Terdzo-PHI-080

From Rinchen Terdzö
Revision as of 12:47, 29 June 2015 by Jeremi (talk | contribs) (Text replace - "= Tsagli = TSAGLI image gallery goes here <headertabs/> == Footnotes == <references/> </onlyinclude> " to "</onlyinclude> = Tsagli = TSAGLI image gallery goes here <headertabs/> == Footnotes == <references/> ")
This page is under construction. Check back later for updated content.

དམག་ཟློག་ཉི་ཤུ་རྩ་ལྔ་ལས། རྒྱལ་ཆེན་སྡེ་བཞིའི་སྲོག་དབང་བཀའ་རྒྱ་ཅན་བསྐུར་བའི་ལག་ལེན་གསལ་བར་བཀོད་པ་བོད་ཁམས་བདེ་བའི་ལས་འཇུག་

dmag zlog nyi shu rtsa lnga las/_rgyal chen sde bzhi'i srog dbang bka' rgya can bskur ba'i lag len gsal bar bkod pa bod khams bde ba'i las 'jug

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཞིག་པོ་གླིང་པ་ (Zhikpo Lingpa)
in cycle  དམག་ཟློག་ཉི་ཤུ་རྩ་ལྔ་ (Dmag zlog nyi shu rtsa lnga)
Volume 44 (ཕི) / Pages 889-916 / Folios 1a1 to 14b6


[edit]

༄༅། །དམག་ཟློག་ཉི་ཤུ་རྩ་ལྔ་ལས། རྒྱལ་ཆེན་སྡེ་བཞིའི་སྲོག་དབང་བཀའ་རྒྱ་ཅན་བསྐུར་བའི་ལག་ལེན་གསལ་བར་བཀོད་པ་བོད་ཁམས་བདེ་བའི་ལས་འཇུག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་མ་ཧཱ་བ་ལ་ཡ། བོད་འབངས་བུ་ལྟར་སྐྱོང་བའི་ཡབ། །པདྨའི་ཞབས་ཟུང་སྤྱི་བོར་ལེན། །བྱང་སེམས་འཇིག་རྟེན་སྐྱོང་བའི་ཚུལ། །རྒྱལ་ཆེན་རིགས་བཞིས་ཤིས་པ་སྩོལ། སྡང་དགྲའི་དམག་དཔུང་ཟློག་པ་དང་། །སོ་ཁ་སྲུང་ལ་ཆེད་དུ་བསྔགས། །ལྷག་པར་དེང་དུས་ཉེར་མཁོའི་སྨན། །གཞན་ཕན་འདོད་རྣམས་དང་ལེན་འཚལ། །དེ་ལ་ཆོས་བཀའ་འདི་ཉིད་ཕལ་ཆེར་ཐུན་མོང་མ་ཡིན་པའི་བཀའ་རྒྱས་བསྡམས་ཤིང་ཁྱད་པར་སྲོག་གཏད་འདི་ནི། གཞུང་ལས། དབང་འདི་ཡུལ་འཁོར་སྲུང་ནག་པོའི་བསྙེན་པ་མ་སོང་བར་བསྐུར་ན་རང་ལ་གནོད་པ་ཆེན་པོ་འོང་ངོ༔ ཅིས་ཀྱང་གསང་ངོ༔ ཞེས་གསུངས་པས་དེའི་བསྙེན་པ་ཐེམས་པའང་དཀའ་བར་སྣང་བས་གང་འདོད་བསྐུར་མི་རུང་། འོན་ཀྱང་རང་འདོད་མེད་པའི་ལྷག་བསམ་ཅན་གྱིས་དབང་རྒྱུན་ཙམ་སྤེལ་དུ་རུང་བར་མི་བྱེད་ཀ་མེད་དུ་སྣང་བས། དེའི་ཚེ་ནའང་སློབ་དཔོན་ལྟ་དགོངས་ཀྱི་གདིང་དང་ལྡན་ཅིང་ཕྱག་རྡོར་སོགས་ཡི་དམ་གྱི་བསྙེན་སྒྲུབ་ཐེམས་པས་སློབ་མ་དམ་ཚིག་ཐུབ་ངེས་གཅིག་གམ་གསུམ་ལས་མི་མང་བ་ལ་བསྐུར་རོ། །དེའི་ཚུལ་ལ་གསུམ། སྔོན་འགྲོ་སྦྱོར་བའི་ཆོས། དངོས་གཞི་སྒྲུབ་མཆོད་དང་དབང་སྐུར། རྗེས་ཆོ་གའི་མཇུག་སྡུད་དོ། །དང་པོ་ནི། གནས་ཁང་གཙང་མར་སྟེགས་བུ་གྲུ་བཞི་པའི་སྟེང་དཀྱིལ་འཁོར་རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ་ཟླུམ་པོར་བསྐོར་བའི་དབུས་རི་རབ་ཀྱི་སྟེང་དུ་པདྨ་འདབ་བཞི་ཟེའུ་འབྲུ་དམར་སེར་ལྟེ་བ་མཐིང་ནག །འདབ་བཞི་ཕྱོགས་མདོག །དབུས་སུ་རྡོ་རྗེ་སྔོན་པོ། འདབ་བཞིར་རྒྱལ་ཆེན་བཞིའི་སྐུ་རབ། ཕྱག་མཚན་འབྲིང་། ཡང་ན་ཐིག་ལེ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་པོ་བཀོད་པའི་དབུས་སུ། ཁྲིའུའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་རྡོར་བཅས་བཀོད། རིན་པོ་ཆེའི་སྣོད་བཞིར་རི་རབ་བང་རིམ་བཞི་པ་རེ་རེ། དེ་སྟེང་ཡུལ་འཁོར་སྲུང་ལ་དཀར་ཟླུམ་ལྷ་བཤོས་ཀྱི་དབྱིབས་པད་འདབ་མང་པོས་བསྐོར་ཞིང་ཨུཏྤལ་གྱིས་མཚན་པ། །འཕགས་སྐྱེས་པོ་ལ་གྲུ་བཞི་སྔོན་པོ་མཁར་ཐབས་ལ་རལ་གྲིས་བརྒྱན་པ། སྤྱན་མི་བཟང་ལ་དམར་ཟླུམ་པད་འདབ་བཞི་པ་སྦྲུལ་རིགས་ལྔས་དཀྲིས་པ། རྣམ་ཐོས་སྲས་ལ་ཁང་བཟང་སེར་པོ་སུམ་བརྩེགས་ཏོག་དང་བཅས་པ། བཞི་ཀ་ལ་རང་མདོག་དང་མཚུངས་པའི་མདའ་དར་དང་རྒྱལ་མཚན་སྐུ་ཙག་བཙུགས་པ་རྣམས་པད་འདབ་བཞིར་ཕྱོགས་བཞིར་བཀོད། གཞན་ཡང་གནམ་ལྕགས་རྡོ་རྗེ། བ་དན། ཟས་སྣ་དང་དྲི་བཟང་ཆུ། མཆོད་རྟེན། གདུགས། རྒྱལ་མཚན། དུང་། མདོ་རྒྱུད་ཀྱི་པུསྟི། རྡོ་རྗེ་རྣམས་དངོས་སམ་ཙཀླི། བུམ་གཏེར་རྣམས་ཅི་བདེར་བཞག །བྱང་ཤར་དུ་ལས་བུམ། མདུན་དུ་འབུལ་གཏོར་ལས་བཞིའི་དབྱིབས་ཅན་བཞི་དཀར་མངར་ཁ་ཟས་ཀྱིས་བརྒྱན་པ་དང་ཕྱི་མཆོད་ཕྲེང་ཚར། རྒྱབ་ཏུ་སྨན་རག་གཏོར་གསུམ་སོགས་ཡི་དམ་གང་ལ་བསྟེན་པའི་ཚོགས་གཏོར། གཞན་ཡང་ཆ་གསུམ་གཏོར་མ། ལྕགས་ཧོམ་དུ་མཐའ་དམག་ལྷ་མི་རྟ་བཅས་ཀྱི་ལིངྒ་ལྕགས་སུ་བཅུག་པའམ་མི་འགྲུབ་ན་ཟན་ལིང་། བྱ་འུག་གི་སྒྲོ་དང་གུ་གུལ། ཕུར་བུ་སྒྲོལ་གྲི། མེ་ཧོམ་གྱིས་མཚོན་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་ཅིང་མཆོད་དེ་དབང་བསྐུར་བ་ནི། འགྲུབ་ན་སྔོན་འགྲོ་ཆ་གསུམ་གཏང་། མི་འགྲུབ་ན་དཀར་བགེགས་སྤྱི་འགྲོ་དང་། བདག་བསྐྱེད་བསྙེན་སྒྲུབ་ཐེམས་པའི་ཡི་དམ་ཞིག་གཏོང་བ་ཕྱག་ལེན་དུ་མཛད་ཅིང་། ཆོས་སྡེ་འབྲེལ་ཆགས་ཀྱི་དབང་དུ་བྱས་ན་ཡེར་པའི་གཏེར་བྱོན་ཕྱག་རྡོར་སྟོབས་པོ་ཆེ་ལ་བགྱིས་ཀྱང་ལེགས། གཞན་ཡང་བཀའ་བརྒྱད་ལྟ་བུ་གང་ཡང་རུང་བའི་ཕྲིན་ལས་བཏང་སྟེ་བདག་བསྐྱེད་བཟླས་པ་བཅས་གྲུབ་པའི་རྗེས་སུ། བུམ་པ་སྒྲུབ་པ་ནི། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་གྱིས་མཆོད་པ་བྱིན་བརླབ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་གྱུར། །རིན་ཆེན་བུམ་པ་མཚན་ཉིད་རྫོགས། །ཆུ་དང་བཅུད་ཀྱིས་གཏམས་པའི་དབུས། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧཱུྃ་ལས་རྡོ་རྗེ་གཏུམ་པོ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་གཏུམ་རལ་པ་དམར་སེར་འབར། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར། །གཡོན་པས་ལྕགས་ཀྱུ་སྦྲུལ་ཞགས་འཛིན། །སྐུ་ཆེ་ཡན་ལག་ཤིན་ཏུ་རགས། །ཀླུ་རིགས་ལྔ་དང་སྦྲུལ་ཆུན་སྤྲས། །སྐུ་ལས་མེ་ཕུང་ཁྲོ་ཚོགས་འཕྲོ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཁྲོ་རྒྱལ་དམ་ཚིག་ཅན༔ འོག་མིན་ལྷུན་གྲུབ་གནས་མཆོག་གི༔ གསང་ཆེན་རོལ་པའི་གཞལ་ཡས་ཁང༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཨ་ཏི་པཱུ་ཧོ༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང༔ སྨན་གཏོར་རཀྟ་འདོད་ཡོན་ཚོགས༔ མཆོད་པའི་བྱེ་བྲག་དཔག་མེད་རྣམས༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨརྒྷཾ་པཱ་དྱཾ་སོགས། ཤབྡ་པཱུ་ཛ་ཧོ༔ པཉྩ་ཨ་མྲྀཏ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་འཛིན་དབང་ཁྲོས་པའི་རྒྱལ༔ བདུད་དང་ལོག་འདྲེན་འཇོམས་མཛད་པ༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་ལྷ༔ བཻ་ཌཱུར་མདོག་ཅན་འཇིགས་པའི་སྐུ༔ ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ རང་སྲོག་སྔགས་ཀྱི་འོད་ཟེར་སོགས་བརྗོད་ནས་གཟུངས་ཐག་བླངས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ལས་མི་ཉུང་བ་བཟླ། མཆོད་བསྟོད་མདོར་བསྡུས་དང་། ཨོཾ་ཨཱཿཧཱུྃ། ཞེས་དུང་ཆུ་ཕུལ་པས། བུམ་པའི་ལྷ་འོད་དུ་ཞུ་ནས་རྡོ་རྗེ་བདུད་རྩིའི་རང་བཞིན་གྱི་ཆུར་གྱུར། ཅེས་དང་། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱ། སླར་ཡང་མཆོད་པ་ཁ་གསོ། བྱིན་རླབས་གོང་བཞིན་བྱས་ལ་མདུན་བསྐྱེད་ནི། སྟོང་པའི་ངང་ལས་རིན་ཆེན་ཟུར་བརྒྱད་པ་པདྨའི་ལྟེ་བ་ལ་གནས་པའི་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་རྡོ་རྗེ་མེའི་ཚྭ་ཚྭ་འཕྲོ་བ་ནམ་མཁར་འཕྱར་ཞིང༔ གཡོན་ལྕགས་ཀྱུ་དང་སྦྲུལ་ཞགས་འཛིན་པ༔ ཞལ་བགྲད་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཁྲོ་ཚུལ་དུ་གཟིགས་པ༔ རལ་པ་ཁམ་སེར་གྱེན་དུ་འབར་ཞིང་རལ་པའི་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ སྦྲུལ་རིགས་ལྔ་དང་སྦྲུལ་ཆུན་གྱིས་སྤྲས་པ༔ སྐུའི་བ་སྦུའི་བུ་ག་ནས་སྤྲུལ་པའི་ཁྲོ་ཚོགས་དང་ཡེ་ཤེས་ཀྱི་མེས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་འགྱེད་པ༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བའི༔ ཤར་དུ་དྷྲྀཾ་ལས་ཡུལ་འཁོར་སྲུང་དཀར་པོ་ཕྱག་གཉིས་ཀྱིས་པི་ཝང་སྒྲེང་བ༔སོགས། ལྷ་བསྐྱེད་སྤྱན་འདྲེན་ནས་མཆོད་བསྟོད་བཤགས་པའི་བར་གཏེར་གཞུང་སྒྲུབ་ཐབས་མཆོད་ཕྲིན་ལྟར་མཐར་ཆགས་སུ་གཏང་། བཟླས་དམིགས་བཅས་རྒྱལ་ཆེན་བཞི་སོ་སོའི་སྔགས་མཇུག་ཏུ། ཛཿཧཱུྃ་ཨཱ༔ བཏགས་པ་བརྒྱ་རྩ་རེ་ལས་མི་ཉུང་བ་བཟླས་པའི་མཐར། ཡི་དམ་ལྟར་གཏོར་མ་བྱིན་བརླབ། མཆོད་ཕྲིན་ནང་ལྟར་གཏོར་སྔགས་ལན་གསུམ་རེ་དང་། རིན་ཆེན་ལས་གྲུབ་སོགས་ཀྱིས་ཕྱག་རྡོར་དང་རྒྱལ་ཆེན་ལ་གཏོར་མ་འབུལ། སྔགས་ཙམ་གྱིས་མཆོད། ཕྱོགས་བཞི་འགྲེས་སྦྱར་གྱིས་འདོད་གསོལ་དང་། སློབ་མ་གཞུག་པར་གནང་བ་ཞུའོ། །དེ་ནས་སློབ་མ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་ཡི་དམ་ལྟར་བཀའ་བསྒོ་བགེགས་བསྐྲད་སྲུང་མཚམས་བཅད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་སྙིགས་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བབས་པའི་ཚེ་སྔོན་ལས་ངན་པས་འཕངས་པའི་སེམས་ཅན་ཤ་སྟག་ཚོགས། མི་ཐུབ་པ་ལྔ་པོ་དགུན་གྱི་གྲང་རེག་ལྟར་ཤིན་ཏུ་བདོ་བའི་དབང་གིས་དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་དབུ་འཕང་དམའ། ནག་པོའི་ཕྱོགས་ཀྱི་མི་མིན་འབྱུང་པོ་མ་རུངས་པ་ཐམས་ཅད་མཐུ་སྟོབས་ཇེ་ཆེར་རྒྱས། གདུག་པའི་དུ་རུཥྐ་རྣམས་རིམ་པར་འབྱུང་བའི་དུས་ལ་བབས་ཏེ་མཐའི་དམག་དཔུང་རྣམས་བོད་ཀྱི་དབུས་སུ་ལྷགས། བསྟན་དང་འགྲོ་བའི་བདེ་སྐྱིད་འཇོམས་པ་འབྱུང་བའི་ཚུལ་རྣམས་༧དུས་གསུམ་མཁྱེན་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ཆོས་རྒྱལ་ཡབ་སྲས་གཙོར་གྱུར་པའི་རྗེ་འབངས་འདུས་པའི་ཚོགས་ལ་ལུང་བསྟན་པའི་ཚེ། དེ་དག་རྣམས་ཀྱིས་ཕྱི་རབས་ལ་ཐུགས་བརྩེ་བས་ཟློག་པའི་ཐབས་གསོལ་བ་བཏབ་པ་ལ་བརྟེན། དམག་ཟློག་ཉི་ཤུ་རྩ་ལྔའི་གདམས་པ་ཆེས་ཟབ་པའི་སྐོར་རྣམས་བཀའ་རྒྱ་དང་བཅས་ཏེ་བསྩལ་པ་གཉགས་ཛྙཱ་ནས་ཡི་གེར་བཀོད་དེ་རྗེ་འབངས་གྲོགས་ལྔས་ཁྱུང་ཚང་བྲག་གི་གསང་ཕུག་ཏུ་རྒྱས་བཏབ་པ། སྙིགས་མཐར་དུས་ཀྱི་རྟགས་རྣམས་མངོན་དུ་སྣང་བའི་ཚེ་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཞིག་གླིང་འོད་གསལ་སྒྱུ་མས་སྤྱན་དྲངས། བཀའ་བབས་ལུང་ཟིན་གཉགས་ལོ་ཆེན་པོའི་ཟློས་གར་ལྷ་རྗེ་བློ་གྲོས་རྒྱལ་མཚན་ལ་གནང་བས་ནུས་པའི་སྟོབས་ཀྱིས་མཐའ་དམག་ལན་གསུམ་དུ་བཟློགས་པས་རྗེ་སོག་ཟློག་པ་ཞེས་མཚན་གྱི་སྙན་པ་གངས་རིའི་ལྗོངས་ན་ཡོངས་སུ་གྲགས་པས་མཚོན། བྱིན་རླབས་ནུས་པའི་ཚན་ཁ་ཁྱད་པར་དུ་འཕགས་པའི་གདམས་ངག་འདི་ཉིད་ཀྱི་གཙོ་བོ་ཡུལ་འཁོར་རྒྱལ་ཆེན་བཞི་ལ་གཏོད་པའི་ལས་ཚོགས་དང་རྗེས་སུ་འབྲེལ་པ། རྒྱལ་ཆེན་བཞིའི་སྲོག་དབང་ཤིན་ཏུ་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །སློབ་དཔོན་གསང་བའི་བདག་པོར་གསལ་བ་ལ་མོས་གུས་དང་ལྡན་པས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ བདག་གིས་བསྟན་པ་བསྲུང་བ་དང༔ འགྲོ་བ་ཡོངས་སུ་བསྐྱབ་པའི་ཕྱིར༔ དེ་རིང་རྡོ་རྗེ་འཛིན་རྒྱལ་གྱིས༔ བྱིན་གྱིས་བརླབ་པ་ཉིད་དུ་མཛོད༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞིའི༔ རིག་པ་བདག་ལ་བསྩལ་ནས་ཀྱང༔ བསྟན་པ་སྲུང་བའི་དམ་པ་རུ༔ གཙོ་བོས་བདག་ལ་དབང་སྐུར་གསོལ༔ ལན་གསུམ། བླ་མས། བུ་ཚུར་གསང་བའི་ཐེག་པ་ནི༔ ཀུན་གྱི་ཐུན་མོང་མ་ཡིན་པས༔ རང་ག་ཉིད་དུ་མི་གནང་བས༔ ཁྱོད་ཀྱིས་དམ་ཚིག་བསྲུང་ནུས་སམ༔ སངས་རྒྱས་བསྟན་པ་བསྲུང་ནུས་སམ༔ ཞེས་དྲིས་པའི་དོན་རྣམས་ཚུལ་བཞིན་བསྒྲུབ་པའི་བློས་འདིའི་རྗེས་ཟློས། བདག་ནི་སྔགས་ཀྱི་སྣོད་རུང་བས༔ ཐེག་པ་ཆེན་པོའི་ཆོས་ལ་མོས༔ དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༔ སངས་རྒྱས་བསྟན་པ་བདག་གིས་བསྲུང༔ བླ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས། དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ལན་གསུམ། ཕ་མར་གྱུར་པའི་འགྲོ་བ་མཐའ་དག་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་བསྟན་འགྲོ་ལ་ཉེ་བར་འཚེ་བའི་བདུད་བགེགས་བར་ཆད་ཞི་ཞིང་། དམ་པའི་ཆོས་དང་དེའི་འབྱོར་པ་སྤེལ་བར་བྱེད་པ་གསང་བའི་དཀྱིལ་འཁོར་ཟབ་མོར་ཞུགས་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། བདག་གཞན་འགྲོ་བ་ཀུན་དོན་དུ༔ རྡོ་རྗེ་འཛིན་པའི་དགོངས་པ་ཡིས༔ ངེས་པའི་དོན་དུ་སེམས་བསྐྱེད་དོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱོང་ཕུལ་དུ་གྱུར་པ་ཡན་ལག་བདུན་པ་བྱ་བའི་བློས་འདིའི་རྗེས་ཟློས། སྤྲོ་ན། ཇི་སྙེད་སུ་དག་སོགས་ཚང་བར་བརྗོད། བསྡུ་ན། ཕྱག་འཚལ་བ་དང་སོགས་ལན་གསུམ། ཐུན་མོང་མ་ཡིན་པ་རྒྱུན་བཤགས་ཡན་ལག་བརྒྱད་པའི་དམིགས་འདུན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔སོགས། སློབ་དཔོན་གྱིས། དཀོན་མཆོག་ལ་གུས་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་སྲུང༔ ལུས་དང་སྲོག་ལ་བབས་གྱུར་ཀྱང༔ རྩ་བའི་དམ་ཚིག་འདའ་མི་བྱ༔ ཞེས་བསྒྲགས་པའི་སྡོམ་པ་དང་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་གཟུང་བར་བགྱི༔ ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་གསང་བདག་དམ་ཚིག་པ་འདི་བཞིན་དུ་གསལ་ཐོབས་ཤིག༔ ལས་ཆུ་དང་ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། ཆོས་རྣམས་སྟོང་པ་ཉིད་དུ་མོས། །སྟོང་པ་དེ་ཡི་ངང་ཉིད་ལས། །ཆུ་ལས་ཆུ་བུར་ཇི་བཞིན་དུ། །པདྨ་ཉི་ཟླ་དྲེགས་པའི་སྟེང་། །སེམས་ཉིད་ཧཱུྃ་དུ་གསལ་བ་ལས། །འོད་འཕྲོས་རྒྱལ་བ་རྣམས་ལ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་པས། །དཔལ་ཆེན་ཕྱག་ན་རྡོ་རྗེ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་གཏུམ་རལ་པ་དམར་སེར་འབར། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར། །གཡོན་པས་ལྕགས་ཀྱུ་སྦྲུལ་ཞགས་འཛིན། །སྐུ་ཆེ་ཡན་ལག་ཤིན་ཏུ་རགས། །སྦྲུལ་རིགས་ལྔ་དང་སྦྲུལ་ཆུན་སྤྲས། །སྐུ་ལས་མེ་ཕུང་ཁྲོ་ཚོགས་འཕྲོ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་ནས། །སངས་རྒྱས་སྲས་དང་བཅས་པ་ཀུན། །ཕྱག་ན་རྡོ་རྗེའི་རྣམ་པར་བྱོན། །ཆུ་ལ་ཆུ་བཞིན་གཉིས་མེད་ཐིམ། །ཨོཾ་བཛྲ་ཙཎྜའི་ཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་དྲག་ཏུ་བརྗོད་ཅིང་རོལ་མོ་འཁྲོལ་བ་དང་། གཞུང་ལས། གུ་གུལ་ནག་པོ་རང་རང་སྐྲ༔ སྤོས་དང་བྱི་ལ་ནག་པོའི་བྲུན༔ ཤ་ཆེན་མི་ཀླད་སིནྡྷུ་ར༔ ར་ཡི་ཡན་ལག་བཞི་ཡི་ཉྭ༔ བདུགས་པས་ངེས་པར་ཡེ་ཤེས་དབབ༔ ཅེས་གསུངས་པ་ལྟར་བདུག་པའི་སྦྱོར་བ་སོགས་ཀྱིས་ཡེ་ཤེས་དབབ་བོ། །དེ་རྣམས་ཀྱིས་དབང་གི་གཞི་འགོད་པ་སོང་ནས། དབང་དངོས་ལ་ཐོག་མར་གཉེན་པོ་ལྷའི་བྱིན་རླབས་བྱ་བ་ལ་འདུན་པ་འདི་ལྟར་དུ་མཛོད། ཁྱེད་རང་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གསལ། སློབ་དཔོན་ཡང་དཔལ་གསང་བའི་བདག་པོར་དངོས་སུ་གསལ་བས་རྣམ་རྒྱལ་བུམ་པའི་དབང་བསྐུར་བས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོའི་གནས་ཀུན་གང་། ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ སྤྲུལ་སྐུའི་ཁྲུས་ཀྱིས་ཉོན་མོངས་འཁྲུ༔ ཕྱག་ན་རྡོ་རྗེའི་ཡེ་ཤེས་ཆུ༔ གཟུང་འཛིན་བདག་པོ་ཁྱོད་ལ་བསྐུར༔ བག་ཆགས་ལུས་ཀྱི་སྒྲིབ་དག་ནས༔ རྒྱལ་བའི་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཡང་བུམ་པའི་བདུད་རྩིས་མགྲིན་པ་ཡན་ཆད་གང་། ངག་གི་སྒྲིབ་པ་དག །གསུང་གི་དབང་ཐོབ་པར་མོས་ཤིག །བུམ་པ་མགྲིན་པར་བཞག །བུམ་ཆུ་བླུད་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ སྤྲུལ་སྐུའི་ཁྲུས་ཀྱིས་ཉོན་མོངས་འཁྲུ༔ ཕྱག་ན་རྡོ་རྗེའི་ཡེ་ཤེས་ཆུ༔ གཟུང་འཛིན་བདག་པོ་ཁྱོད་ལ་བསྐུར༔ སྒྲར་འཛིན་ངག་གི་སྒྲིབ་དག་ནས༔ གསུང་གི་རྡོ་རྗེར་འགྲུབ་གྱུར་ཅིག༔ ཨོཾ་པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཡང་བུམ་པའི་བདུད་རྩིས་སྙིང་ག་ཡན་ཆད་གང་། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ་པར་མོས་ཤིག །བུམ་པ་སྙིང་གར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ སྤྲུལ་སྐུའི་ཁྲུས་ཀྱིས་ཉོན་མོངས་འཁྲུ༔ ཕྱག་ན་རྡོ་རྗེའི་ཡེ་ཤེས་ཆུ༔ གཟུང་འཛིན་བདག་པོ་ཁྱོད་ལ་བསྐུར༔ རྟོག་ཚོགས་སེམས་ཀྱི་སྒྲིབ་དག་ནས༔ ཐུགས་ཀྱི་རྡོ་རྗེར་འགྲུབ་གྱུར་ཅིག༔ ཨོཾ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་བུམ་པའི་བདུད་རྩིས་ལྟེ་བ་ཡན་ཆད་གང་། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ཡོན་ཏན་གྱི་དབང་ཐོབ་པར་མོས་ཤིག །བུམ་པ་ལྟེ་བར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ སྤྲུལ་སྐུའི་ཁྲུས་ཀྱིས་ཉོན་མོངས་འཁྲུ༔ ཕྱག་ན་རྡོ་རྗེའི་ཡེ་ཤེས་ཆུ༔ གཟུང་འཛིན་བདག་པོ་ཁྱོད་ལ་བསྐུར༔ སྒོ་གསུམ་ལས་ཀྱི་སྒྲིབ་དག་ནས༔ སངས་རྒྱས་ཡོན་ཏན་རྫོགས་གྱུར་ཅིག༔ ཨོཾ་རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཡང་བུམ་པའི་བདུད་རྩིས་གསང་གནས་ཡན་ཆད་ལུས་ཐམས་ཅད་གང་། ཉོན་ཤེས་ཀྱི་སྒྲིབ་པ་དག །ཕྲིན་ལས་ཀྱི་དབང་ཐོབ་པར་མོས་ཤིག །བུམ་པ་གསང་བར་བཞག །ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ སྤྲུལ་སྐུའི་ཁྲུས་ཀྱིས་ཉོན་མོངས་འཁྲུ༔ ཕྱག་ན་རྡོ་རྗེའི་ཡེ་ཤེས་ཆུ༔ གཟུང་འཛིན་བདག་པོ་ཁྱོད་ལ་བསྐུར༔ ཉོན་མོངས་ཤེས་བྱའི་སྒྲིབ་དག་ནས༔ སངས་རྒྱས་ཕྲིན་ལས་རྫོགས་གྱུར་ཅིག༔ ཨོཾ་ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ༔ གནམ་ལྕགས་རྡོ་རྗེ་མགོར་བཞག་ཅིང་ལག་པར་གཏད་ལ། ཧཱུྃ༔ རྡོ་རྗེ་འཛིན་རྒྱལ་བསྒོམས་པ་ཡིས༔ སྤྱི་བོར་རྡོ་རྗེ་བཞག་ནས་ནི༔ འདི་ནི་ཡེ་ཤེས་རྡོ་རྗེ་སྟེ༔ བདེ་བར་གཤེགས་པ་ཀུན་གྱི་བདག༔ དྲེགས་པ་སྤྱི་འདུལ་གཉེན་པོ་མཆོག༔ གསང་བའི་བདག་ཉིད་དམ་པ་ཡིས༔ བདག་གིས་དེ་རིང་དབང་བསྐུར་རོ༔ ཨོཾ་མ་ཧཱ་བཛྲ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་གཉེན་པོ་སྟོབས་ཀྱི་ཕྱག་རྒྱའི་དབང་བསྐུར་པས་ཁྱེད་རང་དྲེགས་པ་སྤྱི་འདུལ་གྱི་ནུས་སྟོབས་ཡོངས་སུ་རྫོགས་པར་གྱུར་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །ཤིས་བརྗོད་བྱས་ལ་མེ་ཏོག་འཐོར། དེ་ནས་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞིའི་སྲོག་དབང་བསྐུར་བ་དངོས་ལ། ཞི་བའི་དབང་དང་བྱིན་རླབས་བྱ་བ་དང་། དྲག་པོའི་རྗེས་སུ་གནང་བ་གཉིས་སུ་ཡོད་པ་ལས། དང་པོའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། ཤར་ཕྱོགས་ཀྱི་གཏོར་མ་བླངས་ལ། གཏོར་མ་འདི་ཉིད་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དངོས་སུ་གསལ་བའི་སྐུ་ལས་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱལ་ཆེན་ཡུལ་འཁོར་སྲུང་གི་སྐུའི་དངོས་གྲུབ་ཐོབ་ཅིང་ལུས་ཀྱི་གཟི་བརྗིད་འབར་བར་མོས་ཤིག །འདི་དེ་རྒྱལ་པོ་ཆེན་པོ་སྟེ༔ ཁམས་གསུམ་དབང་སྒྱུར་དབང་གི་ལྷ༔ དངོས་གྲུབ་ཆེན་པོ་འཐོབ་བྱའི་ཕྱིར༔ ཁྱོད་ལ་དེ་རིང་སྐུ་དབང་བསྐུར༔ རང་སྔགས་གཤམ་དུ། ཀཱ་ཡ་སིདྡྷི་ཨོཾ༔ གཏོར་མ་སྤྱི་བོར་བཞག །གཏོར་མ་ལྷར་གསལ་བའི་གསུང་ལས་གསུང་ཡིག་འབྲུའི་རྣམ་པ་ངག་ལ་ཐིམ་པས། ངག་བདེན་ཚིག་གྲུབ་པ་ལ་སོགས་གསུང་གི་དངོས་གྲུབ་ཐོབ། ངག་ནུས་པ་དང་ལྡན་པར་མོས་ཤིག །འདི་དེ་རྒྱལ་པོ་སོགས་གོང་ལྟར་ལ། ཁྱོད་ལ་དེ་རིང་གསུང་དབང་བསྐུར༔ རང་སྔགས་མཐར། ཝཱ་ཀ་སིདྡྷི་ཨཱ༔ གཏོར་མ་མགྲིན་པར་བཞག །གཏོར་མ་ལྷར་གསལ་བའི་ཐུགས་ལས་ཐུགས་ཕྱག་མཚན་གྱི་རྣམ་པ་མང་པོ་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་གྱི་རླབས་པ་སེམས་ལ་ཞུགས། ཐུགས་ཀྱི་དངོས་གྲུབ་ཐོབ་ཅིང་ཡོན་ཏན་ཐམས་ཅད་དང་ལྡན་པར་མོས་ཤིག༔ འདི་དེ་རྒྱལ་པོ་སོགས་གོང་ལྟར་ལ། ཁྱོད་ལ་དེ་རིང་ཐུགས་དབང་བསྐུར༔ རང་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་སིདྡྷི་ཧོ༔ གཏོར་མ་སྙིང་གར་བཞག །དེ་ནས་ལྷོའི་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དངོས་སུ་གསལ་བའི་སྐུ་ལས་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱལ་ཆེན་འཕགས་སྐྱེས་པོའི་སྐུའི་དངོས་གྲུབ་ཐོབ་ཅིང་སོགས་པར་རང་སྔགས་བསྒྱུར་ལ་སྐུ་གསུང་ཐུགས་དབང་གོང་ལྟར་བསྐུར། དེ་ནས་ནུབ་ཀྱི་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དངོས་སུ་གསལ་བའི་སྐུ་ལས་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱལ་ཆེན་སྤྱན་མི་བཟང་གི་སྐུའི་དངོས་གྲུབ་ཐོབ་ཅིང་སོགས་དང་རང་སྔགས་བསྒྱུར་ལ་སྐུ་གསུང་ཐུགས་དབང་སྔ་མ་ལྟར་བསྐུར། དེ་ནས་བྱང་གི་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་པོར་གསལ་བའི་སྐུ་ལས་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྐུའི་དངོས་གྲུབ་ཐོབ་ཅིང་སོགས་དང་རང་སྔགས་བསྒྱུར་ལ་སྐུ་གསུང་ཐུགས་དབང་སྔར་བཞིན་བསྐུར་རོ། །དེ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་སྡེ་བཞི་སོ་སོའི་དབང་བསྐུར་པ་སོང་ནས། ཐུན་མོང་དུ་བ་དན་ལ་སོགས་པའི་རྗེས་སུ་གནང་བ་བྱིན་པས་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ཆོས་ཀྱི་རྒྱལ་སྲིད་བླ་ན་མེད་པ་ལ་མངའ་དབང་སྒྱུར་བར་མོས་ཤིག །བ་དན་གཏད་ལ། ཧཱུྃ༔ འདི་ནི་སྙན་པའི་བ་དན་ཆེ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་བཞི༔ ལྷ་མིན་གཡུལ་ལས་འདི་ཡིས་རྒྱལ༔ བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ༔ དེ་རིང་རྡོ་རྗེ་འཛིན་རྒྱལ་ངས༔ རིག་པ་འཛིན་པ་ཁྱོད་ལ་སྦྱིན༔ མདུང་དར་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་ཙ་ཏུར་མ་ཧཱ་རཱ་ཛ་མ་མ་དུང་དུང་ཕཊ༔ དེ་ནས་ཟས་སྣ་དང་དྲི་བཟང་གི་ཆུ་ཁར་བླུད་ལ། འཇིག་རྟེན་ཁམས་ཀྱི་ཟས་བཅུད་ཐམས་ཅད་བདུད་རྩིར་བྱས་ཏེ་བྱིན་པས་ཚིམས་པར་བསམ་ཞིང་། ཧཱུྃ༔ བདུད་རྩི་རོ་མཆོག་བརྒྱ་དང་ལྡན༔ འཇིག་རྟེན་ཁམས་ཀྱི་ཟས་བཅུད་ཀུན༔ མ་ཚང་མེད་པ་བདུར་རྩིར་བརླབས༔ ཁྱོད་ལ་སྦྱིན་ཏེ་དབང་བསྐུར་རོ༔ སརྦ་ཨ་མྲྀཏ་སིདྡྷི་ཕ་ལ་ཧོ༔ དེ་ནས་མཆོད་རྟེན་སོགས་རིམ་པར་གཏད་ལ། ཧཱུྃ༔ བདེ་གཤེགས་ཆོས་ཀྱི་སྐུ་ཡི་རྟེན༔ རྒྱལ་བའི་ཕོ་བྲང་ཡོན་ཏན་མཛོད༔ འཇིག་རྟེན་ཀུན་གྱིས་མཆོད་པའི་གནས༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་ཕྱིར༔ ཁྱོད་ལ་དེ་རིང་སྦྱིན་པར་བྱ༔ པུ་རི་འདི་ནི་ཁྱོད་ཀྱིས་ལོངས༔ སརྦ་བུདྡྷ་པུ་རི་དྷརྨ་ཀཱ་ཡ་སིདྡྷི་ཨཱ༔ ཧཱུྃ༔ བྱམས་དང་སྙིང་རྗེ་ཆེན་པོ་ཡིས༔ རིས་མེད་ཀུན་ལ་ཁྱབ་པའི་གདུགས༔ ཆོས་ཀྱི་རྒྱལ་སྲིད་འཛིན་སླད་དུ༔ ཁྱོད་ལ་དེ་རིང་སྦྱིན་པར་བྱ༔ ཆོས་ཀྱི་རྒྱལ་པོར་ཁྱོད་འགྱུར་གྱིས༔ གསེར་གདུགས་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་དྷརྨ་རཱ་ཛ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཁམས་གསུམ་བདུད་ཀྱི་གཡུལ་ངོ་ལས༔ རྟག་ཏུ་རྒྱལ་བའི་རྒྱལ་མཚན་འདི༔ ཁྱོད་ལ་དེ་རིང་སྦྱིན་པར་བྱ༔ ཕ་རོལ་དགྲ་ལས་རྒྱལ་བའི་ཕྱིར༔ རྒྱལ་མཚན་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་དྷརྨ་དྷྭ་ཛ་བི་ཛ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཟབ་རྒྱས་ཆོས་སྒྲ་སྒྲོག་པའི་དུང༔ ས་གསུམ་སྙན་པའི་སྒྲ་སྒྲོག་ཕྱིར༔ ཁྱོད་ལ་དེ་རིང་སྦྱིན་པར་བྱ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་བཞི༔ ཆོས་ལྡན་ཆོས་བཞིན་སྨྲ་བ་སྟེ༔ སྟོང་གསུམ་ཆོས་སྒྲ་སྒྲོག་པའི་ཕྱིར༔ ཆོས་ཀྱི་དུང་ནི་ཁྱོད་ཀྱིས་ལོངས༔ ཨོཾ་དྷརྨ་བཱ་དཱི་ཤང་ཁ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ རྒྱལ་བའི་མདོ་རྒྱུད་གླེགས་བམ་འདི༔ གང་དུ་གནས་པའི་ས་ཕྱོགས་ནི༔ རྒྱལ་ཆེན་རྣམས་ཀྱིས་རྟག་ཏུ་སྐྱོང༔ འབྲལ་བ་མེད་པར་དམ་ཚིག་རྟེན༔ པུསྟི་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་པཱུ་ཏྲ་མནྟྲ་པུསྟ་ཀ་ཧཱུྃ༔ ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ ཕྱག་ན་རྡོ་རྗེའི་ཕྱག་ན་གནས༔ གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག༔ རྡོ་རྗེ་གསོར་བ་མཛེས་པ་ཆེ༔ བདུད་ཀྱི་དཔུང་རྣམས་འཇོམས་པའི་ཕྱིར༔ རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ དེ་ནས་སྔགས་ཀྱི་བཟླས་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཀྱི་གཟུགས་སུ་བྱུང་། ཁྱེད་རང་ལྷར་གསལ་བའི་ཞལ་ནས་བརྒྱུད་སྙིང་གར་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐའ་སྐོར་དུ་འཁོད་པར་བསམ་ལ་སྔགས་འདི་རྣམས་ཀྱིས་རྗེས་ཟློས་མཛོད། རྒྱལ་ཆེན་བཞིའི་སྔགས་རྣམས་ཚར་གསུམ་རེ་རྗེས་ཟློས་བྱར་གཞུག །སློབ་དཔོན་གྱིས་མེ་ཏོག་འཐོར་ཅིང་། རྒྱལ་ཆེན་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ༔ རྒྱལ་པོ་ཆེན་པོ་བཞིའི་གསང་སྔགས་དང་རིག་སྔགས་ཀྱི་སྟོབས་དང་ནུས་པ་ཐམས་ཅད་རིག་པ་འཛིན་པ་འདི་ཉིད་ཀྱི་ངག་ལ་འཇུག་པར་གྱུར་ཅིག༔ བཀའ་བསྒོ་བ་ནི། གཏོར་མ་བཞི་ཀ་སྣོད་གཅིག་ཏུ་བསྡུས་པ་ཐོགས་ལ། མཐའ་རྟེན་ཏུ་བཀའ་གཏད་སྦྱིན་པ་ལ་མོས་པ་འདི་ལྟར་དུ་མཛོད། སློབ་དཔོན་གསང་བའི་བདག་པོར་གསལ་བས་བཀའ་བསྒོས་པ་ཙམ་གྱིས་རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས་པ་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་འབྲལ་མེད་དུ་འཁོར་ཞིང་ཅི་བཅོལ་བའི་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ན་མོ༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་ཞི་ཁྲོ་རབ་འབྱམས༔ སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་པོ༔ སྟོན་པ་རྡོ་རྗེ་སེམས་དཔའ༔ རྒྱལ་བ་ཤཱཀྱ་ཐུབ་པ༔ དཔལ་ཆེན་ཕྱག་ན་རྡོ་རྗེ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ སློབ་དཔོན་པདྨ་འབྱུང་གནས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ གཉགས་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར༔ གར་དབང་ཞིག་པོ་གླིང་པ་ལ་སོགས་ཏེ་བརྒྱུད་པ་གསུམ་གྱི་བླ་མ་ཡབ་སྲས་རྣམས་ཀྱི་བདེན་པའི་བྱིན་རླབས་དང༔ སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་བདེན་པའི་བྱིན་གྱི་རླབས་དང༔ ཆོས་དབྱིངས་རང་བཞིན་རྣམ་པར་དག་པའི་བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་ཐམས་ཅད་རིག་པ་འཛིན་པ་འདི་ལ་འགོ་ཞིང་སྟོངས་གྲོགས་བྱེད་པར་གྱུར་ཅིག༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་གྱུར་ཅིག༔ མགོན་སྐྱབས་དང་སྲི་ཞུ་བྲན་ཁོལ་ལྟར་བྱེད་པར་གྱུར་ཅིག༔ ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་སྒྲུབ་པར་གྱུར་ཅིག༔ སྔོན་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན༔ ཐུགས་རྗེ་ཆེན་པོ་དང་ལྡན་པ༔ ཤཱཀྱ་ཐུབ་པའི་སྤྱན་སྔར་རྒྱལ་པོ་ཆེན་པོ་བཞི་རང་རང་གིས་དམ་བཅས་པའི་དོན་ཐམས་ཅད་སྒྲུབ་པ་དང༔ དེ་རྗེས་མཆོག་ཐུན་མོང་ཀྱི་དངོས་གྲུབ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པའི་ཨ་ཙརྻ་ཆེན་པོ་པདྨ་འབྱུང་གནས་ཀྱི་སྤྱན་སྔར་དམ་བཅས་ཤིང་བཀའ་བསྒོ་བ་ནོས་པ་བཞིན་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང༔ མཐའ་ཡི་དམག་དཔུང་ཟློག་པ་ལ་མཐུ་དང་སྟོབས་དང་རྫུ་འཕྲུལ་ཆེན་པོ་ཆགས་ཐོགས་མེད་པར་སྒྲུབ་པའི་སླད་དུ་རིག་པ་འཛིན་པ་འདི་ཉིད་ཀྱི་རྗེས་བཞིན་དུ་འབྲང་ཞིང་མི་འབྲལ་བར་གྱུར་ཅིག༔ ཏིཥྛ་བཛྲ༔ ཞེས་ལག་ཏུ་གཏད། མེ་ཏོག་འཐོར་ལ་ཤིས་པ་བརྗོད་དོ། །དེ་ནས་དྲག་པོའི་རྗེས་གནང་སྦྱིན་པ་ནི། དེའང་རྒྱལ་པོ་ཆེན་པོ་བཞིའི་འཁོར་ནི༔ གནོད་སྦྱིན་དང༔ ཀླུ་དང༔ དྲི་ཟ་དང༔ གྲུལ་བུམ་དང༔ སྨྱོ་བྱེད་ལ་སོགས་པ་གདོན་མ་རུངས་པ་མང་པོ་ཡོད་པས་དེ་རྣམས་སྒྲུབ་པ་པོ་ལ་འཚེ་རུ་འོང་བས༔ དེ་དག་ཟིལ་གྱིས་མནན་པ་ལ་དམིགས་པ་འདི་ལྟར་དུ་མཛོད༔ ཁྱེད་རང་ཕྱག་རྡོར་དངོས་སུ་གསལ་བའི་ལག་པ་གཡས་སུ་རྡོ་རྗེ་གཏད༔ གཡོན་དུ་ཁྱུང་གཏད་ལ་སྡིགས་མཛུབ་དང་བཅས་པས་བཟུང་ཞིང་ཧཱུྃ་ཞེས་མིག་གྱེན་དུ་ཟློགས་ལ་ལྷ་ཡི་ང་རྒྱལ་བརྟན་པོས་བ་སྤུའི་བུ་ག་ནས་འོད་ཟེར་ཉི་མ་འབུམ་གྱི་འོད་ལྟར་ཚ་ཞིང་སྲེག་པ་འཕྲོས་པས་སྟོང་ཁམས་ཐམས་ཅད་གང་བས་གནོད་བྱེད་ཐམས་ཅད་གཞོབ་ཏུ་བསྲེགས༔ མཚོན་ཆའི་ཆར་དྲག་པོ་འཕྲོས་པས་དེ་རྣམས་ཀྱི་ལུས་བཅད་ཅིང་གཏུབས༔ གཡོན་གྱི་ཁྱུང་ལས་བྱ་ཁྱུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་དེ་དག་ཐམས་ཅད་ཟོས་ནས་ལྷག་མ་མེད་པར་བསམ་ལ་སྔགས་ཟློས་ཤིག༔ ཕྱག་རྡོར་སྙིང་པོ་བརྒྱ་རྩ་བརྒྱད་རེ་བར་མཚམས་རྣམས་སུ་བཟླ་བར་གསུངས་ཀྱང་མི་ནུས་ན་ཉེར་གཅིག་རེ་ཙམ་བཟླ། ཁྱེད་རང་ཕྱག་རྡོར་དུ་གསལ་བའི་ལྗགས་རྡོ་རྗེ་རྩེ་གསུམ་པ་རྭ་གདེངས་པར་དམིགས་པའི་སྟེང་དུ་སྔགས་ཕྲེང་ཚར་གསུམ་གྱི་ཕཊཿགསུམ་པོ་བྲུལ་ལ་ཁད་པ་ལས༔ རྡོ་རྗེའི་སེར་བ་བུ་ཡུག་འཚུབས་པ་ལྟར་བྱུང་ནས་གདུག་པ་ཅན་དེ་རྣམས་ཀྱི་ལུས་འདར་འདར་པོར་བཙོག་པར་བསམ་ལ་སྔགས་ཟློས་ཤིག༔ སྔགས་བཟླ། ཁྱེད་རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་རྡོ་རྗེ་རྩེ་གཅིག་པ་དང༔ གསུམ་པ་དང༔ ལྔ་པ་དང༔ དགུ་པ་ཐོགས་པ་ཤ་སྟག་སྤྲོས་ནས་གདུག་པ་ཅན་ཐམས་ཅད་དེད་པས་དེ་རྣམས་སྐྲག་ཅིང་བྲོས་ནས་མ་ཐར་བ་ལ་ལ་བརྒྱལ༔ ལ་ལ་འབོག༔ ལ་ལ་འགྱེལ༔ ལ་ལ་ཁྲག་ཏུ་སྐྱུགས་ཤིང་མཐར་ཐམས་ཅད་བསད་ནས་རྒྱ་མཚོ་ཆེན་པོར་འཕངས་པར་བསམ་ལ་སྔགས་ཟློས་ཤིག །སྔགས་བཟླ། ཡང་སྐུའི་རྒྱན་གྱི་ཀླུ་ཆེན་པོ་བརྒྱད་སྦྲུལ་གྱི་རྣམ་པར་ཡོད་པའི་ཁ་རླངས་ཀྱི་དུག་དང་བལྟས་པའི་དུག་གིས་གནོད་བྱེད་དེ་དག་གི་ལུས་མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་ནག་རུག་རུག་སྐམ༔ བསམ་པའི་དུག་གིས་རྣམ་པར་ཤེས་པ་བཙན་དུག་དྲག་པོས་ཐེབས་པ་བཞིན་དུ་མྱོས་ཤིང་འཐིབས་པར་བསམ་ལ་སྔགས་ཟློས་ཤིག༔ སྔགས་བཟླ། ཡང་ཕྱག་གཡས་ཀྱི་རྡོ་རྗེ་ལས་རི་རབ་ལྟར་ཆེ་བའི་རྡོ་རྗེ་འབར་བ་གྲངས་མེད་པ་ཐོག་མདའ་ལྟར་འཕྲོས་ཏེ༔ གདུག་པ་ཅན་དེ་དག་གི་ལུས་ལ་ཕོག་པས༔ ཁང་རུལ་ལ་སྒྱོགས་འཕངས་པའམ༔ རྫ་མ་ལ་རྡོ་ཕོག་པ་ལྟར་རབ་ཏུ་བཅོམ་པར་བསམ་ལ་སྔགས་ཟློས་ཤིག༔ སྔགས་བཟླ། དེ་ནས་ཞབས་གཡོན་ས་ལ་བརྡབས་པས་ཉི་མའི་གདན་འདར༔ དེས་རྒྱལ་པོ་ཆེན་པོ་བཞི་འདར༔ དེས་འཁོར་རྣམས་སྐྲགས་ཏེ་འདར་ཕྲི་ལི་ལི་འདུག་པར་བསམ་ལ་སྔགས་ཟློས་ཤིག༔ སྔགས་བཟླ། དེ་ནས་རྒྱལ་པོ་ཆེན་པོ་བཞིས༔ སྱཱད་ཡ་ཐེ་དན༔ ཨུ་ཧྱ༔ མེ་ཧ་ལ༔ གུ་ལི་ཛི་བ་ཨ་བྷུ་ཡ༔ མ་སུ་ར་བི་ལ༔ ཨད་དྱ་བད་དྱ༔ ནད་དྱ་བད་དྱ༔ ཨད་དྱ་བད་དྱི༔ བད་དྱ་བ་ཏི༔ ན་ར་བ་ཏི༔ མ་རུད་དྱ༔ མ་ཏྱ་དྱ་བ་ཏི༔ མ་རུད་དྱ་ཕ་ལ་སྭཱ་ཧཱ༔ སྱཱད་ཡ་ཐེ་དན༔ ཨི་ལི་ཨི་ལི༔ མི་ལི་མི་ལི༔ ཀི་ལི་ཀི་ལི༔ ས་ན་ར༔ ནཱི་ལ་བ་ཡ༔ བྷུ་བྷུ་བྷུ་ར༔ བི་རཽ༔ ཕུ་ཕུ་ཕུ་ར་ག་ཤི༔ ལི་རཽ༔ ཁ་ད་ཡ༔ མ་ལ་ཁུ་ལི་བ་ཡང་སྭཱ་ཧཱ༔ ཞེས་རིག་སྔགས་སྨྲས་པས་དེ་དག་གི་ལུས་རུལ་ཞིང་མེ་ལྕེ་དང་མཚོན་ཆའི་ཆར་དྲག་པོས་བཅོམ་པར་བསམས་ལ་འཁོར་གསུམ་རྣམ་པར་མི་རྟོག་པ་སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་མཉམ་པར་འཇོག་འཚལ། ཅེས་དར་གཅིག་མཉམ་པར་འཇོག་ཏུ་བཅུག །དེ་ནས་བུམ་པ་རིན་པོ་ཆེ་དང་འབྲུ་དང་སྨན་དར་ཟབ་ལ་སོགས་པས་བཀང་པ་གཏད་ལ། བཀྲ་ཤིས་གཏེར་གྱི་བུམ་པའི་རྗེས་གནང་བྱིན་པས་སྣོད་བཅུད་ཀྱི་ཉེས་པ་མཐའ་དག་ཞི་ཞིང་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་སྤེལ་བའི་ལས་རབ་འབྱམས་སྒྲུབ་པ་ལ་མངའ་དབང་ཐོབ་པར་མོས་ཤིག །ཧོ༔ འདི་ནི་བཀྲ་ཤིས་བུམ་པ་སྟེ༔ ས་ཡི་ལྷ་མོའི་ཕྱག་ན་གནས༔ དགོས་འདོད་ཀུན་འབྱུང་བུམ་པ་བཟང༔ ས་ཡི་བཅུད་རྣམས་འདི་ལས་འབྱུང༔ ཁྱོད་ཀྱིས་ཕྱོགས་མཚམས་ཐམས་ཅད་དུ༔ རིན་ཆེན་བུམ་པའི་གཏེར་བསྩལ་ཏེ༔ འབྲུ་དང་ཕྱུགས་རྣམས་འཕེལ་བ་དང༔ ལྷ་མི་བདེ་ཞིང་འབྱོར་ལྡན་ཏེ༔ ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ ཨོཾ་ཀ་ལཱ་ཤ་བྷ་དྲ་སམྦྷོ་ག་ལཀྵྨཱི་ཝརྡྷ་མངྒལ་ཤྲཱི་ཡཿཨ་བྷི་ཥིཉྩ་ཀུརྦནྟུ་མཱཾ༔ བུམ་པ་བཟང་པོས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཕེལ་ཞིང་བཀྲ་ཤིས་དང་དགེ་ལེགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་གཏད་ལ་མེ་ཏོག་འཐོར། དེ་ནས་ལྕགས་ཧོམ་ལིངྒ་བསྒྲལ་ཆས་རྣམས་མདུན་དུ་བཀོད། བསྐུལ་བའི་དམར་གཏོར་བཤམས། སྲེག་ཐབ་ཀྱི་ཧོམ་དང་སྦར་བྱེད་སོགས་སྟ་གོན་བྱས་ལ། དེ་ནས་མངོན་སྤྱོད་ལས་ཀྱི་རྗེས་གནང་དངོས་སྦྱིན་པ་ལ། སློབ་དཔོན་གསང་བའི་བདག་པོ་དང་ཁྱེད་རང་ཡང་དཔལ་ལག་ན་རྡོ་རྗེ་དྲག་པོར་ཁྲོས་པ་དངོས་སུ་གསལ་བས་ལས་ཀྱི་རིམ་པ་རྣམས་ལ་འཇུག་པའི་དམིགས་པ་རིམ་བཞིན་གསལ་འདེབས་འཚལ། བྲུབ་ཁུང་སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། དུག་གསུམ་མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པ་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་རྒྱོབ་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས། དུ་རུཥྐའི་ལྷ་དབང་ཕྱུག་ཕྱ་སང་ཁྲ་མགོ་ཅན་དང་། འགོང་པོ་སྤུན་དགུ །མཐའི་དམག་དཔོན་དམག་མི་འོག་རྟ་སྣ་འདྲེན་དང་བཅས་པ་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའྎ ཆོས་ཀྱི་བཀའྎ དགེ་འདུན་གྱི་བཀའྎ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་ལག་ན་རྡོ་རྗེ་མཐུ་ཆེན་རྒྱལ་པོ་སྡེ་བཞི་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་མཐའ་མི་དུ་རུཥྐ་ཡི་སྡེར་གཏོགས་པའི་རྒྱལ་པོ། བློན་པོ། དམག་དཔོན། དམག་མི་འོག་རྟ་སྣ་འདྲེན་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བཀུག །དབྱེ་རྫས་ཀྱིས་བདུག་ཅིང་སྒྲོ་གཉིས་ཀྱིས་འབྱེད་པས། ཧཱུྃ༔ དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས༔ ལས་ངན་སྡིག་ཅན་དགྲ་བོ་འདི༔ སྲུང་ཞིང་སྐྱོབ་པར་བྱེད་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ ཕྲོལ་ཅིག་ཕྱེ་ཞིག་རྣམ་པར་ཕྱེས༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ་ནྲྀ་ཏྲི་དེ་ཝ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་དྲག་བསྐུལ་མཚོན་ཆ་འཁོར་ལོ་གཏང་བར་གསུངས་ཀྱང་ཚང་བར་མི་ནུས་ན་འདི་ཙམ་བྱ་སྟེ། ཧཱུྃ༔ སྔོན་ཚེ་འདས་པའི་བསྐལ་པ་ལ༔ མངོན་པར་རྫོགས་པར་བྱང་ཆུབ་ཀྱང༔ ཐུགས་རྗེས་འགྲོ་བའི་དོན་སླད་དུ༔ ཆོས་ཀྱི་གོ་ཆ་བགོས་གྱུར་ནས༔ བཟང་པོའི་ཁྲི་ལ་འདུག་ནས་ནི༔ དཔལ་དང་གཟི་བརྗིད་འབར་བ་ཡི༔ ཕྱོགས་བཞིའི་འཇིག་རྟེན་སྐྱོང་མཛད་པ༔ ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང༔ ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ༔ ནུབ་ཕྱོགས་ན་ནི་སྤྱན་མི་བཟང༔ བྱང་ཕྱོགས་ན་ནི་ངལ་བསོས་པོ༔ རྒྱལ་པོ་ཆེན་པོ་ཁྱེད་བཞི་རྣམས༔ འཇིག་རྟེན་སྐྱོང་བ་གྲགས་དང་ལྡན༔ སྡེ་བོ་ཆེ་དང་སྟོབས་པོ་ཆེ༔ ཕ་རོལ་དཔུང་རྣམས་རབ་ཏུ་འཇོམས༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཅན༔ ཁ་དོག་འོད་དང་རྫུ་འཕྲུལ་ཅན༔ ལྷ་དང་ལྷ་མིན་གཡུལ་མྱོང་བྱེད༔ བུ་དང་བཙུན་མོ་བློན་འཁོར་དང༔ བྲན་དང་མངག་གཞུག་ཕོ་ཉར་བཅས༔ རི་རབ་ཕྱོགས་བཞིར་འཁོད་པ་དག༔ བསམ་ཡས་བགྲང་དུ་མ་མཆིས་པ༔ ས་དང་ནམ་མཁའ་རྒྱ་ཁྱོན་གང༔ ཀུན་ཀྱང་མི་བཟད་ཁྲོ་གཏུམ་ཅན༔ སྙིང་རྗེ་མེད་ཅིང་ཁྲག་འཐུང་པ༔ སྐྱེ་འགྲོའི་སྲོག་དབུགས་ལེན་པ་རྣམས༔ ལས་སུ་དགྲ་བོའི་སྲོག་གཅོད་བྱེད༔ ཀུན་ཀྱང་མཐུ་སྟོབས་རྫུ་འཕྲུལ་ཅན༔ གོ་ཆ་སྲ་ལ་མཚོན་ཆ་རྣོ༔ ཁྱོད་ལ་མཐུ་དང་རྩལ་ཡོད་ཀྱིས༔ མཐུན་པའི་མཆོད་པ་འདི་བཞེས་ལ༔ མ་རུངས་མཐའ་ཡི་དམག་དཔུང་གི༔ ཞེ་སྡང་དྲག་པོའི་སྦྱོར་བ་ཆོམས༔ རང་གི་སྦྱོར་ངན་རང་ལ་ཟློགས༔ སྟོབས་དང་ནུས་པ་ཉམས་པར་གྱིས༔ ངན་སེམས་གྲོས་དང་འདུན་མ་ཤིགས༔ སྐྱོབ་པའི་ལྷ་རྣམས་བདུད་དུ་ཕོབ༔ བཞི་བརྒྱ་རྩ་བཞིའི་ནད་ཆར་ཕོབ༔ སྟོང་ཕྲག་བརྒྱད་ཅུའི་འདྲེ་དམག་དྲོངས༔ སྡེ་བརྒྱད་འབྱུང་པོའི་ཟ་ཁ་གཏོད༔ འཆི་བདག་གཤིན་རྗེའི་ཆད་པ་ཕོབ༔ གློ་བུར་སྟབས་ཉེས་ཡེ་འདྲོག་ཐོངས༔ མ་མོའི་དལ་ཡམས་ཆར་དུ་ཕོབ༔ སྙིང་ཁྲག་ལ་ཐུངས་སྲོག་དབུགས་སྡུས༔ རྐང་བཞི་རྟ་རྣམས་དམྱལ་ཐག་ཆོད༔ དམ་ཉམས་འཁོར་དང་བཅས་པ་ཡི༔ གཟུགས་ཕུང་ཤ་ཁྲག་སྲོག་དབུགས་རྣམས༔ ཟས་སུ་གཏད་དོ་རྔམས་ཟས་གྱིས༔ མིང་ཙམ་མེད་པར་རྡུལ་དུ་རློགས༔ སྔོན་གྱི་དམ་བཅས་དྲན་མཛོད་ལ༔ ད་ལྟ་ཉིད་དུ་ཕྲིན་ལས་མཛོད༔ ཅེས་བརྗོད་ལ་གཏོར་མ་འབུལ། དེ་ནས་ཕུར་བུ་གདབ་ཅིང་རལ་གྲིས་གཏུབས་ལ། ཧཱུྃ། དཔལ་ཆེན་ཕྱག་ན་རྡོ་རྗེའི་བཀས། །ང་ནི་སྒྲོལ་གིང་ཆེན་པོ་སྟེ། ཁམས་གསུམ་སྐྱེ་འགྲོ་སྲོག་གི་བདག །རྒྱལ་ཆེན་སྡེ་བཞི་བྲན་དུ་ཁོལ། །སྤྲུལ་པའི་ཁྲོ་བོ་མི་བཟད་པས། །རབ་འབྱམས་ཞིང་ཁམས་ཐམས་ཅད་ཁྱབ། །ལས་ངན་གདུག་པའི་དགྲ་དང་བགེགས། །གར་ཡང་བྲོས་པའི་ས་མེད་ཀྱིས། །ད་ལྟ་ཉིད་དུ་བསྒྲལ་བར་བྱ། །ཡེ་ཤེས་འབར་བའི་མཚོན་ཆ་འདིས། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །དགྲ་དང་བགེགས་ལ་སྨྲོས་ཅི་དགོས། །ཐལ་བ་བཞིན་དུ་བརླག་པར་བྱ། ཁམས་གསུམ་སྒྲོལ་བའི་དབང་ཐོབ་ཤོག །བཛྲ་རྦད་ཙིཏྟ་ཁྲམ་ཏྲིག་ནན་ཨེ་ཧུར་ཐུམས་ཛཿམཱ་ར་ཡ་རྦད། ཧཾ་ཤཾ་ཏྲི་ཏྲིག་ནན་ཧུར་ཐུམས་མཱ་ར་ཡ་རྦད། ཏཱིརྻ་ཀ་ཁ་ཐུམ་སཱུརྱ་པྲ་ཏི་མུན་ཙ་ཐིབས་དུ་རུ་ཀ་མཱ་ར་ཡ་རྦད། ཅེས་བརྗོད་ལ་སློབ་མ་ལའང་གཏུབས་པ་སོགས་བྱར་གཞུག །ཨགྣི་ཛྭ་ལ་རཾ། ཞེས་མེ་ཧོམ་སྦར། མེ་ཐབ་དྲག་པོའི་མཚན་ཉིད་རྫོགས་ཤིང་རབ་ཏུ་འབར་བའི་དབུས་སུ་ཁྲོ་རྒྱལ་སྟོབས་པོ་ཆེ་རྒྱལ་ཆེན་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བའི་ཞལ་དུ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པ་བདུད་རྩིའི་དྭངས་མར་གྱུར་ཏེ་བསྟབས་པས་དགྱེས་པའི་བཞད་སྒྲ་དང་བཅས་པས་གསོལ་བར་གྱུར། ཧཱུྃ༔ གདུག་རྩུབ་དྲག་པོའི་ཧོམ་ཁུང་དུ༔ དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ༔ སྡང་དགྲ་གནོད་པའི་བགེགས་ཚོགས་ཀྱི༔ ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་འབུལ༔ ནང་གི་བླ་ཚེ་སྲོག་དབུགས་འབུལ༔ ཁ་རྗེ་དབང་ཐང་ཀླུང་གཏའ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཞེས་དང་ལིང་རོ་ཤ་ཁྲག་མར་ནག་དང་སྦྱར་ལ་འབུལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཙ་ཏུར་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་སརྦ་ཤ་ཏྲཱུཾ་བིགྷྣཱན་ཨགྣི་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནྲྀ་ཏྲི་མཱ་ར་ཡ་རྦད། ཅེས་ལན་གྲངས་ཅི་རིགས་འབུལ། མཐར་ལྷ་མི་དམིགས་པར་བཞག །རོལ་མོའི་སྒྲ་དང་བཅས་ཐལ་བ་བྱང་ཕྱོགས་སུ་རླུང་ལ་བསྐུར་བར་གསུངས་སོ། །ཤིས་བརྗོད་ཅི་རིགས་བྱས་ལ། དེ་དག་གིས་སྤྲུལ་པའི་གཏེར་ཆེན་ཞིག་པོ་གླིང་པའི་ཟབ་གཏེར་ལས་བྱོན་པའི་དམག་ཟློག་ཉེར་ལྔའི་གཙོ་བོ་རྒྱལ་ཆེན་སྡེ་བཞིའི་སྲུང་ཟློག་ལ་མེད་དུ་མི་རུང་བའི་སྲོག་གཏད་ཀྱི་རིམ་པ། ལེགས་པར་ཐོབ་པ་ཡིན་པས་འདི་ཉིད་ཆོས་སྐྱོང་དུ་གཟུང་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་གནས་པར་བགྱིའོ་སྙམ་པའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། དགེ་བསྔོ་རྣམས་བྱའོ། །གསུམ་པ་རྗེས་ནི། སློབ་དཔོན་གྱིས་དགའ་སྟོན་ཚོགས་མཆོད་དང་། སྐོང་བཤགས་རྒྱས་པར་བྱ་ཞིང་། ཡི་དམ་གྱི་རྗེས་ཆོག་དང་ཆབས་ཅིག་ཏུ་མདུན་བསྐྱེད་ལ་དམིགས་ཏེ། མཆོད་བསྟོད། ནོངས་བཤགས་བྱ་ཞིང་འདོད་དོན་གསོལ། རྒྱལ་ཆེན་འཁོར་བཅས་རང་གནས་སུ་གཤེགས། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྣམས་སྤྱི་ལྟར་བྱས་པས་གྲུབ་བོ། །གསང་བདག་མཐུ་དང་ཕྱོགས་བཞི་སྐྱོང་རྣམས་ཀྱི། །བདེན་སྟོབས་ལྕགས་རིས་གངས་ཅན་མཐའ་དབུས་ཀུན། །བསྲུང་བ་ཕས་རྒོལ་གཡུལ་ལས་རྣམ་པར་རྒྱལ། །ཆོས་འབྱོར་དབུ་འཕང་དགུང་དང་མཉམ་གྱུར་ཅིག །ཅེས་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་ཕྲིན་ལས་ཡོངས་སུ་རྫོགས་པའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་དེ་བཱི་ཀོ་ཊིའི་ཡང་དབེན་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གསལ་བར་བཀོད་པ་དགེ་ལེགས་འཕེལ།། །།


[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).