Terdzo-PHA-009

From Rinchen Terdzö
Revision as of 16:37, 14 December 2017 by Jeremi (talk | contribs) (Text replacement - "{{UnderConstruction }} " to "")


རྡོ་རྗེ་གྲོ་ལོད་གསང་བའི་སྒྲུབ་ཐབས་གདུག་པ་ཀུན་འདུལ་

rdo rje gro lod gsang ba'i sgrub thabs gdug pa kun 'dul

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
in cycle  གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་ (Gro lod gsang sgrub gdug pa kun 'dul)
Volume 14 (ཕ) / Pages 141-155 / Folios 1a1 to 8a4

[edit]

༁ྃ༔ རྡོ་རྗེ་གྲོ་ལོད་གསང་བའི་སྒྲུབ་ཐབས་གདུག་པ་ཀུན་འདུལ་བཞུགས་སོ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ རྣལ་འབྱོར་སྒྲུབ་པོའི་སྲོག་གི་གོ༔ བར་ཆད་ལོག་འདྲེན་སྐྱོབ་པའི་རྫོང༔ སྙིགས་དུས་དམ་འགོང་གདུག་པ་ཅན༔ འདུལ་བའི་གཉེན་པོ་ཟླ་མེད་པ༔ དྲག་པོ་འཆོལ་བའི་གསང་སྒྲུབ་བསྟན༔ ཏིང་འཛིན་འདིས་ཟབ་འཇིག་རྟེན་དུ༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ ས་མ་ཡ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ ཐོག་མར་མི་ཕྱེད་དད་པ་ཡིས༔ སྐྱབས་སུ་འགྲོ་ཞིང་སེམས་མཆོག་བསྐྱེད༔ ན་མོ༔ ཕྱོགས་དུས་རྒྱལ་བ་འདུས་པའི་སྐུ༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ལ༔ གུས་པས་སྐྱབས་མཆི་གསོལ་བ་འདེབས༔ བྱང་ཆུབ་བར་དུ་བསྐྱབ་ཏུ་གསོལ༔ གཟུང་འཛིན་བདུད་བགེགས་ཚར་གཅོད་ཕྱིར༔ ཁྲག་འཐུང་ཁྲོ་རྒྱལ་མཆོག་བསྒྲུབས་ནས༔ འགྲོ་ཀུན་བསྒྲལ་བར་སེམས་བསྐྱེད་ན༔ ལམ་མཆོག་བགྲོད་པར་བྱིན་གྱིས་རློབས༔ དངོས་གཞི་བསྐྱེད་བཟླས་རྫོགས་གསུམ་ལས༔ ལྷ་བསྐྱེད་དམ་ཡེ་གཉིས་མེད་པར༔ གདོད་ནས་རང་བྱུང་རང་གསལ་གདབ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་སྣང་ཆོས་རྣམས་ཀ་ནས་དག༔ རང་བཞིན་རྫོགས་པ་ཆེན་པོའི་ངང༔ ཧཱུྃ་ཧཱུྃ་ཧཱུྃ༔ འོད་གསལ་རང་སྣང་ཀུན་ཏུ་ཁྱབ༔ མཁའ་ལ་ཉི་བཞིན་ཡེ་ནས་གདལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དབྱིངས་རིག་ཟུང་འཇུག་གདོད་མའི་གཤིས༔ མ་བཅོས་ཡེ་ཤེས་ཐིག་ལེར་ཤར༔ རྒྱུ་ཡིས་མ་བསྐྱེད་ལྷུན་གྱིས་གྲུབ༔ རྐྱེན་གྱིས་མི་འཇིག་རྡོ་རྗེའི་སྐུ༔ མཐའ་གྲོལ་ཡེ་ཤེས་ཧེ་རུ་ཀ༔ འཆོལ་བའི་ཆས་ཅན་ཁྲོ་བོའི་རྒྱལ༔ སྨུག་ནག་བསྐལ་པའི་མེ་ལྟར་འབར༔ ཆོས་ཉིད་མི་འགྱུར་བདེ་ཆེན་མདངས༔ ཁྲོ་གཏུམ་གར་དགུའི་ཉམས་དང་ལྡན༔ དུར་ཁྲོད་ཆས་བརྒྱན་ཆོས་གོས་གསོལ༔ རྡོ་རྗེ་རྩེ་དགུས་སྟེང་གདོན་འཇོམས༔ ཧཱུྃ་དགུ་རཾ་དགུའི་ཚྭ་ཚྭ་འཕྲོ༔ གནམ་ལྕགས་ཕུར་པ་བགེགས་ལ་གཟིར༔ སྡིགས་མཛུབ་ལྕགས་སྡིག་མགོ་དགུ་འགྱེད༔ སྟག་མོ་གྲུས་མའི་སྟེང་ན་འགྱིང༔ སྡེར་མོས་རྒྱལ་བསེན་སྙིང་ལ་གཟིར༔ སྤྱི་གཙུག་ཁྱུང་ཆེན་དམར་ནག་ལས༔ རིགས་ལྔའི་བྱ་ཁྱུང་གྲངས་མེད་སྤྲོ༔ གནས་གསུམ་རིགས་གསུམ་ཁྲོས་པའི་ལྷ༔ ལྟེ་གསང་དབྱིངས་ཕྱུག་མེ་དབལ་དང༔ དཔྲལ་མགྲིན་ལ་སོགས་སྐུ་ཡི་གནས༔ ཁྲོ་བཅུ་ཁྲ་ཐབས་གོ་ཆས་གཏམས༔ སྤྲུལ་པའི་ཁྲོ་བོས་གནམ་ས་གང༔ ཡང་སྤྲུལ་ཁྱུང་སྡིག་འཇིག་རྟེན་གཡོ༔ མེ་རི་མེ་དཔུང་འུར་ཆེམ་ཀློང༔ འབར་བའི་གཟི་བརྗིད་བཟོད་པར་དཀའ༔ འཁོར་འདས་ཞིང་ཀུན་མངའ་མཛད་པའི༔ ཆེ་བཙན་འགྲན་ཟླ་བྲལ་བར་གྱུར༔ བསྙེན་པ་འབྲུ་གཅིག་ཁོ་ན་བཟླ༔ བཟླས་པ་ཡང་གསང་འབྲུ་གཅིག་གིས༔ བསྙེན་ཅིང་བསྒྲུབ་སྟེ་ལས་ལ་སྦྱར༔ བསྙེན་པས་བླ་མའི་བྱིན་རླབས་བསྐུལ༔ བསྒྲུབས་པས་མཆོག་ཐུན་དངོས་གྲུབ་བསྡུ༔ ལས་སྦྱོར་གང་འདོད་བདེ་ཁ་བསྒྱུར༔ ཀུན་ཀྱང་ཀ་དག་དགོངས་པའི་གདིང༔ རིག་རྩལ་མོས་གུས་ངར་དང་བཅས༔ རེ་དོགས་འཁུ་འཕྲིག་སྙེམས་ཐག་བཅད༔ ཅིར་ཡང་ཐོགས་མེད་བརྟུལ་ཞུགས་ཀྱིས༔ ཟབ་མོའི་རྣལ་འབྱོར་འདི་ལ་འཇུག༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་གི་བླ་མ་བདུད་འདུལ་དྲག་པོ་རྩལ༔ ད་ལྟ་རྔ་ཡབ་པདྨ་འོད་ན་བཞུགས༔ ཐུགས་རྗེས་བོད་ཁམས་འགྲོ་ལ་རྩེ་གཅིག་དགོངས༔ གདུལ་དཀའ་འདུལ་བའི་ཕྲིན་ལས་རྒྱུན་ཆད་མེད༔ བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་ཆེ༔ ཉམ་ཐག་བདག་ནི་ཕ་ཡིས་མ་གཟིགས་སམ༔ སྐྱབས་མེད་བདག་ལ་དགོས་པའི་དུས་བྱུང་ངོ་༔ ལས་ངན་བདག་འདྲ་ཐུགས་རྗེས་མི་བཟུང་ངམ༔ ཕྲིན་ལས་དབྲི་བཀོལ་དགོངས་པས་བཏང་སྙོམས་ན༔ ཐུགས་དམ་ཞལ་བཞེས་ཐ་ཚིག་ཇི་ལྟར་འགྱུར༔ ཕ་གཅིག་འབོད་དོ་བུ་ལ་བརྩེ་བས་དགོངས༔ ཉིད་ལས་སྐྱབས་གཞན་མེད་པའི་གདུང་ཡུས་ཀྱིས༔ སྙིང་ནས་མཆི་མ་འཁྲུགས་བཞིན་གསོལ་འདེབས་ན༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་ཆེན་ཕོབ༔ མྱུར་བ་ཉིད་དུ་ཐུགས་རྗེའི་རྩལ་ཤུགས་སྐྱེད༔ འཁྲུལ་རྟོག་ཉོན་མོངས་དབྱིངས་སུ་ཞི་བ་དང༔ ཚེ་དབང་ཡེ་ཤེས་རིག་རྩལ་རྒྱས་པར་མཛོད༔ ལུས་ལ་བདེ་དྲོད་འབར་བའི་བྱིན་ཕོབ་ཅིག༔ ངག་ལ་བདེན་ཚིག་འགྲུབ་པའི་བྱིན་ཕོབ་ཅིག༔ སེམས་ལ་རྟོགས་པ་འཆར་བའི་བྱིན་ཕོབ་ཅིག༔ རང་སྣང་དབང་དུ་འདུ་བའི་བྱིན་ཕོབ་ཅིག༔ གཞན་སྣང་ཟིལ་གྱིས་གནོན་པའི་བྱིན་ཕོབ་ཅིག །མཆོག་ཐུན་དངོས་གྲུབ་འགྲུབ་པའི་བྱིན་ཕོབ་ཅིག༔ ཅེས་བརྗོད་སུམ་བསྒྲིལ་བཟླས་པ་ཡིས༔ ཐུགས་དམ་བསྐུལ་བས་ཕྱོགས་བཅུ་དང༔ པདྨ་འོད་ནས་རྩ་བ་གསུམ༔ ཐམས་ཅད་གྲོ་ལོད་སྐུ་དང་སྔགས༔ ཕྱག་མཚན་རྣམ་པར་ཆར་ལྟར་བབས༔ སྒོ་གསུམ་ལ་ཐིམ་སྒྲིབ་པ་སྦྱངས༔ དབང་བཞིས་རྒྱུད་སྨིན་ཡེ་ཤེས་སྐུ༔ ཁྲོ་རྒྱལ་ཆེ་དངོས་གྲུབ་པར་མོས༔ བླ་མའི་བྱིན་རླབས་བསྙེན་པ་འོ༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་ཡི༔ ཐུགས་ཀར་ཉི་སྟེང་ཧཱུྃ་དམར་གསལ༔ ཧཱུྃ་ལས་ཧཱུྃ་འཕྲོས་རང་ལུས་གང༔ བག་ཆགས་རྟོག་སྒྲིབ་བསྲེགས་ཤིང་སྦྱངས༔ ཕྱི་སྣོད་ནང་བཅུད་འཁོར་འདས་ཁྱབ༔ མཆོག་གི་དངོས་གྲུབ་འགྲུབ་པར་མོས༔ དོན་གྱི་དགོངས་པ་གསལ་འདེབས་ཕྱིར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་སངས་རྒྱས་པའི་ཧེ་རུ་ཀ༔ འཁོར་འདས་དབྱེར་མེད་འཆོལ་བ་ཆེ༔ མ་འཁྲུལ་གདོད་མའི་དབྱིངས་ནས་གཤེགས༔ ལྷ་སྐུ་ཐིག་ལེའི་ཕྱག་རྒྱར་བཞེངས༔ ཆོས་ཉིད་རང་སྒྲ་ཧཱུྃ་དབྱངས་སྒྲོགས༔ དབྱིངས་རིག་འདུ་འབྲལ་མེད་པར་བཞུགས༔ ཡིད་དཔྱོད་བྲལ་བར་མངོན་སུམ་འདུད༔ འདོད་ཡོན་མ་སྤངས་ཆོས་ཉིད་རྒྱན༔ འོད་ལྔར་ལྷུན་གྱིས་གྲུབ་པས་མཆོད༔ དབྱིབས་དང་རྒྱན་བཀོད་ཚད་བཟུང་མེད༔ གཏིང་གསལ་ལྷུན་རྫོགས་ཆེན་པོར་བསྟོད༔ འཁྲུལ་རྟོག་མ་བྱུང་མ་སྐྱེས་པས༔ ཟང་ཐལ་སྒྲིབ་གཡོགས་བྲལ་བར་བཤགས༔ རིག་རྩལ་ཐོག་འབེབ་ཐུགས་དམ་བསྐུལ༔ འཁོར་བའི་འཁྲུལ་འཁོར་གཏིང་ནས་ཟློག༔ གཞི་སྣང་འཁྲུལ་པ་རྩད་ནས་ཆོད༔ ཡེ་ཤེས་རང་ས་ཟིན་པར་མཛོད༔ ཡང་གསང་ཡིག་འབྲུ་ལྔ་བསྒྲིལ་དབྱངས༔ རིགས་གསུམ་ཁྲོས་པའི་ཐུགས་ཀར་ཧཱུྃ༔ དཀར་དམར་མཐིང་ལས་རང་མདོག་འཕྲོས༔ ལུས་གང་སྒོ་གསུམ་སྡིག་སྒྲིབ་སྦྱངས༔ ཞིང་ཁམས་ཀུན་ཁྱབ་རྒྱལ་ཀུན་གྱི༔ གསང་གསུམ་དངོས་གྲུབ་ཀུན་བསྡུས་བསམ༔ དབྱིངས་ཕྱུག་གཙོ་འཁོར་ཐུགས་ཀར་ཧཱུྃ༔ ཁ་དོག་ལྔ་ལྡན་འཕྲོ་འདུ་ཡིས༔ སྙོམས་འཇུག་སྒྲིབ་སྦྱངས་བདེ་ཆེན་གྱི༔ ཡེ་ཤེས་མཐར་ཐུག་བརྙེས་པར་བསམ༔ ཁྱད་པར་གཤེད་པོའི་དཔྲལ་བ་ཡི༔ ཧཱུྃ་དཀར་ཟླ་འོད་བདུད་རྩིའི་ཟེར༔ ཧཱུྃ་འཕྲོས་ཚེ་བདུད་བར་ཆད་བསལ༔ བླ་ཚེ་བརྐུས་འཕྲོག་ཡར་བ་དང༔ བརྟན་གཡོའི་དྭངས་བཅུད་ཧཱུྃ་དུ་བསྡུས༔ འཆི་མེད་རྡོ་རྗེའི་སྐུ་འགྲུབ་བསམ༔ རྟ་མགྲིན་ལྗགས་སྟེང་ཧཱུྃ་དམར་་ལས༔ གྲངས་མེད་ཉི་མའི་ཟེར་ལྟར་འཕྲོས༔ ངག་མནན་ངག་སྐྱོན་སང་གིས་དག༔ གསང་སྔགས་སྒྲ་དབྱངས་བཅུད་ཀུན་བསྡུས༔ མཐུ་སྟོབས་ནུས་པ་མེ་ལྟར་འབར༔ སྨྲ་བའི་དབང་ཕྱུག་ཆེ་འགྲུབ་བསམ༔ གསང་བདག་ཐུགས་ཀའི་ཧཱུྃ་མཐིང་གི༔ སྤྲོ་བསྡུས་ཆགས་སོགས་ཉོན་མོངས་སྦྱངས༔ སྒོ་ལྔའི་གཟུང་འཛིན་རྒྱུ་ལམ་བཅད༔ དག་པ་ཡེ་ཤེས་རྩ་སྒོ་ཕྱེས༔ གཟུངས་དྲན་མངོན་ཤེས་ཏིང་ངེ་འཛིན༔ དཔག་ཏུ་མེད་ལ་དབང་ཐོབ་བསམ༔ དེ་དག་རྣམས་ཀྱི་བར་མཚམས་སུ༔ བཟླས་པ་ལྔ་བསྒྲིལ་དབྱངས་སུ་ལེན༔ ཡི་དམ་དངོས་གྲུབ་བསྒྲུབ་པ་འོ༔ ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས༔ ཧཱུྃ་ཡིག་ཁ་དོག་རྣམ་ལྔ་འཕྲོས༔ འཇིག་རྟེན་ཀུན་གང་ཧཱུྃ་སྒྲ་ལྡིར༔ ཀུན་ཀྱང་ཁྲོ་བོའི་སྐུར་གྱུར་ཏེ༔ ཧཱུྃ་གི་འབྲུག་སྒྲས་སྟོང་གསུམ་གཡོ༔ སྒྲིབ་གཉིས་བག་ཆགས་ནད་གདོན་ཞི༔ ཚེ་བསོད་དཔལ་འབྱོར་རིག་རྩལ་རྒྱས༔ རླུང་སེམས་སྣང་བ་དབང་དུ་འདུས༔ དགྲ་བགེགས་འབྱུང་པོ་རྩད་ནས་བཅོམ༔ འགྲོ་ཀུན་རྣམ་གྲོལ་མཆོག་ལ་སྦྱོར༔ སྣོད་བཅུད་ཡེ་ཤེས་འཁོར་ལོར་བསྒྱུར༔ བཟླས་པ་བདུན་བསྒྲིལ་ལས་མཐུན་དབྱངས༔ སྙན་བརྗིད་གཏུམ་རྔམ་སྐབས་བཞིན་སྦྱར༔ ཕྲིན་ལས་སོ་སོར་གཙོར་བསྒྲུབ་ན༔ དེ་དང་དེ་ཡི་དམིགས་བཟླས་དབྱེ༔ བྱེ་བྲག་དྲག་པོའི་ཁ་བསྒྱུར་ནི༔ མེ་དབལ་ཐུགས་ལས་འབར་བའི་ཧཱུྃ༔ ཐོག་ལྟར་འཕྲོས་པས་སྣང་སྲིད་གང༔ མི་སྲུན་སྡེ་བརྒྱད་གདུག་པ་ཅན༔ ཚར་བཅད་སྲོག་གི་སྙིང་པོ་བླངས༔ བྲན་དང་འབངས་སུ་བཀོལ་བར་བསམ༔ ཡེ་ཤེས་ཁྲོ་བཅུའི་ཐུགས་ལས་ཧཱུྃ༔ ཕྱོགས་བཅུར་འཕྲོས་པས་གདོན་ཚོགས་གཟིར༔ སྟོབས་བཅུའི་ཡེ་ཤེས་རྩལ་རྫོགས་ཤིང༔ དབང་བཅུའི་དངོས་གྲུབ་བརྙེས་པར་བསམ༔ ཕྱག་མཚན་རྡོ་རྗེ་རྩེ་དགུ་ལས༔ ཧཱུྃ་ཡིག་མེ་འབར་མཁའ་དབྱིངས་ཁྱབ༔ སྟེང་གདོན་གཟའ་གདོང་རྒྱུ་སྐར་བཏུལ༔ ནད་དང་གནོད་པ་ཀུན་ཞི་བསམ༔ ཁྱུང་ཆེན་ཐུགས་ལས་འཕྲོས་པའི་ཧཱུྃ༔ ས་འོག་ཀུན་གང་ཀླུ་གདོན་བཅོམ༔ གཏད་ཁྲོམ་ངན་སྔགས་སྦྱོར་བ་བཤིག༔ ཀླུ་གཉན་ནད་རིགས་བསལ་བར་བསམ༔ ཕུར་བུའི་དབལ་ལས་ཧཱུྃ་ཆེན་གྱི༔ སེར་ཐུན་དམ་སྲིའི་སྙིང་ལ་ཕབ༔ སྡེ་རིས་དཔུང་བཅས་ལྷག་མེད་བཅོམ༔ རྣམ་ཤེས་ཆོས་དབྱིངས་བསྟིམ་པར་བསམ༔ ལྕགས་སྡིགས་ལས་སྤྲོས་ཧཱུྃ་གི་ཐོག༔ གནམ་ས་གང་བས་རྒྱལ་བསེན་ཚོགས༔ གནད་ནས་གཟིར་ཞིང་གནས་རྟེན་བཤིག༔ བཀའ་དང་དམ་ལས་འདའ་མེད་བསམ༔ རྒྱ་སྟག་ཁྲོས་པའི་སྐུ་ལས་ཧཱུྃ༔ གྲངས་མེད་སྤྲོས་པས་གསར་བྱུང་གི༔ འབྱུང་པོ་བཀུག་ནས་གདན་དུ་བྱས༔ གནམ་ལྕགས་སྡེར་མོས་བཅུམ་པར་བསམ༔ ཀུན་ལ་བདུན་སྦྲེལ་གཏུམ་ཆོད་དུ༔ ངེས་པའི་རྟགས་མཐོང་བར་དུ་འབད༔ གཞན་ཡང་ཇི་ལྟར་འདོད་པའི་ལས༔ འདུན་སྟངས་ཏིང་འཛིན་ཁ་བསྒྱུར་བས༔ སྣ་ཚོགས་ནོར་བུའི་རྒྱལ་པོ་བཞིན༔ ཐམས་ཅད་འབྲུ་གཅིག་བཟླས་པས་འགྲུབ༔ ལས་ཀྱི་སྦྱོར་བ་མཐར་ཐུག་གོ༔ མཐར་ཐུག་དབྱིངས་སུ་སྐྱེལ་བའི་གནད༔ རྫོགས་པ་ཆེན་པོར་ལ་བཟླ་བ༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཡེ་ཤེས་ཐམས་ཅད་ཀྱང༔ ཀུན་བཟང་དགོངས་པའི་ངང་དུ་གཅིག༔ ཡེ་སྟོང་འོད་གསལ་ཆེན་པོར་འཁྱིལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་ཐམས་ཅད་རིག་པའི་རྩལ༔ རང་རིག་དུས་གསུམ་འགྱུར་བ་མེད༔ མ་བྱས་མ་བཅོས་བབ་ལས་བྱུང༔ སངས་རྒྱས་སྐུ་གསུམ་གཤིས་ལ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་གྲོལ་དབྱིངས་སུ་བསྐྱར་གཞི་མེད༔ ཅོག་གཞག་ཆེན་པོ་བློ་དང་བྲལ༔ གཏད་མེད་ངང་དུ་བྱར་མེད་པ༔ ཟང་ཐལ་རྗེན་པར་འུབ་ཆུབ་བོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀ་དག་ཀུན་གཞི་སྤྲོས་ལས་འདས༔ མངོན་སུམ་ལམ་བྱེད་ཐེག་པའི་རྩེ༔ འབྲས་བུ་གཞི་ལ་རྫོགས་པ་ཡི༔ ཐིག་ལེ་ཆེན་པོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་སྟོང་པར་གདིང་བཅས་ཏེ༔ རིག་རྩལ་ཧཱུྃ་གིས་གསལ་ངར་འདོན༔ ཕྱི་ནང་འཁྲུལ་རྟོག་ཇི་སྙེད་པ༔ རང་གྲོལ་ཆེན་པོའི་དབྱིངས་སུ་བསྐྱལ༔ ས་མ་ཡ༔ རྗེས་སུ་བསྔོ་སྨོན་རྒྱས་གདབ་ཅིང༔ ཤིས་བརྗོད་དགེ་ལེགས་གོང་འཕེལ་བྱ༔ ཧོ༔ བསྐྱེད་པས་ལུས་སྣང་ལྷ་སྐུར་དག༔ བཟླས་པས་རླུང་སྔགས་དབྱེར་མེད་སྨིན༔ རིག་སྟོང་རྒྱལ་བའི་དགོངས་པར་རྫོགས༔ དཀྱིལ་འཁོར་གཅིག་ཏུ་བྱང་ཆུབ་ཤོག༔ ཧོཿ རྩ་བརྒྱུད་བླ་མས་བྱིན་གྱིས་རློབས༔ ཡི་དམ་ཞི་ཁྲོས་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་བར་ཆད་སོལ༔ གང་བསམ་འགྲུབ་པའི་བཀྲ་ཤིས་ཤོག༔ དེ་ལྟར་ཟབ་གཉན་བྱིན་ཆེ་བའི༔ གུ་རུའི་ཐུགས་ཏིག་མཐར་ཐུག་འདི༔ ཚིག་གི་བརྗོད་པས་གསལ་འདེབས་ཤིང༔ དོན་གྱི་དགོངས་པ་ཡེངས་མེད་ངང༔ རིག་རྩལ་ངར་ལྡན་ཐོག་ལྟ་བུའི༔ རྣལ་འབྱོར་འབྲལ་མེད་རྒྱུན་དུ་བསྐྱང༔ བར་ཆད་བགེགས་ཚོགས་འཕྲལ་དུ་ཞི༔ ཐུན་མོང་གང་འདོད་བདེ་བླག་འགྲུབ༔ འཁྲུལ་རྟོག་དབྱིངས་སུ་རང་གྲོལ་ནས༔ ཁྲོ་རྒྱལ་ཆེ་དང་དབྱེར་མེད་འགྱུར༔ ས་མ་ཡ༔ སྨིན་བྱེད་གསང་བའི་དབང་བསྐུར་ནི༔ དུས་བཟང་ཡར་མར་ཚེས་བཅུ་ལ༔ བྱིན་ཆགས་གནས་སུ་དཀྱིལ་འཁོར་བཞེངས༔ ཆོས་འབྱུང་ལྟེ་བར་ཧཱུྃ་ཡིག་བཅས༔ དམར་ནག་མེ་རིས་བསྐོར་བའི་དབུས༔ ཞུན་ཆེན་མར་མེ་དཔལ་གཏོར་དང༔ བུམ་པ་སྐུ་གསུང་ཐུགས་རྟེན་བཤམས༔ ཕྱི་ནང་མཆོད་རྫས་དཔུང་བསྐྱེད་ལ༔ བདག་མདུན་དབྱེར་མེད་ཏིང་འཛིན་བསྒོམ༔ བཟླས་པ་བྱ་ཞིང་དགོངས་ཉམས་སྦར༔ དད་ལྡན་གསུམ་ལས་མི་མང་བར༔ ཁྲུས་བྱས་བགེགས་བསྐྲད་སྲུང་མཚམས་བཅད༔ ཡོན་འབུལ་གསོལ་བ་གདབ་ཏུ་གཞུག༔ མཐའ་གྲོལ་ཡེ་ཤེས་ཧེ་རུ་ཀ༔ བླ་མ་རྡོ་རྗེ་གྲོ་ལོད་དགོངས༔ གསང་ཆེན་འབར་བའི་དཀྱིལ་འཁོར་དུ༔ གཞུག་ཅིང་དབང་བསྐུར་བསྩལ་དུ་གསོལ༔ སྐྱབས་སེམས་ཚོགས་གསག་བརྒྱུད་སྦྱངས་ལ༔ དམ་ཚིག་ཆུ་ནན་ལྕེ་ལ་བཞག༔ ཧཱུྃ༔ འདའ་དཀའ་རྡོ་རྗེའི་སྲོག་གི་ཆུ༔ འདི་ཐུངས་དམ་ཚིག་གཉན་པོ་སྲུངས༔ སྲོག་ལ་བབ་ཀྱང་མི་འདའ་བར༔ རྩ་བ་ཡན་ལག་བརྟུལ་ཞུགས་ཟུངས༔ བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ རྡོ་རྗེ་མགོར་བཞག་བྲོ་བོར་བ༔ ས་མ་ཡ་ན་ར་ཀན༔ སྨིན་བྱེད་ཀུན་ལ་གཅེས་པའི་གནད༔ ཡེ་ཤེས་བྱིན་རླབས་འབེབ་པ་སྟེ༔ དམ་ཚིག་སྦྱར་སྤོས་འབེབ་པའི་རྫས༔ དབྱངས་རོལ་གཟི་བརྗིད་འབེབ་པའི་གྲོགས༔ ཏིང་འཛིན་མོས་གུས་འབེབ་པའི་གནད༔ ཀུན་ཚང་ལེ་ལོར་མ་སོང་བར༔ སློབ་མ་ཁྲོ་རྒྱལ་ཆེན་པོར་བསྒོམ༔ གསོལ་འདེབས་ཧཱུྃ་བཟླས་དམིགས་པའི་འཕྲུལ༔ བླ་མ་བསྙེན་པའི་སྐབས་བཞིན་སྦྱར༔ བབས་ནས་སྔགས་ཀྱིས་བརྟན་པར་བྱ༔ དངོས་གཞིའི་ཐོག་མར་བུམ་དབང་བསྐུར༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཁྲོ་བོའི་རྒྱལ༔ བུམ་པའི་བདུད་རྩིར་འོད་དུ་འཁྱིལ༔ དབང་བསྐུར་རྟོགས་སྒྲིབ་བག་ཆགས་སྦྱངས༔ ལྷ་དང་དབྱེར་མེད་སྨིན་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ དྲག་པོའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ སྟོབས་བཅུའི་རྩལ་འཆང་བདུད་ལས་རྒྱལ༔ འབར་བ་ཆེན་པོ་སྐུ་ཡི་དབང༔ སྐལ་ལྡན་ལུས་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཡིག་བགྲང་ཕྲེང་མགྲིན་པར་གཏུག༔ ཧཱུྃ༔ རྡོ་རྗེའི་གསུང་མཆོག་དཔལ་དང་ལྡན༔ མཚོན་ཆ་ཆེན་པོ་སྡུག་བསྔལ་གཅོད༔ ཆོས་ཉིད་རང་སྒྲ་གསུང་གི་དབང༔ སྐལ་ལྡན་ངག་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བླ་མ་ཞི་བ་སྙིང་གར་བསྟིམ༔ ཧཱུྃ༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ འོད་ལྔའི་མདངས་ལྡན་སྙིང་ལ་ཐིམ༔ བདེ་ཆེན་འོད་གསལ་ཐུགས་ཀྱི་དབང༔ སྐལ་ལྡན་སེམས་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆས་བརྒྱད་བཀོན་ལ་གར་ཉམས་འཕོ༔ ཧཱུྃ༔ ཚོགས་བརྒྱད་རྣམ་དག་དུར་ཁྲོད་ཆས༔ ཐེག་དགུའི་རྩལ་རྫོགས་གར་གྱི་ཉམས༔ གང་འདུལ་དེར་སྟོན་ཡོན་ཏན་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཕྱག་མཚན་ལག་པ་གཡས་གཡོན་གཏད༔ ཧཱུྃ༔ ཡེ་ཤེས་རྡོ་རྗེ་རྩེ་དགུ་འབར༔ ཕུར་བུས་སྲིད་གསུམ་ཐལ་བར་འབྱིན༔ བགེགས་འདུལ་ལྕགས་སྡིག་ཕྲིན་ལས་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཀརྨ་ཨ་བྷི་ཥིཉྩ་ཧྲཱི༔ དཔལ་གཏོར་སྐུ་ཙཀ་གནས་གསུམ་བཞག༔ ཧཱུྃ༔ དུར་ཁྲོད་འབར་བའི་ཕོ་བྲང་དུ༔ དཔལ་ཆེན་ཁྲོ་བོའི་ཕྱག་རྒྱ་རྫོགས༔ ཡེ་ཤེས་གཟི་བརྗིད་འཁོར་འདས་ཁྱབ༔ སྤྲུལ་པའི་ཆོ་འཕྲུལ་གནམ་ས་གང༔ སྣོད་བཅུད་ཡོངས་རྫོགས་གཏོར་མའི་དབང༔ ལུས་ངག་ཡིད་ལ་བསྐུར་བ་ཡིས༔ སྡིག་སྒྲིབ་ནད་གདོན་ཀུན་ཞི་ཞིང༔ རྡོ་རྗེ་གསུམ་དང་དབྱེར་མེད་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་བ་ལིཾ་ཏ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ མཆོག་ཏུ་གསང་བའི་བྱིན་རླབས་ནི༔ དཀྱིལ་འཁོར་དབུས་ཀྱི་མེ་སྦར་ལ༔ སྐད་ཅིག་གཏུམ་ཆེན་ཁྲོ་བོའི་རྒྱལ༔ ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ༔ རྩ་གསུམ་རྒྱལ་བའི་སྤྲིན་ཕུང་འཁྲིགས༔ དམ་ཅན་ཆོས་སྐྱོང་ཐོག་སེར་འབེབ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ནམ་མཁའ་གང་བའི་ཆོ་འཕྲུལ་བཅས༔ བསྒྲུབ་བྱའི་སྤྱི་བོའི་གཙུག་ཏུ་བྱོན༔ མེ་ལྔ་འབར་བ་གནས་ལྔར་ཞུགས༔ རྒྱུ་འབྲས་དུག་ལྔའི་བག་ཆགས་བསྲེགས༔ སྐུ་ལྔ་ཡེ་ཤེས་རྩལ་རྫོགས་བསམ༔ གདེངས་ཤིང་བསྐོར་ལ་གནས་སུ་བཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ ཆོས་སྐུ་མཐའ་ཡས་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ འོད་ཆེན་རྣམ་པར་སྣང་བར་བྱེད༔ ལོངས་སྐུ་གར་དབང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ སྤྲུལ་སྐུ་ཐོད་ཕྲེང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ རྡོ་རྗེ་གྲོ་ལོད་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཡེ་ཤེས་མེ་ལྕེ་འོད་རབ་གསལ༔ དམར་ནག་མེ་ཕྲེང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ རྩ་གསུམ་ལྷ་ཚོགས་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ལངྐ་དཔལ་གྱི་རི་བོའི་རྩེར༔ པདྨ་འོད་ཕུང་འཁྱིལ་བ་ནས༔ གུ་རུ་རྡོ་རྗེ་གྲོ་ལོད་བཞེངས༔ བདུད་འདུལ་འཁོར་ཚོགས་བཅས་ཏེ་གཤེགས༔ གདུང་བས་བསྐུལ་ལོ་ཐུགས་རྗེ་སྐྱེད༔ དད་པས་འབོད་དོ་མྱུར་དུ་བྱོན༔ བརྩེ་བས་དགོངས་ཤིག་དྲག་པོ་རྩལ༔ ཐུགས་དམ་མ་བསྙེལ་གྲོ་བོ་ལོད༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལུས་ལ་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་ཐུགས་ཀྱི་བྱིན་ཆེན་ཕོབ༔ རྟོག་སྒྲིབ་ཡེ་ཤེས་མེ་ཡིས་བསྲེགས༔ ནད་གདོན་ཐུགས་རྗེའི་རླུང་གིས་གཏོར༔ བར་ཆད་འབྱུང་པོ་ཐལ་བར་རློགས༔ ཉོན་མོངས་དུག་ལྔ་དབྱིངས་སུ་སྟིམས༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཕུང་ལྔའི་སྒྲིབ་བྲལ་ལྷ་རུ་སྨིན༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་སྒྲ་གསུམ་ལྔ་བདུན་བསྒྲིལ་དབྱངས༔ འདེགས་འཇོག་ཕྲ་སྦོམ་རྔམ་གཏུམ་སྦྱར༔ ལྷ་ཚོགས་འོད་ཞུ་སློབ་མར་བསྟིམ༔ དགོངས་པའི་དྲོད་གཏད་ལྟ་གདིང་བསྐྱེད༔ དབྱིངས་སུ་སྐྱེལ་ཞིང་ལ་བཟླ་བའི༔ རྡོ་རྗེའི་ཚིག་གིས་གསལ་བཏབ་སྟེ༔ ངོ་སྤྲོད་དོན་གྱི་དབང་མཆོག་བསྐུར༔ མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ༔ སྨིན་བྱེད་ཀུན་གྱི་ཡང་ཟབ་གནད༔ འབྲེལ་ཚད་རྐྱེན་ངན་བར་ཆད་ཞི༔ དངོས་གྲུབ་སྣ་རེ་ངེས་པར་ཐོབ༔ མཐར་ཐུག་གུ་རུའི་རྗེས་འཛིན་འགྱུར༔ ས་མ་ཡ༔ བདག་ཉིད་རྡོ་རྗེ་གྲོ་ལོད་ཀྱིས༔ རང་གི་སྒྲུབ་ཐབས་གྲངས་མེད་བརྩམས༔ ཀུན་གྱི་ཡང་ཟབ་སྙིང་ཁྲག་ཐིག༔ བརྩེ་བས་བཻ་རོ་ཉིད་ལ་གདམས༔ གསང་འཛིན་མཁའ་འགྲོས་གཏེར་དུ་སྦོས༔ མ་འོངས་དྲག་སྤྱོད་རྩུབ་འགྱུར་དུས༔ ལྷ་མིན་ཀླ་ཀློ་འཇུག་པའི་ལྟས༔ ནག་ཕྱོགས་བདུད་རིགས་ཤུགས་བརྡོལ་ཚེ༔ འཕྲད་ཆོག་གཉེན་པོ་བླ་ན་མེད༔ རྡོ་རྗེ་ཕ་ལམ་གོ་དང་མཚུངས༔ ལོ་ཙཱ་ཆེན་པོའི་སྨོན་ལམ་མཐུས༔ སྤྲུལ་པ་ཞིག་གིས་སྣང་བར་བྱེད༔ རང་གཞན་མང་པོའི་དོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ བོད་ཁམས་བཀྲ་ཤིས་འབྱུང་པའི་གནས་མཆོག་རོང་མེ་དཀར་མོ་སྟག་ཚང་ནས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་གསང་གཏེར་གྱི་དངོས་གྲུབ་ཏུ་ཐོབ་སྟེ་གཏན་ལ་ཕབ་པའོ། །དགེ་ལེགས་འཕེལ།། ༈ །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཆ་བྱ་དགོས་ཡོད་དོ། །ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་བའོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).