro thun mong ba

by  ཆོས་རྗེ་གླིང་པ་ (Chöje Lingpa)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  ཡང་དག་བདེ་ཆེན་སྙིང་པོ་ (Yang dag bde chen snying po)
Volume 27 (ཤ) / Pages 513-552 / Folios 1a1 to 20b2

[edit]

༁ྃ༔ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཆོས་ཐམས་ཅད་ཀྱི་སྔོན་འགྲོ་ཐུན་མོང་བ་བཞུགས་སོ༔ ྈྈྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོའི་སྒོ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་འདི་ལ་གསུམ༔ ཆོས་ཀྱི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ༔ དངོས་གཞི་ཕྱག་རྒྱ་ཆེན་པོ་ཡང་དག་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་རིམ༔ རྗེས་བོགས་འདོན་ལམ་ཁྱེར་དུམ་བུ་ཁྲིགས་ཀྱི་སྐོར་རོ༔ དང་པོ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཐུན་མོང་བའི་ལམ་ལ༔ བླ་མ་དང་སློབ་མའི་མཚན་ཉིད༔ བསྒྲུབ་པའི་གནས་ཀྱི་གཞི༔ དགོས་པའི་ཡོ་བྱད༔ ཉམས་ལེན་དངོས་ལ་འཇུག་པའི་ཆོས་སོ༔ དེ་ལ་དང་པོ་བླ་མའི་མཚན་ཉིད་བསྟེན་དུ་མི་རུང་བའི་རིགས༔ ང་རྒྱལ་ཆེ་བ༔ བློ་རྨོངས་པ༔ ཚིག་ཙམ་གྱི་རྗེས་སུ་འབྲང་བ༔ གསང་སྔགས་ཀྱི་དོན་མི་ཤེས་པ༔ གཞན་གྱི་ཞེ་གཅོད་པ༔ ཁོང་ཚིག་པའི་རང་བཞིན་ཅན༔ ལོག་པའི་ལམ་ལ་ཞུགས་པ༔ ལྷའི་མཚན་མ་མ་མཐོང་བ༔ དམ་ཚིག་འཆལ་བ༔ ཐེ་ཚོམ་གཅོད་མི་ནུས་པ༔ ཐོས་པ་ཆུང་བ་སྟེ་དེ་ལྟ་བུའི་མ་བརྟགས་སློབ་དཔོན་ནི་བསྟེན་དུ་མི་རུང་ངོ༔ བསྟེན་དུ་རུང་བའི་ཡོན་ཏན་ནི༔ ཆོས་ལ་མཁས་ཤིང་འཇིག་རྟེན་གྱི་བྱ་བ་བྲལ་བ༔ སྟོང་ཉིད་ཀྱི་བདེན་པ་མཐོང་ཞིང་ཉམས་མྱོང་ཚད་ལ་ཕེབས་པ༔ སློབ་མའི་འདོད་པའི་དོན་ལ་མ་རྨོངས་པ་སྟེ་མཚན་ཉིད་དེ་ལྡན་ལ་བསྟེན་པར་བྱའོ༔ གཉིས་པ་སློབ་མའི་སྣོད་ལ་བརྟག་པ་ནི༔ སྣོད་དུ་མི་རུང་བའི་རིགས་སློབ་དཔོན་ལ་ཞབས་ཏོག་རྣམ་པ་གསུམ་དང་མི་ལྡན་པ༔ གསང་སྔགས་འཆལ་བར་སྤྱོད་པ༔ ཐེག་པ་མཆོག་གི་རིགས་བརྒྱུད་དང་མི་ལྡན་པ༔ ཤེས་རབ་ཆུང་བ༔ བཀའ་དྲིན་ཁྱད་དུ་གསོད་པ༔ དོན་མེད་འཆལ་བར་གྱུར་པ་རྣམས་སོ༔ སྣོད་དང་ལྡན་པ་ནི༔ དད་པ་དང་ཤེས་རབ་ཆེ་བ༔ ཡིད་གཞུང་ཞིང་ནོར་འཁྲུལ་མེད་པ༔ དབང་པོ་གསལ་བ༔ བརྩོན་འགྲུས་དང་ལྡན་པ༔ འཛིན་ཆགས་ཆུང་ཞིང་གཏོང་ཕོད་པ༔ བརྟུལ་ཤུགས་དང་ལྡན་པ༔ དམ་ཚིག་ལ་གནས་པ་དེ་ལྟ་བུའོ༔ གསུམ་པ་བསྒྲུབ་པའི་གནས་ཀྱི་གཞི་ནི༔ ཡིད་དང་མཐུན་ཞིང་འཚེ་བ་མེད་པ༔ འདུ་འཛི་ལས་ཕྱོགས་ཤིང་ས་ཕྱོགས་བཀྲ་ཤིས་ཤིང་བྱིན་བག་དང་ལྡན་པ༔ གཞི་བདག་ནག་ཕྱོགས་པ་མ་ཡིན་པ༔ རྒྱལ་བ་གོང་མས་བྱིན་གྱིས་བརླབས་པའི་གནས༔ གངས་རི་དང༔ གཡའ་རི༔ དུར་ཁྲོད༔ མཚོ་གླིང༔ ནགས་ཁྲོད་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ཁད་མཐོ་བ༔ ཤར་ནུབ་ཀྱི་རི་དམའ་བ༔ མདུན་རི་བསྣོལ་བ༔ རྒྱབ་རི་མཐོ་ཞིང་དཔྱད་བཟང་བ༔ ཆུ་འཇམ་པ༔ མཐུན་རྐྱེན་ཐམས་ཅད་ཚང་ཞིང་ཚོགས་སླ་བའི་གནས་སུ་བསྒྲུབ་པར་བྱའོ༔ བཞི་པ་དགོས་པའི་ཡོ་བྱད་ནི༔ སྒྱུ་ལུས་འཚོ་བའི་ཡོ་བྱད་ཟས་གོས༔ བསྟེན་པར་བྱ་བའི་དམ་རྫས་ཤ་ལྔ་དང་བདུད་རྩི་ལྔ་སོགས༔ མཁོ་བའི་ཡོ་བྱད་རྡོར་དྲིལ་དང་ཕྱག་རྒྱ༔ མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་ཀ་ཆའི་རིགས༔ ཁྱད་པར་གྱི་ཡོ་བྱད་མཁའ་འགྲོ་མཉེས་པའི་གཏོར་ཚོགས་སོགས་མ་ཚང་བ་མེད་པ་གསག་པར་བྱའོ༔ ལྔ་པ་ཉམས་ལེན་དངོས་ལ་བློ་འཇུག་པར་བྱ་བའི་ཆོས་ལ༔ དལ་འབྱོར་རྙེད་དཀའ་བ༔ དེ་འཇིག་པའི་ཚུལ༔ འཁོར་བའི་ཉེས་དམིགས༔ རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་དང་བཅས་པའོ༔ དང་པོ་དལ་འབྱོར་རྙེད་དཀའ་བར་བསམ་པ་ནི༔ དེ་ཡང་དལ་བ་བརྒྱད་དང་འབྱོར་པའི་ཆོས་བཅུ་སྟེ༔ དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་འགྲོ་གསུམ༔ ལྷ་ཚེ་རིང་པོ་པ་དང༔ མི་ཡིན་དུ་ཟིན་ཀྱང་ཡུལ་མཐའ་ཁོབ་པ་དང༔ ཀླ་ཀློ་དང༔ དབང་པོ་མ་ཚང་བ༔ ལོག་ལྟ་ཅན་རྣམས་ནི་ཆོས་བྱར་མི་ཁོམ་པ་ཉིད་ཡིན་ལ༔ དེ་ལྟ་ན་རང་ཉིད་དགེ་བའི་ཆོས་བཅུས་འབྱོར་པ་སྟེ༔ དམ་པའི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ༔ དབང་པོ་ལྔ་ལ་སྐྱོན་མེད་པ༔ མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས་པ༔ དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ༔ སངས་རྒྱས་འཇིག་རྟེན་དུ་བྱོན་པ༔ དེས་ཆོས་གསུངས་པ༔ བསྟན་པ་གནས་པ༔ ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ཡོད་པ༔ གཞན་དག་ཀྱང་བདག་ལ་རྗེས་སུ་བརྩེ་བའི་སེམས་དང་ལྡན་པ་སྟེ་ཆོས་བྱེད་དུ་ཁོམ་ཞིང་ཡོད་པའི་མི་ལུས་རིན་པོ་ཆེ་ཐོབ་པར་ནི་རྙེད་པར་དཀའ་བ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ནོ༔ དེ་ཕྱིར་རྒྱུ་དང་རྐྱེན་དང་ངོ་བོ་དང་དཔེ་དང་རྣམ་གྲངས་དུ་མའི་སྒོ་ནས་བསམ་ཞིང་དཔྱད་དེ་ཚེ་འདི་དོན་ཡོད་ཀྱི་བློ་དང་ལྡན་པར་བྱའོ༔ གཉིས་པ་དེ་འཇིག་པའི་ཚུལ་ནི༔ འཆི་བ་མི་རྟག་པ་བསམ་པ་སྟེ༔ དང་པོ་ཕྱི་སྣོད་འཇིག་རྟེན་རི་གླིང་དང་བཅས་པ་འདི་ཡང་དང་པོ་ཆགས༔ བར་དུ་གནས༔ མཐའ་མར་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་ཆོས་ཅན་དང༔ བཅུད་ཀྱི་སྐྱེས་བུ་འདི་དག་ཀྱང་དང་པོ་ཕ་མའི་རྐྱེན་གྱིས་ཆགས༔ བར་དུ་མཚམས་སྤྲིན་ཉི་མ་བཞིན་དུ་ཡུད་ཙམ་གནས༔ མཐའ་མར་འཆི་ཞིང་འདིར་འགྲོའི་ལྟོས་མ་མཆིས་པས་ན་མི་རྟག་པའོ་སྙམ་པ་དང༔ ནམ་ཟླ་དུས་བཞིའི་འགྱུར་ལྡོག༔ ཉི་ཟླ་འཆར་ནུབ་ཀྱི་ཚུལ༔ སྐད་ཅིག་མ་སྔ་ཕྱིའི་བྱེ་བྲག་སོགས་དང༔ གཞན་ཡང་སྔར་མ་ཤི་བ་ལུས་པ་མེད་པ་དང༔ ཚེ་སྐད་ཅིག་མས་འཛད་པ་དང༔ ལུས་འདུས་བྱས་ཡིན་པས་འཇིག་པར་འགྱུར་བ་དང༔ ནམ་འཆིའི་ངེས་པ་སྤུ་ཙམ་ཡང་མེད་པ་སྟེ༔ དེ་བས་ན་འཆི་བ་བསམ་ཞིང་དེའི་ཚེ་དམ་པའི་ཆོས་མ་གཏོགས་པ་ཕན་པ་གང་ཡང་མི་འདུག་པས་ཅི་ནས་ཀྱང་བདག་འཆི་ཁར་ཕན་ངེས་ཀྱི་ཆོས་ཤིག་བྱའོ༔ དེ་ཡང་སང་བྱ་གནངས་བྱའི་ངང་ལ་ཟད་ན་འཆི་བ་ནམ་ཡོང་གི་གཏད་སོ་མེད་པས༔ མགོ་ལ་མེ་ཤོར་བ་གསོད་པའམ༔ པང་དུ་སྦྲུལ་བྱུང་བ་མཐོང་བ་ལྟར་ལ་འུར་བདག་གིས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ་ཉམས་ལེན་ལ་འཇུག་པར་བྱའོ་སྙམ་དུ་བསམ་མོ༔ གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ནི༔ བདག་གིས་སྔོན་ཆད་ཀྱང་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཏེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱངས༔ ད་དུང་ཡང་འཁོར་བ་ལས་ལྡོག་པའི་གདིང་ནི་བདག་ལ་མེད༔ འཁོར་བ་མཐའ་མེད་དུ་སྡུག་བསྔལ་མི་བཟོད་པ་དཔག་ཏུ་མེད་པ་མྱང་དགོས༔ འདི་ལྟར་བདག་གཅིག་པུར་མ་ཟད་ཕ་མ་སེམས་ཅན་འདི་ཀུན་ཡང་རིགས་དྲུག་གི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་ཡོད་དེ༔ དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་དེ་འདྲ་བ་དང༔ ཡི་དྭགས་ལ་བཀྲེས་ཤིང་སྐོམ་པ་མི་བཟད་པས་ཉེན་པ་དང༔ དུད་འགྲོ་ལའང་གསོད་པ་དང་ཟ་བ་དང་བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་དེ་ལྟ་བུ་དང༔ མི་ལའང་སྐྱེ་བ་དང༔ ན་བ་དང༔ རྒས་ཤིང་འཁོགས་པ་དང༔ འཆི་བའི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་པ་དང༔ ལྷ་མིན་ཡང་ལྷའི་དཔལ་ལ་སྡང་ཞིང་ཕྲག་དོག་གི་ཟུག་རྔུ་ལྡན་པ་དང༔ ལྷ་ཡང་འདོད་ཡོན་ལ་མི་ངོམས་པར་སྲེད་པའི་སྡུག་བསྔལ་དང་འཆི་འཕོ་ལྟུང་བའི་སྡུག་བསྔལ་མྱོང་བ་སོགས་མདོར་ན་འཁོར་བའི་གནས་ཁབ་ཀྱི་རྩེ་མོ་ཙམ་དུའང་བདེ་བའི་འབྲས་བུ་ཡུངས་དཀར་ཙམ་ཡང་མེད་པར་བསམ་མོ༔ དེས་ན་འཁོར་བའི་ཚུལ་འདི་ལ་ཡིད་སྐྱོ་བས་ནག་ཅན་ཁྲི་མུན་ནས་འབྲོས་པ་དང་འདྲ་བར་བྱའོ༔ བཞི་པ་རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་ལ་བསམ་པ་ནི༔ དེ་ལྟར་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་བཟོད་མེད་མྱང་དགོས་པ་དེ་དག་ཀྱང༔ མི་དགེ་བ་བྱས་པ་ལས་བྱུང་ཞིང༔ མཐོ་རིས་དང་ཐར་པའི་བདེ་བ་ཡང་དག་པ་ནི་དགེ་བ་བྱས་པ་ལས་བྱུང་བ་དེའི་ཕྱིར༔ དགེ་སྡིག་གི་འདོར་ལེན་དང་སྤང་བླང་ཚུལ་བཞིན་དུ་བྱའོ་སྙམ་པས༔ ལུས་ཀྱི་མི་དགེ་བ་གསུམ༔ ངག་གི་བཞི༔ ཡིད་ཀྱི་གསུམ་སྟེ་བཅུ་དང༔ མཚམས་མེད་ལྔ༔ དེ་དང་ཉེ་བ་ལྔ༔ ལྕི་བ་བཞི༔ ལོག་པ་བརྒྱད་སོགས་ཕྲ་ཞིང་ཕྲ་བ་ནས་སྤང་ལ༔ དེའི་གཉེན་པོར་དགེ་བ་བཅུ་དང༔ ཆོས་སྤྱོད་བཅུ་སོགས་རྣམ་པར་དཀར་བའི་བྱ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་པར་བྱའོ༔ དེ་དག་ཀྱང་ཚིག་ཙམ་དུ་མ་ཡིན་པར་རྒྱུད་དང་འདྲེས་ངེས་སུ་བྱ་ཞིང༔ རྟག་ཏུ་བློ་ཆོས་སུ་འགྲོ་བ་ལས་འཇིག་རྟེན་གྱི་བྱ་བ་ལ་ཅི་ནས་ཀྱང་སེམས་མི་འཇུག་པར་མ་གྱུར་གྱི་བར་དུ་བསམ་ཞིང་གཞིག་པར་བྱའོ༔ ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཐུན་མོང་བའི་ལམ་པདྨས་ཕྱི་རབས་སྐྱེས་བུའི་དོན་དུ་སྙིང་པོར་བསྡུས་ཏེ་བཀོད་པ་སྐལ་ལྡན་ལས་ཅན་ཤེས་རབ་སྙིང་རྗེ་བརྩོན་འགྲུས་ཅན་དང་འཕྲད་པར་ཤོག༔ ར་པཱ་ན༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པའོ། །ཨོ་རྒྱན་ཆོས་རྗེ་གླིང་པའི་ཕྱག་དཔེ་ལས་ཞལ་བཤུས། མངྒ་ལཾ།། །། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་བཞུགས༔ ༁ྃ༔ ྈྈྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དེ་ལྟར་ཐུན་མོང་གི་ཆོས་ཀྱིས་སྲིད་པའི་ཕུན་ཚོགས་ལ་ཞེན་པ་མེད་ཅིང༔ ཡང་དག་གི་ལམ་ལ་བློ་འཕྲིགས་ཚུད་པ་དང༔ ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་གྱི་རིམ་པ་ཉམས་སུ་ལེན་པ་ལ༔ ནང་པ་སངས་རྒྱས་པའི་བསྟན་པ་ལ་འཇུག་ཅིང་བར་ཆད་སེལ་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ༔ ཐོག་མེད་ནས་བསགས་པའི་སྡིག་ལྟུང་གི་ཕུང་པོ་སྦྱང་ཕྱིར་རྡོ་རྗེ་སེམས་དཔའི་བཟླས་བརྗོད་བྱ་བ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་རྫོགས་ཕྱིར་སྐུ་གསུམ་གྱི་མཎྜལ་འབུལ་བ༔ བྱིན་རླབས་དོན་གྱི་འཕོ་བ་སྙིང་ལ་འཇུག་ཕྱིར་གསོལ་འདེབས་དབང་བཞི་བླང་བ་དང་བཅས་པའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཀྱེ་མ༔ བདག་ནི་འཁོར་བའི་གནས་འདིར་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྡུག་བསྔལ་འཁྲུལ་པའི་སྣང་བ་དོས་དྲག་ལ་ཡུན་རིང་བ་འདི་ལྟ་བུའི་དུཿཁ་བཟོད་མེད་ཀྱིས་གཙེས་ཤིང༔ འདི་ལྟར་རང་ཉིད་གཅིག་པུར་མ་ཟད་བདག་གི་ཕ་མ་སེམས་ཅན་འདི་ཀུན་ཡང་སྡུག་བསྔལ་དེ་འདྲ་བ་འབའ་ཞིག་ལ་སྤྱོད་ཅིང༔ ད་དུང་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་ཤེས་པར་སྨྱོན་པ་བཙན་དུག་ཟ་བ་ལྟར་རང་གིས་རང་ཕུང་སྒྲུབ་པ་འདི་ཚོ་ཨ་རེ་སྡུག༔ སྙིང་རེ་རྗེ༔ ཞེས་ངག་ནས་ཀྱང་བརྗོད་ཅིང་ཡིད་ལའང་ཞེ་ཐག་པ་ནས་བསམ༔ འདི་རྣམས་བདེ་བ་དང་ལྡན་སྡུག་བསྔལ་བཟོད་དུ་མེད་པ་འདི་དང་བྲལ་བའི་ཐབས་ཤིག་བདག་གིས་གྲུབ་པ་ཞིག་ཅི་མ་རུང༔ དེ་གྲུབ་པར་བྱེད་པ་ལ་བདག་འཁོར་བ་འདི་ལས་ཐར་ཏེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བཙན་ས་ཟིན་པ་ཞིག་བྱས་ཏེ༔ ད་གདོད་ཁམས་གསུམ་འཁོར་བ་འདི་ན་འཁྱམས་པའི་ཕ་མ་སེམས་ཅན་འདི་ཀུན་གྱི་དོན་བྱ༔ དེ་ཕྱིར་བདག་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་རང་རྒྱུད་ལས་མ་ཐོབ་ཀྱི་བར་དུ་དཀོན་མཆོག་སྐྱབས་ཡུལ་རྣམས་ལ་སྐྱབས་སུ་མཆིའོ་བསམ་པས༔ མདུན་གྱི་ནམ་མཁར་དཔག་བསམ་ཤིང་ཡལ་ག་རབ་ཏུ་རྒྱས་པའི་སྙིང་པོ་ཡལ་འདབ་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར་བླ་མ་རྡོ་རྗེ་འཆང་ལ་བརྒྱུད་པ་གསུམ་གྱི་བླ་མས་བསྐོར་བ༔ མདུན་དུ་དཔལ་ཧེ་རུ་ཀ་ལ་ཞི་བ་དང་ཁྲག་འཐུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་སུ་དུས་གསུམ་གྱི་སངས་རྒྱས༔ རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་རྒྱལ་བའི་གསུང་རབ་གླེགས་བམ་གྱི་རྣམ་པ༔ གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན༔ ཕྱི་བསྐོར་དུ་བཀའ་སྲུང་དམ་ཅན་རྒྱ་མཚོས་བསྐོར་བ་དང་བཅས་པའི་སྐྱབས་ཡུལ་རྣམས་གསལ་བཏབ༔ ན་མོ༔ སངས་རྒྱས་ཀུན་དངོས་ཡང་དག་ལམ་སྟོན་པའི༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ དུས་གསུམ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ༔ ཐེག་གསུམ་ལུང་རྟོགས་ཡི་གེའི་རིས་སུ་བྱོན༔ ཆགས་བྲལ་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ༔ ས་དང་ལམ་ཞུགས་དག་པའི་ཞིང་མཆོག་སྐྱོང༔ ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེ་བར་སྩོལ༔ ཞི་ཁྲོ་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ༔ བར་ཆད་ཀུན་སེལ་མཆོག་ཐུན་ཕྲིན་ལས་སྒྲུབ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་སྐྱབས་སུ་མཆིའོ༔ ཞེས་དང༔ བདག་གི་ཕ་མ་ཁམས་གསུམ་འགྲོ་བ་ཀུན༔ ཐོག་མེད་དུས་ནས་སྡུག་བསྔལ་མཐའ་མེད་མྱོང༔ སྙིང་རྗེའི་རང་བཞིན་འདི་དག་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡུག་བསྔལ་མཚོ་ལས་མ་བསྒྲལ་བདག་གིས་བསྒྲལ༔ ཐེག་མཆོག་དབུགས་མ་ཕྱུང་རྣམས་བདག་གིས་དབྱུང༔ ཞི་བདེར་གནས་པའི་སེམས་དཔའ་མྱང་འདས་འགོད༔ བླ་མེད་བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱིས༔ སེམས་ཅན་མི་དགེའི་ལས་ལ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལས་ལས་རབ་ལྡོག་སྟེ༔ སྡུག་བསྔལ་ཡོངས་བྲལ་བདེ་བ་དམ་པ་ཡིས༔ གཉིས་མེད་བྱང་ཆུབ་སེམས་སུ་གནས་གྱུར་ཅིག༔ གཉིས་པ་སྡིག་སྦྱོང་རྡོ་རྗེ་སེམས་དཔའི་བཟླས་བརྗོད་ནི༔ རང་ཐ་མའི་སྤྱི་གཙུག་ཏུ་པད་དཀར་དང་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་དར་དང་རིན་པོ་ཆེས་མཛེས་པར་སྤྲས་པ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་སྙིང་པོར་ཧཱུྃ་ཡིག་གི་མཐའ་མར་ཡི་གེ་བརྒྱ་པས་བསྐོར་བ༔ བཟླས་པ་ཙམ་གྱིས་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་ཞིང་བསིལ་བ་རེག་ན་བདེ་བ་བབས༔ བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས༔ ལུས་ཀྱི་ཆ་ཐམས་ཅད་མེར་གྱིས་གང་སྟེ་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་སངས་ཀྱིས་དག༔ ཤེལ་བུམ་ཕྱིས་པ་འོ་མས་བཀང་པ་ལྟར་གྱུར་པར་བསམ་ལ་ངག་ཏུ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ༔ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ ཞེས་བཟླས་མཐར་ལྷ་ཡང་བདག་ལ་བསྟིམ༔ དེ་ལྟ་བུས་སྡིག་པ་དག་པའི་རྟགས་མཐོང་གི་བར་དུ་འབད་དེ་བསྒོམ་པར་བྱའོ༔ གསུམ་པ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་ནི༔ རིན་པོ་ཆེའི་ཚོམ་བུ་བཀོད་ལ༔ རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་དགུའི་འབྱོར་པ་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་པས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་པས་དབུལ་ལོ༔ བཞི་པ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གསོལ་འདེབས་ཀྱི་རིམ་པ་ནི༔ རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀར་གསལ་བའི་སྤྱི་བོར་སེང་གེས་བཏེག་པའི་ཁྲི་པདྨ་དང་ཟླ་བའི་གདན་ལ༔ བདག་ལ་བཀའ་ལུང་དབང་དང་མན་ངག་བསྩལ་ཞིང་བདག་རྒྱུད་ལ་ཡོད་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པར་མཛད་པའི་ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན༔ རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་སྙིང་པོ་ལྟར་གསལ་ཞིང་འཚེར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་ལ་རྗེས་སུ་བརྩེ་བའི་ཞལ་འཛུམ་པ་དང་བཅས་པ༔ གསལ་སྟོང་འོད་ལྔའི་ཀློང་དུ་བཀྲ་ལམ་མེར་བཞུགས་པའི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༔ དེའི་དབུ་གཙུག་ཏུ་ཡོ་གའི་སློབ་དཔོན་པྲ་ཧསྟི༔ དེའི་དབུ་གཙུག་ཏུ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀཱ་ར༔ དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ༔ དེའི་དབུ་གཙུག་ཏུ་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་མཁའ་དབྱིངས་ཁྱབ་པའི་སྐུ༔ ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གཞན་ཡང་བརྒྱུད་པ་གསུམ་གྱི་བླ་རབས་སྤྲིན་ཕུང་གཏིབས་པ་ལྟར་བསམ༔ དེ་ལྟ་བུའི་བླ་མ་བརྒྱུད་པའི་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས་རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པ་ལ་བསམ་སྟེ༔ སྐྱོན་རྟོག་གི་བློ་ངན་སྤངས་ལ་མོས་གུས་སྙིང་ཁོང་རུས་པའི་གཏིང་ནས་བསྐྱེད་དེ་འཕྲལ་དུའང་ལུས་འདར་བ་དང་མཆི་མ་འཁྲུག་པ་ཙམ་དུ་མ་བྱུང་གི་བར་བསྐྱེད་ལ་བརྒྱུད་པའི་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཆོས་ཉིད་འདུས་མ་བྱས་པའི་མཁའ་དབྱིངས་སུ༔ ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང༔ བློ་འདས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ འོག་མིན་རབ་འབྱམས་ཐིག་ལེ་འོད་ལྔའི་ཀློང༔ ཟུང་འཇུག་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་སེམས༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ གསེར་བྲག་བྱ་སྐྱིབས་ཚལ་གྱི་ཀེའུ་ཚང་དུ༔ ཐུགས་ཀྱི་རིག་འཛིན་ཕྱག་རྒྱ་ཆེན་པོ་བརྙེས༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ལ་གསོལ་བ་འདེབས༔ བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ༔ ཕྲིན་ལས་གྲུབ་པས་རྡོ་རྗེ་ཕུར་པ་བརྙེས༔ སློབ་དཔོན་པྲ་བྷ་ཧསྟི་ལ་གསོལ་བ་འདེབས༔ རྒྱ་བོད་གནས་དང་རྔ་ཡབ་གླིང་དབུས་སུ༔ རྡོ་རྗེའི་སྐུ་བརྙེས་སངས་རྒྱས་འདུས་པའི་སྐུ༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ༔ བཀའ་བསྩལ་ལུང་འབོགས་ཆོས་ཉིད་མངོན་སུམ་སྤྲོད༔ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ ཞེས་པ་དང༔ བཀའ་དྲིན་མཉམ་པ་མེད་པ་དང་ལྡན་པ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག༔ ཆོས་རྒྱུད་ཐོག་ཏུ་འབྱོར་པར་བྱིན་གྱིས་རློབས་ཤིག༔ ལྟ་སྤྱོད་ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱིན་གྱིས་རློབས་ཤིག༔ ཉོན་མོངས་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག༔ ཐ་མལ་གྱི་ཤེས་པའི་མཚང་རིག་སྟེ་བློ་འདས་ཆོས་སྐུའི་རང་ཞལ་གཞི་ཐོག་ཏུ་མཐོང་བར་བྱིན་གྱིས་རློབས་ཤིག༔ ཚེ་གཅིག་ལུས་གཅིག་ལ་ཡང་དག་བདེ་ཆེན་སྙིང་པོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བྱིན་གྱིས་རློབས་ཤིག༔ ཅེས་ཕུར་ཚུགས་སུ་གསོལ་བ་བཏབ་པ་ལ་བརྟེན་ནས། བླ་མ་བརྒྱུད་པ་དང་བཅས་པ་རྩ་བའི་བླ་མ་ཉིད་ལ་ཐིམ༔ བླ་མའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ དེ་གསུམ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པར་འཕྲོས༔ བདག་གི་གནས་གསུམ་དུ་ཐིམ༔ སྐུ་བུམ་པ༔ གསུང་གསང་བ༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྱིན་རླབས་ཐོབ༔ མཐར་བླ་མ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་གཉིས་མེད་དུ་གྱུར༔ དེའི་རང་ངོ་ལ་བལྟས་པས་བློ་འདས་བདེ་བ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ་བླ་མའི་རང་ཞལ་མཇལ༔ སྐུ་གསུམ་བླ་མ་མཆོག་གི་གོ་འཕང་ཐོབ་པར་གྱུར༔ ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་གྱི་རིམ་པ་པདྨ་བདག་གིས་ཕྱི་རབས་ཀྱི་དོན་དུ་བཀོད་པ་སྐལ་ལྡན་ལས་ཅན་ཤེས་རབ་སྙིང་རྗེ་བརྩོན་འགྲུས་ཅན་དང་དུས་ཀྱི་མཐའ་ལ་འཕྲད་པར་ཤོག༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པའོ། །ཨོ་རྒྱན་ཆོས་རྗེ་གླིང་པའི་ཕྱག་དཔེ་དངོས་ལས་ཞལ་བཤུས༑། །། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཐུགས་ཀྱི་སྒྲུབ་པ་ཉུང་ངུར་དྲིལ་བ་བཞུགས་སོ༔ ༁ྃ༔ ྈྈྈྈྈྈྈ རྒྱ་གར་སྐད་དུ༔ ཤྲཱི་བཛྲ་སུ་ཁ་ཧྲྀ་ད་ཡ་ཙིཏྟ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ དཔལ་ཧེ་རུ་ཀ་བདེ་ཆེན་སྙིང་པོ་ཐུགས་ཀྱི་སྒྲུབ་ཐབས་ཞེས་བྱ་བ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕྱག་རྒྱ་ཆེན་པོ་ཡང་དག་པའི༔ མཆོག་གི་དངོས་གྲུབ་ཚེ་གཅིག་ལ༔ ཐོབ་ཕྱིར་རྒྱལ་བའི་གསེང་ལམ་མཆོག༔ ཡང་དག་མཆོག་གི་སྒྲུབ་པ་བྱ༔ ཤིན་ཏུ་དབེན་ཞིང་དག་པའི་སར༔ དམ་ཚིག་རྫས་རྣམས་ཚོགས་པར་བསགས༔ སྔོན་འགྲོ་ཐུན་མོང་མ་ཡིན་པའི༔ ཆོས་ཀྱིས་བདག་ཉིད་རྒྱུད་སྦྱངས་ལ༔ དངོས་གཞིའི་གསང་སྔགས་རིམ་པ་ལ༔ དབང་དང་བྱིན་རླབས་རིམ་པ་གཉིས༔ འདི་ནི་མཆོག་གི་སྐལ་བ་ཅན༔ དབང་རྣོན་དད་པའི་རྗེས་འཇུག་ལ༔ བླ་མའི་བྱིན་རླབས་འཕོ་བ་ཡིས༔ སྨིན་པར་བྱས་ལ་རང་རྒྱུད་ཀྱི༔ ཡེ་ཤེས་རྟོགས་པར་བྱེད་པ་འོ༔ དེ་ཡང་མཐའ་གཉིས་ཞེན་པ་གང༔ གཅོད་ཕྱིར་བསྐྱེད་དང་རྫོགས་པ་ཡི༔ རྣལ་འབྱོར་འདི་ལ་བསླབ་པར་བྱ༔ ཆོས་རྣམས་གཟོད་ནས་སྟོང་པ་ཉིད༔ མ་སྐྱེས་པ་ལས་འགག་མེད་ཀྱི༔ རྩལ་སྣང་མ་རྟོགས་འགྲོ་བ་ལ༔ བཟོད་མེད་སྙིང་རྗེ་གཞའ་ཚོན་ལྟར༔ དངོས་མེད་དངོས་ཀུན་ཡེ་ཤེས་སྤྲིན༔ འགྱུར་བ་མེད་པའི་མཐིང་གསལ་ཧཱུྃ༔ ཆུ་ལས་ཆུ་བུར་བཞིན་དུ་ཤར༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ བདག་ཉིད་བདེ་ཆེན་ཧེ་རུ་ཀ༔ མཁའ་དབྱིངས་མདོག་ཅན་རྡོར་དྲིལ་བསྣོལ༔ ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་གྲི་ཐོད་འཛིན་པས་འཁྱུད༔ རིན་ཆེན་རུས་པའི་རྒྱན་ཆ་དང༔ སྟག་ཤམ་དྲིལ་གཡེར་དར་དཔྱང་ཅན༔ དཔའ་བོའི་གཡས་བརྐྱང་སྟབས་ཀྱིས་འགྱིང༔ པད་ཉི་དབུགས་བྲལ་འཇའ་འོད་ཀློང༔ སྣང་སྟོང་རང་བཞིན་མེད་པའི་སྐུའི༔ སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་བའི་མདོག་ཅན་ལས༔ འོད་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས༔ ལྷ་དང་ལྷ་མོའི་རྣམ་པར་གྱུར༔ ཚུར་འདུས་བདག་ལ་གཉིས་མེད་ཐིམ༔ ནམ་མཁའ་གང་བའི་རྒྱལ་བ་ཡིས༔ རིན་ཆེན་བྱང་ཆུབ་སེམས་དབང་བསྐུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཛྲ་ཏུཥྱ་ཧོ༔ མཉམ་པ་ཉིད་དུ་དགྱེས་པར་གྱུར༔ ཐུགས་སྲོག་ཧཱུྃ་ལས་སྔགས་ཕྲེང་ནི༔ ངོ་བོ་བྱང་ཆུབ་སེམས་ཉིད་ལས༔ རྣམ་པ་ཡིག་གཟུགས་དཀར་དམར་ཕྲེང༔ བར་མ་ཆད་པ་ཐུར་དུ་སོང༔ རྡོ་རྗེའི་ལམ་ནས་ཡུམ་མཁར་བབས༔ སྐུ་དབྱིབས་གྱེན་བརྒྱུད་ཞལ་ནས་ཐོན༔ ཡབ་ཀྱི་ཞལ་ཞུགས་ཧཱུྃ་ལ་ཐིམ༔ བདེ་ཆེན་ཡེ་ཤེས་ངང་ནས་བཟླ༔ ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཇི་སྲིད་མི་སྐྱོའི་བར་དུ་བཟླ༔ དེ་ལས་དུབ་ཅིང་སྐྱོ་བ་ན༔ སྣོད་བཅུད་ཀུན་ཞུ་བདག་ལ་ཐིམ༔ བདག་ཀྱང་སྤྱི་གཙུག་གདན་གྱི་ནི༔ སྟེང་འོག་གཉིས་ནས་མས་ཡར་དུ༔ ཧཱུྃ་ལ་རིམ་གྱིས་བསྡུ་བར་བྱ༔ དེ་ཡང་ཐིག་ལེའི་བར་དུ་འོ༔ དེ་ལ་ཅུང་ཟད་སེམས་བཟུང་ངམ༔ དམིགས་མེད་ངང་ནས་ཉིན་མོའི་ཚེ༔ སྒྱུ་ལུས་མཚན་སྣང་རྨི་ལམ་དང༔ འདའ་ཁ་འཕོ་བ་བར་དོ་རྩྱོ༔ སྤྱོད་པའི་སྐབས་སུ་གསང་སྤྱོད་དང༔ ཀུན་ལ་ཕྱག་རྒྱ་ཆེན་པོ་སྟེ༔ རྫོགས་པའི་རིམ་པ་བསྒོམ་པར་བྱ༔ དེ་ལྟར་བསྐྱེད་དང་རྫོགས་པ་ཡི༔ རྣལ་འབྱོར་མཆོག་གི་ལམ་འདི་ལ༔ དམ་ཚིག་དག་ཅིང་བརྩོན་ལྡན་ན༔ ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེའི༔ ཡང་དག་ཡེ་ཤེས་འཐོབ་པར་འགྱུར༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ དཔལ་ཧེ་རུ་ཀ་བདེ་ཆེན་སྙིང་པོ་ཐུགས་ཀྱི་སྒྲུབ་པ་རྩྱོ་རྩྱོ་རྩྱོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁས་གྲུབ་བླ་མ་དཔག་མེད་བསྙེན༔ ཁྱད་པར་དགའ་རབ་ཤྲཱི་སིཾ་སོགས༔ གྲུབ་མཆོག་ཉེར་ལྔའི་ཐུགས་མཛོད་རྟོགས༔ རྣལ་འབྱོར་རིག་འཛིན་རྣམ་བརྒྱད་དང༔ གདམས་པ་ཟབ་མོ་བགོ་བཤར་བྱས༔ ཁྱད་པར་ཐུགས་རིག་ཧཱུྃ་ཀཱར་དང༔ ཕྲིན་ལས་གྲུབ་པ་པྲ་ཧསྟིར༔ ཡང་ཕུར་རྒྱུད་དང་མན་ངག་གཙོས༔ ཟབ་དགུ་འདུས་པའི་ཉིང་ཁུ་ལོངས༔ བོད་ཡུལ་ཁ་བའི་རི་ལྗོངས་འདིར༔ རྗེ་འབངས་རྣམས་ལ་རྒྱ་ཆེར་བཤད༔ ཁྱད་པར་ད་ལྟ་རྗེ་སྲས་གྲོགས༔ ཨཱརྱ་ས་ལེ་རྣམ་བཞི་ལ༔ བླ་མ་དྲག་པོ་དང་འབྲེལ་བའི༔ ཡང་ཕུར་སྙིང་ཐིག་ཉུང་ངུ་ནི༔ དོན་བཅུད་ཉམས་སུ་དྲིལ་ཏེ་གདམས༔ སྙིང་གི་དཀྱིལ་དུ་ས་མཱ་དྷི༔ ཨ་ཐཾ་རྒྱ༔ དུས་མཐར་རིག་པ་འཛིན་པ་རྡོ་རྗེའི་མཚན༔ ངེས་པའི་དོན་སྤྱོད་ཉི་ཟླ་ཟུང་གཅིག་དང༔ འཕྲད་པར་མ་གྱུར་དེ་སྲིད་ཟབ་པའི་བཀའ༔ བདུད་མགོན་ཆེན་པོ་བཤན་པ་ལག་དམར་དང༔ ཤུ་བ་སྲོག་ལེན་ཀླུ་རྗེ་མྱོས་པ་གསུམ༔ ཐུབ་པར་སྲུངས་ཤིག་བདག་ཉིད་པདྨའི་བཀའ༔ ར་པཱ་ཞ༔ ད་ན་རཀྵ་རཀྵ༔ སོ་ཕག་ཤི་ཐཾ༔ བདག་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས། གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་དག་པར་ཕབ་པའོ།། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས༔ ཕྱག་རྒྱ་ཆེན་པོ་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་རིམ་བཞུགས༔ ྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་ནས༔ ཐེག་པ་མཆོག་གི་དོན་ལ་འཇུག་རུང་དུ་གྱུར་པ་ན༔ དངོས་གཞི་ཕྱག་རྒྱ་ཆེན་པོ་དྲི་མེད་རང་གསལ་ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་ཀྱི་རིམ་པ་ལ་གསུམ༔ ཁྲིད་པའི་རིམ་པ་དང༔ ངོ་སྤྲོད་པའི་རིམ་པ་དང༔ རྗེས་སྐྱོང་ཚུལ་གྱི་རིམ་པའོ༔ དང་པོ་ལ་གཉིས༔ ཞི་གནས་ཀྱི་སྒོ་ནས་ཁྲིད་པ་དང༔ ལྷག་མཐོང་གི་སྒོ་ནས་ཁྲིད་པའོ༔ དང་པོ་ཞི་གནས་ཀྱི་སྒོ་ནས་ཁྲིད་པ་ལའང་གཉིས་ཏེ༔ མཚན་མ་དང་བཅས་པ་དང༔ མཚན་མ་མེད་པའོ༔ མཚན་བཅས་ལའང་རྟེན་ཅན་དང་རྟེན་མེད་དོ༔ དང་པོ་ནི༔ ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱ་བ་སྟེ༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ རྒལ་པ་བསྲང་ཞིང་ལུས་ཀུན་བསྒྲིམ༔ དཔུང་པ་གྲུ་མོ་བརྒྱང༔ མགྲིན་པ་བཀུག༔ ལྕེ་རྩེ་ཡ་རྐན་ལ་ཅུང་ཟད་གཏད༔ མིག་སྣ་རྩེ་ལ་ཕབ་ཅིང་མི་འགུལ་བར་བྱའོ༔ དེ་ནས་ལྟ་སྟངས་ཀྱི་ཐད་སོར་རྡེའུ་འམ་ཤིང་བུ་ལྟ་བུའི་མཚན་མ་བཞག་ལ༔ དེ་ལ་བརྟག་དཔྱད་མི་བྱ་བར་སེམས་ལྷོད་ཀྱིས་གཏད་པ་ཙམ་བྱ་ཞིང༔ གཞན་དུ་ནམ་ཡང་མ་འཕྲོས་མ་ཡེངས་ཙམ་བྱས་ལ་གནས་སུ་འཇུག་གོ༔ མཚན་མོ་རང་གི་སྨིན་ཕྲག་ཏུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་བཟུང་བ་དང༔ གནས་ཆ་ཧ་ཅང་རྙེད་དཀའ་ཞིང་དུབ་ན་མདུན་གྱི་ནམ་མཁར་སངས་རྒྱས་ཀྱི་སྐུ་ཚོན་གང་བ་ཞིག་བསྒོམས་ལ་དེ་ལ་སེམས་འཛིན་ནོ༔ གཉིས་པ་རྟེན་མེད་ལ་རླུང་གི་འགྲོ་འོང་ལ་བསླབ་པ་དང༔ རླུང་མེད་དོ༔ དང་པོ་ནི༔ རླུང་འབྱིན་འཇུག་གཉིས་དྲན་ཙམ་བྱ་ཞིང་གཞན་དུ་མ་ཡེངས་པར་སེམས་གཟུང་བའོ༔ གཉིས་པ་རླུང་མེད་ནི༔ ཕྱིའི་གཟུགས་སྒྲ་ནང་རླུང་གི་འགྲོ་འོང་གང་ལའང་སེམས་རྟེན་མི་བྱ་ཞིང༔ འདས་མ་འོངས་ད་ལྟར་བའི་རྟོག་པ་གང་ཡང་མི་སྤྲོ་མི་སེམས་ཡིད་ལ་མི་བྱེད་པར་ལྷོད་དེ་བར་གནས་སུ་འཇུག་གོ༔ དེ་ལྟར་བཞག་པས་སེམས་རྒོད་ན་ལྟ་སྟངས་སྨད་སེམས་ལྟེ་བའི་འོག་ཏུ་གཏད༔ ཕོ་རླུང་མནན༔ བྱིང་ན་རླུང་རོ་བསལ་ལྟ་སྟངས་དཔངས་བསྟོད་འགྲོ་འཆག་བྱ་ཞིང་དུབ་པ་གསེང་ངོ༔ གཉིས་པ་མཚན་མེད་ལ་གཉིས༔ སྒྲིམ་པ་དང༔ གློད་པའོ༔ དང་པོ་སྒྲིམ་པ་ནི༔ ལྟ་སྟངས་ཐད་ཀར་གཏད་སེམས་ངར་བསྐྱེད་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསྒྲིམ༔ ཡུན་ཐུང་ངུ་ནས་བཤིག༔ ཡང་ཧྲིལ་གྱིས་བསྒྲིམས་ལ་མ་ཡེངས་པའི་ངང་དུ་ཙེན་གྱིས་འཇོག་པ་ལ་སྦྱོར༔ གཉིས་པ་གློད་པ་ནི༔ སྒོམ་མི་སྒོམ་གནས་མི་གནས་ཀྱི་ཞེ་འདོད་སྤོངས་ལ་སེམས་ལྷོད་གློད༔ སེམས་རང་བབས་སུ་ཆམ་མེ་བའི་ངང་ནས་མ་ཡེངས་ཙམ་གྱིས་དྲན་པ་གུ་ཡངས་ཀྱིས་བསྐྱང་ངོ༔ གཉིས་པ་ལྷག་མཐོང་གི་སྒོ་ནས་ཁྲིད་པ་ལ་གཉིས༔ སྣང་བ་སྣ་ཚོགས་ཀྱི་ངོ་བོ་གཏན་ལ་དབབ་པ་དང༔ དེའི་གཞི་རྩ་བ་ལ་སྒྲོ་འདོགས་གཅད་པའོ༔ དང་པོ་ལའང་རྩ་བ་སེམས་ཀྱི་ངོ་བོ་གཏན་ལ་དབབ་པ་དང༔ རིག་རྩལ་སྣང་བའི་ངོ་བོ་གཏན་ལ་དབབ་པའོ༔ དང་པོ་ནི༔ ཞི་གནས་ཀྱི་སྟེང་དུ་ལྷང་ངེར་བཞག་ལ༔ དེའི་ངང་ལ་སེམས་ཉིད་ལ་རྗེན་ལྷང་གིས་བལྟས་ཏེ༔ དབྱིབས་དང་ཁ་དོག་སོགས་ཇི་ལྟ་བུར་འདུག༔ གནས་དང་རྟེན་ས་གང༔ ངོས་བཟུང་རྣམ་འགྱུར་ཇི་ལྟར་འདུག་རིམ་པས་བརྟགས་ཤིང་དཔྱད༔ དེ་ཡང་དབྱིབས་སུ་སྣང་ན་ཟླུམ་པོ་གྲུ་བཞི་སོགས་དང་སྣོད་བཅུད་ཀྱི་དབྱིབས་སུ་འདུག་གམ༔ ཁ་དོག་ཏུ་སྣང་ན་དཀར་པོ་ནག་པོ་སོགས་སུ་སྣང་རེ་རེ་བཞིན་བརྟག༔ དེ་བཞིན་དུ་སེམས་འདི་ཕྱི་རོལ་གྱི་ས་རྡོ་རི་བྲག་རྩི་ཤིང་སོགས་ལ་གནས་སམ་ནང་རྣམ་སྨིན་གྱི་ལུས་ལ་གནས༔ ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་བར་གྱི་ལྷུ་དུམ་ལ་གནས་སམ་སྤྱི་ཁྱབ་ཏུ་གནས༔ སྤྱི་ཁྱབ་ཏུ་གནས་ན་ཕྱི་ནང་གི་ཚུལ་ལམ་འདྲེས་པའི་ཚུལ་དུ་གནས༔ འདྲེས་ན་སེམས་ཡུལ་སྣང་ལ་འཕྲོ་བའི་ཚེ་ཇི་ལྟར་སོ་སོར་བརྟག༔ དེ་བཞིན་དུ་སེམས་ཀྱི་ངོ་བོ་དེ་སྟོང་པའམ་གསལ་བའམ་ངོས་བཟུང་དུ་འདུག༔ སྟོང་པར་འདུག་ན་ཅི་ཡང་མེད་པ་ནམ་མཁའ་ལྟ་བུའམ་གསལ་རིག་ཅན་ཉི་ཟླ་མར་མེ་ལྟ་བུའི་ཚུལ་ཅན་དུ་འདུག་ལེགས་པར་བརྟག་གོ༔ གཉིས་པ་རིག་རྩལ་སྣང་བའི་ངོ་བོ་གཏན་ལ་དབབ་པ་ནི༔ སེམས་གསལ་སྟོང་དེ་ཁའི་ངང་ནས་དུག་གསུམ་གྱི་རྟོག་པ་རགས་པ་ཞིག་འགྱུར་བཅུག་ལ༔ དབྱིབས་དང་ཁ་དོག་གནས་རྟེན་ངོས་བཟུང་རྣམ་འགྱུར་སོགས་ཇི་ལྟར་འདུག་བརྟགས་ཤིང་དཔྱད༔ དེ་བཞིན་དུ་རྣམ་རྟོག་ཕྲ་མོ་ཤར་བའམ་སྤྲོས་ཏེ་སྔར་བཞིན་ལྟ་ཞིང་དཔྱད༔ གཞན་ཡང་སྣོད་བཅུད་དགྲ་གཉེན་གྱི་སྐྱིད་སྡུག་སོགས་སྣང་བའི་འཆར་སྒོ་ཕྲ་རགས་ཐམས་ཅད་ལ་བརྟགས་ཤིང་དཔྱད་དེ༔ འདི་ལྟར་སྣང་ཆ་མ་འགགས་པ་ལ་ཨ་འཐས་ཀྱི་བདེན་འཛིན་བྲལ་བའི་སྣང་བ་བཀྲག་མེད་འདི་ཞེས་བརྗོད་དུ་མེད་པ་ཞིག་འདུག་པར་རྟོགས་ན་རང་སའི་མྱོང་བ་སྐྱེས་པའོ༔ གཉིས་པ་དེའི་གཞི་རྩ་བ་ལ་སྒྲོ་འདོགས་གཅད་པ་ལ་བཞི་སྟེ༔ རྣམ་རྟོག་གི་འཆར་སྒོ་སེམས་སུ་ཐག་བཅད་པ༔ སྣང་བ་སེམས་སུ་ཐག་བཅད་པ༔ གནས་འགྱུའི་རྩ་བ་བཅད་པ༔ གང་ཤར་སྐྱེ་མེད་དུ་ལ་བཟླ་བའོ༔ དང་པོ་ནི༔ མཉམ་གཞག་གི་ངང་ནས་ཞེ་སྡང་གི་རྟོག་པ་ཞིག་སྤྲོས་ལ༔ དེ་གཞི་ཅི་ལས་བྱུང༔ མཉམ་གཞག་ངང་དེ་ལས་བྱུང་ན་མ་ལས་བུ་སྐྱེས་པའམ་མར་མེ་གཅིག་ལས་དུ་མ་མཆེད་ལྟར་རམ་སེམས་དེ་རྣམ་རྟོག་དེ་རང་སོགས་བརྟག༔ ཞེ་སྡང་གི་རྣམ་པར་སྣང་བ་དེ་བདེན་འཛིན་ཅན་ནམ་ངོ་བོ་ངོས་བཟུང་མེད་དུ་འདུག༔ མཐར་རྟོག་པ་དེ་བཀག་གམ་བཀག་ན་རྐྱེན་ཇི་ལྟ་བུས་དགག༔ སངས་ན་རང་སང་ངམ་རྐྱེན་གྱིས་ཡལ་བརྟག༔ དེས་མཚོན་ཏེ་རྣམ་རྟོག་ཕྲ་རགས་སྦོམ་གསུམ་སྣ་ཚོགས་པར་སྔར་བཞིན་བརྟགས་དཔྱད་བྱ་ཞིང༔ སེམས་འགག་མེད་ཀྱི་འཆར་སྒོ་རྣམ་རྟོག་ཏུ་ཤར་བའམ་དེར་སྣང་བ་ཙམ་ལས་རྣམ་རྟོག་དང་སེམས་ཉིད་དབྱེར་མེད་པར་རྒྱ་མཚོ་དང་རླབས་བཞིན་དུ་རྟོགས་པར་བྱའོ༔ གཉིས་པ་སྣང་བ་སེམས་སུ་ཐག་གཅད་པ་ནི༔ མཉམ་གཞག་གི་ངང་ནས་ཕྱི་རོལ་གྱི་གཟུགས་སྣང་གང་ཡང་རུང་བ་ཞིག་འཆར་བཅུག་ལ༔ བྱུང་གནས་འགྲོ་གསུམ་ལ་བརྟག༔ གཟུགས་སྣང་དང་སེམས་གཉིས་གཅིག་གམ་ཐ་དད༔ ཐ་དད་ན་ཕན་ཚུན་ཕྱི་ནང་སྟེང་འོག་ཇི་ལྟར་འདུག༔ རང་ཚུགས་ཐུབ་པའི་ངོ་བོ་སོ་སོར་གྲུབ་བམ་དེར་སྣང་ཙམ་དུ་འདུག༔ དེར་སྣང་ཙམ་ལ་སེམས་གཅིག་ལས་མེད་པས་གཉིས་སུ་སྣང་བ་འགལ༔ སྣང་སེམས་ཐ་མི་དད་ན་སེམས་སྣང་བར་སོང་ངམ་སྣང་བ་སེམས་སུ་སོང་བརྟགས་ཏེ༔ དཔེར་ན་ཤེལ་གོང་དྭངས་པར་ཡུལ་རྐྱེན་གྱིས་ཚོན་རིས་སོ་སོར་སྣང་བ་ལྟར༔ འགག་མེད་ཀྱི་སེམས་ལས་མ་དག་བར་དུ་ཡུལ་རྐྱེན་དང་འཕྲད་ཚེ་སྣ་ཚོགས་སུ་སྣང་བ་ལས་ངོ་བོ་སེམས་ལས་གཞན་དུ་མ་ཡིན་པར་ཐག་ཆོད་ནས་སྣང་བ་སྣ་ཚོགས་སེམས་སུ་ངེས་པར་བྱའོ༔ གསུམ་པ་གནས་འགྱུའི་རྩ་བ་གཅད་པ་ནི༔ མཉམ་གཞག་གི་ངང་དུ་ལྷན་ནེར་གནས་སུ་བཅུག་སྟེ་གནས་ཆའི་རང་ངོ་ལ་བལྟ༔ ཡང་གནས་པའི་ངང་ནས་འགྱུ་བ་ཞིག་ཡེར་གྱི་འགྱུར་བཅུག་སྟེ་དེའི་རང་ངོ་ལ་བལྟ༔ གནས་འགྱུ་དེ་གཉིས་ཀྱིས་བྱུང་གནས་འགྲོ་གསུམ་ངོས་བཟུང་གི་ཁྱད་པར་ལ་བརྟག༔ དེ་གཉིས་ལ་ཁྱད་པར་འདུག་ན་བཟང་ངན་ནམ་བསྟོད་མི་བསྟོད་དེ་གྲུབ་མ་གྲུབ་ངོས་བཟུང་ཡོད་མེད་ཀྱི་ཁྱད་པར་བརྟག༔ ཁྱད་པར་མ་གྲུབ་ན་ཐ་དད་ཀྱང་མཚུངས་དཔེར་བཞག་གམ༔ ཐ་མི་དད་ན་དུས་གསུམ་གང་དུ་ཐ་དད་མེད༔ མཚུངས་དཔེར་བཞག་ན་ཇི་ལྟར་མཚུངས་སོགས་བརྟགས་ཤིང་དཔྱད་དེ༔ གཉིས་ཀ་སེམས་ཉིད་གཅིག་པུ་རྩ་བྲལ་ངོས་བཟུང་མེད་པ་རང་རིག་རང་དག་རང་གསལ་སྟོང་དུ་ངོ་བོ་གཅིག་པར་རྟོགས་ནས༔ གནས་འགྱུའི་དགག་སྒྲུབ་སྤང་བླང་མི་དགོས་པར་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་གསལ་སྟོང་རང་གྲོལ་དུ་ངེས་པར་བྱའོ༔ བཞི་པ་གང་ཤར་སྐྱེ་མེད་དུ་ལ་བཟླ་བ་ནི༔ མཉམ་གཞག་གི་ངང་ནས་འདི་ལྟར་རྣམ་རྟོག་དང་སྣང་བ་སྣ་ཚོགས་ནི་སེམས་ཉིད་འགག་མེད་ཀྱི་རོལ་རྩལ་དུ་འདུག༔ ད་ནི་སེམས་ཉིད་འདི་ཀའི་རང་ངོ་དེ་ཅི་ལྟ་བུ་སྙམ་དུ་ཅེར་གྱིས་བལྟས་ལ་བྱུང་གནས་འགྲོ་གསུམ་པོར་བརྟག༔ དེ་ཡང་དང་པོ་རྒྱུ་ཡིས་མ་བསྐྱེད་དེ་ཡེ་ནས་རྩ་བྲལ༔ བར་དུ་དབྱིབས་རྣམ་འགྱུར་སོགས་གང་དུ་ཡང་མི་གནས་ཤིང་ངོས་བཟུང་བྲལ་བ༔ མཐར་འདིར་སོང་གི་རྗེས་མེད་པ་རང་སང་དུང་ངག་ལྟ་བུར་རྟོགས་པས༔ གདོད་ནས་སྐྱེ་འགག་གནས་གསུམ་ངོས་བཟུང་དང་བྲལ་བ་གསལ་སྟོང་རིག་པའི་སྙིང་པོ་ཅན་གྱི་ཡིན་ལུགས་གཏན་ལ་ཕེབས་ཏེ༔ གང་ཤར་གྱི་རང་ངོ་ལ་བཟང་པོས་བརྒྱན་པ་དང་ངན་པས་སྦགས་མི་ཚུགས་པར་བཅོས་བསླད་དང་དབྲི་བསྣན་མི་དགོས་པར་རང་རིག་རང་གྲོལ་དུ་ཐག་ཆོད་པའོ༔ དངོས་གཞིའི་ཞི་གནས་དང་ལྷག་མཐོང་གི་ཁྲིད་ཀྱི་རིམ་པ་རྩྱཽ་རྩྱཽ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ཤེས་རབ་སྙིང་རྗེ་བརྩོན་འགྲུས་ཅན་དང་འཕྲད་པར་ཤོག༔ རྩ་བའི་གཉིས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲད་པ་ལ་གསུམ༔ སེམས་ཉིད་ལྷན་སྐྱེས་སུ་ངོ་སྤྲོད་པ་དང༔ རྟོག་པ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པ་དང༔ སྣང་བ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པའོ༔ དང་པོ་ནི༔ ངོ་སྤྲོད་ཀྱི་ཚེ་གནས་དབེན་པར་བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་གཏོར་དང་མཆོད་པ་བཟང་པོ་བཤམ༔ སློབ་དཔོན་ལ་མཎྜལ་གསེར་གྱི་མེ་ཏོག་སོགས་ཅི་འབྱོར་གྱི་མཆོད་པ་འབུལ༔ སློབ་མས་བླ་མའི་རྣལ་འབྱོར་དང་གསོལ་འདེབས་རྩེ་གཅིག་ཏུ་བྱ༔ མཉམ་གཞག་སྔར་ལྟར་བྱེད་བཅུག་ལ༔ འོ་ཁྱོད་ཀྱི་སེམས་མ་བཅོས་རང་ལུགས་སུ་བཞག་པའི་དུས་རྣམ་རྟོག་གི་འཆར་སྒོ་ཐམས་ཅད་རང་སར་ཞི་ནས་རང་ལུགས་སུ་གནས་པ་དེ་ཞི་གནས་བྱ་བ་ཡིན༔ དེའི་ངང་ནས་ལུང་མ་བསྟན་དུ་མ་སོང་བར་སེམས་ཀྱི་ངོ་བོ་འདི་ཞེས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་རང་རིག་པའི་ཤེས་པ་གསལ་ལེ་སིང་ངེ་བ་དེ་ལྷག་མཐོང་བྱ་བ་ཡིན༔ དོན་ལ་ཞི་གནས་དེ་དང་ལྷག་མཐོང་དེ་ཐ་དད་མེད་པར་ཞི་གནས་དེ་ཡང་ངོས་བཟུང་མེད་པའི་རང་རིག་རང་གསལ་གྱི་ལྷག་མཐོང༔ ལྷག་མཐོང་དེ་ཡང་རང་བབས་སུ་གནས་ཤིང་རྟོག་པའི་མཚན་མས་མ་གོས་པའི་ཞི་གནས་ཀྱང་དེ་ཁ༔ དེ་ཕྱིར་ཞི་ལྷག་ཟུང་འཇུག་སྟེ་སེམས་སྐད་ཅིག་མའི་སྟེང་དུ་རྫོགས་པའི་ཕྱིར༔ འདི་ནི་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་བུར་མཐོང་བའོ༔ མདོ་རྒྱུད་བསྟན་བཅོས་མན་ངག་ཐམས་ཅད་ཀྱི་ཕུག་ནི་འདིར་འབབ་པའོ༔ གཉིས་པ་རྟོག་པ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པ་ནི༔ ཡང་སེམས་གསལ་སྟོང་རྗེན་པའི་ངོ་བོ་དང༔ བདེ་སྡུག་གི་རྟོག་པ་འཕྲོ་དུས་ཀྱི་ངོ་བོ་དང་རྟོག་པ་དེ་ཡང་ངོས་བཟུང་མེད་པའི་གསལ་སྟོང་རྗེན་པའམ༔ སེམས་ཉིད་དང་ཁྱད་མེད་དུ་འདུག་བལྟས་པས༔ རྣམ་རྟོག་ནི་སྤང་མ་དགོས་ངོ་བོ་ཆེད་དུ་བསྒྲུབ་མ་དགོས་པར་རྟོག་པ་ལམ་མེ་བ་དེ་ཀ་གསལ་སྟོང་རྗེན་པར་འདུག་པ་དེ་རྣམ་རྟོག་ལྷན་སྐྱེས་ཀྱི་རང་ངོ་མཐོང་བའམ་རྣམ་རྟོག་ཆོས་སྐུར་ཤར་བ་ཡིན༔ སྔར་རྟོག་པ་གཏན་ལ་དབབ་པ་དང་གནས་འགྱུའི་རྩ་བ་བཅད་དུས་ལྟར་རང་རིག་རང་གསལ་གྱི་སེམས་གཅིག་པུ་དེ་མིན་པ་གཞན་མེད་དེ་ཆུ་དང་རླབས་ཀྱི་དཔེ་བཞིན་ནོ༔ དེ་ལྟར་ན་རྟོག་པ་སྐྱེས་ན་སྐྱེས་ཐོག་ཏུ་བསྐྱང༔ མ་སྐྱེས་ན་མ་སྐྱེས་པའི་ངང་རང་ལུགས་སུ་བསྐྱང༔ གནས་འགྱུ་ལ་ཉེ་རིང་མི་བྱ་བར་རྟོག་པ་འདིས་རིགས་འགྲེས་པས་ཤེས་པར་བྱའོ༔ གསུམ་པ་སྣང་བ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པ་ནི༔ ཕྱི་རོལ་གྱི་རི་ར་བ་ཁང་ཁྱིམ་སོགས་གཟུགས་སྣང་ཤར་བ་དེ་ལ་བལྟས་པའི་ཚེ་སྣང་བ་དེ་ངོས་བཟུང་མེད་པའི་གསལ་སྟོང་ངམ༔ སེམས་ཀྱི་ངོ་བོ་གསལ་སྟོང་དུ་འདུག༔ དེ་གཉིས་ཀྱི་ཁྱད་པར་ལ་བརྟགས་པས༔ སྣང་ཆ་དེ་ཉིད་ཡལ་བ་དང་བཀག་མ་དགོས་པར་སྣང་བཞིན་དུ་ངོས་བཟུང་མེད་པའི་གསལ་སྟོང་དེ་སྣང་བའི་མཚང་རིག་པ་ཡིན༔ སྔར་སྣང་བའི་སྒྲོ་འདོགས་བཅད་པ་ལྟར་སྣང་བ་ཕྱི་ན་མེད་སེམས་ཉིད་ནང་ན་མེད་སེམས་གསལ་སྟོང་དེ་ཀ་སྣང་བར་ཤར་བ་མ་གཏོགས་གཞན་མེད་དེ་དཔེ་རྨི་ལམ་གྱི་ཡུལ་དང་ཤེས་པ་ལྟ་བུའོ༔ སྣང་ལ་ངོས་བཟུང་མེད་པ་རྗེན་ནེ་བ་འདི་ལ་སྣང་སྲིད་ལྷན་སྐྱེས་ཀྱི་རང་ངོ་མཐོང་བའམ་ཆོས་སྐུར་འཆར་བ་དེ་ཡིན༔ དེས་ན་སྟོང་པས་བཟང་རྒྱུ་མེད་སྣང་བས་ངན་རྒྱུ་མེད་སྣང་སྟོང་ཐ་མི་དད་དུ་རྟོགས་པས༔ སྣང་ན་སྣང་ཐོག་སྟོང་ན་སྟོང་ཐོག་གང་ཤར་སྒོམ་དུ་ཁྱེར་ཞིང༔ ཉམས་ལེན་གྱིས་བསླེབས་ནས་སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པས་ཅིར་སྣང་ལམ་དུ་ཁྱེར་རོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ ཤིན་ཏུ་ཟབ་རྒྱ༔ གསུམ་པ་རྗེས་ཉམས་ལེན་སྐྱོང་ཚུལ་གྱི་རིམ་པ་ནི༔ འདི་ལྟར་ནམ་མཁའ་ལྟར་དཔངས་བསྟོད་དེ་སྣང་བ་གུ་ཡངས་སུ་བཞག༔ ས་གཞི་ལྟར་རྒྱ་བསྐྱེད་དེ་དྲན་པས་ཁྱབ་ཆེར་བཞག༔ རི་བོ་ལྟར་ལྷུན་ཆགས་པ་གཡོ་མེད་དུ་བཞག༔ མར་མེ་ལྟར་གསལ་ལ་དྭངས་པ་གསལ་ལེ་ལམ་མེར་བཞག༔ མན་ཤེལ་དྲི་མ་མེད་པ་ལྟར་རྟོག་མེད་ངང་སེང་ངེར་བཞག་གོ༔ གཞན་ཡང་ཉམས་ལེན་གྱི་གེགས་ཤོར་ས་དང་གོལ་ས་གཅད་པ་ནི༔ མཉམ་གཞག་གི་དོན་ཇི་ལྟ་བ་གོ་ཞིང་འཆད་ཤེས་ཀྱང་རང་གི་མྱོང་ཐོག་ཏུ་མ་ཁེལ་བ་ནི་ཤེས་བྱའི་གཤིས་ལ་ཤོར་བ༔ ལམ་འབྲས་དབྱེར་མེད་ཀྱི་འབྲས་བུ་རང་ཆས་སུ་ཡོད་པ་མ་ཤེས་པ་ད་གཟོད་འབྲས་བུ་གཞན་ཞིག་རེ་བ་ནི་ལམ་ཤོར༔ སྤང་གཉེན་དབྱེར་མེད་ཀྱི་སྤང་བྱ་གཉེན་པོར་འཆར་བ་མ་གཏོགས་སོ་སོར་བཟུང་བ་ནི་གཉེན་པོར་ཤོར་བ༔ གསལ་སྟོང་གཉིས་མེད་ངོ་བོ་ཉིད་ཀྱི་མཚང་མ་རིག་པར་དམིགས་བཅས་རང་བཞིན་མ་གྲུབ་པས་རྒྱས་འདེབས་སུ་ཤོར་བའོ༔ གོལ་ས་ནི་བདེ་གསལ་མི་རྟོག་པ་གསུམ་ལ་སྟེ༔ བདེ་བ་ལ་ཞེན་ན་འདོད་ཁམས་དང༔ གསལ་བ་ལ་འཛིན་པས་གཟུགས་ཁམས་དང༔ མི་རྟོག་པ་ལ་བློས་བྱས་སུ་གྱུར་ན་གཟུགས་མེད་དུ་གོལ་བའི་སའོ༔ དེ་ལྟར་གོལ་འཆུགས་མེད་པར་བསྐྱངས་པ་ལ་བརྟེན་ནས༔ མཉམ་གཞག་དང་རྗེས་ཐོབ་གཅིག་ཏུ་གྱུར༔ ཉིན་མཚན་གྱི་སྣང་བ་ཁོར་ཡུག་ཏུ་འདྲེས་ཏེ༔ བྱ་རྩོལ་དང་བྲལ་བ་སྒོམ་མེད་ཆེན་པོའི་རྟོགས་པ་མཐར་སོན་ཏེ༔ ཚེ་གཅིག་ལུས་གཅིག་ལ་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ཆེན་པོ་བདེ་བླག་ཏུ་འཐོབ་པར་འགྱུར་བ་སྟེ༔ རྒྱས་པར་ན་རྟགས་དང་འཆར་ཚུལ་སོགས་ཕྱག་རྒྱ་ཆེན་པོ་གཞན་དང་རིགས་འགྲེ་ཤེས་པར་བྱའོ༔ དངོས་གཞི་ཕྱག་རྒྱ་ཆེན་པོ་དྲི་མེད་རང་གསལ་ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་ཀྱི་རིམ་པ་པདྨ་བདག་གིས་ཕྱི་རབས་སྐྱེས་བུའི་ཆེད་དུ་མདོ་དོན་དྲིལ་ཏེ་བཀོད་པ་རྩྱཽ་རྩྱཽ་རྩྱཽ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པ་དུས་ཀྱི་མཐའ་མ་དེར༔ འདི་འབྱིན་དེས་ཀྱང་རང་ཉམས་ཆུད་པར་བླང༔ ཇི་བཞིན་རྟོགས་ནས་སྐལ་ལྡན་ཤེས་རབ་ཅན༔ སྙིང་རྗེ་བརྩོན་འགྲུས་ཆེས་ཆེན་རིགས་ལ་བཤད༔ དེས་ཀྱང་སྒྲུབ་པའི་དམ་བཅའ་སྙིང་རུས་སྐྱེད༔ ངེས་པའི་དོན་གྱི་སྙིང་པོ་ལོན་པར་གྱིས༔ ཟབ་པའི་བཀའ་འདི་བདུད་མགོན་ཁྱེད་ལ་བཅོལ༔ དམ་མེད་གཏེར་རྐུན་རྣམས་ལ་བཀའ་འདི་སྲུངས༔ བདུད་ཏྲི་ད་ན་ས་མ་ཡ་རཀྵ་རཀྵ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས། གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་དག་པར་ཕབ་པའོ།། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཉིན་མཚན་དང་འདའ་ཁའི་བོགས་འབྱིན་སྐོར་བཞུགས་སོ༔ ྈ ྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ གསུམ་པ་རྗེས་ལམ་གྱི་བོགས་འབྱིན་དུམ་བུ་ཁྲིགས་ཀྱི་སྐོར་ལ༔ ཉིན་མཚན་གྱི་བོགས་འབྱིན་སྒྱུ་ལུས་དང་རྨི་ལམ༔ འདའ་ཁའི་བོགས་འདོན་སྐུ་གསུམ་འཕོ་བ་དང་བར་དོ༔ སྤྱོད་པའི་བོགས་འདོན་གསང་སྤྱོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་གྱི་སྐོར་རོ༔ དང་པོ་ཉིན་སྣང་གི་བོགས་འབྱིན་སྒྱུ་ལུས་ཞེན་པ་རང་གྲོལ་ལ་གསུམ༔ འཁོར་བ་དང༔ མྱང་འདས༔ ཆོས་ཀུན་སྒྱུ་མར་སྦྱོང་བའོ༔ དང་པོ་ནི༔ རང་ཉིད་ལ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་མཐུན་ཕྱོགས་བཞིའི་སྒོ་ནས་འདི་ལྟར༔ ལུས་གུས་པའི་སྒོ་ནས་ཕྱག་དང་བསྐོར་བ༔ ངག་གུས་པའི་སྒོ་ནས་སྐྱེས་བུ་དམ་པ་མཁྱེན་བརྩེ་ནུས་ལྡན་ཞེས་བྱ་བ་ལ་སོགས་པའི་བསྟོད་པ༔ ཡིད་གཞན་གྱིས་དབྲོག་ཏུ་མེད་པའི་དད་པ་དང་གུས་པ་ཕུན་སུམ་ཚོགས་པར་བྱས་པར་བསམ༔ ཚུལ་དེ་ལྟ་བུར་དགའ་བ་དང་སྤྲོ་བ་མི་བྱ་བར་རྨི་ལམ་ཡིན་སྒྱུ་མ་ཡིན༔ མི་བདེན་བཞིན་དུ་སྣང་བའོ༔ ཞེས་བརྗོད་ཅིང་བསམ༔ ཡང་སེམས་ཅན་དེ་དག་གི་མི་མཐུན་པ་བཞིའི་སྒོ་ནས་ལུས་ཀྱིས་བརྡུང་བརྡེག་ནོར་ལ་རྐུ་འཕྲོག༔ ངག་གི་དམོད་ཚིག་དང་ཡ་ག༔ ཡིད་ཀྱིས་མ་རུངས་པའི་སྦྱོར་བ་སྣ་ཚོགས་པའི་སྒོ་ནས་བདག་ལ་གནོད་ཅིང་འཚེ་བར་བསམ༔ དེ་ལྟ་བུར་མི་དགའ་བ་དང་ཁོང་ཚིག་པ་མི་བྱ་བར་རྨི་ལམ་སྒྱུ་མ་ཡིན༔ མི་བདེན་བཞིན་དུ་སྣང་བའོ༔ ཞེས་བརྗོད་ཅིང་བསམ༔ འདི་ལྟར་སེམས་འགག་མེད་ཀྱི་འཆར་སྒོ་ལས་རིགས་དྲུག་ཏུ་སྣང་ཞིང་དགའ་མི་དགའི་ཁྱད་པར་དུ་བཅོས་པ་ལ༔ དོན་ལ་དངོས་སྣང་དུ་གྲུབ་པ་མེད་པ་འདི་ཅི་ལྟ་བ་བཞིན་དུ༔ བདག་ལའང་ད་ལྟ་ཕ་རོལ་པོའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་སྒོ་ནས་བདེ་སྡུག་གི་སྣང་བ་ཤར་བ་ཐམས་ཅད་ཀྱང༔ དངོས་གཞིའི་ཁྲིད་ཀྱི་སྐབས་སུ་ཡུལ་སྣང་ཐམས་ཅད་སེམས་སུ་ངོ་སྤྲད་པ་བཞིན༔ རྨི་ལམ་ཡིན་སྒྱུ་མ་ཡིན༔ མི་བདེན་བཞིན་དུ་སེམས་འགག་མེད་ཀྱི་འཆར་སྒོར་སྣང་བའོ་སྙམ་དུ་བསམ་ཞིང་ངག་ནས་ཀྱང་བརྗོད༔ གཞན་ཡང་བདག་ལ་བསྟོད་པས་དགའ་བ་དང་སྨད་པས་མི་དགའ་བ་མེད་དེ༔ ཡོན་ཏན་དང་སྐྱོན་དེ་ཡོད་ནས་བརྗོད་ན་དངོས་སྣང་བརྗོད་པ་ཡིན་པས་དགའ་བ་དང་མི་དགའ་བ་མེད༔ མེད་ནས་བརྗོད་ན་སྒྲོ་བཏགས་ཡིན་པས་ཚིག་ཙམ་དུ་ཟད་དེ་དེ་བཞིན་དུ་དགའ་བ་དང་མི་དགའ་བ་མེད་པར་བསམ༔ གཉིས་པ་མྱང་འདས་ནི༔ དཔལ་ཧེ་རུ་ཀའི་སྐུའི་གཟུགས་བརྙན་བཀྲ་ལམ་མེ་ལོང་ངམ་ཆུ་སྣོད་དུ་འཆར་བཅུག་ལ༔ ལྷ་སྐུ་སྣང་ལ་རང་བཞིན་མེད་པ་དེ་ལ་བལྟས་ཏེ་རྨི་ལམ་སྒྱུ་མ་དང་འདྲ་སྟེ༔ མེད་བཞིན་དུ་སྣང་བར་བསམ༔ སྣང་ལ་རང་བཞིན་མེད་པའི་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་གསལ་བ་དེ་འདྲ་བ་བསྒོམས་ལ༔ རྨི་ལམ་སྒྱུ་མ་དང་འདྲ་སྟེ་སེམས་ཀྱི་འཆར་སྒོའི་སྟོང་གཟུགས་སུ་སྣང་བའོ་སྙམ་དུ་བསམ༔ དེ་བཞིན་དུ་སྣོད་བཅུད་ཞིང་ཁམས་རབ་འབྱམས་ལ་དེས་མཚོན་ཏེ༔ མེད་བཞིན་དུ་སེམས་འགག་མེད་ཀྱི་འཆར་སྒོ་དག་པའི་ཞིང་དང་སྐུ་དང་ཡེ་ཤེས་སུ་སྣང་བར་བསམ་མོ༔ གསུམ་པ་ཆོས་ཀུན་སྒྱུ་མར་སྦྱོང་བ་ནི༔ སྣང་བའི་ཆོས་ཀུན་སྒྱུ་མར་སྦྱོང་བ་སྟེ༔ ཚོགས་དྲུག་གི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ལེགས་མི་ལེགས་སུ་སྣང་ཞིང་འཛིན་པ་ཐམས་ཅད་སེམས་འགག་མེད་ཀྱི་འཆར་སྒོ་མེད་སྣང་མེད་འཛིན་ལས༔ བདེན་གྲུབ་ཏུ་སྣང་བ་སྤུ་ཙམ་ཡང་མེད་དེ༔ རྨི་ལམ་གྱི་ཆོས་དང་སྒྱུ་མ་མཁན་པོའི་སྤྲུལ་པ་དེ་ཅི་ལྟ་བར་རྟོགས་པས༔ སྣང་སྟོང་གྲགས་སྟོང་ཚོར་སྟོང་མྱོང་སྟོང་རེག་སྟོང་མདོར་ན་རིག་པ་རང་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་འཛིན་མེད་དུ་བཞག་གོ༔ སྒྱུ་མ་འབྱོངས་པའི་ཚུལ་ནི་འཁོར་འདས་སྣང་བའི་མཚང་རིག་སྟེ༔ གཉིས་སུ་འཛིན་པའི་རྫུན་ཕུག་བརྡིབས་ནས་དགའ་སྡུག་ཆོས་བརྒྱད་ཀྱི་ཞེན་འཛིན་རང་སར་དག་པའོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྒྱུ་ལུས་ཞེན་པ་རང་གྲོལ་གྱི་ཁྲིད་རྩྱཽ་རྩྱཽ༔ གཉིས་པ་མཚན་སྣང་གི་བོགས་འབྱིན་རྨི་ལམ་ཉིང་འཁྲུལ་རང་སངས་ལ་གསུམ༔ རྨི་ལམ་ཟིན་པར་བྱེད་པ༔ དེ་བརྟན་པར་བྱ་བ༔ སྤྲུལ་བསྒྱུར་གྱི་རྩལ་སྦྱང་ཞིང་རྨི་ལམ་གྱི་སྣང་བ་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བའོ༔ དང་པོ་ནི༔ ཉིན་སྣང་སྒྱུ་ལུས་ཀྱི་སྣང་བ་གོམས་པའི་སྟེང་ནས་མཚན་མོ་ཉལ་ཁར་རང་དཔལ་ཧེ་རུ་ཀར་གསལ་བའི་མགྲིན་པར་པདྨ་དཀར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་རང་སེམས་དང་བླ་མ་ཐ་མི་དད་པའི་རྣམ་པ་ཡི་གེ་ཨོཾ་དམར་པོ་གསལ་ཞིང་འཚེར་བ་ཨོཾ་གྱི་སྒྲ་གདངས་དང་བཅས་པ་ཞིག་བསམ༔ སྣོད་བཅུད་སྦྱངས་པའི་རྣལ་འབྱོར་གྱིས་ཨོཾ་ལ་བསྡུས་ཏེ༔ རིག་པ་གཞན་དུ་མ་ཡེངས་པར་ཨོཾ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཉལ་བས་རྨི་ལམ་གྱི་ཉིང་འཁྲུལ་ངོས་ཟིན་པར་འགྱུར་རོ༔ གཉིས་པ་དེ་བརྟན་པར་བྱ་བ་ནི༔ དེ་ལྟར་བཟུང་བས་ཟིན་པ་དང་དེ་མ་ཐག་ཏུ་སྤྲུལ་བསྒྱུར་སོགས་མི་བྱ་བར་རྨི་ལམ་གྱི་རྣམ་པ་གསལ་བ་དེ་ཁའི་ངང་དུ་མཉམ་པར་འཇོག་གོ༔ གསུམ་པ་སྤྲུལ་བསྒྱུར་གྱི་རྩལ་སྦྱང་ཞིང་རྨི་ལམ་གྱི་སྣང་བ་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བ་ནི༔ དེ་ཉིད་བརྟན་ནས་སྤྲུལ་བསྒྱུར་གྱིས་རྩལ་སྦྱོང་བ་ནི༔ དངོས་པོ་གཅིག་མང་པོར་སྤེལ་བ༔ སྤེལ་བའི་རྣམ་པ་གནས་བསྒྱུར་བ༔ སྤྲུལ་པའི་བྱེ་བྲག་དུ་མར་སྤྲུལ་པ༔ དེས་སངས་རྒྱས་ཀྱི་ཞིང་ཉུལ་བ་དང་ཆོས་ཉན་པ་སོགས་ཉིང་འཁྲུལ་གྱི་འཆར་སྒོ་སྣ་ཚོགས་འདོད་དགུར་བསྒྱུར་བའོ༔ རྨི་ལམ་གྱི་སྣང་བ་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བ་ནི༔ ཉིན་སྣང་རྣམ་རྟོག་གི་འཆར་སྒོ་ཐམས་ཅད་ཕྱག་རྒྱ་ཆེན་པོར་ལ་བཟླ་བ་བཞིན་དུ༔ མཚན་མོའི་ཉིང་འཁྲུལ་ཀྱང་དེ་ཉིད་ཀྱི་སྟེང་དུ་ངོ་བོ་ངོས་བཟུང་སྟེ་སྐྱེ་མེད་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བའོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ རྨི་ལམ་ཉིང་འཁྲུལ་རང་སངས་ཀྱི་ཁྲིད་རྩྱཽ་རྩྱཽ༔ རྩ་བའི་གཉིས་པ་འདའ་ཁའི་བོགས་འབྱིན་ལ་གཉིས༔ སྐུ་གསུམ་འཕོ་བའི་གདམས་པ་སྐར་ཁུང་མདའ་འཕངས་དང༔ སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་ལོ༔ དང་པོ་ལ་གསུམ༔ ཆོས་སྐུ༔ ལོངས་སྐུ༔ སྤྲུལ་སྐུར་འཕོ་བའོ༔ དང་པོ་ནི༔ འཕོ་བྱ་འཕོ་བྱེད་འཕོ་ཡུལ་ལ་དམིགས་པ་སྟེ་འཁོར་གསུམ་ཡང་དག་བློ་འདས་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རིག་ཐོག་གི་ངང་དུ་ཡེངས་མེད་དུ་མཉམ་པར་འཇོག་པའོ༔ གཉིས་པ་ལོངས་སྐུར་འཕོ་བ་ནི༔ འདོད་ཆགས་བདེ་སྟོང་སོར་རྟོག་ཡེ་ཤེས་སུ་འཕོ་བ༔ ཞེ་སྡང་འཛིན་མེད་མེ་ལོང་ཡེ་ཤེས་སུ་འཕོ་བ༔ གཏི་མུག་འོད་གསལ་ཆོས་དབྱིངས་ཡེ་ཤེས་སུ་འཕོ་བ༔ ང་རྒྱལ་ལྷར་གསལ་མཉམ་ཉིད་ཡེ་ཤེས་སུ་འཕོ་བ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཡེ་ཤེས་སུ་འཕོ་བའོ༔ གསུམ་པ་སྤྲུལ་སྐུར་འཕོ་བ་ནི༔ རང་སྣང་རྣམ་དག་དག་པའི་ཞིང་ཁམས་རྒྱ་མཚོར༔ སེམས་གཉུག་མའི་ཡེ་ཤེས་སུ་ཧེ་རུ་ཀར་རྣམ་པར་འཕོ་བ་སྟེ༔ དེ་ཡང་ཕྱི་ནང་གསང་བའི་འཆི་ལྟས་ཐམས་ཅད་དང་ལྡན་པའི་ཚེ་བྱ་སྟེ༔ དུས་མིན་དུ་ནི་མ་ཡིན་ནོ༔ དེ་ཡང་རང་ཉིད་དཔལ་ཧེ་རུ་ཀར་གསལ་བའི་སྐུ་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་སྦ་ལྕག་ཙམ་པ་དྲང་ཞིང་འགྲོངས་པ་དམར་ཞིང་སྣུམ་པ་འཇམ་ཞིང་མཉེན་པ་གསལ་དྭངས་ཅན་ཡར་སྣ་ཚངས་བུག་དང་མར་སྣ་གསང་གནས་སུ་ཟུག་པ༔ འོག་རླུང་ཅུང་ཟད་དྲང་བས་མར་རྩ་ཟུམ་ཞིང་སྤྱི་གཙུག་མཐོངས་ཁུང་ཁ་ཕྱེ་བ་ལྟར་གྱུར་པའི་སྟེང་དུ༔ ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་མི་བསྐྱོད་པ་མཐིང་ག་མཆོག་གི་སྤྲུལ་པའི་ཆ་བྱད་ཀྱི་ཐུགས་ཀར་ཧཱུྃ་མཐིང་ག༔ རང་གི་སྙིང་གའི་ཐད་དུ་རླུང་སེམས་གཉིས་མེད་ཧཱུྃ་སྔོན་པོ༔ འདི་ལྟར་ལུས་གནད་དང་རླུང་སྦྱོར་གྱིས་ཧིཀ་ཅེས་བརྗོད་པ་ལ་བརྟེན་ནས་རྣམ་ཤེས་མདའ་འཕངས་པ་ལྟར་དབུ་མའི་ལམ་ནས་མི་བསྐྱོད་པའི་ཐུགས་ཀའི་ཧཱུྃ་ལ་ཐིམ་རླུང་རིག་ཐུབ་ཚད་དེར་བཅུན༔ སླར་སྙིང་ཁར་ཚད་ལ་ཕབས་ཏེ་ཀ་ཞེས་བརྗོད༔ དེ་ལྟ་བུའི་སྦྱོར་བས་གོམས་པར་བྱས་པའི་རྟགས་སྤྱི་བོ་འཕར་བ་དང་ཕིགས་པ་དང་འབྲུམ་བུ་ཆུང་ངུ་དང་ཆུ་བུར་འབྱུང་བ་དང་རླུང་སྟོད་དུ་འཚངས་པ་སོགས་སོ༔ མཐར་ལས་ལ་སྦྱར་བ་ནི་ཧཱུྃ་ལ་ཐིམ་པའི་མཐར་རང་སེམས་དང་དབྱེར་མེད་པའི་བླ་མ་མཆོག་གི་སྤྲུལ་པའི་སྐུ་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་གྱེན་དུ་འཕགས་ཏེ་ཉི་ཟླ་ལྷ་གནས་སོགས་འཇུར་ཏེ་མངོན་པར་དགའ་བའི་ཞིང་དུ་གཤེགས་པར་མོས་ཤིང་ཞིང་ཁམས་ཀྱི་ཡོན་ཏན་དང་སྟོན་པའི་སྣང་བ་དང་མ་བྲལ་བར་བྱའོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྐུ་གསུམ་འཕོ་བའི་གདམས་པ་སྐར་ཁུང་མདའ་འཕང་གི་ཁྲིད་རྩྱཽ་རྩྱཽ༔ གཉིས་པ་སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་ལ་གསུམ༔ སྐྱེ་ཤི༔ རྨི་ལམ༔ སྲིད་པ་བར་དོའོ༔ དང་པོ་ནི༔ འདི་ལྟར་མའི་མངལ་དུ་ཉིང་མཚམས་སྦྱར་བ་ནས་བཟུང་སྟེ་སྐྱེས་ནས་མ་ཤིའི་བར་དུའོ༔ གཉིས་པ་རྨི་ལམ་བར་དོ་ནི༔ མཚན་སྣང་ཐིམ་རིམ་ནས་རྨི་ལམ་གྱི་སྣང་བ་མ་ཟད་བར་དུའོ༔ གསུམ་པ་སྲིད་པ་བར་དོ་ནི༔ འཆི་ཀའི་ཐིམ་རིམ་ནས་བཟུང་སྟེ་ཇི་སྲིད་ཕྱི་མའི་ལུས་སུ་མ་གྲུབ་བར་དུའོ༔ འདིར་ཕྱི་མའི་ཉམས་ལེན་ལ་ཕྱི་ནང་གི་ཐིམ་རིམ་གྱི་མཐར་འོད་གསལ་མ་བུ་འདྲེས་པ་ངོས་བཟུང་སྟེ་དབང་རྣོན་ཆོས་སྐུར་འཚང་རྒྱ་བ༔ བར་དོར་མ་ངེས་པའི་རྟགས་རྫོགས་ནས་ལྷའི་གསལ་སྣང་ཟུང་འཇུག་གི་སྐུར་ལྡང་བ་དབང་འབྲིང་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བ༔ གཟོད་སྐྱེ་བ་བརྒྱུད་དེ་ལམ་གྱི་ལྷག་མ་དང་བཅས་པ་བགྲོད་ནས་དབང་པོ་ཐ་མ་སྤྲུལ་སྐུར་འཚང་རྒྱ་བའོ༔ དང་པོ་ནི༔ ཉེ་བ་དང་རིང་བའི་འཆི་རྟགས་རྣམས་རྫོགས་ནས་དག་པའི་འོད་གསལ་བུ་དང་ལྷུན་གྲུབ་ཀྱི་འོད་གསལ་མ་གཉིས་ཆུ་སྣ་རྒྱ་མཚོར་འཕྲད་པ་ལྟར་གྱུར་པ་དེའི་ཚེ་རིག་ཐོག་ཏུ་མཉམ་པར་བཞག་པས་དབང་པོ་རྣོན་པོ་གོམས་པའི་སྟོབས་ཅན་ཆོས་ཀྱི་སྐུར་འཚང་རྒྱ་བའོ༔ གཉིས་པ་ནི༔ འོད་གསལ་ངོས་མ་ཟིན་པར་ལས་རླུང་གི་རྣམ་པར་ཤེས་པ་ཕུང་པོ་ལས་ཕྱིར་བསྐྱོད་དེ་སྲིད་པ་བར་དོའི་སྣང་བ་འཆར་བར་འགྱུར་ཏེ༔ འདི་ལ་མ་ངེས་པའི་རྟགས་དྲུག་ནི༔ གནས་དང༔ སྤྱོད་ལམ་དང༔ འདོད་ཡོན་དང༔ ཡིད་ཀྱི་ཆོས་དང༔ གྲོགས་དང༔ རང་ལུས་རྣམས་མ་ངེས་པར་འགྱུར་ཞིང༔ འཁྲུལ་སྣང་འཇིགས་སྐྲག་གི་སྣང་བ་བཟོད་མེད་དུ་འཆར་བ་དེའི་ཚེ༔ བར་དོར་ངེས་པར་བྱས་ཏེ་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་ལྟར་དཔལ་ཧེ་རུ་ཀ་རང་འོད་ཀྱི་རིག་མ་དང་བཅས་པ་གསལ་སྟོང་ཟུང་འཇུག་གི་སྐུར་མཉམ་པར་བཞག་པས་དབང་པོ་འབྲིང་པོ་བར་སྲིད་ཀྱི་ཡིད་ལུས་དེ་ཉིད་ལྔ་ལྡན་ལོངས་སྤྱོད་རྫོགས་པར་འཚང་རྒྱ་བའོ༔ གསུམ་པ་ནི༔ དྲི་ཟ་མངལ་སྒོ་འཚོལ་ཞིང་ཕྱི་མ་གར་སྐྱེའི་ཕ་མ་སོགས་ལ་ཆགས་སྡང་གི་རྟོག་པ་སྐྱེ་བ་དེའི་ཚེ༔ ཡུལ་བླ་མ་ཡབ་ཡུམ་དང་རང་དཔལ་ཧེ་རུ་ཀར་གསལ་བས་དབང་བཞིའི་ཡེ་ཤེས་བསྐྱེད་དེ༔ མངལ་གཞལ་ཡས་ཁང་དུ་རིག་པ་རྒྱུའི་རྡོ་རྗེ་འཛིན་པ་ལས་འབྲས་བུའི་སྐུར་གྱུར་པ་ས་བཅུ་རྫོགས་ཏེ་མངལ་ནས་ཕྱིར་ཕྱུང་བ་སྤྲུལ་པའི་སྐུ་དེ༔ ཚེ་དེར་སྔར་སྦྱངས་གོམས་པའི་སྟོབས་ཀྱིས་ཐུན་མོང་མ་ཡིན་པའི་ལམ་ལ་བརྟེན་ནས་ལམ་གྱི་ལྷག་མ་དང་བཅས་པ་བགྲོད་དེ་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་རོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་གྱི་ཁྲིད་རྩྱཽ་རྩྱཽ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པ་ལགས་སོ།། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས༔ གསང་སྤྱོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་བདུད་རྩི་ཀུན་ཁྱབ་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྩ་བའི་གསུམ་པ་སྤྱོད་པའི་བོགས་འདོན་གསང་སྤྱོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་བདུད་རྩི་ཀུན་ཁྱབ་ལ༔ གང་དུ་བྱ་བའི་གནས༔ ནམ་བྱ་བའི་དུས༔ ཇི་ལྟར་བྱ་བའི་ཚུལ༔ ལམ་ལྷོང་དང་ཚར་ཆོད་པའི་ཚད་དོ༔ དང་པོ་ནི༔ རི་བོ་ཆེན་པོའི་རྩེ༔ ཐང་ཆེན་པོ་དང་རྒྱ་མཚོའི་འགྲམ༔ ཚོང་དུས་གྱེས་ས་དང་ལམ་གྱི་བཞི་མདོ༔ མཚན་མོ་དང་ལྗོན་ཤིང་རྐང་པ་གཅིག་པ༔ དུར་ཁྲོད་དང་མ་མོའི་ཁྱིམ༔ གཙུག་ལག་ཁང་དེ་ལ་སོགས་པ་མི་མ་ཡིན་དྲག་པོ་གནས་པའི་ས་རུའོ༔ གཉིས་པ་དུས་ནི༔ སྤྱིར་དྲོད་ཅུང་ཟད་ཐོབ་པ་བརྟན་ཅིང་བོགས་དབྱུང་ཕྱིར་དང༔ ཁྱད་པར་ནི་སེམས་ལ་བདག་འཛིན་འཁུ་འཁྲིག་ལྡན་པའི་སྐབས་སོགས་ཡིན་ལ༔ བྱེ་བྲག་ཏུ་མཚན་མོའི་དུས་དང་སྦྱར་བའོ༔ གསུམ་པ་ཇི་ལྟར་བྱ་ཚུལ་ལ་གཉིས༔ དཀར་འགྱེད་དང༔ དམར་འགྱེད་དོ༔ དང་པོ་ནི༔ སྔོན་འགྲོའི་ཆོས་དང་ལྡན་པས་ཕཊ་ཅེས་བརྗོད་པས་རང་གི་སེམས་ཉིད་དཔལ་ཧེ་རུ་ཀ་ཀ་ཏ་རི་འཛིན་པའི་རྣམ་པར་སྙིང་ནང་ནས་ཕྱི་རོལ་དུ་རྒྱང་གིས་འཐོན༔ ཤུལ་གྱི་རང་ལུས་ཚོ་སྣུམ་བཅུད་དང་ལྡན་པ་ཤར་ནུབ་ཀྱི་གླིང་ཁྱབ་པ་གཅིག་ཏུ་བསྒོམ༔ ཕཊ་རང་སེམས་ལྷ་སྐུ་ཀ་ཏ་རི་འཛིན་པས་སྨིན་མཚམས་ནས་ཐོད་པ་ཕོག་ནམ་མཁའ་དང་མཉམ་པར་གྱུར༔ ཤ་རུས་རྣམས་ཏིལ་འབྲུ་ཙམ་བསིལ་ཏེ་བླུགས༔ གཡས་གཡོན་དུ་དཀྲུགས་ཉེས་སྐྱོན་རྣམས་ལྦུ་བའི་རྣམ་པར་ཕྱིར་ལུད༔ ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱིལ༔ རླངས་པ་ལས་མཆོད་པའི་སྤྲིན་རབ་འབྱམས་དང་འདོད་ཡོན་གྱི་ཕུང་པོ་ཅིར་ཡང་འཆར་བས་བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་མཁའ་འགྲོ་ཆོས་སྐྱོང་སོགས་ཡས་མགྲོན་དང༔ རིགས་དྲུག་སེམས་ཅན་གནོད་བྱེད་འདྲེ་གདོན་སོགས་མས་མགྲོན་ཐམས་ཅད་དགྱེས་ཤིང་ཚིམས་པར་བསྒོམ་མོ༔ གཉིས་པ་དམར་འགྱེད་ནི༔ སྔར་བཞིན་ལས་པགས་པ་གསེར་གྱི་ས་གཞི་ལྟར་ཐང་མར་བརྡལ༔ མགོ་བོ་རི་རབ་ལྷུན་པོ༔ ཡན་ལག་དང་ཉིང་ལག་གླིང་བཞི་གླིང་ཕྲན༔ གཞན་ཡང་ཤ་རུས་ཀྱི་རྩིག་པ་དང་ལྷུ་དུམ༔ ཁྲག་ཞག་གི་མཚོ་དང༔ ནང་ཁྲོལ་ཆུ་སེར་གྱི་ལྗན་ལྗིན་སོགས་མཐའ་ཡས་པར་བསྒོམས་ལ༔ རྒྱལ་བ་རྣམས་མཉེས་པའི་རང་ལུས་དབང་པོའི་མ་རྡལ༔ རིགས་དྲུག་འགྲོ་བ་དང་གནོད་བྱེད་འདྲེ་གདོན་རྣམས་ཚིམ་བྱེད་ཤ་ཁྲག་ཏུ་མོས་ཤིང་ཕུལ་བ་དང་བསྔོས་པ་ལ་བརྟེན་ནས་མཉེས་ཤིང་ཚིམས་པ་དང་བུ་ལོན་ཤ་འཁོན་ཐམས་ཅད་བཀྲུས་ཤིང་དག་པར་བསྒོམ་མོ༔ བཞི་པ་ལམ་ལྷོང་ནི༔ དེ་ལྟར་སྒྱུ་ལུས་ཀྱི་མཆོད་སྦྱིན་ལ་བརྟེན་ནས༔ སྔོན་ལས་དང་འཕྲལ་རྐྱེན་འདྲེ་གདོན་སོགས་ལམ་དུ་ལྷོང་ཐུབ་པའི་རྟགས༔ ལུས་ལ་ན་ཚ༔ སེམས་ལ་ཟུག་རྔུ༔ འཇིགས་སྐྲག་གི་སྣང་བ་སྣ་ཚོགས་པ་སྒོ་གསུམ་གྱི་སྟེང་དུ་འཆར་བའོ༔ ལྔ་པ་ཚར་ཆོད་པའི་ཚད་ནི༔ དེ་ཉིད་ལམ་དུ་ཁྱེར་ནས་རོ་སྙོམས་ཏེ་གནས་ལུགས་ཀྱི་ངང་དུ་བཞག་པས་རྐྱེན་ངན་གྱི་མཚང་རིག་ནས༔ སྡུག་བསྔལ་དང་འཇིགས་སྐྲག་གི་སྣང་བ་སྒོམ་དུ་ཤར་ཏེ་བོགས་ཐོན་པར་འགྱུར་རོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ ཕུང་པོ་གཟན་སྐྱུར་བདུད་རྩི་ཀུན་ཁྱབ་ཀྱི་ཁྲིད་རྩྱཽ་རྩྱཽ༔ བདག་འདྲ་ཆོས་རྗེ་གླིང་པས་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས། གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པའོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).