Terdzo-NYI-045

From Rinchen Terdzö
Revision as of 01:56, 15 December 2017 by Jeremi (talk | contribs) (Text replacement - "{{UnderConstruction }} " to "")


དམ་ཅན་མགར་བ་ནག་པོའི་ཕྲིན་ལས་རྗེས་གནང་དང་བཅས་པ་དམ་ལྡན་རེ་སྐོང་

dam can mgar ba nag po'i phrin las rjes gnang dang bcas pa dam ldan re skong

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
in cycle  མ་མགོན་འཁོར་ལྔའི་སྐོར་དམ་ཅན་མགར་ནག་ (Ma mgon 'khor lnga'i skor dam can mgar nag)
Volume 38 (ཉི) / Pages 645-666 / Folios 1a1 to 11b3

[edit]

༄༅། །དམ་ཅན་མགར་བ་ནག་པོའི་ཕྲིན་ལས་རྗེས་གནང་དངབཅས་པ་དམ་ལྡན་རེ་སྐོང་ཞེས་བྱ་བ་བཞུགས་སོ། ། ཁྲག་འཐུང་རྟ་མཆོག་རྒྱལ་པོར་འདུད། །དེ་སྤྲུལ་མཐུ་ལྡན་དྲེགས་པའི་གཙོ། །གཏེར་ཁ་བྱེ་བའི་གཉེར་འཛིན་པ། །སྐྱེས་མཆོག་རྡོ་རྗེ་ལེགས་པས་སྐྱོངས། །འདིའི་སྒྲུབ་པའི་ལག་ལེན་གཞན་ནས་ཤེས་དགོས་ལ། ཕྲིན་ལས་དང་རྗེས་གནང་ཙམ་ལ་གོང་དུ་ཡི་དམ་གྱི་མཆོད་གཏོར་བཤམ་པའི་མདུན་དུ་ཟངས་ལྕགས་ཀྱི་སྣོད་དུ་མཁར་ཐབས་སྟེང་གཏོར་མ་ཟུར་གསུམ་ར་མགོས་མཚན་པ། མདུན་དུ་ལྷ་བཤོས་དཀར་པོ། གཡས་སུ་གཤིན་རྗེ་ཁྲོམ་རིས་ཅན། རྒྱབ་ཏུ་བདུད་བཤོས་ནག་པོ། གཡོན་དུ་བཙན་བཤོས་དམར་པོ། འདབས་སུ་ཐོད་པ་སྐམ་རློན་གྱིས་བསྐོར་བ་རྒྱན་ལྡན་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། དེ་མདུན་མཆོད་གཏོར་གྲུ་གསུམ་དམར་པོ་དང་། ཞི་དྲག་གི་མཆོད་པ་བཤམས་པ་ནི་སྦྱོར་བའོ། །ཕྲིན་ལས་དངོས་ལ་ཐོག་མར་ཕྱག་རྡོར་རམ་རྟ་མགྲིན་དམར་ནག་གང་རུང་གི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས། མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། ཕྱི་ནང་གསང་བའི་རྟེན་རྫས། རིན་ཆེན། འབྲུ་སྨན། རྩི་བཅུད། ནོར་དབྱིག །གོ་མཚོན། འཕན་གདུགས། རྒྱལ་མཚན་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པ་དྭངས་ཤིང་ཐོགས་པ་མེད་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། རྒྱ་ཆེར་འཕྲོ་ཞིང་ཟད་མི་ཤེས་པ། སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་ཐུགས་མཉེས་པར་བྱེད་ཅིང་ཚིམས་པ་སྐྱེད་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡ་ཨཱཿཧཱུྃ། མདུན་རྟེན་བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་ཕ་ཝང་ལོང་བུའི་སྐུ་མཁར། འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་ཆེན་འཁྲིགས་པ་ལས་འབྲུག་གི་སྒྲ་ཆེན་པོ་སྒྲོག་ཅིང་། གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་རོལ་དུ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་རླུང་ནག་འཚུབ་མ་འཁྱིལ་བ། མཐའ་མ་ལྕགས་རི་ནག་པོས་བསྐོར་བའོ། །དེའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ར་སྐྱེས་ཁམ་པ་རྭ་ལ་དཀར་ཁུང་སུམ་བརྩེགས་དང་ལྡན་པ། དེའི་སྟེང་དུ་ཡི་གེ་ཏྲི་ནག་པོ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ཏུ་འདུག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཞལ་ནས་དུག་གི་ཁ་རླངས་འཐུལ་བ། གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས་པ། གཡོན་ན་སྦུད་པ་ནག་པོ་ཐོགས་པ། རྡོ་རྗེ་འཛིན་པ་བདག་གིས་ལས་ཅི་བགྱི་ཞེས་ཟེར་ཞིང་། ཞལ་ནས་སོད་ཅིག་དང་རྒྱོབ་ཅིག་ལ་སོགས་པའི་སྒྲ་སྒྲོག་པ། སྐུ་ལ་དར་ནག་གི་འཇོལ་བེར་གསེར་གྱི་རྡོ་རྗེའི་རི་མོ་ཅན་དགུ་བརྩེགས་གསོལ་བའི་ནང་མ་ལ་གསེར་རྐེད་རིན་ཆེན་སྐ་རགས་སུ་བཅིངས་པ། དེའི་འཁོར་དུ་ལྷ་དང་། གཤིན་རྗེ་དང་། བདུད་དང་། བཙན་གྱི་གིང་ཆེན་སྡེ་བཞི། ལྷའི་དགེ་བསྙན་བརྒྱ་དང་ཉི་ཤུ། བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ །བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། རྡོ་རྗེ་དཔལ་དང་ལྡན་པ་སོགས་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་ཞིང་། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་ཐལ་མོ་རྡེབ་ཅིང་། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ །གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུའི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པས་བསྐོར་ཞིང་། བདག་གི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པའི་ཐུགས་ཀར་ཏྲི་ནག་པོ། བདག་ཉིད་ཡི་དམ་ལྷའི་ས་བོན་དང་ཏྲི་ལས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་དུ་གནས་པ་རྡོ་རྗེ་རིགས་ཀྱི་སེམས་དཔར་བཞུགས་པ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་བོ་མ་ལ་ཡའི་རྩེ་མོ་ཐོད་པའི་གཞལ་མེད་ཁང་ན་དཔལ་ཕྱག་ན་རྡོ་རྗེའི་འཁོར་དུ་གནས་པ་དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་ན་སྐྱེས་བུ་ཆེན་པོའི་ཚུལ་དུ་གནས་པ་ལས་ཀྱི་རྡོ་རྗེ་ལེགས་པ་སྟེ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་སྤྱན་དྲངས། ཏྲི་བཛྲ་སཱ་དྷུ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿཛཿ རྔ་བརྡུང་ཞིང་དབྱངས་དང་བཅས་པས། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་བདག །དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། དམ་ཚིག་དབང་གིས་སྟོང་གསུམ་ཀུན་ཉུལ་ཞིང་། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བོ་རྣམས། །ཐམས་ཅད་དབྱིངས་སུ་སྒྲོལ་བར་མཛད་པ་ཡི། །ནག་པོའི་ཚོགས་དང་བཅས་ཏེ་གཤེགས་སུ་གསོལ། །ཧཱུྃ། དཔལ་ལྡན་སྐྱེས་བུ་ཕྲིན་ལས་མཛད་པའི་ཚེ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུར་བཅས་པ་དང། །ཟ་བྱེད་མཆེ་བ་ཅན་དང་བཅས་པ་རྣམས། །དགྲ་བོའི་ཤ་ཁྲག་གསོལ་ཞིང་ད་ཚུར་བྱོན། །ཧཱུྃ། དཔལ་ལྡན་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་སྤྲུལ་ནས། །སྒྲུབ་པ་པོ་ལ་སྡང་བའི་དགྲ་བགེགས་རྣམས། །འདུལ་མཛད་སྐྱེས་བུ་ཆེན་པོ་ད་ཚུར་བྱོན། །འཁོར་བའི་སྐྱོན་གྱིས་མ་གོས་སྐུ་མདོག་ནག །ལོག་ལྟ་འདུལ་ཕྱིར་སྐུ་ལ་བེར་ནག་གསོལ། །འགྲོ་དྲུག་དབྱིངས་སུ་སྒྲོལ་ཕྱིར་སྤྱན་རྩ་དམར། །དགྲ་བགེགས་འདུལ་ཕྱིར་སྨིན་མ་ཨག་ཚོམ་སེར། །ཉོན་མོངས་སྲེག་ཕྱིར་ཞལ་ནས་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབས་མ་འཁྱིལ་བ་ཡིས། །འཁོར་བའི་ཉོན་མོངས་ལོག་ལྟ་འཇོམས་པར་བྱེད། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །དེང་འདི་ནས་ནི་སྙིང་པོ་བྱང་ཆུབ་བར། །རྡོ་རྗེ་ལེགས་པ་སྐྱེས་བུ་ཁྱོད་ཉིད་དང་། །མི་འབྲལ་ཕྱིར་ན་གནས་འདིར་གཤེགས་སུ་གསོལ། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཅེས་དང་། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཞིང་། །གྲངས་མེད་ཐོག་མའི་དུས་ནས་སེམས་བསྐྱེད་པ། །སྔོན་ཚེ་དེ་བཞིན་གཤེགས་པས་བྱིན་བརླབས་པ། །ཕྱག་ན་རྡོ་རྗེས་དབང་བསྐུར་དམ་ཚིག་ཅན། །བཛྲ་སཱ་དྷུ་དྲག་པོ་མཐུ་བོ་ཆེ། །སྒྲོལ་བའི་གིང་ཆེན་དུང་གི་ཐོར་ཚུགས་ཅན། །ཤར་ཕྱོགས་ཚངས་པ་དཀར་པོ་སྙིང་འབྱིན་དང་། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་མེ་རུ་ཙེ། །ཡབ་རྗེ་ནག་པོ་སྲོག་བདག་ཀུན་གྱི་རྗེ། །ཡམ་ཤུད་དམར་པོ་བཙན་གྱི་རྗེ་བོ་དང་། །དྲག་པོ་དྲག་མོ་བཙན་གྱི་རྗེ་བོ་རྣམས། །སྲོག་སྙིང་གནད་ནས་སྤྱན་འདྲེན་གཤེགས་སུ་གསོལ། །བཞུགས་གསོལ་ནི། ཧཱུྃ། དཔལ་ལྡན་ཁྲག་འཐུང་བཀའ་ཡི་དཀྱིལ་འཁོར་དུ། །འཁོར་ལོ་འབར་བའི་ཕྱི་རིམ་དུར་ཁྲོད་ལ། །མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་སྟེང་། །ར་སྐྱེས་སེང་གེ་མ་ཧེ་ཁྱུ་མཆོག་དང་། །རྟ་ཡི་རྒྱལ་པོ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱེས་མཆོག་དྲེགས་པའི་གཙོ་བོ་འཇིགས་བྱེད་ཆེ། །ཆོས་སྐྱོང་དྲེགས་བྱེད་འཁོར་དང་བཅས་པ་རྣམས། །ཐུགས་དམ་བསྐང་ཕྱིར་བརྟན་པར་བཞུགས་སུ་གསོལ། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ནི། །སངས་རྒྱས་བསྟན་པ་ཡུན་དུ་བསྲུང་བ་དང་། །འགྲོ་བའི་དོན་དུ་ཐུགས་རྗེས་བརྩེར་དགོངས་ལ། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་བཞུགས་སུ་གསོལ། །ཞེས་སྤྱན་དྲངས་དབྱེར་མེད་དུ་བཞུགས་པར་བསམ། གཙོ་འཁོར་རྣམས་ཀྱི་སྤྱི་བོར་ཕྱག་ན་རྡོ་རྗེ་དང་། པདྨ་བཛྲ་བསྒོམ། ལྗགས་ཐོག་ཏུ་བདུད་རྩི་བླུད་ལ། མགོ་བོར་རྡོ་རྗེ་བཞག་པར་མོས་ཤིང་། རྒྱལ་བ་རྣམས་ཀྱིས་ཇི་ལྟར་བཀའ་བསྩལ་ཅིང་། ཁྲོ་རྒྱལ་རྣམས་ཀྱིས་དབང་བསྐུར་དམ་བཞག་པ། །པདྨ་བཛྲས་ཇི་ལྟར་བསྒོས་པ་བཞིན། །རང་གི་ཁས་བླངས་དམ་བཅས་དྲན་པར་མཛོད། །རང་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པོས་སྤྱི་བོར་རྡོ་རྗེ་བཞག །ལྕེ་ལ་བདུད་རྩི་བྱིན་པར་མོས་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝ་ཀ་ཏྲཾ་ཏྲཾ། ཤི་ནི་ཀྲ་མ་ནི། ས་མ་ཡ་སཱ་དྷུ། ཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ། མཆོད་པ་ནི། ཧཱུྃ། དྲེགས་བྱེད་ཁྱོད་རྣམས་མཆོད་པའི་དམ་རྫས་ནི། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་། །སྤོས་མཆོག་རྣམས་དང་གསུར་གྱི་མཆོག་རྣམས་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་སྣ་ཚོགས་འབུལ། །སྨན་སྟོང་བདུད་རྩི་སྦྱར་བའི་དྲི་ཆབ་དང་། །ཤ་ཁྲག་བ་ལིཾ་ཞལ་ཟས་ཨརྒྷཾ་དང་། །སིལ་སྙན་སྒྲ་དབྱངས་སྦྱར་བའི་རོལ་མོ་རྣམས། །ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །མཆོག་ཏུ་མཛེས་ཤིང་ཡིད་འོང་གཟུགས་རྣམས་དང་། །རབ་ཏུ་སྒྲ་སྙན་ཚིམས་བྱེད་རྨད་བྱུང་དྲི། །རོ་བརྒྱ་དང་ལྡན་ཕུན་ཚོགས་ཞལ་ཟས་རྣམས། །ངོ་མཚར་རེག་བྱ་སྣ་ཚོགས་ཁྱོད་ལ་འབུལ། །ལྷ་རྫས་འཁོར་ལོ་རིན་ཆེན་བསམ་འཕེལ་སཏྲི། ཁྱིམ་བདག་ཅང་ཤེས་མྱུར་འགྲོ་གླང་ཆེན་མཆོག །མ་ལུས་དཔུང་ལས་རྒྱལ་བྱེད་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་ཡང་ཁྱོད་ལ་འབུལ། །སྲ་བརྟན་མི་ཤིགས་ཁྲོ་ཆུ་ལས་གྲུབ་ཅིང་། །ཉོན་མོངས་དགྲ་དཔུང་འཇོམས་པའི་ཐོ་བ་ནི། །རྡོ་རྗེ་རིན་ཆེན་གྱིས་སྤྲས་རབ་མཛེས་པའི། །རིན་ཆེན་ཡུ་བ་ཅན་འདི་ཁྱོད་ལ་འབུལ། །མཉེན་ཞིང་ཡངས་པའི་ཁོང་དང་རིང་པོ་ཡི། །མཆུ་ལྡན་དྲག་པོའི་ཤུགས་ཅན་རླུང་གི་ཚོགས། །ཕྱོགས་མཐར་སྤྲོས་པས་དགྲ་རྣམས་རྡུལ་ཕྲན་བཞིན། །རློག་བྱེད་རླུང་གི་གཏེར་འདི་ཁྱོད་ལ་འབུལ། །བྱེ་བྲག་གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས། རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། འབུལ་བ་ནི། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་ཚིལ་གྱི་དུད་པ་འདི། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། ཁམས་གསུམ་སྟོང་གསུམ་འབྱུང་བཞི་ལས་གྲུབ་པའི། །ནོར་གྱི་མཆོག་གྱུར་རིན་ཆེན་རྣམ་པ་བདུན། །དམ་རྫས་བ་ལིཾ་ལ་སོགས་ཐམས་ཅད་ཀྱང་། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བགེགས་དང་། །བླ་མ་ལ་སྡང་གསང་སྔགས་སྨོད་པ་སོགས། །སྒྲུབ་པ་པོ་ལ་སྡང་བའི་དགྲ་བོ་ཡི། །དམ་ཉམས་དགྲ་བོའི་ཤ་ཁྲག་མཆོད་པར་འབུལ། ཁྱོད་ལ་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང་། །སྒྲུབ་པ་པོ་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝ་ཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་སོགས་བརྗོད། དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པའི་སྡོངས་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། བསྟོད་པ་ནི། ཧཱུྃ། དམ་ཅན་མགར་བའི་མཚན་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་འཁྱིལ། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་མགར་གྱི་སྦུད་པ་བསྣམས། །ར་ལ་བཅིབས་ཤིང་སྐུ་ལ་བེར་ནག་གསོལ། །སྤྱན་རྩ་དམར་ཞིང་ལྗགས་ནི་གློག་ལྟར་འཁྱུག །དམ་ཉམས་དགྲ་བོ་ཁྱུར་མིད་བགྱིད་མཛད་པ། །ཞལ་ནས་རྐན་སྒྲ་དྲག་པོར་བརྡབས་པ་ཡིས། །ལོག་པར་ལྟ་བའི་བགེགས་རྣམས་འདར་དུ་འཇུག །སྲིད་གསུམ་གདུག་པའི་ཚོགས་རྣམས་མ་ལུས་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །བཟླས་པ་ནི། དམ་ཅན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་ནག་པོའི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ནས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས་པར་མོས་ལ་གོང་གནོན་སྔོན་དུ་འགྲོ་བའི་སྙིང་པོ་ཅི་ལྕོགས་བཟླ། སྐོང་གསོལ་ནི། མཆོད་གཏོར་ཁ་གསོ། བྱིན་རླབས་གོང་ལྟར་བྱས་ལ། ཧཱུྃ། དྲེགས་བྱེད་ཁྱོད་རྣམས་སོགས་ཀྱི་ཚིག་བཞི་མཚམས་རྣམས་སུ། ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །གདུག་པ་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། །ཅེས་སྦྱར་བ་དང་། རླུང་ནག་འཚུབ་མ་འཁྱིལ་བའི་ཀློང་དཀྱིལ་ན། ཁྲག་ཆེན་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས། ཁྲོ་ཆུས་བསྡམས་པའི་ཕ་ཝང་ལོང་བུའི་མཁར། །མཐོ་ཞིང་རབ་ཡངས་བལྟ་བར་མི་བཟོད་ལ། །ལོག་ལྟ་བསད་པའི་ལུས་ཀྱི་ཀ་གདན་སྒོ། །ཀ་གདུང་གྲལ་གྲབ་ཤ་ཁྲག་ཐོག་ལེབ་ཅན། །མངོན་པར་བཀྲ་བའི་འཇའ་ཚོན་འོད་ཟེར་འཕྲོ། །ཞིང་ཆེན་བླ་བྲེ་བྲེས་ཤིང་ཐོད་པ་དང། །རྒྱུ་རློན་སྙིང་ཕྲེང་དྲྭ་ཕྱེད་དོ་ཤལ་འཕྱང་། །ར་སྐྱེས་མི་ལྤགས་བ་དན་རྒྱལ་མཚན་ཕྱར། །གསར་རྙིང་རོ་དང་དུམ་བུ་ནང་ཁྲོལ་དང་། །སྐྲ་ཚིལ་ཀླད་པ་རྐང་སོགས་ལང་ལིང་བཀྲམ། །ཀེཾ་རུས་སྟོང་ཕྲག་བསྣོལ་བའི་ཁྲི་ཆེན་བཤམས། །ལྕགས་རི་ནག་པོས་བསྐོར་བའི་ཕོ་བྲང་སྟེང་། །ནམ་མཁའ་ཁྱབ་པར་ཁེབས་པའི་དུག་གི་སྤྲིན། །ཚ་གྲང་རླུང་འཁྲུགས་དྲག་པོའི་ང་རོ་སྒྲོག །འཇིགས་ཆེན་གནམ་ལྕགས་རྡོ་རྗེའི་སེར་ཆེན་འབེབ། །གཤིན་རྗེའི་གྲོང་ཁྱེར་གསར་དུ་ལྷགས་པ་བཞིན། །རབ་འཇིགས་དུར་ཁྲོད་རྒྱན་གྱིས་བཀླུབས་པ་འདི། །ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །རྣམ་མང་རྒྱན་སྤྲས་ཙ་ར་རོག་པོ་དང་། །ཨ་ཛ་ཙིཏྟ་ཕ་ཝང་རིན་ཆེན་རྡོ། །སྐུ་གཟུགས་སྲོག་འཁོར་ར་ཡི་རྒྱལ་མཚན་སོགས། །འབོད་བསྟེན་སྒྲུབ་པའི་དམ་རྫས་ཁྱོད་ལ་འབུལ། །ཨིནྡྲ་ནཱི་ལ་མར་གད་མུ་ཏིག་གཡུ། །གསེར་དངུལ་ཟངས་ལྕགས་ལ་སོགས་རིན་ཆེན་བདུན། །འབྲུ་དང་འབྲས་བུ་དྲི་སྨན་རྩི་བཅུད་སོགས། །ནོར་དབྱིག་རྣམ་པ་སྣ་ཚོགས་ཁྱོད་ལ་འབུལ། །རང་ལུས་བསྲུང་ཞིང་ཕས་རྒོལ་གསོད་བྱེད་པ། །སྲ་བརྟན་གོ་ཆའི་ཁྱད་པར་སྣ་ཚོགས་དང་། །རྣོ་ཞིང་ངར་ལྡན་དྲག་པོའི་མཚོན་ཆ་རྣམས། །འཇོལ་བེར་མཐིང་ནག་ལ་སོགས་ཁྱོད་ལ་འབུལ། །སྟག་གཟིག་གཅན་གཟན་ལ་སོགས་གཡང་གཞིའི་ཚོགས། །འཕེན་གདུགས་རྒྱལ་མཚན་བ་དན་ཁྲིི་གདན་བཟང་། །ར་སྐྱེས་སེང་གེ་མ་ཧེ་ཁྱུ་མཆོག་རྟ། །དར་ཚོན་སྣ་ཚོགས་རྒྱན་སྤྲས་ཁྱོད་ལ་འབུལ། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང་། །དགྲ་བགེགས་ཨ་ཛ་ལས་བྱུང་རཀྟའི་མཚོ། །སོ་སོར་མཐུན་པའི་དམ་རྫས་སྣ་ཚོགས་པ། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པར་འབུལ། ཁྱོད་ཀྱི་ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །གདུག་པ་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། །ཅེས་པ་ཙམ་དང་། སྤྲོ་ན། ཡང་གཅིག་ཐུགས་དམ་སོགས་ཀྱང་བྱའོ། །བཤགས་པ་ནི། ཧཱུྃ། དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་བ། །མ་རིག་དབང་གིས་ཉེས་པ་བྱུང་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང། ཁྱོད་ཀྱི་འཁོར་དུ་གཏོགས་པའི་འཇིག་རྟེན་པ། །གདུག་པའི་ཚོགས་ནི་དེ་དག་ཐམས་ཅད་ལ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གིས་རབ་ཏུ་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ། །དེ་ནས་ཕྲིན་ལས་ཁོ་ན་གཏང་ན་རྗེས་ཆོག་ལ་འཇུག །རྗེས་གནང་བྱེད་ན་སྐོང་བཤགས་གྲུབ་པ་དང་། ལས་བུམ་བགེགས་མཐར་བྱེད་སྔགས་ཀྱིས་བྱིན་བརླབ། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྐྱེས་མཆོག་རྡོ་རྗེ་ལེགས་པ་འདི་ཉིད་རྣམ་པ་འཇིག་རྟེན་དྲེགས་པའི་སྡེ་དཔོན་གྱི་ཚུལ་བསྟན་ཀྱང་། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་སྐུ་རྡོ་རྗེའི་རང་བཞིན་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར། གསང་བའི་བདག་པོའི་སྤྱན་སྔར་ཐུགས་རྡོ་རྗེའི་རང་བཞིན་དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་ན། དཔལ་ལྡན་དྲེགས་པ་རྟ་མགྲིན་གྱི་སྤྲུལ་པ་གསུང་རྡོ་རྗེའི་རང་བཞིན་ལས་ཀྱི་རྡོ་རྗེ་ལེགས་པའི་ཚུལ་དུ་བཞུགས་པར་གསུངས་ལ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྲུང་བའི་ཕྱིར་དྲེགས་པ་རང་རྒྱུད་པ་ལྟར་བསྟན་ཏེ། དཔལ་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་བསྟན་པ་བསྲུང་བར་བཀའ་བསྒོས་གཉེར་དུ་གཏད། རང་ཉིད་ཀྱིས་ཀྱང་ཁས་བླངས་ཤིང་དམ་ལ་ཞུགས། དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་ཏེ། ཆོས་སྐྱོང་བའི་སྲུང་མར་མངའ་གསོལ་ནས། གཙུག་ལག་ཁང་དང་གཏེར་ཁ་དུ་མའི་གཉེར་གཏད། སྟག་སྤྱང་ཁ་སྤྲོད་སོགས་རྒྱུད་དང་མན་ངག་སྒྲུབ་ཐབས་མང་པོ་གཏེར་ཁ་རྣམས་སུ་སྦས་པ་གུ་རུ་ཇོ་རྩེ་དང་རཏྣ་གླིང་པ་སོགས་ཀྱིས་བཏོན་ཅིང། ཁྱད་པར་གྲུབ་མཆོག་ཀརྨ་པཀྴིས་དམ་ལ་བཏགས་ནས་ཕྲིན་ལས་ཐ་དག་ཐོགས་མེད་དུ་བསྒྲུབས་པས་ན། བཀྲ་ཤིས་ལ་བྱིན་ཆགས། རྒྱུད་འཇམ་ལ་སྙིང་ཉེ། དཔའ་ཞིང་བརྟུལ་ཕོད་ལ་མཐུ་རྩལ་ཆེ། དམ་ཚིག་ལ་གནས་ཤིང་ཕྲིན་ལས་མྱུར་བའི་ཆོས་སྐྱོང་ཁྱད་པར་ཅན་ཡིན། འདི་ཉིད་ཀྱི་རྗེས་གནང་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དམ་ཅན་སྐྱེས་བུ་ཆེན་པོ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱེད་པའི་སླད་དུ་བླ་མ་ཡི་དམ་དབྱེར་མ་མཆིས་པ་ལ་རྩ་གསུམ་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་ཡན་ལག་ལྔ་པའི་གསག་སྦྱོང་བགྱི་བའི་འདུན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པའི་དོན་དུ་སློབ་དཔོན་ལ་ཕྱག་ན་རྡོ་རྗེ་དངོས་ཀྱི་མོས་འདུན་དྲག་པོ་མཛོད། དེའང་སྐྱེས་བུ་ཆེན་པོ་འདི་ཉིད་ངོ་བོ་ཡེ་ཤེས་པ་ཡིན་ཡང་། གནས་སྐབས་སུ་འཇིག་རྟེན་པ་ལྟར་བསྒྲུབ་ན་བསྐུལ་བར་སླ་ཞིང་དྲག་ལས་ལ་མྱུར་བས། ཁྱེད་རང་རྣམས་ཡི་དམ་དུ་བསྒོམ་ནས། ཆོས་སྐྱོང་བཀའ་སྡོད་ཀྱི་ཚུལ་དུ་གཏད་པ་ཡིན་པས་མོས་འདུན་འདི་རྣམས་མཛད་འཚལ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། རྣམ་སྨིན་གྱི་ཕུང་པོ་ཤ་ཁྲག་རུས་པ་དང་བཅས་པ་འོད་དུ་ཞུ། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རྣམ་ཤེས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་ཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་གཉེར་རབ་ཏུ་བསྡུས་ཤིང་སྤྱན་གསུམ་དུས་མཐའི་མེ་ལྟར་འབར་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་གཡོ་བའི་ལྗགས་འདྲིལ་ཞིང་ཧཱུྃ་སྒྲ་སྒྲོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་དམར་སེར་གྱེན་དུ་འབར་ཞིང་། སྐུ་ལ་སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། སྤྱི་བོར་མི་བསྐྱོད་པས་རྒྱས་གདབ་པ། རུས་པ་དང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་འདོར་སྟབས་ཀྱིས་ཡེ་ཤེས་ཀྱིས་མེ་འབར་བའི་དབུས་ན་བཞེངས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམས་ཤིག །དེ་ལྟར་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བ་ལ། སྐྱེས་བུ་ཆེན་པོ་བཀའ་སྡོད་དུ་གཏད་པ་ཡིན་པས། དེ་ལ་སྐུ་བསྐྱེད་པའི་རྗེས་གནང་། སྔགས་བཟླས་པའི་རྗེས་གནང་། སྲོག་སྙིང་བླང་བའི་རྗེས་གནང་། སྲུང་མར་གཏད་པའི་རྗེས་གནང་དང་བཞི་ཡོད་པ་ལས། དང་པོ་སྐུ་བསྐྱེད་པའི་རྗེས་གནང་ནི། དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་མདུན་དུ་གཏོར་མ་འདི་དང་ཐ་དད་མེད་པར་ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་སོགས་གོང་གི་བསྐྱེད་ཆོག་སྐབས་ལྟར་བརྗོད། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་སྤྱན་དྲངས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ཤིག །རོལ་མོ་དང་བཅས་པས། ཏྲི་བཛྲ་སཱ་དྷུ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཅེས་བརྗོད། དེ་ནི་སྐུ་བསྐྱེད་པའི་རྗེས་སུ་གནང་བ་ཡིན། ད་སྔགས་བཟླ་བའི་རྗེས་སུ་གནང་བ་ནི། སློབ་དཔོན་གསང་བདག་ཏུ་གསལ་བའི་ཞལ་ནས་སྔགས་ཀྱི་རང་སྒྲ་འགག་པ་མེད་པར་སྒྲོག་པ་ལ་སེམས་གཏད། ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཏྲི་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐྱེས་བུ་ཆེན་པོའི་གསུང་གི་དངོས་གྲུབ་ཐོབ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་སཱ་དྷུ་སོགས་ཅི་རིགས་བརྗོད། དེ་ལྟར་བྱས་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་འཕྲོས། དེ་རྣམས་ལ་ཁྱེད་རང་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་ཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་པར་ཡོད་སྙམ་པ་མཛོད། དེ་ནི་སྔགས་བཟླ་བའི་རྗེས་སུ་གནང་བ་ཡིན། ད་སྲོག་སྙིང་བླང་བའི་རྗེས་སུ་གནང་བ་ནི། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་ཕྱག་རྡོར་གྱི་མོས་འདུན་དྲག་ཏུ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཏྲི་ལ་ཕོག་པས་སྐྱེས་བུ་ཆེན་པོའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཏྲི་ལས་ཏྲི་གཉིས་པ་ཞིག་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྐྱེས་བུ་ཆེན་པོའི་ཐུགས་ཀྱི་དངོས་གྲུབ་ཐོབ་ཅིང་། སླར་དམ་ཅན་འཁོར་དང་བཅས་པས་ཁྱེད་རང་རྣམས་ལ་གུས་ཤིང་འདུད་པའི་ཚུལ་གྱིས། ཇི་ལྟར་བཅོལ་བའི་ཕྲིན་ལས་མཐའ་དག་བསྒྲུབ་པར་ཁས་བླངས་ཤིང་དམ་བཅས་ནས་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་པར་ཡོད་སྙམ་དུ་མཉམ་པར་འཇོག་པར་ཞུ། དེ་ནི་སྲོག་སྙིང་བླང་བའི་རྗེས་སུ་གནང་བ་ཡིན། ད་སྲུང་མར་གཏད་པའི་རྗེས་སུ་གནང་བ་ནི། གཏོར་མ་ལ་དཔལ་འབར་བཙུགས་པ་ཐོགས་ཏེ། བླ་མ་ཕྱག་རྡོར་དུ་གསལ་བས་མདུན་གྱི་དམ་ཅན་འཁོར་དང་བཅས་པ་ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བ་ལ་བཀའ་སྡོད་ཀྱི་ལས་མཁན་དུ་གཏད་ནས་བཀའ་བསྒོས། བླ་མ་བརྒྱུད་པའི་མཚན་ནས་སྨྲོས་ཏེ། དམ་ཚིག་བསྒྲགས་པས་སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན། ཁྱེད་རང་རྣམས་ཀྱི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཡོད་སྙམ་པའི་སེམས་མ་ཡེངས་པར་གྱིས་ཤིག །གཏོར་མ་སློབ་མའི་ལག་ཏུ་བཞག་ལ་རོལ་མོ་དང་བཅས་པས། དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། དགེ་བསྙེན་ཆེན་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། གནས་པོ་ཆེན་པོ། བྱེས་ལྷ་ཆེན་པོ། ཇག་དཔོན་ཆེན་པོ། དགྲ་བླ་ཆེན་པོ། གནམ་རལ་གཅིག་གི་བདག་པོ། ས་གྲུ་གཅིག་གི་རྗེ་བོ། འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་མེ་རུ་ཙེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ། དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ །དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ །ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། རྡོ་རྗེ་དཔལ་དང་ལྡན་པ་སོགས་གསང་བའི་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་ཐལ་མོ་རྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་པ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུ་ཡི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་ཁྱེད་རྣམས་ཀྱིས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད་ཅིག །སྔོན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བཀའ་བསྒོས་ཤིང་དམ་ལ་བཞག་པ་དང་། ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་དང་། གྲུབ་མཆོག་ཀརྨ་པཀྴི་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པའི་དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད་ཅིག །སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྲུང་མར་གཏད་པ་ཡིན་པས། བརྒྱུད་པའི་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལས་མི་འདའ་བ་བཞིན་དུ། རྣལ་འབྱོར་པ་བདག་ཅག་གི་ཡང་བཀའ་ལས་མ་འདའ་བར་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས། དུས་ད་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་འཆོས། སྡོད་ན་བརྟེན་ས་གྱིས། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛོད། སྔོན་ནས་བསུ་མ་དང་ཕྱི་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་རྡོ་རྗེའི་བཀའ་སྡོད་མཛོད། འདི་རྣམས་ཀྱིས་བྱིན་པའི་ཕུད་བཞེས། བཅོལ་བའི་ལས་མཛོད། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། རིགས་རྒྱུད་ཀྱི་བུ་ཚ་སྐྱོངས། མདོར་ན་ཚེ་འདིའི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྦྱོར། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྲིན་ལས་མཛོད་ཅིག །བཛྲ་སཱ་དྷུ་ས་པ་རི་བཱ་ར་བཛྲ་ས་མ་ཡ་སཏྭཾ། དེ་ལྟར་བྱས་པས། སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་ཁས་བླངས་ནས་ཁྱེད་རང་རྣམས་ཀྱི་རྗེས་སུ་འབྲང་སྟེ། ཕྲིན་ལས་མཐའ་དག་བསྒྲུབ་པར་ཡོད་སྙམ་པ་མཛོད། དེས་སྐྱེས་བུ་ཆེན་པོའི་རྗེས་སུ་གནང་བ་ལེགས་པར་གྲུབ། དམ་ཅན་འཁོར་དང་བཅས་པ་ཆོས་སྐྱོང་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་སྤྱི་ལྟར་ལ། སློབ་མ་རྣམས། ཨོཾ་ཨཱཿཧཱུྃ་གིས་བསྲུངས་ལ་རང་གནས་སུ་གཏང་། སློབ་དཔོན་གྱིས་སླར་ཡང་གཏོར་མཆོད་ཁ་གསོས་ལ། སྐོང་བཤགས་བྱ། རྗེས་ཀྱི་བྱ་བ་སྔགས་ཙམ་གྱིས་མཆོད། དམ་ཚིག་དབང་གིས་སྟོང་གསུམ་ཀུན་ཉུལ་ཞིང་། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བོ་རྣམས། །ཐམས་ཅད་དབྱིངས་སུ་སྒྲོལ་བར་མཛད་པ་ཡི། །ནག་པོའི་ཚོགས་དང་བཅས་ལ་བསྟོད་པར་བགྱི། །ཞེས་ཤློ་ཀ་གཅིག་གིས་བསྟོད། བཟོད་གསོལ་དང་། སྐུ་རྟེན་སོགས་ལ་བརྟན་བཞུགས་སམ། རྟེན་ངེས་པ་ཅན་མེད་ན་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་སོགས་རྗེས་རིམ་རྣམས་བྱས་པས་གྲུབ་བོ། །ཆོས་སྐྱོང་དགྱེས་པའི་གཟི་བྱིན་གྱིས། །བསྟན་འཚེའི་མུན་པ་ཕ་མཐར་བསྐྲད། །ལུང་རྟོགས་མངའ་ཐང་རབ་སྤེལ་བས། །འཇིག་རྟེན་ཀུན་ཀྱང་བདེ་ལེགས་ཤོག །ཅེས་པའི་ཚུལ་འདི་ལ་བཀའ་གཏེར་རྙིང་པའི་རྒྱུན་བར་མ་ཆད་པར་འདྲེས་ཤིང་ཁྱད་པར་གྲུབ་ཆེན་ཀརྨ་པཀྴིའི་ཉེ་བརྒྱུད་དུ་སྣང་བས་ཀཾ་ཚང་ཆོས་སྐྱོང་ཁྱད་པར་བ་རྣམས་ཀྱི་བེ་བུམ་ལས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ཁོལ་ཕྱུང་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).