Terdzo-KA-001

From Rinchen Terdzö
Revision as of 09:05, 30 October 2017 by Mort (talk | contribs)

སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་

slob dpon pad+ma 'byung gnas kyi skyes rabs chos 'byung nor bu'i phreng ba
Alternate Title: རྣམ་ཐར་ཟངས་གླིང་མ་ (rnam thar zangs gling ma)

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
Volume 1 (ཀ) / Pages 1-190 / Folios 1a1 to 95b6

First Text in Volume
[edit]

རྣམ་ཐར་ཟངས་གླིང་མ་

༄༅༔ ༔སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔

རྣམ་ཐར་ཟངས་གླིང་མའོ།།

ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ སྤྲུལ་སྐུ་པདྨ་འབྱུང་གནས་ཏེ༔ སྐུ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ཞིང་ཁམས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ༔ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་དེས༔སྤྲུལ་སྐུ་ཤཱཀྱ་ཐུབ་པའི་ཞིང་ཁམས༔ མི་མཇེད་འཇིག་རྟེན་གྱི་ཁམས༔ ལྷོ་ཕྱོགས་ཛམྦུའི་གླིང༔ ཨུ་རྒྱན་དང་རྒྱ་གར་གྱི་ཡུལ༔ ཁྱད་པར་དུ་བོད་ཁ་བ་ཅན་གྱི་ཞིང་ཁམས་ཐམས་ཅད༔འཕགས་པ་སྤྱན་རས་གཟིགས་ཀྱིས་འདུལ་བའི་ཕྱིར༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བས་འགྲོ་བའི་དོན་མཛད་པར་སྤྲུལ་ལོ༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བ་དེ༔ སྐུ་ཆེ་བའི་ཡོན་ཏན་དང་རྣམ་ཐར་ཇི་ལྟ་བུ་དང་ལྡན་ཞེ་ན༔ དེ་ཡང་རྒྱ་གར་ཡུལ་གྱི་ནུབ་ཕྱོགས༔ དཔལ་ཨུ་རྒྱན་ཞེས་བྱ་བའི་ཡུལ་རིན་པོ་ཆེ་འབར་བ་ཞེས་བྱ་བའི་གྲོང་ཁྱེར་ན༔ བཻ་ཌཱུརྻ་བྱ་བའི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཡོད་དོ༔ དེའི་ནང་ན་རིན་པོ་ཆེ་འབར་བའི་ཁྲི་ཆེན་པོའི་སྟེང་ན༔ ཆོས་སྐྱོང་བའི་རྒྱལ་པོ་ཨིནྡྲ་བོ་དྷི་ཞེས་བྱ་བ་བཙུན་མོ་བརྒྱ་རྩ་བརྒྱད་དང༔ ཕྱི་བློན་དང༔ ནང་བློན་དང༔ བར་བློན་དང༔ འཁོར་དཔག་ཏུ་མེད་པ་དང་བཅས་པ༔ ཨུ་རྒྱན་གྱི་རྒྱལ་ཁམས་ལ་མངའ་མཛད་ཅིང་བཞུགས་པ་ལ༔ སྲས་རྒྱལ་བ་མི་མངའ་ནས༔ དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ༔ བླའི་མཆོད་གནས་ཐམས་ཅད་བསྡུས་ནས༔ དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ༔ ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་སྡེ་ཚར་གཅིག་བཏོན་ནས༔ འགྲོ་བ་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོ་བྱེད་པར་དམ་བཅས་ཏེ༔ དཀོར་མཛོད་ཀྱི་ནོར་ཐམས་ཅད་སྦྱིན་པར་བཏང་ནས་ལོ་མང་དུ་ལོན་པ་དང༔ དཀོར་མཛོད་ཐམས་ཅད་ཟད་ཅིང་སྟོང་དུ་ཉེ་བར་གྱུར་ཏེ༔ སྦྱིན་པའི་འཕྲོ་ཆད་ཀྱང་སློང་མོའི་འཕྲོ་མ་ཆད་ནས༔ བློན་པོ་རྣམས་ཀྱིས་དཀོར་མཛོད་ཐམས་ཅད་ཟད་ཅིང་སྟོང་ནས་མེད་དོ༔ ཞེས་སྨྲས་པས༔ སློང་མོ་བ་རྣམས་ན་རེ༔ འོ་ན་ངེད་ཅག་ལ་མ་བྱིན་ན༔ སྔར་གཞན་ལ་བྱིན་པ་ཐམས་ཅད་ཀྱང་དོན་མེད་དུ་འགྱུར་རོ༔ ཞེས་སྨྲས་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ ད་ཕྱིའི་རྒྱ་མཚོའི་གླིང་ན༔ ཀླུའི་རྒྱལ་པོའི་བུ་མོ་མཛེས་ལྡན་མ་ཞེས་བྱ་བའི་ལག་ན་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་ལ༔ ཟད་མི་ཤེས་པ་ཞིག་ཡོད་པར་འདུག༔ དེ་ཆོས་ཀྱི་སྦྱིན་པ་གཏོང་བའི་བྱང་ཆུབ་སེམས་དཔའ་ཞིག་གིས་བསླང་ན་སྟེར་བ་ཡིན་པར་འདུག་པས༔ དེ་བླངས་ནས་སེམས་ཅན་ལ་སྦྱིན་པ་གཏོང་དགོས་སྙམ་སྟེ༔ རྒྱ་མཚོ་ལ་གཟིངས་བཅས་ནས༔ ཕྱིའི་རྒྱ་མཚོ་ལས་ནོར་བུ་རིན་པོ་ཆེ་ལན་མང་དུ་བླངས་པའི་དེད་དཔོན་གཅིག་ཡོད་པ་ལ་བཀའ་བསྒོས་ཏེ་འཁོར་རྣམས་དང་ཆས་པ་ལ༔ རྒྱལ་པོ་ལ་བློན་འབངས་རྣམས་ཀྱིས་མི་བཞུད་པར་ཞུས་ཀྱང་མ་གནང་སྟེ༔ གཟིངས་ཀྱི་ནང་དུ་ཞུགས་ནས་ཕྱོགས་བཞིར་དར་པོ་ཆེ་བཞི་ཕྱར་ནས༔ མཐུན་པའི་རླུང་བྱུང་བ་དང་འགྲོ༔ མི་འདོད་པའི་རླུང་བྱུང་བ་དང་མི་འགྲོ་བར་ཕྱོགས་བཞིར་ཞ་ཉེའི་གཏིང་རྡོ་ཆེན་པོ་བཞི་རྔ་མའི་ཐག་པ་ལ་དཔྱང་དུ་བཅུག་སྟེ༔ གཟེངས་བསྟོད་པར་བྱས་ནས༔ རྒྱལ་པོ་འཁོར་བཅས་ཕྱིའི་རྒྱ་མཚོ་ལ་ཉག་ཐག་བཅད་ནས་བཞུད་དོ༔ དེ་ནས་གཟིངས་ལ་དར་པོ་ཆེ་ཕྱར་ཏེ༔ འདོད་པའི་རླུང་གི་ཕྱོགས་སུ་བཏང་པས་དཔག་ཆེན་གྱི་མདའ་འཕངས་པ་ལྟར་བཞུད་དོ༔ དེ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་པ་དང༔ འཁོར་རྣམས་རིན་པོ་ཆེའི་གླིང་ཞིག་ཏུ་བཞག་ནས༔ རྒྱལ་པོ་དང་དེད་དཔོན་གཉིས་གྲུ་ཆུང་གཅིག་ཏུ་བཞུད་དོ༔ དེ་ནས་རི་དཀར་པོ་གཅིག་སྣང་བ༔ ཕ་ཀིའི་རི་དེ་ཅི་ཡི་རི་ཡིན་དྲིས་པས༔ ཕ་ཀིའི་རི་དེ་རིན་པོ་ཆེ་དངུལ་གྱི་རི་ཡིན་ཟེར་རོ༔ དེ་ནས་ཡང་སོང་བ་དང༔ རི་སྔོན་པོ་གཅིག་སྣང་བས་ཅིའི་རི་ཡིན་དྲིས་པས༔ རིན་པོ་ཆེ་བཻཌཱུརྻའི་རི་ཡིན་ཟེར་རོ༔ དེ་ནས་རི་སེར་པོ་གཅིག་སྣང་བ་དྲིས་པས༔ དེ་ནི་གསེར་གྱི་རི་ཡིན་ཟེར་རོ༔ ཕ་ཀིའི་རྩར་འགྲོ་བ་ཡིན་ཟེར་ནས༔ དེའི་རྩར་ཕྱིན་པ་དང༔ གསེར་གྱི་བྱེ་མའི་ས་གཞི་སྣང་སྟེ༔ རི་དེའི་མདུན་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་མཁར་ཞིག་སྣང་ངོ༔ དེད་དཔོན་གྱིས་རྒྱལ་པོ་ལ་སྨྲས་པ༔ ང་འདིར་བསྡད་ཀྱི༔ རྒྱལ་པོ་ཕ་ཀིར་བཞུད་ཅིག༔ མཁར་དེའི་རྒྱབ་རིམ་ན་མཚོ་རིམ་པ་བདུན་གྱིས་བསྐོར་ནས་ཡོད༔ དེ་འདས་པའི་ནང་ན་དུག་སྦྲུལ་ལ་སོགས་པའི་སེམས་ཅན་གདུག་པ་ཅན་མང་པོ་ཡོད་པས༔ བྱང་ཆུབ་ཀྱི་སེམས་སྒོམས་ལ་སོང་ཞིག༔ དེའི་ནང་ན་རིན་པོ་ཆེ་སྣ་ཚོགས་ཀྱི་ལྕགས་རི་སྒོ་བཞི་དང་ལྡན་པ༔ ཀླུའི་བུ་མོས་སྒོ་སྲུང་ཞིང་ཡོད་པས༔ དེ་ལ་གསོལ་བ་ཐོབ་ལ་སྒོ་ཕྱེས༔ དེའི་ནང་གི་ཕོ་བྲང་གི་མདུན་ན༔ རྡོ་རྗེའི་གཏུན་བུ་ཞིག་ཡོད་པས་དེས་སྒོ་རྡུངས་ཤིག༔ ལྷའི་བུ་མོ་བརྒྱས་རིན་པོ་ཆེ་འབུལ་དུ་འོང་གི༔ དེ་ལ་ཡང་གཏམ་མ་སྨྲ་བར་ཡང་སྒོ་རྡུངས་ཤིག༔ མཇུག་ཏུ་ཀླུའི་བུ་མོ་མཛེས་ལྡན་མ་ཞེས་བྱ་བ༔ བུ་མོ་སྔོན་མོ་མཛེས་མ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གཅིག་འོང་གི༔ དེ་ལ་ཇི་ལྟ་བའི་ལོ་རྒྱུས་སྙན་དུ་གསོལ་ལ་ནོར་བུ་ཞུས་ཤིག༔ དེས་ནོར་བུ་རིན་པོ་ཆེ་ཁ་དོག་སྔོན་པོ་འོད་ཟེར་སྣ་ལྔ་འཕྲོ་བ་ཞིག་འབུལ་དུ་འོང་གི༔ དེ་མྱུར་དུ་ལོངས་ལ་མ་ཤོར་བར་གོས་ཀྱི་ཕུ་དུང་དུ་ཐུམས་ལ་ཤོག་ཅིག༔ དེ་ནི་ནོར་བུ་རིན་པོ་ཆེ་བསམ་དགུ་འགྲུབ་པ་ཡིན་ནོ༔ ཞེས་དེད་དཔོན་གྱིས་རྒྱལ་པོ་ལ་བསླབས་ཏེ་བཏང་ང༔ དེ་ནས་རྒྱལ་པོས་དེ་ལྟར་ཕྱིན་པ་དང༔ དང་པོ་མཚོ་རིམ་པ་བདུན་ལས་བརྒལ་ནས༔ དེ་ནས་དུག་སྦྲུལ་གྱི་གླིང་དུ་ཕྱིན་པ་དང༔ རྒྱལ་པོས་བྱང་ཆུབ་ཀྱི་སེམས་བསྒོམས་པས༔ ཁ་རླངས་ཀྱི་དུག་ལ་སོགས་པས་གནོད་པར་མ་གྱུར་ཏོ༔ དེ་ནས་ལྕགས་རིའི་སྒོ་སྲུང་བའི་བུ་མོ་རྣམས་ལ་གསོལ་བ་བཏབ་པས་སྒོ་ཕྱེས་ཏེ༔ ཕོ་བྲང་གི་མདུན་གྱི་རྡོ་རྗེའི་གཏུན་གྱིས་སྒོ་བརྡུངས་པས༔ ཅུང་ཞིག་ནས༔ ཀླུའི་བུ་མོ་མཛེས་ལྡན་མ་བྱ་བ་དེ་བྱུང་ནས༔ ངེད་ཀྱི་ཕོ་བྲང་འདིར་རྨང་པོ་ཕལ་ཆེར་མི་ཕྱིན་པ་ཡིན་ནོ༔ ཁྱོད་བསོད་ནམས་ཅན་ཞིག་འདུག་པས༔ ཅི་འདོད་ཅེས་སྨྲས་སོ༔ དེ་ནས་རྒྱལ་པོས་སྔོན་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་ནས༔ ང་ནི་ནོར་བུ་རིན་པོ་ཆེ་འདོད་བྱས་པས༔ བུ་མོ་དེས་རྗེས་སུ་ཡི་རང་སྐྱེས་ནས༔ སྤྱི་བོའི་གཙུག་ནས་ནོར་བུ་རིན་པོ་ཆེ་ཕྱུངས་ཏེ་རྒྱལ་པོ་ལ་ཕུལ་ལོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་བསྣམས་ནས་ཕྱིན་པས༔ ནོར་བུ་དེའི་བྱིན་རླབས་ཀྱིས་ལམ་བགྲོད་པར་མ་དགོས་ཏེ༔ དེད་དཔོན་གྱི་རྩར་ཕྱིན་ནས༔ དེད་དཔོན་དྲིན་ཆེའོ༔ ཞེས་སྨྲས་སོ༔ དེ་ནས་རྒྱལ་པོ་དང་དེད་དཔོན་གཉིས་སྐད་ཅིག་ལ་འཁོར་ཡོད་པའི་རྩར་ཕྱིན་པར་གྱུར་ཏོ༔ དེ་ནས་དེད་དཔོན་རིན་པོ་ཆེ་བརྟག་པ་ལ་མཁས་པ་དེས༔ རིན་པོ་ཆེ་མཆིང་བུ་ལ་སོགས་པ་དང༔ རིན་པོ་ཆེ་སྣ་ཚོགས་བགོས་ཏེ་འཁོར་རྣམས་ལ་བྱིན་ནས༔ མང་ན་གཟིངས་ཆུར་བྱིང་ནས་སྲོག་འདོར་བར་བྱེད་དོ༔ ཆོག་ཤེས་པར་གྱིས་ཤིག་ཅེས་སྨྲས་སོ༔ དེ་ནས་གཟིངས་ཁ་ལོ་བསྒྱུར་ནས༔ རྒྱལ་པོ་འཁོར་དང་བཅས་ནརང་ཡུལ་ཕྱོགས་སུ་ཡོང་བ་དང༔ རྒྱ་མཚོའི་གླིང་ཞིག་ཏུ༔ པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་དང་ལྡན་པ་ཞིག་སྐྱེས་པའི་སྟེང་ན༔ ཁྱེའུ་ཆུང་ལོ་བརྒྱད་ལོན་པའི་ན་ཚོད་ཙམ༔ བལྟ་ན་སྡུག་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ ཕྱག་ན་རྡོ་རྗེ་དང་པདྨ་འཛིན་པ་གཅིག་འདུག་ནས༔ ཤིན་ཏུ་ངོ་མཚར་སྐྱེས་ཏེ༔ རྒྱལ་པོས་ཁྱེའུ་ཆུང་ལ་སྨྲས་པ༔ ཁྱེའུ་ཆུང་ཁྱོད་ཀྱི་ཕ་ནི་གང་ཡིན༔ མ་ནི་གང་ཡིན༔ རིགས་ནི་གང་ཡིན༔ ཡུལ་ནི་གང་ཡིན༔ ཟས་ནི་ཅི་ལ་བརྟེན༔ འདིར་ནི་དོན་ཅི་བྱེད་དྲིས་པས༔ ཁྱེའུས་སྨྲས་པ༔ བདག་གི་ཕ་ནི་རང་རིག་པའི་ཡེ་ཤེས་ཡིན་ནོ༔ མ་ནི་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡིན་ནོ༔ རིགས་ནི་དབྱིངས་དང་རིག་པ་གཉིས་སུ་མེད་པར་གཏོགས་སོ༔ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པར་བཟུང་ངོ༔ ཟས་སྐལ་ནི་གཉིས་སྣང་གི་རྟོག་པ་ཟའོ༔ འདིར་ནི་ཉོན་མོངས་པ་གསོད་པའི་སྤྱོད་པ་བྱེད་དོ༔ ཅེས་སྨྲས་པས༔ རྒྱལ་པོ་ངོ་མཚར་སྐྱེས་ནས༔ འདི་ནི་སྤྲུལ་པའི་སྐུ་ཞིག་ཏུ་འདུག་སྙམ་ནས༔ ངའི་བུ་སྐལ་དང་མཆོད་གནས་བྱའོ་གསུངས་ནས༔ རྒྱལ་པོས་ཕྱག་དར་གྱིས་ལྕིབས་ཏེ་ཁྱེའུ་བླངས༔ པདྨའི་སྡོང་པོ་དེ་ཡང་བཅད་ནས་ཁྱེའུ་བཅས་པ་ཁྱེར་ཏེ༔ རྒྱལ་པོ་ཉིད་ཀྱི་ཡུལ་དུ་ཕྱིན་པར་གྱུར་ཏོ༔ དེ་ནས་འཁོར་འབངས་རྣམས་རབ་ཏུ་དགའ་ནས་རྒྱལ་པོ་ལ་བསུ་བ་ཆེན་པོ་ཡང་བྱས་སོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་དེ་ཕྱག་ཏུ་བཟུང་ནས་སྨོན་ལམ་འདི་སྐད་བཏབ་བོ༔ ངས་རྙེད་པའི་ནོར་བུ་རིན་པོ་ཆེ་འདི༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ན༔ ང་ཡི་ཁྱེའུ་ཆུང་འདི་བཞུགས་པའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་ཆེན་པོ་ལ༔ རིན་པོ་ཆེའི་འཕན་གདུགས་ཀྱིས་བརྒྱན་པ་ཞིག་ཡོད་པར་གྱུར་ཅིག༔ ཅེས་བརྗོད་མ་ཐག་ཏུ༔ རིན་པོ་ཆེའི་ཁྲི་གདུགས་བྱུང་སྟེ༔ དེ་ལ་ཁྱེའུ་ཆུང་བཞུགས་ནས༔ རྒྱལ་བུར་མངའ་གསོལ་ནས༔ མཚན་ཡང་རྒྱལ་པོ་མཚོ་སྐྱེས་རྡོ་རྗེར་བཏགས་སོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་འདི༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ན༔ བདག་གིས་སྔོན་ཆད་སྦྱིན་པ་བཏང་པའི་བང་མཛོད་སྟོང་པ་ཐམས་ཅད་སྔར་ཇི་ལྟར་ཡོད་པ་བཞིན་གང་བར་གྱུར་ཅིག༔ ཅེས་བརྗོད་མ་ཐག་ཏུ༔ སྔོན་གྱི་བང་མཛོད་ཅི་ལྟར་གང་བར་གྱུར་ཏོ༔ དེ་ནས་རྒྱལ་པོས་རྔ་བོ་ཆེ་བརྡུངས་ནས༔ ཕྱོགས་ཐམས་ཅད་དུ་སྙན་པའི་སྒྲ་བསྒྲགས་ཏེ༔ རྒྱལ་པོ་ཨིནྡྲ་བོ་དྷི་ངས༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབེབས་པས༔ ཅི་འདོད་པ་གང་ལ་གང་འདོད་པ་ཐམས་ཅད་ལོངས་ཤིག་ཅེས་བྱ་བའི་སྒྲ་བསྒྲགས་སོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་ལ་ཁྲུས་ཆབ་གསོལ༔ རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས༔ ག་བུར་དང་ཙན་དན་གྱི་དྲིས་བདུགས༔ མཆོད་པ་རྒྱ་ཆེན་པོ་བཤམས༔ རྒྱལ་པོས་ཁྲུས་བྱས་གོས་གཙང་མ་བགོས་ཏེ༔ ཕྱོགས་བཞིར་ལྷ་ལ་ཕྱག་འཚལ་ནས༔ འདི་སྐད་ཅེས་གསོལ་བ་བཏབ་བོ༔ ངས་རྙེད་པའི་ནོར་བུ་རིན་པོ་ཆེ་འདི༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ངེས་ན༔ མི་དང་སེམས་ཅན་ཐམས་ཅད་ཀྱིས་ཅི་འདོད་པ་ཆར་བཞིན་དུ་ཕོབ་ཅིག་ཅེས་བརྗོད་མ་ཐག་ཏུ༔ ཕྱོགས་བཞིར་རླུང་ལངས་ནས་མི་གཙང་བ་ཐམས་ཅད་ཕྱགས༔ ཆར་སིལ་བུར་བབས་ནས་རྡུལ་མི་ལྡང་བར་བྱས་ཏེ༔ བྱི་དོར་ལེགས་པར་བྱས་སོ༔ དེ་ནས་ནོར་བུ་དེ་ལས་ཁ་ཟས་རོ་བརྒྱ་དང་ལྡན་པའི་ཆར་བབས་ནས་ལྟོགས་པ་ཐམས་ཅད་ཚིམས་པར་བྱས་སོ༔ དེ་ནས་གོས་ཀྱི་ཆར་བབས་ནས་འཁྱགས་པ་ཐམས་ཅད་ཚིམས་པར་བྱས་སོ༔ དེ་ནས་ནོར་གྱི་ཆར་བབས་ནས༔ གང་ལ་གང་འདོད་ཀྱིས་ཐམས་ཅད་ཚིམས་པར་བྱས་སོ༔ དེ་ནས་རྒྱལ་པོའི་མངའ་འོག་ན་འདུག་པ་ཐམས་ཅད་ལ་ད་ནི་ཁྱེད་རྣམས་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅིག་ཅེས་བཀའ་བསྒོས་པས༔ དེ་རྣམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་ནས༔ ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་གྱུར་ཏོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ རྒྱལ་པོ་ཨིནྡྲ་བོ་དྷིས་ཡབ་མཛད་པ་དང་རྒྱལ་ས་བཟུང་བའི་ལེའུ་སྟེ་དང་པོའོ༔ ༔དེ་ནས་རྒྱལ་བུ་སྤྲུལ་པའི་སྐུ་དེས༔ རྒྱལ་སྲིད་བཟུང་པས་འགྲོ་བའི་དོན་མི་འོང་བར་ཐུགས་ཀྱིས་དགོངས་ནས༔ རྒྱལ་བློན་རྣམས་ཞེན་པ་བཟློག་པའི་ཕྱིར༔ བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ༔ སྐུ་གཅེར་བུ་རུས་པའི་རྒྱན་གསོལ༔ ཕྱག་ན་བདེ་སྟོང་ཟུང་འཇུག་གི་ཌཱ་མ་རུ་དང༔ དུག་གསུམ་རྩད་ནས་གཅོད་པའི་ཁ་ཊྭཱཾ་ག་རྩེ་གསུམ་པ་ཞིག་ཐོགས་ནས༔ ཕོ་བྲང་གི་རྩེ་ལ་གར་མཛད་པས༔ ལྟ་བའི་མི་མང་པོ་འཚོགས་པ་ལ༔ ཉིན་ཅིག་ཁ་ཊྭཱཾ་ག་ལག་ནས་ཤོར་བཙུག་བྱས་ཏེ༔ བློན་པོའི་ནང་ནས་དབང་ཆེ་བ་ཀ་མ་ལ་ཏེ་ཞེས་བྱ་བའི་བུའི་མགོ་ལ་བརྒྱབས་པས༔ བློན་པོའི་བུ་བཀུམས་པར་གྱུར་ཏོ༔ དེ་ཡང་རྒྱལ་ཁྲིམས་གང་གིས་ཉེས་པ་དེ་ལ་ཆད་པ་གཅོད་པས༔ བློན་པོ་རྣམས་འདུས་ནས་རྒྱལ་པོ་ལ་ཞུས་པ༔ ཁྱེའུ་འདི་རྒྱལ་པོར་མངའ་གསོལ་ཡང༔ ཚུལ་མ་ཡིན་པའི་སྤྱོད་པ་བྱས་ནས༔ བློན་པོའི་བུ་བསད་ཡོད་པས༔ ད་རྒྱལ་བུ་རང་གསལ་ཤིང་གི་རྩེ་ལ་བསྐྱོན་ནས་ཆད་པ་གཅད་པར་འཚལ༔ ཞེས་སྨྲས་པས༔ རྒྱལ་པོའི་ཞལ་ནས༔ རྒྱལ་བུ་འདི་མི་མ་ཡིན་གྱི་བུ་ཞིག་ཡིན་ནམ༔ སྤྲུལ་པའི་སྐུ་ཞིག་ཡིན་མ་ཤེས་པས༔ བསད་པས་མི་ལེགས་སྤྱུགས་ལ་གཏང་ངོ༔ ཞེས་གསུངས་པས༔ བློན་པོ་རྣམས་ཀྱིས་སྤྱུགས་པར་ཐག་བཅད་དོ༔ དེ་ནས་ཡབ་རྒྱལ་པོའི་ཐུགས་ལ་གཅགས་ནས་མ་དགྱེས་ཏེ༔ རྒྱལ་ཁྲིམས་བཙན་པའི་དབང་གིས་མི་སྤྱུགས་པའི་དབང་མེད་པར༔ རྒྱལ་བུ་སྤྱན་སྔར་བོས་ཏེ༔ ཟས་སྐོམ་ཆ་མ་ཆོ་དགུ་སྤྱན་གཟིགས་སུ་དྲངས་ནས༔ རྒྱལ་པོས་སྨྲས་པ༔ རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལས༔ ཕ་དང་མ་མེད་ཁྱེ་འུ་སྤྲུལ་པའི་སྐུ༔ སྲས་ཀྱིས་ཕོངས་ནས་རྒྱལ་སར་དབང་བསྐུར་བྱས༔ རྒྱལ་བུའི་སྤྱོད་པས་བློན་པོའི་ཕྲུ་གུ་བཀུམས༔ བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པས་གཅོད༔ སྤྱུགས་པར་གནང་བས་ད་ནི་གར་བདེར་སོངས༔ ཞེས་གསུངས་ཏེ༔ རྒྱལ་པོ་སྤྱན་ཆབ་ཕྱུང་ངོ༔ དེ་ནས་རྒྱལ་བུས་ཟས་ཀྱི་ཕུད་ཐམས་ཅད་ཡབ་རྒྱལ་པོ་ལ་དྲངས་ནས་སྨྲས་པ༔ འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང༔ ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་ས་བཟུང༔ ལས་ཀྱི་ལན་ཆགས་བློན་པོའི་ཕྲུ་གུ་བཀུམས༔ ཡབ་ཀྱི་རྒྱལ་ཁྲིམས་གཉན་པས་བདག་ནི་སྤྱུགས་པ་ལེགས༔ འོན་ཀྱང་སེམས་ལ་སྐྱེ་ཤི་མེད་པས་ང་མི་འཇིགས༔ ཡུལ་ལ་ཞེན་པ་མེད་པས་སྤྱུགས་ཀྱང་ཉམ་མི་ང༔ ཡབ་དང་ཡུམ་ཡང་ཡུན་དུ་ཅི་བདེར་བཞུགས༔ ལས་ཀྱི་འབྲེལ་བས་ཕྱི་ནས་མཇལ་ཏེ་མཆི༔ ཞེས་སྨྲས་ཏེ༔ རྒྱལ་བུས་ཀྱང་ཡབ་དང་ཡུམ་ལ་ཕྱག་འཚལ་ནས༔ རྒྱལ་བུ་ཡང་སྤྱན་ཆབ་ཕྱུང་ངོ༔ ཡབ་ཡུམ་གཉིས་ཀྱིས་སྤྲུལ་པའི་སྐུ་ཞིག་ཡིན་སྙམ་སྟེ༔ ཤིན་ཏུ་མ་དགྱེས་ནས་དབུ་གཏུམས་ནས་གཟིམས་སོ༔ དེ་ནས་བློན་པོ་རྣམས་རྒྱལ་བུ་ཁྲིད་ནས༔ ཨུ་རྒྱན་ཡུལ་གྱི་ཤར་ཕྱོགས་ན༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ན༔ མི་མ་ཡིན་དང༔ མི་རོ་དང༔ དུར་ཁྲོད་ཀྱི་བྱ་དང༔ གཅན་གཟན་གཏུམ་པོ་ཡོད་པ༔ ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་དེར་བསྐྱལ་ལོ༔ ཡུལ་དེ་ཡི་ཆོས་ལུགས་ཀྱིས༔ མི་རོ་ཐམས་ཅད་དུར་ཁྲོད་དེར་བསྐྱལ་བ་ན༔ རོ་གོས་རས་ཡུག་རེས་གཏུམས༔ རོ་ཟས་འབྲས་ཆན་ཁལ་རེ་སྔས་སུ་བཅུག་ནས་འཇོག་པས༔ རྒྱལ་བུ་དེས་གསང་སྔགས་ཀྱི་རྣལ་འབྱོར་བྱས་ནས༔ གོས་སུ་རོ་གོས་གྱོན༔ ཟས་སུ་རོ་ཟས་གསོལ༔ གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ༔ ཤིན་ཏུ་ལོངས་སྤྱོད་དང་ལྡན་ཞིང་ཡོད་པ་ལ༔ དུས་ཕྱིས་ཡུལ་དེར་མུ་གེ་ཆེན་པོ་ཞིག་བྱུང་སྟེ༔ མི་ཕལ་ཆེར་ཤི་ནས་རོ་མང་དུ་བསྐྱལ་ཡང༔ རས་ཡུག་རེ་དང་རོ་ཟས་འབྲས་ཆན་སྐྱེལ་བ་ཡང་མེད་པར་གྱུར་ནས༔ གོས་སུ་མི་ལྤགས་བཤུས་ནས་གྱོན༔ ཟས་སུ་མི་རོ་ལ་གསོལ་ནས༔ དུར་ཁྲོད་ན་གནས་པའི་མ་མོ་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ཤིང༔ བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་བཞུགས་པའི་ཚེ༔ ཨུ་རྒྱན་ཡུལ་གྱི་གའུ་ཤོད་བྱ་བ་ན༔ སྡིག་སྤྱོད་ཀྱི་རྒྱལ་པོ་བརྒྱ་བྱིན་རཱ་ཙ་ཞེས་བྱ་བས་མངའ་འོག་ན་འདུག་པ་ཐམས་ཅད་ལོག་པའི་ལམ་ལ་བཙུད་ནས༔ ཕྱི་མར་ངན་སོང་དུ་འགྲོ་བར་འདུག་པས༔ དེ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་མིན་པས་མི་ཐུལ་བ་དགོངས་ནས༔ དབུའི་རལ་པ་སྤྱི་བོར་སྦྲུལ་གྱིས་བཅིངས༔ མི་ལྤགས་ཀྱི་གཡང་གཞི་སྐུ་སྟོད་ལ་མནབས༔ སྟག་ལྤགས་ཀྱིས་ཤམ་ཐབས་མཛད༔ ཕྱག་ན་ལྕགས་ཀྱི་མདའ་ལྔ་གཞུ་གཅིག་བསྣམས་ཏེ༔ སྡིག་སྤྱོད་ཀྱི་ཡུལ་དེར་བྱོན་ནས༔ ཕོ་བྱུང་བ་ཐམས་ཅད་བསད་ཅིང་ཤ་ཟོས་ཁྲག་འཐུང༔ མོ་བྱུང་བ་ཐམས་ཅད་ལ་སྦྱོར་བ་བྱས་ཏེ༔ ཐམས་ཅད་དབང་དུ་བསྡུས་ནས༔ ཏ་ན་ག་ན་སྦྱོར་སྒྲོལ་གྱི་ཆོ་ག་མཛད་པས༔ མི་རྣམས་ཀྱི་སྲིན་པོ་ཤཱནྟ་རཀྵི་ཏ་བྱ་བར་བཏགས་སོ༔ དེ་ནས་སྡིག་སྤྱོད་རྒྱལ་པོ་དེས༔ ཡུལ་གྱི་མི་བསྡུས་ནས༔ དུར་ཁྲོད་དུ་ལིངས་བཏབ་ལ་སྲིན་པོ་གསོད་པར་བགྲོས་ཏེ༔ རྒྱལ་པོ་ཉིད་ཀྱིས་རལ་གྲི་ཏར་མ་ཞི་བྱ་བ་ཐོགས༔ ཡུལ་དེར་མདའ་རྩལ་ཆེ་བ་ཞིག་ཡོད་པ་དེ་དུར་ཁྲོད་ཀྱི་མདའ་ན་འཕྲང་སྲུང་དུ་བཅུག་ཅིང༔ གཞན་ཐམས་ཅད་ཀྱིས་གོ་མཚོན་ཐོགས་ནས་དུར་ཁྲོད་ཀྱི་ཕུ་ནས་ལིངས་བཏབ་པས༔ སྲིན་པོས་འཕྲང་སྲུང་ལ་མདའ་བསྣུན་ནས་བསད་དེ༔ བྲོས་ཤོར་བས་མིང་ཡང་ཤོར་བ་གཞོན་ནུར་བཏགས་སོ༔ དེ་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ནས༔ དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ་སྤྱོད་པ་མཛད་ཅིང་རོ་ལ་ལོངས་སྤྱད་པས༔ མཁའ་འགྲོ་བདུད་འདུལ་མ་ཞེས་བྱ་བས་དབང་བསྐུར་བྱིན་གྱིས་བརླབས་སོ༔ དེ་ནས་ཨུ་རྒྱན་ཡུལ་གྱི་ལྷོ་ཕྱོགས་དུར་ཁྲོད་སོ་སའི་གླིང་དུ་ཕྱིན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས༔ མཁའ་འགྲོ་མ་ཞི་བ་འཚོས་དབང་བསྐུར་བྱིན་གྱིས་བརླབས་སོ༔ དེ་ནས་སྔར་པདྨ་ལས་འཁྲུངས་པའི་རྒྱ་མཚོའི་གླིང་དེར་བྱོན་ནས༔ གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་ན་གནས་པའི་མཁའ་འགྲོ་མ་བཞི་དབང་དུ་འདུས༔ རྒྱ་མཚོའི་ཀླུ་བར་སྣང་གི་གཟའ་སྐར་ཐམས་ཅད་ཀྱིས་བྲན་དུ་ཁས་བླངས་ནས་དམ་ལ་བཏགས་སོ༔ དེ་ནས་ཨུ་རྒྱན་གྱི་དུར་ཁྲོད་རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས༔ རྡོ་རྗེ་ཕག་མོའི་ཞལ་གཟིགས་དབང་བསྐུར༔ རིགས་བཞིའི་མཁའ་འགྲོ་དང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བཀའ་ལུང་བཞིན་ཕབས་སོ༔ མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་ཆོས་བཤད་དེ་ནུས་པ་དང་ལྡན་པའི་རྣལ་འབྱོར་དུ་གྱུར་ཏོ༔ མཁའ་འགྲོ་མ་རྣམས་ཀྱིས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ དུར་ཁྲོད་དུ་སྤྱོད་པ་མཛད་པས་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ལེའུ་སྟེ་གཉིས་པའོ༔ ༔དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ཏེ༔ རེས་འགའ་ནི་དགེ་སློང་བརྒྱ་སྟོང་དུ་སྤྲུལ་ནས་རྟེན་ལ་མཆོད་པ་བྱེད༔ རེས་འགའ་ནི་རྣལ་འབྱོར་པ་བརྒྱ་སྟོང་དུ་སྤྲུལ་ནས་སྤྱོད་པ་སྣ་ཚོགས་མཛད་པས༔ མི་རྣམས་ཀྱིས་ཁྱོད་ཀྱི་སློབ་དཔོན་གང་ཡིན་དྲིས་པས༔ ང་ལ་ཕ་དང་མ་ཡང་མེད༔ མཁན་པོ་སློབ་དཔོན་ཡོད་མ་ཡིན༔ རིགས་དང་མིང་ཡང་ཡོད་མ་ཡིན༔ ང་ནི་རང་བྱུང་སངས་རྒྱས་ཡིན༔ ཞེས་སྨྲས་པས༔ ཐམས་ཅད་ཐེ་ཚོམ་དུ་གྱུར་ཏེ༔ སློབ་དཔོན་མེད་པའི་རྫུ་འཕྲུལ་ཅན་འདི་བདུད་ཡིན་ནམ༔ ཞེས་སྨྲས་སོ༔ དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ༔ ང་རང་བྱུང་སྤྲུལ་པའི་སྐུ་ཡིན་ཀྱང༔ ཕྱི་རབས་རྣམས་སློབ་དཔོན་དགོས་པར་བསྟན་པའི་ཕྱིར༔ རྒྱ་གར་གྱི་མཁས་གྲུབ་རྣམས་ལ༔ གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་རྩད་གཅད་པའི་ཚུལ་བསྟན་དགོས་སྙམ་ནས༔ སློབ་དཔོན་པྲ་བྷ་ཧསྟིའི་གམ་དུ་བྱོན་པ་ན༔ དགེ་སློང་ཤཱཀྱ་མཻ་ཏྲི་དང༔ ཤཱཀྱ་བཤེས་གཉེན་གཉིས༔ སློབ་དཔོན་པྲ་བྷ་ཧསྟི་ལ་ཆོས་ཞུར་འགྲོ་བ་དང་འཕྲད་དེ༔ ཕྱག་འཚལ་ནས་ཆོས་ཞུ་ཞུས་པས༔ དགེ་སློང་གཉིས་ཀྱིས་འདི་སྙམ་སྟེ༔ སྔོན་གྱི་སྲིན་པོ་མི་ཟན་བྱུང་སྙམ་ནས་བྲེད་དོ༔ སྲིན་པོས་ད་ནི་མི་དགེ་བའི་ལས་མི་བྱེད་པས་རྗེས་སུ་ཟུངས་ཤིག༔ ཅེས་སྨྲས་པས༔ འོ་ན་སྔོན་ལ་ལག་ཆ་ཕུལ་ཅིག་ཅེས་ཟེར་བས༔ ལྕགས་ཀྱི་མདའ་གཞུ་ཕུལ་བས༔ དགེ་སློང་གཉིས་ན་རེ༔ ངེད་གཉིས་ཀྱིས་ཁྱོད་འདུལ་བའི་དུས་ལ་མ་བབས་པས༔ བྲག་དམར་བྱ་ཁྱུང་བྱ་བ་ན༔ ངེད་ཀྱི་སློབ་དཔོན་པྲ་བྷ་ཧསྟི་བཞུགས་པས་དེར་འདོང་གསུངས་ནས༔ པྲ་བྷ་ཧསྟིའི་སྤྱན་སྔར་ཕྱིན་ཏེ་རབ་ཏུ་བྱུང་བས༔ མིང་ཡང་ཤཱཀྱ་སེང་གེར་བཏགས་སོ༔ དེར་ཡོ་གའི་ཆོས་སུནྡྷཱ་ཛྙཱ་ན་ཡ་དང༔ ཡོ་ག་ཙཱརྱ་བ་དང༔ ཏ་ཐཱ་སཾ་གྲ་ཧ་སྟེ་ཡོ་གའི་ཆོས་རྒྱུད་སྡེ་ཆེན་པོ་གསུམ་གསུངས་པས༔ ཚར་རེ་རེས་ཤེས་ཀྱང་སྒྲིབ་པ་སྦྱང་བའི་ཚུལ་དུ་ཚར་བཅོ་བརྒྱད་རེ་ཉན་པས༔ མ་བསྒྲུབ་པར་དེ་ཉིད་དུ་ཡོ་གའི་ལྷ་སུམ་ཅུ་རྩ་བདུན་གྱི་ཞལ་མཐོང་བར་གྱུར་ཏོ༔ དེ་ནས་ཤཱཀྱ་སེང་གེའི་ཐུགས་དགོངས་ལ༔ རྣལ་འབྱོར་མ་ཧཱ་ཡོ་གའི་ཆོས་ཤིག་བསྒྲུབ་ཅིང་ཡོ་ག་ཚེ་ཡི་རིག་འཛིན་དང༔ ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་བསྒྲུབ་པར་ཐུགས་ཀྱིས་དགོངས་ཏེ༔ རི་བོ་མ་ལ་ཡ་བྱ་བ་ན༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་བཞུགས་པའི་སྤྱན་སྔར་ཕྱིན་ཏེ༔ ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ངས་ཁྱོད་འདུལ་བའི་དུས་ལ་མ་བབས་པས༔ ཙན་དན་ཚལ་གྱི་དུར་ཁྲོད་ན༔ དགེ་སློང་མ་ཀུན་དགའ་མོ་བྱ་བ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་བ་ལ་མཁས་པ༔ བྱིན་རླབས་དང་ལྡན་པ་ཞིག་བཞུགས་པས༔ དེར་སོང་ལ་དབང་བསྐུར་ཞུས་ཤིག༔ ཅེས་ལུང་བསྟན་ཏོ༔ དེ་ནས་ཤཱཀྱ་སེང་གེ་ཙན་དན་ཚལ་གྱི་དུར་ཁྲོད་དུ་སོང་ནས༔ གཡོག་མོ་ཀུ་མཱ་རཱི་ཆུ་ལེན་བྱུང་བ་དང་འཕྲད་ནས༔ ཕྱི་ནང་གསང་གསུམ་གྱི་དབང་ནོད་པའི་འཕྲིན་བརྫངས་པས༔ ལན་མ་བྱུང་ནས་བརྗེད་དམ་བྱས་པས་ཅི་ཡང་མི་ཟེར་བས༔ སློབ་དཔོན་གྱིས་མོ་ཡི་ཆུ་བུམ་དང་སྟེགས་བུ་འབྱར་བའི་ཏིང་ངེ་འཛིན་མཛད་པས༔ བུམ་པ་འདེགས་མ་ནུས་ཏེ༔ རྐེད་ནས་ཤེལ་དཀར་གྱི་གྲི་གུ་ཞིག་ཕྱུང་སྟེ༔ ཁྱོད་ལ་དེ་འདྲ་བ་ཡོད་ན༔ ང་ལ་འདི་འདྲ་བ་ཡོད་ཟེར་ནས༔ མོ་རང་གི་བྲང་ཁ་ཕྱེས་ཏེ་བསྟན་པས༔ ཁོག་སྟོད་ལ་ཞི་བའི་ལྷ་བཞི་བཅུ་རྩ་གཉིས༔ ཁོག་སྨད་ལ་ཁྲོ་བོའི་ལྷ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དེ༔ ཞི་ཁྲོའི་ལྷ་བརྒྱ་བཀྲ་ལམ་གྱིས་བསྟན་པས༔ དེ་ཉིད་དགེ་སློང་མ་རང་ཡིན་སྙམ་ནས༔ ཕྱག་འཚལ་བསྐོར་བ་བྱས་པས༔ ང་ནི་གཡོག་མོ་ཡིན༔ ནང་དུ་འདོང་ཟེར་ནས་ནང་དུ་ཕྱིན་པ་དང༔ དགེ་སློང་མ་ཞིག་གིས་གདན་ལ་ཉེ་བའི་དཔའ་བོའི་སྐུར་བསྟེན་རུས་པའི་རྒྱན་གསོལ་ཕྱག་ན་ཀ་པཱ་ལ་དང་ཅང་ཏེའུ་བསྣམས་ཏེ༔ དམན་མོ་སུམ་ཅུ་རྩ་གསུམ་གྱིས་བསྐོར་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་མཇལ་ཏེ༔ མཎྜལ་ཕུལ་ཕྱག་འཚལ་བསྐོར་བ་བྱས་ནས༔ ཕྱི་ནང་གསང་གསུམ་གྱི་དབང་ཞུས་པས༔ ཤཱཀྱ་སེང་གེ་ཡི་གེ་ཧཱུྃ་ཞིག་ཏུ་བྱས་ནས་ཞལ་དུ་མིད་དེ༔ ཁོག་པའི་ནང་དུ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར༔ དེ་ནས་གསང་བའི་པད་མོར་བཏོན་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱས་ཏེ༔ ཕྱི་ལྟར་སངས་རྒྱས་སྣང་བ་མཐའ་ཡས་སུ་དབང་བསྐུར་ཏེ༔ ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་བརླབས༔ ནང་ལྟར་འཕགས་པ་སྤྱན་རས་གཟིགས་སུ་དབང་བསྐུར་ཏེ༔ ཕྱག་རྒྱ་ཆེན་པྀའི་རིག་འཛིན་ཐོབ་པར་བྱིན་གྱིས་བརླབས༔ གསང་བ་དཔལ་རྟ་མགྲིན་དུ་དབང་བསྐུར་ཏེ༔ མ་མོ་མཁའ་འགྲོ་འཇིག་རྟེན་གྱི་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་བརླབས་ཏེ༔ གསང་བའི་མཚན་ཡང་བློ་ལྡན་མཆོག་སྲེད་དུ་བཏགས་སོ༔ དེ་ནས་བློ་ལྡན་མཆོག་སྲེད་དེ༔ སླར་འཇམ་དཔལ་བཤེས་གཉེན་གྱི་སྤྱན་སྔར་བྱོན་ཏེ༔ འཇམ་དཔལ་གྱི་ཕྱི་ནང་གི་ཆོས་ཐམས་ཅད་གསན༔ འཇམ་དཔལ་གྱི་ཞལ་མཐོང༔ སློབ་དཔོན་ཧཱུྃ་ཀཱ་རའི་སྤྱན་སྔར་བྱོན་ཏེ༔ ཡང་དག་གི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་པྲ་ཧ་སྟི་ལ་རྡོ་རྗེ་ཕུར་པའི་ཆོས་ཐམས་ཅད་གསན༔ ཕུར་པའི་ལྷ་ཚོགས་ཀྱི་ཞལ་མཐོང༔ སློབ་དཔོན་ཆེན་པོ་ནཱ་གཱ་རྫུ་ནའི་སྤྱན་སྔར་བྱོན་ནས༔ རྒྱུ་མཚན་ཉིད་ཀྱི་ཆོས་ཐམས་ཅད་དང༔ པདྨ་གསུང་གི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་བུདྡྷ་གུ་ཧྱའི་སྤྱན་སྔར་བྱོན་ནས༔ ཞི་ཁྲོ་སྒྱུ་འཕྲུལ་གྱི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་མ་ཧཱ་བཛྲ་གྱི་སྤྱན་སྔར་བྱོན་ནས༔ བདུད་རྩི་ཡོན་ཏན་གྱི་ཆོས་ཐམས་ཅད་གསན་ནོ༔ སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀ་ཏའི་སྤྱན་སྔར་བྱོན་ནས༔ སྲིད་པ་མ་མོའི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་རམྦུ་གུ་ཧྱ་དེ་ཝ་ཙནྡྲའི་སྤྱན་སྔར་བྱོན་ནས༔ འཇིག་རྟེན་མཆོད་བསྟོད་ཀྱི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་ཤཱྀནྟཾ་གརྦྷའི་སྤྱན་སྔར་བྱོན་ནས༔ དམོད་པ་དྲག་སྔགས་ཀྱི་ཆོས་ཐམས་ཅད་དང༔ བསྟན་པ་སྲུང་བའི་ངན་སྔགས་དང་དྲག་སྔགས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧའི་སྤྱན་སྔར་བྱོན་ནས༔ བཀའ་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན༔ དེ་ཡང་ཆོས་ཐམས་ཅད་ཚར་རེ་རེས་ཤེས་ཏེ༔ མ་བསྒྲུབ་པར་ལྷ་རྣམས་ཀྱིས་ཞལ་གཟིགས་པར་གྱུར་ཏོ༔ མཚན་ཡང་བློ་ལྡན་མཆོག་སྲེད་དུ་གྲགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ བླ་མ་བསྟེན་ཅིང་ཆོས་ཞུ་བ་ལ་བློ་སྦྱོང་བའི་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ༔དེ་ནས་བློ་ལྡན་མཆོག་སྲེད་ཀྱི་ཐུགས་དགོངས་ལ༔ ད་ངས་གསང་སྔགས་ཀྱི་སྒོ་ནས་སྐྱེ་ཤི་མེད་པ་ཚེ་ཡི་རིག་འཛིན་ཞིག་བསྒྲུབ་ལ༔ རྒྱ་གར་དང་ཨུ་རྒྱན་གྱི་ཡུལ་གྱི་འགྲོ་བ་ཐམས་ཅད་ཆོས་ལ་བཙུད་དགོས་སྙམ་པའི་ཐུགས་དགོངས་སྐྱེས་སོ༔ དེ་ཡང་གསང་སྔགས་ཀྱི་སྒྲུབ་པ་བྱེད་པ་ལ༔ མཚན་ལྡན་གྱི་རིག་མ་ཞིག་དགོས་པས༔ ཟ་ཧོར་གྱི་ཡུལ་དུ་བྱོན་ནས༔ ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་བྱ་བའི་བུ་མོ་མེ་ཏོག་མནྡཱ་ར་བ་ཞེས་བྱ་བ༔ ལོ་བཅུ་དྲུག་ལོན་པའི་གནང་ཆེན་མ༔ མཚན་དང་ལྡན་པ་ཞིག་ཡོད་པ་དེ་དབང་དུ་བསྡུས་ཏེ༔ སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས༔ འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་རི་བོ་ཏ་ལའི་ལྷོ་ཕྱོགས༔ བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བ༔ ཁ་ལྷོར་ལྟ་བ༔ དུས་གསུམ་དུ་མེ་ཏོག་གི་ཆར་འབེབས་པ༔ འཇའ་ཚོན་གྱི་གུར་འཐིབས་པ༔ སྤོས་ཀྱི་ངད་ལྡང་བ༔ ཙན་དན་གྱི་ཚལ་ཡོད་པ༔ རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་དེར་བྱོན་ནས༔ མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚེ་ཡི་རིག་འཛིན་བསྒྲུབས་པས༔ ཟླ་བ་གསུམ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཚེ་དཔག་མེད་ཀྱིས་ཞལ་གཟིགས༔ འཆི་མེད་ཚེ་ཡི་བུམ་པ་བདུད་རྩིས་བཀང་བ་ཡབ་ཡུམ་གྱི་སྤྱི་བོར་བཞག༔ ཞལ་དུ་བླུགས་པས་སྐུ་སྐྱེ་ཤི་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཏོ༔ ཡབ་དཔའ་བོ་རྟ་མགྲིན་དུ་བྱིན་གྱིས་བརླབས༔ ཡུམ་རྡོ་རྗེ་ཕག་མོར་བྱིན་གྱིས་བརླབས༔ རིག་འཛིན་ཚེའི་དངོས་གྲུབ་གྲུབ་པར་གྱུར་ཏོ༔ དེ་ནས་ཟ་ཧོར་ཡུལ་གྱི་མི་རྣམས་ཆོས་ལ་གཟུད་པའི་ཕྱིར༔ ཡབ་ཡུམ་གཉིས་ཀྱིས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པས༔ ཡུལ་མི་རྣམས་ཀྱིས་ཕྲག་དོག་བྱས་ཏེ༔ མཐའ་ཡི་བནྡེ་འཁྱམས་པོ་ཞིག་གིས༔ སྔོན་ལ་ངེད་ཀྱི་མི་ཐམས་ཅད་བསད༔ བུད་མེད་ལ་སྤྱོད་པ་བྱས༔ དེ་ནས་རྒྱལ་པོའི་བུ་མོ་ཁྲིད་ནས་རྒྱལ་རིགས་བསླད༔ ད་རུང་འདི་ཡིས་གནོད་པ་སྐྱེལ་བས་བཀྱོན་དབབ་དགོས་ཟེར༔ སྡིག་པ་སྤྱི་ཁུར་བྱས་ནས་མེ་ལ་བསྲེག་དགོས་ཟེར་ནས༔ ཙན་དན་ཁུར་རེ་དང་ཏིལ་མར་བྲེ་རེ་བསྡུས་ནས་གྲོང་ཁྱེར་གྱི་དཀྱིལ་དུ་བསྲེགས་པས༔ གཞན་བསྲེགས་པ་ཞག་གསུམ་ནས་དུད་པ་ཆད་པ་ཡིན་པ་ལ༔ དེ་ཞག་དགུར་ཡང་དུད་པ་མ་ཆད་པས་བལྟས་ཙམ་ན༔ མེ་ལྕེ་ཕྱིར་འབར་ནས༔ རྒྱལ་པོའི་ཕོ་བྲང་ཐམས་ཅད་ཚིག༔ ཏིལ་མར་རྒྱ་མཚོར་གྱུར་ནས༔ ནང་ཐམས་ཅད་པདྨར་ཆགས་ཏེ༔ དབུས་སུ་པདྨའི་སྡོང་པོ་ཞིག་གི་ཁ་ལ༔ ཡབ་ཡུམ་གཉིས་སྐུ་གྲང་གྲང་བསིལ་བསིལ་ལྟར་བཞུགས་པས༔ རྒྱལ་བློན་རྣམས་ཡ་མཚན་སྐྱེས་ནས༔ བསྟོད་པ་ནི༔ ཧཱུྃ༔ སྐུ་ནི་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ གསུང་ནི་མི་འགྱུར་ཚངས་པ་ལྟ་བུའི་གསུང༔ ཐུགས་ནི་མི་འགྱུར་ནམ་མཁའ་ལྟ་བུའི་ཐུགས༔ སྐུ་གསུང་ཐུགས་ནི་འཆི་མེད་རྡོ་རྗེའི་སྐུ༔ མཚོ་སྐྱེས་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་ཅག་མ་རིག་ནོངས་པས་བཟོད་པར་གསོལ༔ བདག་ཅག་ཡུལ་ཁམས་བདེ་ལ་འགོད་དུ་གསོལ༔ ཅེས་གསོལ་བ་བཏབ་པས༔ གྲོང་ཁྱེར་གྱི་མེ་ཞི་སྟེ་སྔར་ལས་མཛེས་ཤིང་ཉམས་དགའ་བར་གྱུར་ཏོ༔ མཚན་ཡང་པདྨ་འབྱུང་གནས་དང་པདྨ་སཾ་བྷར་བཏགས་སོ༔ དེ་ནས་ཟ་ཧོར་ཡུལ་ཁམས་ཐམས་ཅད་ཆོས་ལ་བཙུད་ནས༔ ཐམས་ཅད་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ༔ དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ༔ ད་ནི་ཨུ་རྒྱན་གྱི་ཡུལ་ཁམས་ཐམས་ཅད་ཆོས་ལ་བཙུད་དགོས་སྙམ་ནས༔ ཡབ་ཡུམ་གཉིས་ཨུ་རྒྱན་གྱི་ཡུལ་དུ་བསོད་སྙོམས་ལ་བྱོན་པས༔ ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ༔ འདིས་སྔོན་ཡང་ངེད་ཀྱི་བློན་པོའི་བུ་བསད༔ རྒྱལ་ཁྲིམས་ལ་གནོད་པ་བསྐྱལ༔ ད་རུང་གནོད་པ་སྐྱེལ་བས་ཆད་པ་གཅོད་དགོས་ཟེར་ནས༔ སྔར་གྱི་བུ་བསད་པའི་བློན་པོ་ལ་སོགས་པ་རྣམས་ཀྱིས༔ སྡིག་པ་སྤྱི་ཁུར་བྱས་ནས༔ ཙན་དན་ཁུ་རུ་རེ་དང་ཏིལ་མར་བྲེ་རེ་བསྡུས་ནས་བསྲེགས་པས༔ སྔོན་ཆད་བསྲེགས་པ་ཞག་བདུན་ནས་དུ་བ་ཆད་པ་ལ༔ ཞག་ཉི་ཤུ་རྩ་གཅིག་བར་དུ་དུ་བ་མ་ཆད་ནས༔ རྒྱལ་པོས་བློན་པོ་ལ་ལྟོས་ཤིག་གསུངས་པས༔ སུས་བལྟ་བར་མ་ནུས་ནས༔ སྔར་གྱི་ཡབ་རྒྱལ་པོ་ཉིད་ཐུགས་མ་ཆེས་ནས༔ གལ་ཏེ་སྤྲུལ་པའི་སྐུ་ཞིག་ཡིན་ན་མི་ཚིག་སྙམ་ནས༔ འཁོར་དང་བཅས་པ་ལྟར་ཕྱིན་པས༔ ཏིལ་མར་ཞིང་དོར་གཅིག་ཙམ་མཚོར་འཁྱིལ་བའི་ནང་དབུས་ན༔ སོལ་བའི་གུར་ཆེན་པོ་ཞིག་གི་ནང་ན༔ པདྨའི་སྡོང་པོ་ཞིག་གི་སྟེང་ན་ཡབ་ཡུམ་གཉིས་སྐུ་གྲང་གྲང་བསིལ་བསིལ་ཟིལ་པ་ཕྲོམ་མེར་བཞུགས་པ་ལ༔ སྔར་གྱི་འགྲོ་བ་རྣམས་ཐུགས་རྗེས་བསྒྲལ་བའི་ཕྱིར༔ ཐོད་པའི་ཕྲེང་བས་བརྒྱན་ནས་བཞུགས་པས༔ ཡབ་རྒྱལ་པོ་ལ་སོགས་པ་ངོ་མཚར་སྐྱེས་ཏེ༔ ཕྱག་དང་བསྐོར་བ་བྱས་ནས་བསྟོད་པ༔ དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེ་བའི་སྐུ༔ སྐྱེ་ཤི་གཉིས་སྤངས་པདྨའི་ནང་ནས་འཁྲུངས༔ འཁོར་བ་ཐུགས་རྗེས་བསྒྲལ་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ༔ མཚོ་སྐྱེས་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་རྒྱལ་པོས་ཞབས་སྤྱི་བོར་བླངས་ནས༔ བླ་ཡི་མཆོད་གནས་སུ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཁམས་གསུམ་འཁོར་བར་སྐྱེས་པ་སྡུག་བསྔལ་བཙོན་དོང་ཡིན༔ ཆོས་སྐྱོང་རྒྱལ་པོར་སྐྱེས་ཀྱང་འདུ་འཛི་གཡེང་བའི་གནས༔ རང་སེམས་སྐྱེ་མེད་ཆོས་སྐུར་མ་ཤེས་ན༔ འཁོར་བའི་སྐྱེ་གནས་མི་ཆོད་རྒྱུན་པར་འཁོར༔ རྒྱལ་པོ་ཆེན་པོ་སྟོང་ཉིད་གསལ་སྟོང་ལྟོས༔ ཕྱི་མར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར༔ ཞེས་གསུངས་པས༔ རྒྱལ་པོས་དུས་དེ་ཉིད་དུ་རང་སེམས་ཆོས་སྐུར་རྟོགས་ཏེ༔ རྟོགས་གྲོལ་གཉིས་དུས་གཅིག་ཏུ་གྱུར་ནས༔ ཡབ་རྒྱལ་པོ་འཁོར་དང་བཅས་པ༔ སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་བོ༔ རྒྱལ་པོས་བསྟོད་པ༔ ཧཱུྃ༔ དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེ་བའི་སྐུ༔ རྟོགས་པ་བླ་མེད་མཆོག་ཏུ་གྱུར་པ་ཡིས༔ དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས༔ ཀློང་ནས་གྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ནས༔ ཐོད་ཕྲེང་སྐུ་ལ་གསོལ་བས་པདྨ་ཐོད་ཕྲེང་རྩལ་དུ་བཏགས་སོ༔ རྒྱལ་པོའི་སྲས་མཛད་པས་པདྨའི་རྒྱལ་པོར་བཏགས་སོ༔ དེ་ནས་ཡབ་རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་ནས༔ ཨུ་རྒྱན་ཡུལ་གྱི་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད་དོ༔ ཡབ་རྒྱལ་པོ་ཨིནྡྲ་བོདྷི་བཙུན་མོ་འཁོར་དང་བཅས་པ་དང༔ ཚོང་པ་ལྔ་བརྒྱ་དང་བཅས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ཐོབ་བོ༔ དེ་ནས་སློབ་དཔོན་ཛ་ལནྡྷ་རའི་དུར་ཁྲོད་དུ་སྤྱོད་པ་ལ་གཤེགས་པའི་ཚེ༔ མུ་སྟེགས་ཀྱི་སྟོན་པ་མཐུ་བོ་ཆེ་མི་བཞི་བྱ་བ་བྱུང་སྟེ༔ རེ་རེ་ལ་འཁོར་ལྔ་བརྒྱ་རེ་དང་བཅས་ནས༔ རྡོ་རྗེ་གདན་གྱི་ཕྱོགས་བཞི་ནས་རྩོད་པ་བྱས་ཏེ༔ ངེད་ཕྱི་པ་རྒྱལ་ན་ཁྱོད་ངེད་ཀྱི་བསྟན་པ་ལ་ཞུགས་ཤིག༔ ཁྱེད་ནང་པ་རྒྱལ་ན་ངེད་ཁྱེད་ནང་པའི་བསྟན་པ་ལ་འཇུག་གོ༔ ཞེས་སྨྲས་པས༔ རྡོ་རྗེ་གདན་གྱི་སྒོ་སྲུང་པཎྜི་ཏ་བཞི་ལ་སོགས་པའི་པཎྜི་ཏ་ཐམས་ཅད་ཀྱིས་རྩོད་པ་ཐུབ་ཀྱང་ནུས་པ་མི་ཐུབ་སྙམ་ནས་སུས་ཀྱང་སྨྲ་བར་མ་ནུས་སོ༔ དེ་ནས་རྡོ་རྗེ་གདན་གྱི་པཎྜི་ཏ་རྣམས་རྒྱལ་པོའི་ཕོ་བྲང་དུ་བཀའ་བགྲོས་པའི་ཚེ༔ བུད་མེད་སྔོན་མོ་ཕྱག་ན་ཆག་ཤིང་བཟུང་བ་ཞིག་བྱུང་ནས༔ ཁྱེད་རྣམས་ཀྱིས་མུ་སྟེགས་ཀྱི་རྒོལ་བ་མི་ཐུབ༔ ངའི་མིང་པོ་ཡིན་ན་ཐུབ་ཟེར་རོ༔ ཁྱོད་ཀྱི་མིང་པོ་གང་ཡིན༔ གནས་གང་ན་ཡོད་དྲིས་པས༔ ངའི་མིང་པོ་པདྨ་བཛྲ་བྱ་བ་ཡིན༔ ཛ་ལནྡྷ་རའི་དུར་ཁྲོད་ན་སྤྱོད་པ་བྱེད་ཅིང་ཡོད་ཟེར་རོ༔ འོ་ན་ཇི་ལྟར་བྱས་ན་དྲངས་བྱས་པས༔ མོ་ན་རེ༔ བང་ཆེན་པ་བཏང་བས་མི་ཁུག་པས༔ ཁྱེད་རྣམས་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་འདུས་ལ༔ མཆོད་པ་ཆེན་པོ་ཤོམས་ལ་གསོལ་བ་ཐོབ་ཅིག་དང༔ ངེད་སྤྱན་འདྲེན་དུ་འགྲོ་བ་ཡིན་ཟེར་ནས༔ བུད་མེད་དེ་མེད་པར་གྱུར་ཏོ༔ དེ་ནས་པཎྜི་ཏ་རྣམས་ཀྱིས་གཙུག་ལག་ཁང་དུ་འདུས་ནས༔ མོས་ཇི་ལྟར་ཟེར་བ་ལྟར༔ མཆོད་པ་བཤམས་ནས་གསོལ་བ་འདི་སྐད་ཅེས་བཏབ་བོ༔ དུས་གསུམ་སངས་རྒྱས་འབྱོན་གནས་རྡོ་རྗེའི་གདན་དྲུང་འདིར༔ མུ་སྟེགས་བདུད་ཀྱི་དམག་ཚོགས་རྒོལ་བར་བྱུང༔ གཡུལ་ངོ་ཟློག་པར་ནུས་པའི་སྐྱོབ་མ་མཆིས༔ སྐྱེས་མཆོག་མི་ཡི་སེངྒེ་ཁྱོད་ཀྱིས་སྐྱོབས༔ ཞེས་གསོལ་བ་བཏབ་པས༔ སྐྱ་རེངས་དང་པོ་ཤར་བ་ན་ལྗོན་ཤིང་ལ་བྱ་བབ་པ་ལྟར་རྡོ་རྗེ་གདན་གྱི་ཕོ་བྲང་དུ་བྱོན་ནོ༔ དེ་ནས་སློབ་དཔོན་གྱིས་བདུད་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས༔ ཕྱག་གིས་གཎྜི་བརྡུངས་པས༔ ཕྱོགས་བཞིའི་མུ་སྟེགས་ཀྱི་སྒྲ་མཁན་རྣམས་ཀྱིས༔ ད་ནངས་སྔར་དང་མི་འདྲ་བའི་སྒྲ་མི་སྙན་པ་ཞིག་གྲགས་ཞེས་ཟེར་བས༔ ཇི་སྐད་ཟེར་དྲིས་པས༔ ཤར་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ བྱམས་པ་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ མུ་སྟེགས་ཝ་དང་འདྲ་བའི་ཀླད་པ་འགེམས༔ ཞེས་ཟེར་རོ༔ ལྷོ་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ ལོག་འདྲེན་བདུད་ཀྱི་དམག་ཚོགས་དབང་དུ་འདུས༔ ཞེས་ཟེར་རོ༔ ནུབ་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ དགའ་བ་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ མ་རུངས་རྒོལ་བའི་ཚོགས་རྣམས་ཚར་བཅད་དོ༔ ཞེས་ཟེར་རོ༔ བྱང་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ བཏང་སྙོམས་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ ནག་པོའི་ཚོགས་རྣམས་མ་ལུས་རྡུལ་དུ་རློག༔ ཅེས་ཟེར་རོ༔ དེ་ནས་ཉི་མ་ཤར་བ་དང་ཕྱི་ནང་གི་རྩོད་པ་བྱེད་པ་ལ༔ སློབ་དཔོན་སྐུ་ངོ་བོ་ཉིད་རྡོ་རྗེའི་གདན་གྱི་ཕོ་བྲང་དུ་བཞུགས་པ་ལ༔ བདུད་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང༔ ཕྱོགས་བཞི་ནས་སྐུ་ཡི་བཀོད་པ་རྣམ་པ་བཞི་མཛད་དེ༔ འཁོར་པཎྜི་ཏ་ལྔ་བརྒྱ་དང་བཅས་པས་རྩོད་པ་བྱས་པས༔ ནང་པ་རྒྱལ་ནས་མུ་སྟེགས་ཀྱི་སྟོན་པ་བཞི་རྫུ་འཕྲུལ་དང་ལྡན་པའི་འཁོར་འགའ་ཞིག་དང་བཅས་ཏེ་ནམ་མཁའ་ལ་འཕུར་བས༔ སློབ་དཔོན་གྱིས་སྡིགས་མཛུབ་ནམ་མཁའ་ལ་གཏད་དེ༔ བར་སྣང་ལ་མེའི་འཁོར་ལོ་བསྐོར་བས་མུ་སྟེགས་ཀྱི་སྟོན་པ་བཞི་རང་རང་གི་ཕོ་བྲང་དུ་བྲོས་སོ༔ འཁོར་རྣམས་ནི་ནང་པའི་བསྟན་པ་ལ་བཙུད་དོ༔ དེ་ནས་མུ་སྟེགས་ཀྱི་སྟོན་པ་བཞི་ན་རེ༔ སྒྲ་ཚད་དང་རྫུ་འཕྲུལ་ཁྱོད་ཆེ་ཡང་རུང་བ་ལ༔ ད་ཞག་བདུན་ནས་འཆི་བའི་དུས་བྱའོ་ཟེར་ནས༔ མུ་སྟེགས་པ་རྣམས་ངན་སྔགས་ལ་ཞུགས་སོ༔ སློབ་དཔོན་གྱིས་མཁའ་འགྲོ་མ་ལ་ཚོགས་ཀྱི་འཁོར་ལོ་བཏང་ནས་གསོལ་བ་བཏབ་པས༔ ཐོ་རངས་མཁའ་འགྲོ་མ་བདུད་འདུལ་མས༔ བསེའི་སྒྲོམ་བུ་ལ་ལྕགས་ཀྱི་ཐ་རམ་བཏབ་པ་ཞིག་ཕྱག་ཏུ་ཕུལ་ནས༔ བདུད་དང་མུ་སྟེགས་པ་ཐམས་ཅད་ཐུལ་ཅིག་པར་ལུང་བསྟན་པ་དང༔ བསེ་སྒྲོམ་གྱི་ནང་དུ་སྲོག་སེར་ཐོག་དང་བཅས་པའི་མཁའ་འགྲོ་མའི་ངན་སྔགས་བྱུང་ནས༔ སློབ་དཔོན་གྱིས་མུ་སྟེགས་ཀྱི་གྲོང་ཁྱེར་ལ་གནམ་ལྕགས་ཀྱི་ཐོག་ཕབ་སྟེ༔ གྲོང་ཁྱེར་ཐམས་ཅད་མེས་བསྲེགས་ཏེ་བརླགས་པར་བྱས་ནས༔ སངས་རྒྱས་ཀྱི་བསྟན་པ་འདི་ལ་བཀའ་དྲིན་ཆེ་བར་གྱུར་ཏེ༔ རྡོ་རྗེ་གདན་གྱི་པཎྜི་ཏ་རྣམས་ཀྱིས་གཙུག་གི་ནོར་བུ་ལྟར་བླངས་ནས༔ མཚན་ཡང་སེངྒེ་སྒྲ་སྒྲོག་ཏུ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ རྫུ་འཕྲུལ་གྱིས་འགྲོ་བ་འདུལ་ཞིང༔ མུ་སྟེགས་པ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དྲིན་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་སྟེ་བཞི་པའོ༔ ༔དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ༔ ཡོ་ག་ཚེའི་རིག་འཛིན་ནི་ཐོབ༔ ད་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ཞིག་བསྒྲུབ་པར་དགོངས་ནས༔ རྒྱ་གར་ཡུལ་གྱི་ཚུ་རོལ༔ བལ་པོའི་ཡུལ་གྱི་ཕ་རོལ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ན༔ མེ་ཏོག་དགུན་ཡང་མི་སྐམ་པ་བཀྲ་ཤིས་ལ་བྱིན་རླབས་ཆེ་བའི་གནས་དེར་བྱོན་ནས༔ བལ་པོའི་རྒྱལ་པོ་དགེ་འཛིན་ཞེས་བྱ་བའི་བུ་མོ་ཤཱཀྱ་དེ་མ་ཞེས་བྱ་བ་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས༔ དང་པོ་ལ་དཔལ་ཡང་དག་གྲུབ་པ་མར་མེ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པ་མཛད་པས་བར་ཆད་རྣམ་པ་གསུམ་བྱུང་སྟེ༔ ཀླུ་གྱོང་པོ་དང་གནོད་སྦྱིན་རྒོད་མ་ཁ་དང༔ བར་སྣང་ཁམས་ཀྱི་གློག་མ་སྤྲིན་གསུམ་གྱིས་བར་ཆད་བྱས་ཏེ༔ ལོ་གསུམ་དུ་གནམ་ལ་ཁ་ཆར་ཐིགས་པ་གཅིག་ཀྱང་མེད༔ ས་ལ་རྩི་ཐོག་ཀྱང་མ་སྐྱེས་པས༔ རྒྱ་གར་བལ་བོད་གསུམ་དུ་མུ་གེ་དང་མི་ནད་ཕྱུགས་ནད་ཐམས་ཅད་སྤྲིན་བཞིན་དུ་འདུས་ཏེ༔ མི་ཕྱུགས་མང་པོ་ཤི་བས༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ འདི་ཅིས་ཀྱང་མ་ལན་ཏེ༔ བདག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ༔ མི་མ་ཡིན་པ་འདི་རྣམས་ཀྱིས་བར་ཆད་བྱས་པ་ཡིན་དགོངས་ནས༔ ཐུགས་ཀྱི་སློབ་མ་བལ་པོ་ཇི་ལ་ཇི་ས་དང༔ ཀུན་ལ་ཀུན་ས་གཉིས་ལ་གསེར་ཕྱེ་བྲེ་གང་སྤྱན་གཟིགས་སུ་བསྐུར་ནས༔ རྒྱ་གར་དུ་སྔོན་གྱི་སློབ་དཔོན་རྣམས་ལ་བསྲིང་པ༔ བདག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ༔ བར་ཆད་རྣམ་པ་གསུམ་བྱུང་བས༔ བར་ཆད་སེལ་བའི་ཆོས་ཤིག་ཞུ༔ ཞེས་བཏང་བས༔ རྒྱ་གར་གྱི་པཎྜི་ཏ་རྣམས་ན་རེ༔ སློབ་དཔོན་པྲ་བྷ་ཧསྟི་ལ༔ བར་ཆད་འདུལ་བའི་གཉེན་པོར༔ རྡོ་རྗེ་ཕུར་པའི་ཆོས་ཞུས་ཤིག་གསུངས་ནས༔ སློབ་དཔོན་པྲ་བྷ་ཧསྟི་ལ་ཞུས་པས༔ ཕུར་པ་བིཏྱོཏྟ་མ་འབུམ་སྡེའི་ནང་ནས༔ དགྲ་བགེགས་འདུལ་བའི་འཕྲིན་ལས་མི་ཁུར་གཉིས་བརྫངས་པས༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་སླེབ་པ་ཙམ་གྱིས༔ དམ་སྲི་གསུམ་ཡང་ཞི༔ རྒྱ་མཚོ་ལ་ཁ་རླངས་བྱུང༔ ས་ལ་དྲོད་བྱུང༔ ནམ་མཁའ་ལ་སྤྲིན་འཐིབས༔ བར་སྣང་ལ་ཆར་བབས་ཏེ༔ རྩི་ཤིང་དང་འབྲས་བུ་ལོ་ཏོག་ཐམས་ཅད་དུས་གཅིག་ལ་སྨིན་ཏེ༔ འབྲས་བུ་དེ་ཟོས་པས་མི་ནད་ཕྱུགས་ནད་ཐམས་ཅད་ཀྱང་ཆད༔ མུ་གེ་སངས༔ རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་དུ་གྱུར་ཏོ༔ དེ་ནས་སློབ་དཔོན་གྱིས་དཔལ་ཡང་དག་དང་ཕུར་པའི་ལྷ་ཚོགས་ཞལ་གཟིགས་ཏེ༔ ཡང་དག་ནི་ཚོང་པ་དང་འདྲ་སྟེ༔ དངོས་གྲུབ་ཆེ་ཡང་བར་ཆད་འོང༔ ཕུར་པ་ནི་སྐྱེལ་མ་དང་འདྲ་བས༔ བར་ཆོད་འདུལ་བ་ལ་དགོས་པར་དགོངས་ནས༔ རྒྱུད་ཧེ་རུ་ཀ་གལ་པོ་དང༔ བིདྱོཏྟ་མ་འབུམ་སྡེ་ལ་བརྟེན་ནས༔ ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མཛད་ནས༔ སྒྲུབ་པ་མཛད་པས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ༔ དེའི་དུས་སུ་ནམ་སྲོད་ལ་ཤྭ་ན་མ་མཆེད་བཞིས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ གུང་ལ་རེ་མ་ཏི་མཆེད་བཞིས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ ཐོ་རངས་བསེ་མོ་མཆེད་བཞིས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ གཞན་ཡང་བསེ་ལྕགས་དུང་གསུམ་གྱི་སྐྱེས་བུ་ཕོ་རྒྱུད་མོ་རྒྱུད་དང་བཅས་པས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་དུ་བཞག་གོ༔ དེ་ནས་སློབ་དཔོན་གྱི་སྐུ་ལྷའི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་མནན༔ གསུང་སྔགས་ཀྱི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས༔ ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་གྱིས་རྣམ་རྟོག་དུག་ལྔ་ཐམས་ཅད་རང་ཞི་རང་དྭངས་ཀྱིས་བསལ༔ ཕྱག་རྒྱ་ཆེན་པོའི་དགོངས་པ་ལས་མི་འགྱུར་བར་བཞུགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ ཡང་ཕུར་གཉིས་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྒྲུབས་པའི་ལེའུ་སྟེ་ལྔ་པའོ༔ ༔དེ་ནས་སློབ་དཔོན་པདྨ་བོད་ཡུལ་དུ་སྤྱན་ཇི་ལྟར་དྲངས་པའི་ལོ་རྒྱུས་ནི༔ འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ དཔལ་གྱི་བསམ་ཡས་བཞེངས་པའི་ས་གཞི་འདུལ་བའི་ཕྱིར་སྤྱན་དྲངས་ཏེ༔ དེ་ཡང་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དེ༔ བཞུགས་པ་རྒྱ་ནག་རི་བོ་རྩེ་ལྔ་ལ་བཞུགས་ཀྱང༔ ཞལ་བོད་ཡུལ་དུ་བསྟན་ནས༔ ཐུགས་དགོངས་ཀྱིས་བོད་ཁ་བ་ཅན་གྱི་མི་རྣམས་འདུལ་བར་དགོངས་ཏེ༔ དེ་ཡང་གོང་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ལས༔ རྒྱལ་པོ་སྲོང་བཙན་སྒམ་པོར་སྤྲུལ་ནས༔ ལྷ་ས་འཕྲུལ་སྣང་དང་ར་མོ་ཆེ་ལ་སོགས་པ་མཐའ་འདུལ་དང་ཡང་འདུལ་ལ་སོགས་པ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་ཏེ༔ དམ་པ་ཆོས་ཀྱི་སྲོལ་གཏོད་ནས་ཡོད་པ་ལ༔ འཕགས་པ་འཇམ་དཔལ་གྱིས་བོད་ཁ་བ་ཅན་གྱི་ཡུལ་དུ་ཆོས་དར་ཞིང་རྒྱས་པར་བྱ་བར་དགོངས༔ དེ་ཡང་རྒྱལ་པོ་དབང་ཆེན་ཞིག་ཏུ་སྤྲུལ་ནས་མངའ་འོག་ཏུ་བསྡུ་བར་དགོངས་ནས༔ རྒྱ་ནག་རི་བོ་རྩེ་ལྔ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས༔ བོད་ཡུལ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་པའི་མངའ་འོག་ཏུ་འདུག་པར་མཁྱེན་ནས༔ རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང༔ ཡུམ་གྱིམ་ཤང་བཟའ་ཨང་ཅུང་གཉིས་ཕོ་བྲང་བྲག་དམར་ན༔ རིན་པོ་ཆེའི་ཁྲི་སྟེང་ན་གཟིམས་ནས་བཞུགས་པ་ལ༔ འཕགས་པ་འཇམ་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔའི་རྩེ་ལ༔ གསེར་གྱི་ཁྱེའུ་ཆུང་མཚོན་གང་བ་ཞིག་གྱིམ་ཤང་བཟའ་ཨང་ཅུང་གི་མངལ་དུ་སྤྲུལ་པ་བཀྱེས་སོ༔ དེ་ཡང་ཡུམ་གྱི་རྨི་ལམ་དུ༔ འོད་ཟེར་ཉི་མ་ཤར་བ་འདྲ་བ་ཞིག་བྱུང་ནས༔ དེའི་སྣ་ལ་ཁྱེའུ་ཆུང་ཞིག་བྱུང་སྟེ༔ མངལ་གྱི་ནང་དུ་ཞུགས་པ་རྨིས་ནས༔ ཡབ་རྒྱལ་པོ་ལ་བཟླས་པས༔ ཡབ་རྒྱལ་པོས་གསུང་པ༔ བར་སྣང་གི་ལྷ་བྲན་ཞིག་རང་རེའི་བུ་རུ་འོང་བ་ཡིན༔ རྨི་ལམ་ཡང་ཤིན་ཏུ་བཟང་ངོ་གསུངས་ནས་ཡབ་རྒྱལ་པོ་ཤིན་ཏུ་དགྱེས་སོ༔ དེ་ནས་ཡུམ་གྱི་ལུས་མི་བདེ་བ་མེད་པར༔ འགུལ་བ་དང་འཕར་བ་ལ་སོགས་པ་བྱུང་ཞིང་ལུས་བདེ་བ་དང་ཡང་བ་དང༔ ཤེས་པ་གསལ་བ་དང་ཉོན་མོངས་པ་མི་སྐྱེ་བར་གྱུར་ཏོ༔ དེ་ནས་ཟླ་དགུ་ངོ་དང་བཅུ་ནས་ཕོ་བྲང་བྲག་དམར་དུ་ཡུམ་ལ་ན་ཚ་མེད་པར་སྐུ་བལྟམས་སོ༔ དེ་ནས་རྒྱལ་བུ་དེ་སོ་དུང་སོ་འཁོར་མར་ཡོད་པ༔ སྐྲ་འཁོར་མཐོན་མཐིང་རིས་སྤྱི་གཙུག་གཡས་སུ་འཁྱིལ་བ༔ མཛེས་པ་ལྷའི་བུ་ལྟ་བུ་ཞིག་བྱུང་སྟེ༔ རྟའི་ལོ་དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་པར༔ ནམ་ལངས་ནས་ཉི་མ་ཤར་བ་ལ་སྐུ་འཁྲུངས་སོ༔ མཚན་ཡང་ཁྲི་སྲོང་ལྡེའུ་བཙན་དུ་བཏགས་སོ༔ དེ་ནས་རྒྱལ་བུ་དེ་ལོ་བཅུ་གསུམ་ལོན་ནས་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དགུང་དུ་གཤེགས༔ དེ་ནས་རྒྱལ་བུ་རྒྱལ་སར་ཕྱུང་སྟེ༔ བཙུན་མོ་གསུམ་ཁབ་ཏུ་བཞེས་ཏེ༔ ཚེ་སྤོང་བཟའ་དམར་རྒྱན༔ འབྲོ་བཟའ་བྱང་ཆུབ་སྨན༔ ཕོ་གྱོང་བཟའ་རྒྱལ་མོ་བཙུན་དེ་རྣམས་ཁབ་ཏུ་བཞེས་ནས༔ ལོ་བདུན་བར་དུ་འབངས་རྣམས་ཀྱི༔ ཕྱིའི་སོ་ཁ་སྲུང་བ་དང༔ ནང་གི་ཁ་རིས་སྐྱོང་བར་བྱས་ནས༔ རྒྱལ་སྲིད་བསྐྱངས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ བོད་རྒྱལ་པོས་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་དྲུག་པའོ༔ ༔དེ་ནས་རྒྱལ་པོ་ཉི་ཤུ་ཐམ་པ་གླང་གི་ལོ་ལ༔ དམ་པའི་ཆོས་མཛད་པའི་ཐུགས་དགོངས་སྐྱེས་སོ༔ སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང༔ བོད་མུན་པའི་སྨག་རུམ་དང་འདྲ་བ་ལ་གཙུག་ལག་ཁང་བཞེངས༔ དམ་པའི་ཆོས་མང་པོ་བསྒྱུར༔ བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་འདུག༔ ད་ནི་ངས་ཀྱང་དམ་པའི་ཆོས་དར་ཞིང་རྒྱས་པ་ཞིག་བྱ་དགོས་སྙམ་པའི་ཐུགས་དགོངས་རྒྱ་ཆེན་པོ་སྐྱེས་ཏེ༔ ད་ནི་དཀོན་མཆོག་གསུམ་གྱི་ཕོ་བྲང་གི་རྟེན༔ འགྲོ་བ་མི་རྣམས་མོས་ཤིང་དད་པར་བྱེད་པའི་ས༔ བདག་རང་གི་གཡར་དམ༔ སྔོན་ལ་གཙུག་ལག་ཁང་ཞིག་བཞེངས་སྙམ་ནས༔ དེ་ཡང་ཅི་འདྲ་བ་ཞིག་བྱེད་སྙམ་པའི་ཐུགས་དགོངས་སྐྱེས་པས༔ གླིང་བཞི་རི་རབ་ལྕགས་རི་དང་བཅས་པ་ཞིག་བཞེངས་པར་ཐུགས་དགོངས་བཅང༔ རྒྱལ་པོ་ཉི་ཤུ་རྩ་གཅིག་སྟག་གི་ལོ་ལ་རྨང་བཏིང་བར་བཞེད་ནས༔ རྒྱ་གར་ཡུལ་ན་སློབ་དཔོན་བོདྷི་སཏྭ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་མཁྱེན་པ་ཤིན་ཏུ་ཆེ་བ་ཞིག་བཞུགས་ཟེར་བའི་སྒྲ་གྲགས་པ་སྙན་དུ་ཐོས་ནས༔ ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་བྱ་བ༔ རྒྱ་བོད་ཀྱི་སྐད་ཤེས་པ་ཞིག་ལ་གསེར་ཕྱེ་བྲེ་གང་ཞུ་རྟེན་དུ་བསྐུར་ནས༔ གཡོག་པོ་གཉིས་དང་བཅས་ཏེ༔ སློབ་དཔོན་སྤྱན་དྲང་དུ་བཏང་སྟེ༔ ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་ཞལ་མཇལ་ནས༔ གསེར་ཕྱེ་ཕུལ་ནས༔ བདག་ནི་བོད་ཀྱི་རྒྱལ་པོས་གཙུག་ལག་ཁང་ཞིག་བཞེངས་པར་འདོད་པས༔ ས་གཞི་འདུལ་བའི་ཕྱིར༔ སློབ་དཔོན་ཉིད་སྤྱན་འདྲེན་དུ་བཏང་བས༔ འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པས༔ སློབ་དཔོན་གྱི་ཞལ་ནས༔ བོད་ཀྱི་རྒྱལ་པོ་དང་ཚེ་རབས་སྔ་མའི་ལས་འབྲེལ་ཞིག་ཡོད་པས་འགྲོ་དགོས་གསུངས་ནས་བོད་དུ་བྱོན་ནོ༔ དེ་ནས་སློབ་དཔོན་ཕོ་བྲང་བྲག་དམར་དུ་གདན་དྲངས་ནས༔ རྒྱལ་པོས་ཞུ་བ་ཕུལ་བ༔ སློབ་དཔོན་ཆེན་པོ་ལགས༔ དཀོན་མཆོག་གསུམ་གྱི་ཕོ་བྲང་གི་རྟེན༔ བདག་རང་གི་གཡར་དམ༔ འགྲོ་བ་མི་རྣམས་མོས་པ་བྱེད་པའི་ས༔ གཙུག་ལག་ཁང་ཞིག་བཞེངས་པར་འདོད་པས༔ སློབ་དཔོན་གྱིས་ས་གཞི་བྱིན་གྱིས་བརླབ་པར་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བོད་ཀྱི་ལྷ་འདྲེ་མི་མ་ཡིན་པ་རྩུབ་མོར་འདུག་པས༔ ངས་བྱང་ཆུབ་ཀྱི་སེམས་ཀྱིས་འདུལ་བ་ཡིན་པས༔ ཐུལ་ལམ་མི་ཐུལ་མི་ཤེས་པས༔ རྒྱལ་པོ་རང་རྨང་ཐིངས་ཤིག་གསུངས་ནས༔ སློབ་དཔོན་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ས་གཞི་བྱིན་གྱིས་བརླབས༔ རྒྱལ་པོ་ཉིད་ཀྱི་སྐུ་ལ་དར་དཀར་གྱི་ན་བཟའ་གསོལ༔ ཕྱག་ན་གསེར་གྱི་འཇོར་ཐོགས་ནས་བརྐོས་པས༔ ཁྲུ་གང་ཙམ་གྱི་འོག་ནས་འབྲས་དཀར་མོ་ཁལ་གཅིག༔ བདུད་རྩིས་ཞག་རོ་ཀ་ར་ལྟར་བྲོ་བ་མང་པོ་བྱུང་ནས༔ རྒྱལ་པོ་ཉིད་ཀྱི་ཞལ་དུ་ཡང་གསོལ་དབུ་ལ་ཡང་བྱུག་ནས༔ འོ་ན་ང་ཡི་བསམ་པ་འགྲུབ་པར་འོང༔ བོད་ཡུལ་ན་ཆོས་ཀྱི་བསྟན་པ་དར་བར་འོང་གསུངས་ནས༔ དེ་ནས་རྨང་བཏིང་ནས་བརྩིགས་པས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་ལ་སོགས་པ་བོད་ཀྱི་གནོད་སྦྱིན་ཕོ་མོ་མཐུ་བོ་ཆེ་རྣམས་ཀྱིས་བར་ཆད་བྱས་ཏེ༔ ཉིན་བརྩིགས་པ་རྣམས་མཚན་བཤིག་པས་དམའ་བར་གྱུར་ཏེ་བརྩིགས་སུ་མ་སྟེར་རོ༔ དེ་ནས་སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་གི་བསམ་པ་ནི་འགྲུབ་འགྲུབ་མི་འདྲ་ན༔ ཐབས་ཅི་མངའ་ཞུས་པས༔ སློབ་དཔོན་གྱིས་རྒྱལ་པོ་ལ་གསུངས་པ༔ རྒྱལ་པོ་ཆེན་པོ་ལགས༔ བདག་གིས་རྒྱུ་མཚན་ཉིད་ཀྱི་ཆོས་ཐམས་ཅད་མ་ལུས་པར་ཤེས་ཤིང༔ བྱང་ཆུབ་ཀྱི་སེམས་ཀྱང་འབྱོངས་པ་ཡིན་ཀྱང༔ བོད་ཀྱི་ལྷ་འདྲེ་གདུག་རྩུབ་ཅན་ཐམས་ཅད་མི་ཐུལ་བ་འདྲ་བས༔ ཐབས་ཤིག་ཡོད་ཀྱི་གསུངས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ རྒྱལ་པོས་ཆོས་ལ་ཐུགས་དགོངས་སྐྱེས་ནས་ཐུགས་དམ་བཞེངས་པའི་ཕྱིར༔ སློབ་དཔོན་བོདྷི་སཏྭ་གདན་དྲངས་ནས༔ གཙུག་ལག་ཁང་རྨང་བཏིང་བའི་ལེའུ་སྟེ་བདུན་པའོ༔ ༔དེ་ནས་སློབ་དཔོན་ཆེན་པོ་བོདྷི་སཏྭའི་ཞལ་ནས༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་འདི་རྣམས་དྲག་པོས་འདུལ་དགོས་པར་འདུག་པས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་བྱ་བ་ན༔ ཨུ་རྒྱན་རྒྱལ་པོའི་སྲས་མཛད་པའི་གྲུབ་ཐོབ་ཅིག་བཞུགས་ཏེ༔ དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་ན༔ སྤྲུལ་པའི་སྐུ་པདྨ་འབྱུང་གནས་བྱ་བ་མཐུ་ཆེ་ལ་རྩལ་དྲག་པ་གསང་སྔགས་ཀྱི་སྤྱོད་པ་མཛད་པ་ཞིག་བཞུགས་པས༔ དེ་སྤྱན་དྲངས་ན་མངའ་བདག་གི་དགོངས་པ་འགྲུབ་ཅིང༔ མི་མ་ཡིན་འདི་རྣམས་ཀྱང་ཐུལ་བར་འགྱུར་རོ༔ ཞེས་གསུངས་པས༔ དེ་ནས་བཀའ་ལུང་དེ་མངའ་བདག་གི་རྨི་ལམ་དུ་བྱུང་བ་སྐད་བྱས་ནས༔ འབངས་ཕྱི་འཁོར་དང་ནང་འཁོར་རྣམས་ལ་བཀའ་སྩལ་པ༔ ང་ཡི་མདངས་སུམ་གྱི་རྨི་ལམ་ན༔ རྒྱ་བལ་གྱི་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ན༔ ཨུ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝ་ཞེས་བྱ་བ་ཞིག་བཞུགས་ཏེ༔ དེ་སྤྱན་དྲངས་ན་ངའི་བསམ་པ་འགྲུབ་བོོ་བྱ་བ་ཞིག་རྨིས་སོ༔ དེ་ཁྱེད་རྣམས་ཀྱིས་སྤྱན་འདྲེན་དུ་འགྲོ་དགོས་པས༔ བང་ཆེན་པ་མི་གསུམ་གཏོང་བའི་གྲོས་གྱིས་གསུངས་པས༔ འབངས་རྣམས་ཀྱིས་བསམ་རིག་བཏང་ཞིང་གྲོས་བྱས་ཏེ༔ བང་ཆེན་གྱི་ཁས་ལེན་མ་བྱུང་ནས༔ རྒྱལ་པོ་ཉིད་ཀྱིས༔ སྦས་མང་རྗེ་གསལ་སྣང་དང༔ སེངྒེ་མགོ་ལྷ་ལུང་གཉིས་ལ་བཀའ་སྩལ་ནས༔ གཡོག་པོ་གསུམ་དང་དཔོན་གཡོག་ལྔ་ལ་གསེར་ཕྱེ་བྲེ་གང་དང་ལམ་རྒྱགས་སོགས་བསྐུར་ནས་ལམ་དུ་ཞུགས་པས༔ སློབ་དཔོན་གྱི་སྤྱན་སྔར་བཀའི་སྲུང་མ་རྣམས་ཀྱིས་བསྐུལ་མ་བྱུང་སྟེ༔ བོད་ཡུལ་ཧས་པོ་རིའི་རྩ་བར༔ བོད་ཀྱི་ལྷ་སྲས་བཙད་པོས་གཙུག་ལག་ཁང་ཞིག་བཞེངས་སུ་གསོལ་བས༔ སློབ་དཔོན་ཆེན་པོའི་སྤྱན་སྔར་བང་ཆེན་པ་མི་ལྔ་འོངས་པས༔ དེ་རྣམས་ཐང་ཆད་ཉོན་མོངས་པས༔ སློབ་དཔོན་མང་ཡུལ་གུང་ཐང་གི་མཚམས་སུ་སྟ་གོན་ལ་གཤེགས་པར་ཞུ༔ ཞེས་བསྐུལ་བས༔ སློབ་དཔོན་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ནས༔ མང་ཡུལ་གུང་ཐང་དུ་ཟླ་བ་གསུམ་བཞུགས་པ་དང༔ བང་ཆེན་པ་རྣམས་དང་མཇལ་ནས༔ སློབ་དཔོན་གྱིས་མཁྱེན་བཞིན་དུ༔ ཁྱེད་རྣམས་སུ་ཡིན་གར་འགྲོ་དྲིས་པས༔ སྦས་མང་རྗེ་གསལ་སྣང་གིས་ངེད་བོད་ཀྱི་ལྷ་སྲས་ཀྱིས༔ སློབ་དཔོན་པདྨ་འབྱུང་གནས་སྤྱན་འདྲེན་དུ་བཏང་པ་ཡིན་པས༔ སློབ་དཔོན་ཁྱེད་ལགས་སམ་ཞུས་པས༔ འོ་ང་ཟླ་བ་གསུམ་གྱི་གོང་དུ་སྲུང་མ་རྣམས་ཀྱིས་བསྐུལ་བྱུང་བས༔ ཁྱོད་བང་ཆེན་པ་རྣམས་ཉོན་མོངས་ཀྱིས་དོགས་ནས་ང་འདིར་བསྡད་པ་ཡིན༔ ཁྱོད་རྣམས་རེ་འགོར༔ ད་ང་ལ་སྐུ་ཡོན་ཅི་ཡོད་ཕུལ་ཅིག་གསུངས་བས༔ དེ་རྣམས་ཀྱིས་ཕྱག་བྱས་ཏེ༔ གསེར་ཕྱེ་བྲེ་གང་ཕུལ་བས༔ ད་རུང་ཕུལ་ཅིག་གསུངས་པས༔ འབངས་རྣམས་ཀྱིས་གོས་ཕུད་ནས་ཕུལ་བས༔ ད་རུང་ཅི་ཡོད་ཕུལ་ཅིག་གསུངས་བས༔ འབངས་རྣམས་ཀྱིས་རྒྱལ་པོས་དེ་བས་ཅི་མ་བསྐུར༔ ངེད་ལ་ཡང་དེ་བས་ཅི་མེད་པས༔ ད་ནི་ལུས་ངག་ཡིད་གསུམ་བྲན་དུ་འབུལ་བྱས་ནས་ཕྱག་དང་བསྐོར་བ་བྱས༔ ཞབས་སྤྱི་བོར་བླངས་པས༔ སློབ་དཔོན་ཡང་མཉེས་ཏེ༔ ངས་བོད་ཀྱི་དད་པ་ལ་འགྱུར་ལྡོག་ཡོད་དམ་མེད་བལྟས་པ་ཡིན༔ ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད་གསུངས་ནས༔ ཕྱག་གཡས་པ་མང་ཡུལ་གུང་ཐང་གི་ཕྱོགས་སུ་བརྐྱངས་པས༔ གཡས་ཕྱོགས་ཀྱི་རི་ཐམས་ཅད་གཡོན་ཕྱོགས་སུ་བསྒྱུར༔ ཕྱག་གཡོན་པ་ནུབ་ཕྱོགས་སུ་བརྐྱངས་པས༔ ས་རྡོ་ཐམས་ཅད་གཟི་མཆོང་བྱེ་རུ་གསེར་གཡུར་བསྒྱུར་ནས༔ བང་ཆེན་པ་རྣམས་ལའང་བྱིན་ནས༔ ལྟ་སྟངས་ཤིག་ག་མཛད་པས་ཉི་ཟླ་ས་ལ་ཕབ༔ སྡིགས་མཛུབ་ཅིག་མཛད་པས་ཆུ་བོ་གྱེན་ལ་བཟློག༔ ང་ལ་རྫུ་འཕྲུལ་དང་ནུས་པ་འདི་ལྟ་བུ་ཡོད༔ ཁྱེད་རྣམས་ཡིད་ཆེས་པར་གྱིས༔ གསེར་གྱིས་ང་ལ་དགོས་པ་མེད་ཀྱི༔ འོན་ཀྱང་མངའ་བདག་གི་དགོངས་པ་འགྲུབ་པ་དང༔ བསོད་ནམས་ཐོབ་པར་བྱ་བའི་ཕྱིར་རེ་ཞིག་བླང་དགོས་གསུངས་ནས༔ མང་ཡུལ་དང་བལ་ཡུལ་གྱི་ཕྱོགས་སུ་གཏོར་ནས་བཏང་སྟེ༔ དུས་ཕྱི་མར་བོད་ཡུལ་གྱི་གསེར་ཐམས་ཅད་མང་ཡུལ་དང༔ བལ་ཡུལ་གྱི་ཕྱོགས་སུ་འབོལ་བར་འོང་གསུངས་སོ༔ བང་ཆེན་པ་རྣམས་ལ་བྱིན་པའི་གསེར་གཡུ་རྣམས་ལ་ཙུག་ཡིན་སྙམ་ནས་ཡིད་མ་ཆེས་ཏེ་སོ་སོར་ཕྱིན་ནས་བལྟས་པས༔ བདེན་པར་སྣང་སྟེ་སོ་སོར་ཡིད་ཆེས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱི་ཐུགས་རྗེས་དགོངས་ནས་བོད་ཡུལ་དུ་བྱོན་ནས་ཕོ་ཉ་བ་རྣམས་དང་མཇལ་བའི་ལེའུ་སྟེ་བརྒྱད་པའོ༔ ༔དེ་ནས་སློབ་དཔོན་དཔོན་གཡོག་རྣམས་མར་བྱོན་ཏེ༔ མང་ཡུལ་དོན་ལ་ཁར་བྱོན་པས༔ ཞང་ཞུང་གི་དགྲ་བླ་མུ་ཙ་མེད་བྱ་བས་བར་ཆད་བརྩམས་ཏེ༔ རི་ཆེན་པོ་གཉིས་སུ་བརྫུས་ནས་སློབ་དཔོན་དཔོན་གཡོག་རྣམས་བཅར་བར་བྱས་པས༔ སློབ་དཔོན་གྱིས་ཕྱག་མཁར་བྲག་ལ་བཙུགས་ནས་ལམ་བཏོད་དོ༔ མགོ་ཐོག་ནས་མར་བྱོན་པས་མོ་རབ་ཏུ་སྔངས་ཤིང་བྲེད་པར་གྱུར་ཏེ༔ སྲོག་གི་སྙིང་པོ་ཕུལ་ནས་སྲུང་མར་ཁས་བླངས༔ གསང་མཚན་གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མར་བཏགས༔ དེ་ནས་བྱང་གནམ་ཐང་དུ་མར་བྱོན་ཙ་ན༔ གནམ་སྨན་དཀར་མོས་སློབ་དཔོན་ལ་ཐོག་ཕབ་པས༔ སློབ་དཔོན་གྱིས་ཕྱག་གཡོན་པའི་མཐིལ་དུ༔ ཆུ་མེ་ལོང་གང་ཙམ་བཞག་ནས༔ དེ་བཟེད་པ་དང༔ ཐོག་དེར་ཕབ་ཙ་ན་ཐོག་སྐམ་སྲན་མ་ཙམ་བདུན་དུ་སོང༔ དེར་མོ་ཡ་མཚན་སྐྱེས་ཏེ་བྲེད་ནས༔ དཔལ་མོ་དཔལ་མཚོར་བྲོས་སོ༔ སློབ་དཔོན་གྱིས་མཚོ་ལ་སྡིགས་མཛུབ་གཏད་ནས་མཚོ་མེ་དཔུང་དུ་བསྒོམས་པས༔ མཚོ་ལྷག་གིས་ཁོལ་ནས་མོའི་ཤ་རུས་ཕྱེས་ཏེ་བྲོས་པ་དང༔ སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་བརྒྱབ་པས༔ མིག་གཡས་པ་བཅར་བ་དང༔ མོ་ན་རེ༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་འཕྲེང་རྩལ༔ བར་ཆད་མི་བགྱིད་ཐུགས་དམ་དགོངས་པ་ཁྲོལ༔ ཅེས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ མིང་ཡང་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ༔ དེ་ནས་འོ་ཡུག་ནས་མར་བྱོན་ཙམ་ན༔ བརྟན་མ་རྣམས་ཀྱིས་རིའི་བར་དུ་བཅར་བར་བྱས་པས༔ སློབ་དཔོན་གྱིས་སྡིགས་མཛུབ་རི་ལ་གཏད་ནས་བྱོན་པས༔ བརྟན་མ་རྣམས་ཀྱིས་རི་བསྐྱོད་པར་མ་ནུས་ནས་བྲོས་སོ༔ འོ་ཡུག་གི་མདའ་ལ་རིའི་རྩེའི་བྲག་ཐམས་ཅད་བསྙིལ་ནས་རྦབ་དུ་བཏང་པས༔ སློབ་དཔོན་གྱིས་སྡིགས་མཛུབ་གཏད་ནས་བྱོན་པས༔ བྲག་རྡོ་ཐམས་ཅད་གྱེན་ལ་ལོག་སྟེ༔ གཡའ་རི་དང་བྲག་རི་དང་གངས་རི་ལ་སོགས་བརྟན་མའི་གནས་ས་ཐམས་ཅད་བཤིག་པས༔ བརྟན་མ་བཅུ་གཉིས༔ སྐྱོང་མ་བཅུ་གཉིས༔ ཡ་མ་བཅུ་གཉིས་ལ་སོགས་པ་སོ་སོའི་འཁོར་དང་བཅས་པས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ གསང་མཚན་རེ་རེ་བཏགས་ནས་བཀའི་སྲུང་མར་དབང་བསྐུར་རོ༔ དེ་ནས་ལྕེ་ཕུ་ཤམ་པོ་ལུང་དུ་བྱོན་པས༔ ཡར་ལྷ་ཤམ་པོ་གཡག་དཀར་པོ་རི་ལོགས་ཙམ་དུ་སྤྲུལ་ནས༔ སྣ་རླངས་སྤྲིན་དུ་འཐིབས་པ༔ ང་རོ་འབྲུག་ཏུ་གྲགས་པ༔ ཁ་རླངས་བུ་ཡུག་ཏུ་འཚུབས་པས༔ ཐོག་དང་སེར་བ་ཕབ་ནས་ཉམས་བླངས་པས༔ སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང༔ ཞགས་པའི་ཕྱག་རྒྱས་རྐེད་ནས་བཏབ༔ ལྕགས་སྒྲོག་གི་ཕྱག་རྒྱས་རྐང་ལག་བཞི་སྒྲོག་ཏུ་བཅུག༔ དྲིལ་བུའི་ཕྱག་རྒྱས་གཡག་དེ་བཙོག་སྟེ་བརྡུངས་པས༔ ཁྱེའུ་ཆུང་དར་དཀར་གྱི་རལ་ག་ཅན་ཞིག་ཏུ་གྱུར་ཏེ༔ སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ དེ་ནས་སློབ་དཔོན་གནམ་ཐང་ལྷའི་རྩར་བྱོན་པས༔ ཐང་ལྷས་སློབ་དཔོན་ལ་ཉམས་ཚད་དེ་གནོད་སྦྱིན་ཆེན་པོ་ཞིག་ཏུ་སྤྲུལ་ནས་སློབ་དཔོན་དཔོན་སློབ་ཟ་བའི་ཚུལ་དུ་བྱས་ནས་བྱུང་བ་ལ༔ སློབ་དཔོན་གྱི་ཕྱག་རྒྱ་སྡིགས་མཛུབ་ཏུ་བྱས་པས༔ ཁོ་བྱིས་པ་གཡུ་ཡི་ཟུར་ཕུད་ཅན་གཅིག་ཏུ་གྱུར་ནས་དམ་ལ་བཏགས་ཏེ༔ སློབ་དཔོན་གྱི་ཞལ་ནས༔ ཨཾ་འདི་ནི་ཀླུའི་མེས་པོ་ཐོད་དཀར་ཞེས་ཀྱང་བྱ༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ༔ གཉན་ཆེན་ཐང་ལྷ་ཞེས་ཀྱང་བྱ་འདི་ལ་ངས་དྲོ་ཞིག་བསླང་ངོ་གསུངས་ནས་གཤེགས་ཏེ༔ ཕྱི་དྲོ་དྲོ་འཁོར་ཙམ་ན༔ ན་བཟའི་ཕུ་དུང་ལྟེབ་ཏུ་ཅི་ཡང་མི་བྲོ་བའི་ཁུར་བ་ལབ་ལེབ་དང༔ ཞལ་ཟས་མང་པོ་བསྣམས་ནས་བྱོན་ཏེ༔ མངའ་འོག་ཏུ་འདུས་སོ༔ དེ་ནས་བྱང་འཕན་ཡུལ་ལ་རུ་བྱོན་ནས༔ བྱང་གི་ཏིང་ཏིང་ཏིང་ལོ་སྨན་དང༔ སྟག་སྨན་ཟོར་གདོང་མ་དང༔ བྱང་ཕུག་མ་གསུམ་གྱིས་བྱང་ཐང་གསུམ་གྱི་ལྷགས་པ་ཐམས་ཅད་དུས་གཅིག་བསྡུས་ཏེ༔ སློབ་དཔོན་འཁོར་དང་བཅས་པ་ལ་བརྒྱབ་པས༔ འཁོར་རྣམས་ནི་རེངས་ལ་ཁད༔ སློབ་དཔོན་ཉིད་ཀྱང་བསེར་བ་ཙམ་ཞིག་བྱུང་ནས༔ སློབ་དཔོན་གྱིས་སྡིགས་མཛུབ་ཀྱི་རྩེ་ལ་མེའི་འཁོར་ལོ་བསྐོར་བས༔ གནོད་སྦྱིན་ཕོ་མོ་གནས་པའི་གངས་རི་ཐམས་ཅད་མར་ལ་ལྕགས་སྲེག་ཕོག་པ་ལྟར་ཞུ་ནས༔ བོད་ཀྱི་གནོད་སྦྱིན་ཕོ་མོ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ༔ དེ་ནས་སྟོད་ལུང་གྲམ་བུའི་ཚལ་དུ་བྱོན་ནས༔ སློབ་དཔོན་ལ་རྗེ་འབངས་ཉི་ཤུ་རྩ་གཅིག་གིས་བསུ་བ་དང་མཇལ་འཕྲད་མཛད་དོ༔ དེ་ནས་སྟོད་ལུང་གཞོང་པའི་མདོར་བྱོན་ནས༔ སློབ་དཔོན་རྗེ་འབངས་རྣམས་ཀྱིས་དྲོ་བཏབ་པར་འདོད་པས་ཆུ་མ་རྙེད་ནས༔ སློབ་དཔོན་གྱིས་ཕྱག་མཁར་བྲག་ལ་བཙུགས་པས༔ ཆུ་བྱུང་བས་གཞོང་པའི་ལྷ་ཆུར་མིང་བཏགས་སོ༔ དེ་ནས་ཁ་ལ་བྲག་རིར་དགོང་གཅིག་བཞུགས་ནས༔ བཙན་ཐམས་ཅད་དམ་ལ་བཏགས་སོ༔ དེ་ནས་ཟུལ་ཕུག་ཏུ་ཞག་གཅིག་བཞུགས་ཏེ༔ བདུད་ཐམས་ཅད་དམ་ལ་བཏགས་སོ༔ དེ་ནས་གཡའ་རི་གོང་དུ་ཞག་གཅིག་བཞུགས་ནས༔ རྒྱལ་པོ་དང་འགོང་པོ་ཐམས་ཅད་དམ་ལ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པའི་ལེའུ་སྟེ་དགུ་པའོ༔ ༔དེ་ནས་སློབ་དཔོན་ཧས་པོ་རི་ལ་བྱོན་ནས༔ བོད་ཀྱི་མངའ་བདག་རྗེ་འབངས་རྣམས་ཀྱིས་བསུ་བ་མཛད་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ ང་བོད་མགོ་ནག་གི་སྤྱི་རྗེ༔ དུད་འགྲོ་རྔོག་ཆགས་ཀྱི་བདག་པོ་ཡིན༔ ཆོས་སྐྱོང་བའི་རྒྱལ་པོ་ཡང་ཡིན་པས་སློབ་དཔོན་གྱིས་ང་ལ་ཕྱག་བྱེད་འོང་སྙམ་མོ༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ ང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ༔ རྒྱལ་པོའི་སློབ་དཔོན་དུ་སྤྱན་དྲངས་པ་ཡིན་པས༔ ང་ལ་ཕྱག་བྱེད་འོང་སྙམ་ནས༔ ཕྱག་ལ་མ་མཐུན་ཏེ༔ སློབ་དཔོན་གྱིས་ང་ཆེ་ང་བཙན་གྱི་མགུར་འདི་གསུངས་སོ༔ ན་མོ་རཏྣ་གུ་རུ༔ ཁྱོད་བོད་ཀྱི་མངའ་བདག་ཚུར་གསོན་དང༔ ངས་ཁམས་གསུམ་སེམས་ཅན་འཆི་བར་རྟོགས༔ དཔལ་ཡོ་ག་ཚེ་ཡི་རིག་འཛིན་གྲུབ༔ ང་འཆི་མེད་པདྨ་འབྱུང་གནས་ཡིན༔ རྡོ་རྗེ་ཚེ་སྒྲུབ་ཀྱི་གདམས་ངག་བདོག༔ སྣང་བ་སེམས་ཀྱི་དཀྱིལ་འཁོར་དུ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ང་རྒྱལ་པོ་པདྨ་འབྱུང་གནས་ཡིན༔ ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་བདོག༔ སྣང་བ་འཁོར་འདས་ཀྱི་དཔེ་ཆ་ལ༔ དྲང་དོན་ངེས་དོན་གྱི་བཤད་པ་བྱེད༔ ང་དགེ་བཤེས་པདྨ་འབྱུང་གནས་ཡིན༔ འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་བདོག༔ སེམས་ཉིད་ཀྱི་ཤོག་བུ་རྣལ་མ་ལ༔ ཚིག་དང་བྲལ་བའི་ཡི་གེ་བྲི༔ ང་ཡིག་མཁན་པདྨ་འབྱུང་གནས་ཡིན༔ ཆོས་ཡི་གེ་མེད་པའི་གདམས་ངག་བདོག༔ འདི་ལྟར་སྣང་བའི་གྱང་ལོགས་ལ༔ གཉིས་སུ་མེད་པའི་རི་མོ་བྲི༔ ང་ལྷ་བཟོ་པདྨ་འབྱུང་གནས་ཡིན༔ སྣང་སྟོང་དབྱེར་མེད་ཀྱི་གདམས་ངག་བདོག༔ མི་དུག་ལྔའི་ནད་ཀྱིས་ཟིན་པ་ཀུན༔ ཟག་མེད་སྨན་གྱིས་གསོ་བར་བྱེད༔ ང་སྨན་པ་པདྨ་འབྱུང་གནས་ཡིན༔ བདུད་རྩི་འཆི་གསོས་ཀྱི་གདམས་ངག་བདོག༔ མི་དད་པ་ཆེ་བའི་འདུན་མ་བྱས༔ ཚེ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་བསྒྲུབ༔ ང་གཙོ་བོ་པདྨ་འབྱུང་གནས་ཡིན༔ འཁོར་བ་རྩད་གཅོད་ཀྱི་གདམས་ངག་བདོག༔ ཤེས་རབ་སྙིང་པོའི་མཚོན་ཐོགས་ནས༔ རྣམ་རྟོག་ལོག་ལྟའི་དགྲ་བོ་བཏུལ༔ ང་དཔའ་བོ་པདྨ་འབྱུང་གནས་ཡིན༔ འཁོར་བ་གཡུལ་བཟློག་གི་གདམས་ངག་བདོག༔ དུག་ལྔའི་དགྲ་བོ་དགྲར་ལངས་པ༔ ཡེ་ཤེས་ལྔ་ཡི་ཁོངས་སུ་བྲུབས༔ ང་མཐུ་མཁན་པདྨ་འབྱུང་གནས་ཡིན༔ དུག་ལྔ་རྩད་གཅོད་ཀྱི་གདམས་ངག་བདོག༔ ཁྱོད་གདོང་དམར་སྲིན་པོ་བོད་ཀྱི་རྗེ༔ འཇིག་རྟེན་དྲེགས་པའི་ཁེངས་སེམས་ཅན༔ ང་རྒྱལ་འཁོར་བར་སྐྱེ་བའི་རྒྱུ༔ ཉོན་མོངས་དུག་ལྔའི་རྒྱན་གྱིས་བརྒྱན༔ བོད་ཀྱི་མངའ་བདག་མ་ལགས་སམ༔ ཁྱོད་མངའ་ཐང་ཆེ་བས་གློ་བ་དགའ༔ ངས་བོད་ཀྱི་རྗེ་ལ་ཕྱག་མི་འཚལ༔ རྒྱལ་པོའི་ན་བཟའ་བཞེས་ཕྱག་འཚལ༔ ཞེས་གསུངས་ནས༔ ཕྱག་ཐལ་མོ་ཡ་གཅིག་དེང་མཛད་པས༔ ཕྱག་གི་འོད་ཟེར་གྱིས་རྒྱལ་པོའི་ན་བཟའ་ཐམས་ཅད་ཚིག་པས༔ རྒྱལ་བློན་རྣམས་བྲེད་ནས༔ རྒྱལ་པོ་ཉིད་ཀྱིས་ཕྱག་འཚལ་ལོ༔ དེ་ནས་སློབ་དཔོན་ཕོ་བྲང་དུ་སྤྱན་དྲངས་ཏེ༔ གསེར་གྱི་ཁྲི་ལ་བཞུགས་སོ༔ ཞལ་སྐྱེམས་དང༔ བཤོས་དང༔ ཞལ་ཟས་སྣ་ཚོགས་ཕྱག་ཏུ་དྲངས་ནས༔ ཟ་འོག་གི་སྨུག་བེར་སྐུ་ལ་གསོལ༔ རྒྱལ་པོས་གསེར་གཡུའི་མཎྜལ་ཕྱག་རྟེན་དུ་ཕུལ་ནས་ཞུས་པ༔ ཨེ་མ་ཧོ་ན་མོ་གུ་རུ་རྗེ༔ བདག་ནི་སྲིན་པོ་གདོང་དམར་རྗེ༔ བོད་ཀྱི་མི་རྣམས་འདུལ་དཀའ་བས༔ དམ་པ་ཆོས་ཀྱི་རྟེན་ཞིག་འཛུགས༔ སློབ་དཔོན་སྤྲུལ་པའི་སྐུར་བཞུགས་པས༔ ས་གཞི་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ བོད་འདི་གནོད་སྦྱིན་ཕོ་མོ་འདྲེའི་ཡུལ་དུ་འདུག་པས༔ ལམ་ཀར་བོད་ཀྱི་ལྷ་འདྲེ་ཕོ་མོ་དམ་ལ་བཏགས་ཏེ༔ ད་དུང་ཡུལ་ཕ་ཀི་ན་བོད་ཁམས་ཐམས་ཅད་ལ་དབང་བྱེད་པའི་ཀླུའི་རྒྱལ་པོ་ཞིག་འདུག་པས་དེར་ཀླུའི་གཏེར་འཛུགས་དགོས་པར་འདུག་གསུངས་ནས༔ མལ་གྲོའི་མདོར་བྱོན་ནས་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་མཛད༔ དཔལ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས་ནས༔ མངའ་བདག་རྗེ་འབངས་རྣམས་ཀྱི་སྒྲིབ་པ་སེལ་བའི་ཆོ་ག་མཛད༔ དེ་ནས་མལ་གྲོའི་ཕུ་ན་བྱོན་ནས་མལ་གྲོ་གཟི་ཅན་གྱི་ཀླུ་ལ་གཏེར་འཛུགས་པའི་ཆོ་ག་མཛད༔ དེ་ནས་ཧས་པོ་རིར་བྱོན་ནས༔ ཆབ་གཏོར་གཟི་ཕོར་གང་ལ་ཏིང་ངེ་འཛིན་གྱིས་རྒྱ་བསྐྱེད༔ སློབ་དཔོན་གྱིས་ལྷ་འདྲེ་ཐམས་ཅད་མངའ་འོག་ཏུ་བསྡུས་ཏེ༔ དྲེགས་པ་ཅན་ཟིལ་གྱིས་གནོན་པའི་མགུར་འདི་གསུངས་སོ༔ ཧཱུྃ༔ ཉོན་ཅིག་ང་ནི་པདྨ་འབྱུང་གནས་ཏེ༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན༔ ལུས་ལ་འབྱུང་བཞིའི་ནད་ཀྱིས་མི་ཚུགས་པའི༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ལུས་ངག་ཡིད་གསུམ་ལྷ་ཡི་སྐུར་གསལ་བས༔ དྲེགས་པ་ཟིལ་གྱིས་གནོན་པའི་ནུས་པར་ལྡན༔ རྣམ་རྟོག་ཐམས་ཅད་སེམས་སུ་རྟོགས་པ་ཡིས༔ ལྷ་འདྲེ་འཇིགས་པས་བསྡིགས་ཀྱང་ཉམ་མི་ང༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ༔ འབྱུང་བ་བཞི་པོ་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པའི་དཀྱིལ་འཁོར་དུ༔ སྣང་སྲིད་ལྷ་འདྲེ་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པ་དམིགས་མེད་ལ༔ ལྷ་ཡང་མེད་དེ་འདྲེ་ཡང་མེད༔ ང་ལ་ཆོ་འཕྲུལ་ཅི་སྟོན་ཀྱང༔ ང་ལ་གཡོ་བ་རྡུལ་ཙམ་མེད༔ སླར་ཡང་རང་སེམས་བརླག་ཏ་རེ༔ ང་ཡི་བཀའ་ལས་མ་འདའ་བར༔ མཆོད་སྦྱིན་གཏོར་མ་ཆེན་པོ་འདི༔ མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད༔ སོ་སོར་ཐོབ་པ་སྔགས་ཀྱིས་བྱས༔ ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད༔ ཚིག་བཤད་བདེན་པས་བཀྲོལ་ཏེ་བསྔོས༔ འདི་བཞེས་ས་གཞི་གནང་བ་བྱིན༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས༔ ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས༔ སྔགས་འཆང་བདག་གི་བཀའ་མ་བཅག༔ གུམ་གུམ་ཆུམ་ཆུམ་ལས་ལ་འདུས༔ ཞེས་གསུངས་པས༔ ལྷ་འདྲེ་ཐམས་ཅད་བཀའ་འོག་ཏུ་འདུས་ཏེ༔ དམ་ལ་བཏགས་པ་ན༔ རྨ་ཆེན་སྤོམ་ར་འོང་དུ་མ་ཉན་པས༔ སློབ་དཔོན་གྱི་ལྕགས་ཀྱུའི་ཕྱག་རྒྱས་སྙིང་ག་ནས་བཟུང་སྟེ་བཀུག་པས༔ ཞང་བློན་སྤྲེལ་ཞྭ་ཅན་སྤྱང་ཐུལ་གྱོན་པ་ཞིག༔ རྐང་པ་ཡ་གཅིག་ཁམས་ཀྱི་གཡར་མོ་ཐང་དུ་བཞག༔ ཡ་གཅིག་ཧས་པོ་རི་ལ་བཞག༔ མདུན་དུ་སྤོབ་ཀྱི་ལྷུང་སྟེ༔ བདག་ཀྱང་ཡལ་གམ་ཆེ་བ་ལགས༔ བན་ཆུང་ཁྱོད་ཀྱང་བཀའ་ནན་ཆེ་བ་ཞིག་བྱུང་བས༔ མི་འོང་དུ་མ་ཉན་ནས་འདིར་མཆིས༔ ད་ནི་ཅི་བགྱིའི་བཀའ་སྩོལ་ཅིག༔ ཟེར་བས་སློབ་དཔོན་གྱིས་མཆོད་པ་འདི་བཞེས་ལ༔ མངའ་བདག་གི་དགོངས་པ་སྒྲུབས་ཤིག་གསུངས་པས༔ ཁོ་ན་རེ༔ གསུངས་པ་དེ་ནི་དེ་ལྟར་བགྱིད་པ་ལགས༔ བདག་སྣ་གཏོར་ཆེ་བས་སྐམ་ཆས་ཤིག་ལ་དགའ་བ་ལས༔ ཟན་བྲུལ་གྱི་ཞབས་སུ་ཆུ་བླུགས་པའི་གཏོར་མ་འདིས་ང་མི་ཚིམས་པས༔ སྐམ་ཆས་ཤིག་ཞུ་ཟེར་བས༔ སློབ་དཔོན་གྱིས་དངུལ་སྡེར་དུ་རིན་པོ་ཆེ་སྣ་ལྔ་བདར་ནས༔ བྱིན་གྱིས་བརླབས་ནས་བཀའ་དང་དམ་ལ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨ་ཕོ་བྲང་བྲག་དམར་དུ་སྤྱན་དྲངས་ནས་ས་གཞི་བཏུལ་བའི་ལེའུ་སྟེ་བཅུ་པའོ༔ ༔དེ་ནས་སློབ་དཔོན་པདྨས་བོད་ཀྱི་དགེ་བསྙེན་ཉི་ཤུ་རྩ་གཅིག༔ གཡའ་རི་དང་གངས་རི་བྲག་རི་ལ་གནས་པའི་མ་མོ་ཉི་ཤུ་རྩ་གཅིག༔ བརྟན་མ་བཅུ་གཉིས༔ བོད་ཀྱི་གནོད་སྦྱིན་ཕོ་མོ་ཉི་ཤུ་རྩ་གཅིག་ལ་སོགས་མཐུ་བོ་ཆེ་ཐམས་ཅད་དམ་ལ་བཏགས་སོ༔ གཟའ་དང་རྒྱུ་སྐར་ལ་སོགས་པ་རྣམས་མངའ་འོག་ཏུ་འདུས་ཏེ༔ རི་རྡོ་རི་ལ་བཞག༔ ཀླུང་རྡོ་ཀླུང་ལ་བཞག༔ དེ་ནས་ལྷ་ཁང་རྨང་རྡོ་བཏིང་སྟེ༔ རྒྱལ་པོ་ཉིད་ཀྱིས་དབུ་རྩེ་རིགས་གསུམ་རི་རབ་ཚུལ་དུ་བྱས༔ འཁོར་ས་གསེར་གྱི་རི་བདུན་གྱི་ཚུལ་དུ་བྱས༔ ཡཀྴ་ལྟག་འོག་གཉིས་ཉི་ཟླའི་ཚུལ་དུ་བྱས༔ གླིང་བཞི་གླིང་ཕྲན་བརྒྱད་རྣམས༔ གླིང་དང་གླིང་གཡོག་ཚུལ་དུ་བྱས༔ ཁྱད་པར་གྱི་གླིང་གསུམ་ཡང༔ ཕོ་གྱོང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚབ་གསེར་ཁང་གླིང་བཞེངས༔ ཚེ་སྤོང་བཟའ་དམར་རྒྱན་གྱིས་ཁམས་གསུམ་ཟངས་ཁང་གླིང་བཞེངས༔ འབྲོ་བཟའ་བྱང་ཆུབ་སྨན་གྱིས་དགེ་རྒྱས་བྱེ་མ་གླིང་བཞེངས༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་རྣམས་ལ༔ འཇམ་དཔལ་གླིང༔ ཨཱརྻ་པ་ལོའི་གླིང༔ བྱམས་པ་གླིང༔ ཕྱག་ན་རྡོ་རྗེའི་གླིང༔ སྣང་བ་མཐའ་ཡས་ཀྱི་གླིང༔ ཁྲུས་ཁང་གླིང༔ བསམ་གཏན་གླིང༔ སྒྲ་སྒྱུར་གླིང༔ པེ་ཀར་གླིང༔ བདུད་འདུལ་སྔགས་པ་གླིང༔ སྣ་ཚོགས་གླིང༔ བྱང་ཆུབ་གླིང་དང་བཅུ་གཉིས་བཞེངས༔ ཟུར་བཞི་ལ་མཆོད་རྟེན་ཆེན་པོ་བཞི༔ ཕྱོགས་བཞིར་མགོན་ཁང་བཞི༔ སྒོ་བཞི་ལ་རྡོ་རིང་ཆེན་པོ་བཞིའི་ཐོག་ཏུ་ཟངས་ཀྱི་ཁྱི་བོ་ཆེ་བཞི༔ ཕྱི་ལྕགས་རིས་བསྐོར་བའི་རྨང་བཏིངས་སོ༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་དགོངས་པ་ལ་བཞུགས་པས༔ ལྷ་མ་སྲིན་སྡེ་བརྒྱད་ཀྱིས་རྩིག་རོགས་བྱས་ནས༔ རི་རྡོ་རི་ལ་བཞག་པ་ཀླུང་དུ་བསྙིལ་ནས༔ ཉིན་མིས་བརྩིགས་པ་བས་མཚན་ལྷ་སྲིན་གྱིས་བརྩིགས་པ་མཐོ་བར་གྱུར་ཏོ༔ དེ་ནས་སློབ་དཔོན་གྱི་དགོངས་པ་ལ༔ ངས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་སམ་མ་ཐོགས་སྙམ་ནས༔ དགོངས་པ་ལ་བཞུགས་ཤིང་གཟིགས་པས༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་ནས༔ ཅི་བསྒོ་བ་བྱེད་ཅིང་འདུག༔ ཀླུའི་ལུས་དམ་ལ་ཐོགས་ནས་བསམ་ཡས་རྩིག་ཅིང་འདུག༔ ངག་དམ་ལ་ཐོགས་ནས་སློབ་དཔོན་གྱི་བཀའ་ཉན་ཟེར་ཅིང་འདུག༔ ཡིད་དམ་ལ་མ་ཐོགས་ནས༔ གནོད་པ་སྣ་ཚོགས་སྐྱེལ་བར་འདུག་པས༔ སློབ་དཔོན་གྱིས་ཀླུ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ལ༔ རྩིག་པ་མཁན་པོ་ཧཱ་ཤང་མ་ཧཱ་ཡཱ་ན་དང༔ ཧོར་ཡག་ཀྲ་ཀ་མ་ལ་སོགས་པས་རྩིག་བཟོ་ཟིན་ནས༔ ཤིང་བཟོ་མཁན་པོ་རྒྱ་ནག་ལང་ཙང༔ བལ་པོ་བ་སུ་ལ་སོགས་པས༔ སྟེའུ་ཀླད་ལ་བསྐོར་ཞིང་རྒྱལ་པོ་ཆེན་པོ་ཤིང་ག་ན་ཡོད༔ ཤིང་རྡུགས་སོ་བྱས་པས༔ རྒྱལ་པོ་སྐྲག་ཅིང་སྔངས་ཏེ༔ ཤིང་འདི་ཙམ་གང་ནས་བཙལ་སྙམ་ནས་ཐུགས་ཡེད་བྱུང་བ་དང༔ ཟུར་ཕུག་རྒྱ་ལྕང་ཚལ་གྱི་ཀླུས་རྒྱལ་པོ་ལ་བར་ཆད་བྱས་ཏེ༔ མི་དཀར་རྟ་དཀར་ཅན་ཞིག་ཏུ་སྤྲུལ་ནས་རྒྱལ་པོའི་དྲུང་དུ་འོང་སྟེ༔ རྗེ་ལགས་བསམ་ཡས་ཀྱི་ཤིང་ཅི་དགོས་ངས་འབུལ་གྱི༔ སློབ་དཔོན་དགོངས་པ་བཀྲོལ་བར་ཞུ་ཟེར་བས༔ རྗེ་ཡི་ཐུགས་ལ་དངོས་གྲུབ་ཡིན་པར་དགོངས་ནས༔ ཞལ་གྱིས་བཞེས་ཏེ༔ རྒྱལ་པོས་སློབ་དཔོན་དགོངས་པ་བཀྲོལ་དུ་མི་འཇུག་རེ་ཟེར་ནས་མནའ་བསྐྱལ་ལོ༔ དེ་ནས་རྒྱལ་པོས་མཆིམས་ཕུ་བྲེ་གུ་དགེའུ་རུ༔ སློབ་དཔོན་གྱི་སྤྱན་སྔར་བྱོན་ནས༔ སློབ་དཔོན་དགོངས་པ་བཀྲོལ་བར་ཞུ་བྱས་པས༔ མ་གནང་སྟེ༔ ཅིས་ཀྱང་དགོངས་པ་བཀྲོལ་བར་ཞུ༔ དངོས་གྲུབ་ཆེན་པོ་བདག་གིས་རྙེད་བྱས་པས༔ སློབ་དཔོན་གྱི་དགོངས་པ་བཀྲོལ་ནས༔ རྗེས་གོང་གི་ལོ་རྒྱུས་རྣམས་ཞུས་པ་དང༔ སློབ་དཔོན་གྱི་ཞལ་ནས༔ གཙུག་ལག་ཁང་གི་ཤིང་རང་བཞིན་གྱིས་འོང་བ་ཡིན་ཏེ༔ བདག་གིས་ལྷ་མ་སྲིན་སྡེ་བརྒྱད་གཞན་གྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་པ་ལ༔ ཀླུའི་ཡིད་དམ་ལ་མ་ཐོགས་པས་དམ་ལ་བཏགས་སོ་སྙམ་ལགས་ཏེ༔ དུས་ལྔ་བརྒྱའི་ཐ་མ་ལ་བབ་པའི་དུས་སུ༔ ས་གཞི་ཐམས་ཅད་ཀླུས་དབང་བྱེད༔ ནད་དུ་མཛེ་རིགས་བཅོ་བརྒྱད་དར་བ་འོང༔ མཐའ་འདུལ་དང་མིའི་ཁང་ཁྱིམ་ཐམས་ཅད་ཀླུ་ལ་སོང་བས་འཇིག༔ ས་སྟེང་ས་འོག་ཐམས་ཅད་ཀླུས་དབང་བྱེད་པ་ཞིག་འོང་གསུངས་སོ༔ དེ་ནས་རྒྱལ་པོས་མར་བྱོན་པ་ན༔ ཀླུས་ཕུལ་བའི་ཤིང་ཐམས་ཅད་གཙང་པོ་ལ་བསྐུར་ནས༔ བསམ་ཡས་ཀྱི་ན་བ་ལ་ཆགས་སོ༔ དེ་ལྟར་རྒྱལ་པོ་ཉི་ཤུ་རྩ་གཅིག་སྟག་གི་ལོ་ལ་རྨང་བཏིང་ནས་བརྩིགས་པ༔ རྟ་ཡི་ལོ་ལ་འབྱོངས་ཏེ༔ དབུ་རྩེ་རིམ་གསུམ་གོང་མ་ནི༔ རྒྱ་གར་ཆོས་ཀྱི་གྲོལ་ཕུགས་ཡིན་པས་རྒྱ་གར་ལུགས་སུ་བཞེངས༔ བར་མ་ནི་ཞང་པོ་རྒྱ་ནག་ཡིན་པས་རྒྱ་ནག་ལུགས་སུ་བཞེངས༔ འོག་མ་ནི་ཡབ་མེས་བོད་ཡིན་པས་བོད་ཀྱི་ལུགས་སུ་བཞེངས༔ འཁོར་ས་གསེར་གྱི་རི་བདུན༔ ཡག་ཤ་ལྟག་འོག་གཉིས་ཉི་ཟླའི་ཚུལ་དུ་བྱས༔ གླིང་བཞི་གླིང་ཕྲན་བརྒྱད༔ ཁྱད་པར་གླིང་གསུམ༔ ཕྱི་ལྕགས་རི་དང་བཅས་པ༔ རྒྱལ་པོའི་ཐུགས་དགོངས་ལ་ཇི་ལྟར་བསམ་པ་ལྟར་འགྲུབ་པས༔ དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་ཞེས་བྱའོ༔ དེ་ནས་པདྨས་ལུག་གི་ལོ་ལ་རབ་གནས་མཛད་པས༔ བྱིན་རླབས་ཁྱད་པར་ཅན་ལྔ་བྱུང་བ་ནི༔ བྱང་ཆུབ་གླིང་གི་རྣམ་པར་སྣང་མཛད་ནམ་མཁའ་ལ་འཕགས་པ་དང༔ དབུ་རྩེའི་ལྷ་ཐམས་ཅད་ཕྱིར་ཤར་གྱིས་བྱུང་བ་དང༔ རྗེ་ཡི་ཐུགས་དགོངས་ལ་ད་ནང་དུ་མི་ཚུད་སྙམ་ནས་སྐྲག་པ་དང༔ སློབ་དཔོན་གྱིས་སེ་གོལ་གཅིག་བརྡབས་པས་ཐམས་ཅད་ནང་དུ་ཐིབས་ཀྱིས་ཚུད་དོ༔ སྒོ་བཞིའི་རྡོ་རིང་སྟེང་དུ་ཟངས་ཀྱི་ཁྱི་བོ་ཆེ་བཞི་ཕྱོགས་བཞིར་ཐང་རེ་མཆོངས་ནས་སྐད་ཐེངས་གསུམ་གསུམ་རེ་ཕྱུང༔ འཁོར་སའི་སྨྱུག་རིང་རིམ་གྱིས་མ་སྐྱེས་པར་དུས་གཅིག་ལ་ཤར་གྱིས་བྱུང༔ བདེ་བར་གཤེགས་པས་ནམ་མཁའ་མངོན་སུམ་དུ་གང་ནས་འོད་ཟེར་དུ་བྱུང་སྟེ་ལྷ་རྣམས་ལ་ཐིམ་པ་དང༔ ནམ་མཁའི་ལྷ་བྲན་གྱིས་མེ་ཏོག་གི་ཆར་པ་ལ་སོགས་བྱུང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ རྗེ་མངའ་བདག་རྒྱལ་པོ་དང༔ སློབ་དཔོན་པདྨས་དཔལ་གྱི་བསམ་ཡས་བཞེངས་ཏེ་རབ་གནས་མཛད་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་དང༔ སློབ་དཔོན་བོདྷི་སཏྭ་གཉིས༔ རྒྱ་གར་ཡུལ་དུ་བཞུད་པར་དགོངས་ནས༔ མངའ་བདག་ལ་ཞུས་པ༔ བོད་ཡུལ་དབུས་སུ་སྐྱེས་པའི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང༔ ཟ་ཧོར་ཡུལ་ནས་བྱོན་པའི་མཁན་པོ་བོདྷི་སཏྭ་དང༔ ཨུ་རྒྱན་ཡུལ་ནས་འོང་བའི་པདྨ་འབྱུང་གནས་གསུམ༔ ཚེ་རབས་སྔ་མའི་དུས་ཙམ་ན༔ མ་ག་དྷ་ཡི་ཡུལ་དག་ཏུ༔ མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས༔ མཆོད་རྟེན་བརྩིགས་ཤིང་སྨོན་ལམ་བཏབ༔ སྐྱེ་བ་སོ་སོར་སྨིན་པ་ལས༔ བོ་དྷི་སཏྭ་བྲམ་ཟེར་སྐྱེས༔ བཙན་པོ་དྲང་སྲོང་རིགས་སུ་སྐྱེས༔ བདག་ནི་ཕྲ་མེན་སྲིན་བུར་སྐྱེས༔ དེ་གསུམ་དུས་གཅིག་འཚོགས་ནས་ནི༔ སྔ་མའི་མཆོད་རྟེན་དེ་ལ་ནི༔ མཆོད་པ་ཆེན་པོ་རབ་ཕུལ་ཏེ༔ སྨོན་ལམ་སོ་སོར་འདི་ལྟར་བཏབ༔ དྲང་སྲོང་བུ་ཡི་སྨོན་ལམ་ནི༔ བདག་གི་འདི་ཡི་ཕྱི་མ་ལ༔ འཁྱགས་པའི་འཁྱགས་རུམ་བོད་ཡུལ་དུ༔ ཆོས་སྐྱོང་རྒྱལ་པོར་སྐྱེས་ནས་ནི༔ སངས་རྒྱས་བསྟན་པ་འཛུགས་པར་ཤོག༔ དེ་སྐད་སྨོན་ལམ་བཏབ་པ་ཡིས༔ ད་ལྟ་ཆོས་སྐྱོང་རྒྱལ་པོར་སྐྱེས༔ བྲམ་ཟེའི་བུ་ཡི་སྨོན་ལམ་ནི༔ བདག་ནི་མཁས་པ་པཎྜི་ཏ༔ རིག་པའི་གནས་ལྔ་མཁས་པ་ཡིས༔ རྒྱལ་བའི་བསྟན་པ་འཛུགས་པ་ཡི༔ སློབ་དཔོན་བྱེད་པར་སྨོན་ལམ་བཏབ༔ ད་ལྟ་བོདྷི་སཏྭ་ཡིན༔ ཕྲ་མེན་བུ་ཡི་སྨོན་ལམ་ནི༔ བདག་ནི་སྔགས་འཆང་མཐུ་སྟོབས་ཅན༔ རྒྱལ་པོའི་བསྟན་པ་སྲུང་བར་ཤོག༔ དེ་སྐད་དུ་ནི་སྨོན་ལམ་བཏབ༔ རྒྱལ་པོའི་ཐུགས་དགོངས་སྒྲུབ་པ་ཡིན༔ སྨོན་ལམ་བཏབ་པའི་མཐུ་བཙན་པས༔ ཟ་ཧོར་ཨུ་རྒྱན་བོད་ཀྱི་ཡུལ༔ སོ་སོར་སྐྱེས་ཀྱང་བོད་ཡུལ་དུ༔ དཔོན་སློབ་ཡོན་མཆོད་གྱུར་པ་ཡིན༔ རྒྱལ་པོའི་ཐུགས་དམ་བསམ་ཡས་འདི༔ སྟག་ལ་རྨང་བཏིང་རྟ་ལ་འབྱོངས༔ ལོ་ལྔས་གཏན་ལ་ཕབ་ནས་བཞག༔ བགེགས་ཞི་བསམ་ཡས་ལྷུན་གྱིས་གྲུབ༔ རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱས༔ མཁན་པོ་བོདྷི་སཏྭ་དང༔ ཨུ་རྒྱན་པདྨ་འབྱུང་གནས་བདག༔ རྒྱ་གར་ཡུལ་དུ་འགྲོ་བར་ཞུ༔ ཞེས་གསུངས་པས༔ རྒྱལ་པོས་སློབ་དཔོན་གཉིས་ལ་གསེར་ཕྱེ་བྲེ་རེ་རེས་དངུལ་སྐྱོགས་བཀང་ནས་འཇིག་རྟེན་གྱི་སྤྱན་གཟིགས་མང་དུ་དྲངས་ནས༔ ཕྱག་འཚལ་བསྐོར་བ་བྱས་སྤྱན་ཆབ་བཏོན་ནས་ཞུ་བ་ཕུལ་བ༔ ཨེ་མ་ཧོ༔ སློབ་དཔོན་རྣམ་གཉིས་བདག་ལ་གསོན༔ སྐྱེ་བ་སྔར་ཡང་སྨོན་ལམ་བཏབ༔ རྒྱ་གར་ཡུལ་དུ་སྐྱེས་ནས་ནི༔ སྨོན་ལམ་སོ་སོར་བཏབ་པ་ཡིས༔ སློབ་དཔོན་རྣམ་གཉིས་རྒྱ་གར་ཡུལ༔ དམ་པ་ཆོས་ཀྱི་ཡུལ་དུ་སྐྱེས༔ བདག་ནི་གདོང་དམར་བོད་ཀྱི་ཡུལ༔ ལས་ཀྱིས་བདས་ནས་རྒྱལ་པོར་སྐྱེས༔ བསོད་ནམས་མི་ཆུང་མགོ་ནག་རྗེ༔ རྟ་ཡི་ལོ་ལ་བྲག་དམར་དུ༔ རྒྱ་བཟའ་ཨང་ཅུང་ལུས་ལ་སྐྱེས༔ བཅུ་གསུམ་ལོན་ནས་ཡབ་དང་བྲལ༔ ཉི་ཤུ་ལོན་ནས་དགེ་སེམས་སྐྱེས༔ རྩ་གཅིག་སྟག་ལ་རྨང་བཏིང་ནས༔ སློབ་དཔོན་བོ་དྷི་སཏྭ་ཡིས༔ ས་གཞི་བྱིན་གྱིས་བརླབས་ལགས་ཀྱང༔ བགེགས་ཀྱིས་འགྲུབ་ཏུ་མ་སྟེར་བས༔ སློབ་དཔོན་པདྨ་སྤྱན་དྲངས་ན༔ རྒྱལ་པོའི་བསམ་པ་འགྲུབ་བོ་ཞེས༔ བོ་དྷི་སཏྭས་ལུང་བསྟན་བཞིན༔ སྔོན་གྱི་ཐུགས་དམ་དབང་བཙན་བྱོན༔ སྟག་ནས་རྟ་ཡི་ལོ་ལ་འབྱོངས༔ སྔ་མ་སྐུ་དྲིན་ཆེ་ལགས་ཀྱང༔ སྤྲུལ་སྐུ་མངལ་སྐུ་རྣམ་གཉིས་ཀྱིས༔ ད་རུང་བདག་ཉིད་མ་འདས་བར༔ སློབ་དཔོན་རྣམ་གཉིས་མི་བཞུད་པར༔ ཐུགས་དགོངས་བསྒྱུར་ལ་བཀའ་གནང་ཞུ༔ ཞེས་ཞུ་བ་ཕུལ་བས༔ སློབ་དཔོན་རྣམ་གཉིས་བཀའ་བགྲོས་ནས༔ སློབ་དཔོན་པདྨའི་ཞལ་ནས༔ རང་རེ་སྤུན་གསུམ་ཚེ་རབས་སྔ་མ་ནས་ཡང་སྔ་འདི་གསུམ་གྱི་འབྲེལ་པ་ཡོད་པ་ཡིན་པས༔ རྒྱལ་པོའི་ཞལ་ངོ་མི་བསྒྱུར་བར་བྱ་གསུངས་པས་བོ་དྷི་སཏྭའི་ཞལ་ནས༔ ཤིན་ཏུ་ལེགས་པས་དེ་བཞིན་དུ་བགྱིད་གསུངས་ནས༔ སློབ་དཔོན་གྱི་རྒྱལ་པོ་ལ་གསུངས་པ༔ རང་རེ་དཔོན་སློབ་རྣམ་པ་གསུམ༔ སྐྱེ་བ་གསུམ་གྱི་སྨོན་ལམ་གྱི༔ ལས་འཕྲོ་སྨིན་ལས་བོད་དུ་ཚོགས༔ སྔ་མ་བཙན་པོ་དགྱེས་པར་བྱས༔ ད་ཡང་ཞལ་ངོ་མི་བསྒྱུར་འཚལ༔ གསུངས་པས་རྒྱལ་པོ་ཡང་ཤིན་ཏུ་དགྱེས་སོ༔ དེ་ནས་རྒྱལ་པོས་སློབ་དཔོན་རྣམ་གཉིས་ལ་ཆོས་གསུང་བའི་ཞུ་བ་ཕུལ་ཏེ༔ གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་བཞུགས༔ དངུལ་གྱི་ཁྲི་ལ་བོ་དྷི་སཏྭ་བཞུགས༔ གུང་གྲལ་ལ་རྒྱལ་པོ་ཉིད་བཞུགས༔ གཡོན་གྲལ་ལ་ཅོག་རོ་ཀླུའི་རྒྱལ་མཚན་དང༔ སྐ་བ་དཔལ་བརྩེགས་གཉིས་གབ་ཙེའི་ཁྲི་ལ་བཞུགས་ནས༔ སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་ཁྲུ་གང་བ་རེ་རེ་ལ༔ གཡུའི་ཚོམ་བུ་གླིང་བཞི་རི་རབ་དང་བཅས་པ་རེ་རེ་ཕུལ༔ ལོ་ཙཱ་བ་གཉིས་ལ་ཡང་རིན་པོ་ཆེའི་མཎྜལ་རེ་རེ་ཕུལ་ནས༔ ཆོས་གསུང་བར་ཞུ་བ་ཕུལ་བ་ནི༔ ཨེ་མ་ཧོ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཤིང༔ མཁས་གྲུབ་པཎྜི་ཏར་གྱུར་ནས༔ དམ་པའི་ཆོས་ལ་མངའ་བརྙེས་པའི༔ སློབ་དཔོན་ཆེན་པོ་རྣམ་གཉིས་ཀྱིས༔ སྔགས་དང་མཚན་ཉིད་ཆོས་རྣམས་ཀུན༔ མ་ལུས་ཚིམས་པར་བཤད་དུ་གསོལ༔ ལོ་ཙཱ་གཉིས་ཀྱིས་བསྒྱུར་བར་ཞུ༔ བོད་ཡུལ་མུན་པ་འཐིབས་པ་ལ༔ ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ༔ ཉོན་མོངས་མེ་ཡིས་འཚིག་པ་ལ༔ ཆོས་ཀྱི་ཆར་པ་དབབ་ཏུ་གསོལ༔ ཞེས་ཆོས་གསུང་བའི་ཞུ་བ་ཕུལ་བས༔ སློབ་དཔོན་གཉིས་ཀྱི་ཞལ་ནས༔ ཨེ་མ་ཧོ༔ རྒྱལ་པོ་ཆེན་པོ་ལགས༔ བོད་ཀྱི་མི་ནི་དད་པ་ཆེན་པོ་མེད་ལ༔ བློན་པོ་རྣམས་ནི་ཆོས་ལ་གནག་པས་ན༔ འབྱུང་པོ་རྣམས་ཀྱིས་བར་ཆོད་བྱེད་པས༔ བར་ཆད་མེད་པའི་རྟེན་འབྲེལ་བསྒྲིག་འཚལ་བས༔ རྒྱལ་པོ་ཉིད་རང་ཆོས་ཀྱི་བཀའ་ཁྲིམས་ཆོས་ཤིག་གསུངས་པས༔ རྒྱལ་པོ་ཉིད་རང་ཆོས་ཁྲིམས་བཅས་ཏེ༔ ལུག་གི་ལོ་ནས་སྤྲེལ་གྱི་ལོའི་གཞུག་ཡན་ཆད་ལ༔ སློབ་དཔོན་པདྨ་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས༔ གསང་སྔགས་ནང་གི་རྒྱུད་སྡེ་བཅོ་བརྒྱད་སོགས་བསྒྱུར་ཏེ༔ དང་པོ་གསང་སྔགས་ཀྱི་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར༔ གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད༔ བདག་ཏུ་འཛིན་པ་འཁོར་བའི་རྒྱུ་ཡིན་པས༔ འཁོར་བ་ཆོས་ཉིད་དུ་བསྒྲལ་ནས་ཕུང་པོ་ལྷའི་དཀྱིལ་འཁོར་དུ་བསྒྲུབ་པར་བྱ་བའི་ཕྱིར༔ ཞི་བ་དམ་པ་ལྷའི་རྒྱུད༔ བདུད་དང་མུ་སྟེགས་སྲིན་པོ་དྲེགས་པ་ཚར་གཅོད་པའི་ཕྱིར༔ སྐུའི་སྒྲུབ་ལུགས་བསྐལ་པ་མེ་ལྟར་འབར་བའི་རྒྱུད༔ གསུང་གི་སྒྲུབ་པ་དབང་ཆེན་འདུས་པའི་རྒྱུད༔ ཐུགས་ཀྱི་སྒྲུབ་པ་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད༔ ཡོན་ཏན་གྱི་སྒྲུབ་པ་ལྷ་མོ་མ་གོལ་བའི་རྒྱུད༔ ཕྲིན་ལས་ཀྱི་སྒྲུབ་པ་རིག་འཛིན་གྲུབ་པའི་རྒྱུད༔ རིག་སྔགས་སྤྱིའི་སྒྲུབ་ལུགས་ཀྱི་རྒྱུད༔ དཔལ་ཧེ་རུ་ཀ་འདུས་པའི་རྒྱུད༔ འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ༔ པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ༔ ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་དང༔ འཇིག་རྟེན་ལས་འདས་པའི་མདོ༔ བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་དང༔ ལུང་བམ་པོ་བརྒྱད་པ༔ ཕུར་པ་ཕྲིན་ལས་ཀྱི་རྒྱུད་བིདྱོཏྟ་མ་འབུམ་སྡེ༔ མ་མོ་རྦོད་གཏོང་གི་རྒྱུད་འབུམ་གྱི་ཏི་ཀའི་རྒྱུད་ལུང༔ སྒྲུབ་པ་སྡེ་དྲུག་གི་རྒྱུད་ལུང༔ འཕྲིན་ལས་ཁ་སྐོང་བ་དང་རྒྱན་གདག་པའི་ཕྱིར༔ ཤེས་པ་སྟོང་གིས་བརྒྱན་པའི་རྒྱུད༔ ལས་རྒྱ་མཚོ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར༔ ཀརྨ་མཱ་ལེ་འཕྲིན་ལས་ཀྱི་རྒྱུད༔ བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་ཚོགས་རྒྱུད་ཆེ་ཆུང༔ མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབ་པའི་ཕྱིར༔ ནམ་མཁའ་མཛོད་བྱིན་རླབས་ཀྱི་རྒྱུད༔ སྒྲོལ་བ་གནས་སུ་དག་པའི་ཕྱིར༔ སྟོབས་ཀྱིས་ཡོངས་སྒྲོལ་གྱི་རྒྱུད༔ སྦྱོར་བ་གནས་སུ་དག་པར་བྱ་བའི་ཕྱིར༔ ཐིག་ལེ་བདེ་བ་ཀློང་གི་རྒྱུད༔ བརྟུལ་ཞུགས་དྲག་པོ་བྱ་བའི་ཕྱིར༔ གླང་པོ་ཆེ་རབ་འབོག་གི་རྒྱུད༔ བཀྲ་ཤིས་པ་ལ་སྦྱིན་སྲེག་བྱ་བའི་ཕྱིར༔ ཟ་བྱེད་རོལ་པའི་རྒྱུད༔ ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་གཏོར་མ་ཡིན་པའི་ཕྱིར༔ གཏོར་ལུང་ཆེ་ཆུང་གི་རྒྱུད༔ ཕྱི་འཁོར་སྐྱོང་བའི་ལྷག་མ་ལ་དབང་བ་རྣམས་ལ་ལས་བཅོལ་བའི་ཕྱིར༔ དཔལ་འབར་ཁྲོ་མོའི་རྒྱུད༔ དགྲ་བགེགས་མནན་ཅིང་གཟིར་བའི་ཕྱིར༔ ཞིང་བཅུ་སྒྲོལ་བའི་རྒྱུད༔ དེ་རྣམས་ནི་མ་ཧཱ་ཡོ་གའི་རྒྱུད་སྡེ་ཡིན་ནོ༔ ཨ་ནུ་ཡོ་གའི་རྒྱུད་སྡེ་ལ༔ མདོ་བཞི་སྡོམ་དང་ལྔ་སྟེ༔ དེ་རྣམས་ནི་ཀུན་འདུས་རིན་པོ་ཆེའི་མདོ༔ ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ༔ དུར་ཁྲོད་ཁུ་བྱུག་རོལ་པའི་མདོ༔ སེམས་ལུང་ཆེན་པོའི་མདོ་རྣམས་དང༔ སངས་རྒྱས་ཐམས་ཅད་དགོངས་པ་འདུས་པའི་མདོ་ནི་བཀའ་ཐམས་ཅད་ཀྱི་སྡོམ་དུ་བཞག་པ་ཡིན་ནོ༔ གསང་བ་སྡེ་དྲུག་ནི༔ སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར༔ གསུང་གི་རྒྱུད་ཟླ་གསང་ཐིག་ལེ༔ ཐུགས་ཀྱི་རྒྱུད་གསང་བ་འདུས་པ༔ ཡོན་ཏན་གྱི་རྒྱུད་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ༔ ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ༔ མཇུག་རྒྱུད་དོན་བསྡུས་པ་རྡོ་རྗེ་གདན་བཞིའི་རྒྱུད་དོ༔ སྒྱུ་འཕྲུལ་སྡེ་བརྒྱད་ནི༔ སེམས་དང་ཡེ་ཤེས་རང་ལུགས་སུ་བསྟན་པ་གསང་བའི་སྙིང་པོ༔ ཕྲིན་ལས་ཁ་ཚང་བ་བསྟན་པ་སྒྱུ་འཕྲུལ་བཞི་བཅུ་པ༔ དབང་མངོན་དུ་གྱུར་པ་སྒྱུ་འཕྲུལ་བླ་མ༔ དམ་ཚིག་དང་ལྡན་པའི་མན་ངག་ཏུ་གྱུར་པ་སྒྱུ་འཕྲུལ་ལེའུ་ལག༔ དོན་བསྡུས་ནས་བསྟན་པ་སྒྱུ་འཕྲུལ་བརྒྱད་པ༔ རོལ་པ་མངོན་དུ་གྱུར་པ་ལྷ་མོ་སྒྱུ་འཕྲུལ༔ དེ་རྣམས་ཀྱི་མ་ཚང་བ་ཁ་སྐོང་བ་སྒྱུ་འཕྲུལ་བརྒྱད་ཅུ་པ༔ དོན་དམ་པ་ཡེ་ཤེས་སུ་བཤད་པ་འཇམ་དཔལ་སྒྱུ་འཕྲུལ་ལོ༔ དེ་རྣམས་གསང་སྔགས་ནང་གི་རྒྱུད་སྡེ་རྣམས་ཡིན་ཏེ༔ སློབ་དཔོན་པདྨ་འབྱུང་གནས་དང༔ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས་བསྒྱུར་རོ༔ རྒྱ་དཔེ་རྒྱ་གར་གྱི་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས༔ སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་བླངས་ཏེ༔ རྒྱ་གར་ན་མ་ལུས་པར༔ ད་ལྟ་དཔལ་བསམ་ཡས་དཀོར་མཛོད་ན་བཞུགས་སོ༔ སློབ་དཔོན་བོདྷི་སཏྭ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་གསང་སྔགས་ཕྱི་པ་རྣམས་བསྒྱུར་ཏེ༔ དེ་ཡང་བྱ་བའི་ཆོས་སྤྱིའི་རྒྱུད་ལས༔ རིག་སྔགས་ཐམས་ཅད་ཀྱི་ཁོག་འབུབས་པ་ཀྲི་ཡ་དཔུང་བཟང་གི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ཕྱག་ན་རྡོ་རྗེ་དབང་གི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་གསལ་བྱེད་རིག་པ་མཆོག་གི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་དོན་འདུས་པ་སུ་སིདྡྷི་ཀ་ར་ལེགས་པར་གྲུབ་པའི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་ཕྲིན་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསྟན་པ་བསམ་གཏན་ཕྱི་མའི་རྒྱུད་དང་དྲུག་གོ༔ བྱ་བ་བྱེ་བྲག་གི་རྒྱུད་ནི༔ རིགས་གསུམ་མགོན་པོའི་སྐོར་ལས༔ སྤྱན་རས་གཟིགས་ཀྱི་སྐོར་ནི༔ པདྨ་ཅོད་པན་རྩ་བའི་རྒྱུད༔ པདྨ་བརྩེགས་པ་སྔགས་ཀྱི་རྒྱུད༔ ཆོ་ག་ཟབ་མོ་སྔགས་ཀྱི་རྒྱུད༔ ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་རྒྱུད༔ ཨ་མོ་གྷ་པཱ་ཤ་སྟེ་དོན་ཡོད་ཞགས་པའི་རྒྱུད༔ ཟ་མ་ཏོག་ཆེ་ཆུང་བཀོད་པ་ལ་སོགས་པའི་རྒྱུད་དོ༔ འཇམ་དཔལ་གྱི་སྐོར་ལ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད༔ འཇམ་དཔལ་ཤེས་རབ་རྣོན་པོའི་རྒྱུད༔ འཇམ་དཔལ་དྲྭ་བ་གཅོད་པའི་རྒྱུད༔ འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བསྟོད་པ་གླུར་བླངས་པའི་རྒྱུད་ལ་སོགས་པའོ༔ ཕྱག་ན་རྡོ་རྗེའི་སྐོར་ལ༔ ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད༔ རྡོ་རྗེ་ས་འོག་གི་རྒྱུད༔ རྡོ་རྗེ་ས་བླའི་རྒྱུད༔ འབྱུང་པོ་འདུལ་བྱེད་ཀྱི་རྒྱུད༔ རྡོ་རྗེ་བེ་ཅོན་གྱི་རྒྱུད༔ རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད༔ རྡོ་རྗེ་རྣོན་པོའི་རྒྱུད༔ རྡོ་རྗེ་གསང་བ་བསྟན་པའི་རྒྱུད༔ རྡོ་རྗེ་མེ་རིའི་རྒྱུད་ལ་སོགས་པའོ༔ གཞན་ཡང་གཟུངས་གྲྭ་ལྔ་དང༔ གཟུངས་སུམ་བརྒྱ་དྲུག་ཅུ་ལ་སོགས་པའོ༔ ཨུ་བྷ་ཡའི་རྒྱུད་བཞི་ལ༔ རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད༔ མེ་དཔུང་འབར་བ་ཉོན་མོངས་སྲེག་པའི་རྒྱུད༔ ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད༔ རྣམ་པར་མི་རྟོག་དགོངས་པའི་རྒྱུད་དོ༔ ཡོ་ག་ལ་གཞུང་ཆེན་པོ་བམ་པོ་སུམ་བརྒྱ་ཡོད་པ་མ་འགྱུར་ཏེ༔ ཡོ་གའི་རྒྱུད་སྡེ་ཆེན་པོ་བཞི་ལས༔ མཱུ་ལ་ཏནྟྲ་རྩ་བའི་རྒྱུད་ཏ་ཐཱ་སཾ་གྲ་ཧ༔ བྷཱཥ་ཀ་ར་རྡོ་རྗེ་རྩེ་མོའི་རྒྱུད༔ ཤྲཱི་པར་མཱ་དི་དཔལ་མཆོག་དང་པོའི་རྒྱུད༔ སརྦ་ས་མུཙྪ་རྟོག་པ་བསྡུས་པའི་རྒྱུད༔ དེ་རྣམས་གསང་སྔགས་ཕྱིའི་རྒྱུད་སྡེ་རྣམས་ཡིན་ཏེ༔ སློབ་དཔོན་བོདྷི་སཏྭ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ནས༔ རྒྱ་དཔེ་རྣམས་བསམ་ཡས་དཀོར་མཛོད་ན་བཞུགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་གསང་སྔགས་ཀྱི་ཆོས་བསྒྱུར་ཞིང་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ༔དེ་ནས་སློབ་དཔོན་པདྨའི་ཐུགས་དགོངས་ལ༔ བོད་ཀྱི་རྗེ་འབངས་རྣམས་ངའི་ཆོས་འདི་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ རྒྱ་གར་དུ་ཞུ་གཏུག་ལ་གཏང་དགོས་སྙམ་ནས༔ རྒྱལ་པོ་ལ་གསུང་པ༔ རྒྱལ་པོ་ཆེན་པོ་ལགས༔ བོད་ཀྱི་རྗེ་འབངས་རྣམས་ངའི་ཆོས་ལ་ཡིད་ཆེས་པར་བྱ་བ་དང༔ ཁྱེད་རང་རྣམས་སྤྲོས་པ་གཅོད་པར་བྱ་བའི་ཕྱིར༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་གཅིག་ལ་འཐོབ་པའི་གདམས་པ༔ རྒྱ་གར་གྱི་མཁས་གྲུབ་རྣམས་ལ་ཞུར་ཐོངས༔ ལར་བོད་འདིར་གྲུབ་ཐོབ་འགའ་མ་བྱུང་ན༔ ཕྱི་རབས་ཡིད་མི་ཆེས་པ་ཡིན་ནོ་གསུངས་པས༔ རྒྱལ་པོས་ཀྱང་ཐུགས་ཀྱིས་དགོངས་ནས༔ སློབ་དཔོན་བོ་དྷི་སཏྭ་ལས་བོད་ཀྱི་མི་ལྔ་རབ་ཏུ་བྱུང་སྟེ༔ གནུབས་ནམ་མཁའི་སྙིང་པོ༔ གྲུ་གུ་ཨེ་བག་ཤ༔ རླངས་དཔལ་གྱི་སེངྒེ༔ རུ་ལེའི་སིཾ་ཧ་རཱ་ཛ༔ འབྲེ་རྒྱལ་བའི་བློ་གྲོས༔ དེ་ལྔ་ཞབས་འོག་ནས་རྡེའུ་བཏོན་ནས་དབུའི་མཆོད་གནས་སུ་བཀུར་བར་བཀའ་ལ་བཏགས་སོ༔ རྒྱ་བོད་ཀྱི་སྐད་འགྱུར་ཐམས་ཅད་བསླབས་ཏེ༔ གསེར་ཕྱེ་བྲེ་རེ་བསྐུར་ནས༔ རྒྱ་གར་དུ་གསང་སྔགས་ཀྱི་ཆོས་ཚོལ་དུ་བཏང་པས༔ ལོ་ཙཱ་བ་མི་ལྔས་དཀའ་བ་དང་དུ་བླང་ནས་རྒྱ་གར་དུ་ཕྱིན་ཏེ༔ ཤར་ཕྱོགས་ཀ་མ་རཱུ་པ་ཞེས་བྱ་བར་བུད་མེད་ཅིག་དང་ཕྲད་དེ༔ ད་ལྟ་རྒྱ་གར་ན་གསང་སྔགས་ཀྱི་ཆོས་ལ་གྲུབ་པ་ཐོབ་པ་ཇི་སྐད་བྱ་བ་ཡོད་དྲིས་པས༔ བུད་མེད་དེ་ན་རེ༔ གསེར་བྲག་བྱ་ཁྱུང་ཚལ་བྱ་བ་ན༔ སློབ་དཔོན་ཧཱུྃ་ཀཱ་ར་བྱ་བ་བཞུགས་ཟེར་བས༔ ལོ་ཙཱ་བ་ལྔ་པོ་སློབ་དཔོན་ཧཱུྃ་ཀཱ་རའི་ཐད་དུ་ཕྱིན་ཏེ༔ ཉེ་གནས་སོཽ་ཁྱ་དེ་བ་བྱ་བ་ལ་གསེར་བྱིན་ནས༔ ངེད་བོད་ཀྱི་རྒྱལ་པོས་སློབ་དཔོན་ལ་ཆོས་ཞུར་བཏང་པ་ཡིན་པས་ཁྱེད་ཀྱིས་མཇལ་རོགས་བྱེད་དགོས་བྱས་པས༔ སློབ་དཔོན་བསྐོར་ཁང་དགུ་རིམ་གྱི་ནང་ན་དགོངས་པ་མཛད་ཅིང་བཞུགས་པས༔ ངས་མཇལ་དུ་མི་བཏུབ་པས་ཁྱེད་རང་རྣམས་ངས་ནང་དུ་ཁྲིད་ཀྱི༔ སློབ་དཔོན་གྱི་སྤྱན་སྔར་བཙན་ཐབས་སུ་སོང་ལ་གསེར་ཕུལ་ལ་ཆོས་ཞུས་དང་གནང་སྟེ་འོང་གསུངས་ནས༔ ཉེ་གནས་ཀྱིས་བསྐོར་ཁང་དགུ་རིམ་གྱི་སྒོ་ཕྱེས་ཏེ་བོད་ཀྱི་བནྡེ་ལྔ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ནས༔ ཕྱག་འཚལ་གསེར་ཕུལ་ཏེ༔ སློབ་དཔོན་ཆེན་པོ་ལགས༔ ངེད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས་ཚེ་འདི་ཉིད་ལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས་ཤིག་བཙལ་དུ་བཏང་པ་ཡིན་པས༔ སློབ་དཔོན་གྱིས་གནང་བར་ཞུ༔ མ་ལོན་ན་ངེད་རྣམས་ལ་ཁྲིམས་ཕོག་པ་ཡོད༔ སློབ་དཔོན་གྱིས་ཐུགས་རྗེས་བཟུང་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རིགས་ཅན་ཆོས་ལ་ཐུགས་དགོངས་གཞོལ་བ་ངོ་མཚར་ཆེའོ༔ ཁྱེད་རྣམས་ཀྱང་དཀའ་བ་སྲོག་དང་བསྡོས་ནས་འོང་བ་ང་དང་འཕྲད་པ་ལས་འབྲེལ་ཡོད་པ་ཡིན་པས༔ ད་སྔོན་ལ་དབང་བསྐུར་དགོས་གསུངས་ནས༔ དབང་བསྐུར་གསང་སྔགས་ཀྱི་རྩ་བ་ཡིན་པས༔ དབང་མ་བསྐུར་ན་གསང་སྔགས་བཤད་དུ་མི་བཏུབ༔ སྒྲུབ་ཏུ་མི་རུང་གསུངས་ཏེ༔ ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་པས༔ ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་ཀྱིས་ཞལ་བསྟན༔ དེ་ནས་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང༔ ཟླ་གམ་དགུ་པ་དང༔ ཟླ་གམ་གཅིག་པ་དང༔ ཟླ་གམ་གསུམ་པ་བང་རིམ་གསུམ་པ་སྟེ༔ དེ་ལྟར་དཀྱིལ་འཁོར་རྣམས་རིམ་པར་ཞལ་ཕྱེས་ལྷའི་ཞལ་བསྟན༔ སྨན་སྒྲུབ་པའི་དཀྱིལ་འཁོར་གསུམ་ལས༔ པདྨ་འདབ་བརྒྱད་ཁྲོལ་བུའི་སྒྲུབ་པ༔ འཁོར་ལོ་རྩིབ་བརྒྱད་ཕྱེ་མའི་སྒྲུབ་པ༔ ཟླ་གམ་དགུ་པ་དམ་རྫས་རློན་སྦྱོར་གྱི་སྒྲུབ་པ་སྟེ་དཀྱིལ་འཁོར་དེ་གསུམ་དུ་བདུད་རྩི་སྨན་གྱི་དབང་བསྐུར་ནས་ལྷའི་ཞལ་བསྟན༔ དེ་ནས་བཀྲ་ཤིས་ཡང་དག་པའི་རྫས་ལ་ཚེ་སྒྲུབ་པ༔ མཁའ་དབྱིངས་ཡུམ་གྱི་བྷ་ག་ལ་ཚེ་སྒྲུབ་པ༔ གསང་བ་ཡང་དག་པའི་དབྱིངས་ལ་ཚེ་སྒྲུབ་པ་སྟེ་གསུམ་གྱི་དཀྱིལ་འཁོར་དུ་ཚེ་བསྒྲུབས་ནས་འཆི་མེད་ཚེ་དབང་བསྐུར་རོ༔ ཡེ་ནས་དག་པ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་སྒྲུབ་པ༔ མཁའ་དབྱིངས་དག་པ་སྦྱོར་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པ༔ སྙིང་རྗེ་དག་པ་སྒྲོལ་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པ་སྟེ༔ དཀྱིལ་འཁོར་དེ་གསུམ་དུ་གསང་སྔགས་སྤྱོད་པར་དབང་བསྐུར༔ དེ་རྣམས་ལག་ལེན་དུ་བཤད་ནས༔ ཡང་དག་གི་བཀོལ་བྱང་མཛད་ནས༔ ད་ཁྱེད་རྣམས་ལོ་གཅིག་ཏུ་རྩེ་གཅིག་སྒྲུབས་ལ་རྟགས་ཐོན་པར་གྱིས་ལ་བོད་དུ་སོངས་ཤིག་གསུངས་སོ༔ དེ་ནས་བོད་ཀྱི་བནྡེ་མི་ལྔ་གྲོས་བྱས་པས༔ རླངས་དཔལ་གྱི་སེངྒེས་གོ་བ་ལ༔ སློབ་དཔོན་གྱིས་ཆོས་བོད་དུ་འཕེལ་དོགས་པ་ཡིན་ཏེ་འོང༔ འདིར་རྒྱ་གར་བ་ཆོས་ལ་ཕྲག་དོག་ཆེ་བས༔ འུ་ཅག་གི་སྲོག་ལ་བབ་པའི་ཉེན་ཡོད་ཟེར་བས༔ གནུབས་ནམ་མཁའི་སྙིང་པོས་སྨྲས་པ༔ མས་བུ་ལ་དུག་མི་བླུད༔ སློབ་དཔོན་གྱིས་ལོག་པ་མི་སློབ༔ བསླབས་ཀྱང་བཀའ་བཅག་ན༔ དམྱལ་བར་འགྲོ་བས་ང་ནི་མི་འགྲོ་ཁྱེད་རྣམས་འགྲོ་ན་སོངས་བྱས་པས༔ མི་བཞི་པོ་འགྲོ་བར་ཆས་པ་ན༔ སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་ཞིག་བྱིན་གྱིས་བརླབས་ནས༔ རླངས་དཔལ་གྱི་སེངྒེ་ལ་བསྐུར་ཏེ༔ འདི་འགྲོ་བའི་དུས་སུ་ལག་ན་ཟུངས༔ ཉལ་བའི་དུས་སུ་སྔས་སུ་ཐོབ་ཅིག༔ བར་ཆོད་འོང་ཉེན་ཡོད་གསུངས་སོ༔ དེ་ནས་མི་བཞི་པོ་བོད་དུ་ལོག་ནས་བལ་ཡུལ་གྱི་མཚོ་འགྲམ་ཞིག་ཏུ་ཉལ་ནས༔ རླངས་དཔལ་གྱི་སེངྒེས་སེང་ལྡེང་གི་ཕུར་པ་སྔས་སུ་བཏབ་པ༔ གྲུ་གུ་ཨེ་བག་ཤས་ཁོ་རང་གི་སྔས་སུ་བཏབ་པ་དང༔ སྔར་སློབ་དཔོན་གྱི་བཀའ་ལ་ཡིད་མ་ཆེས་པའི་ཉེས་པས༔ མཚོ་དེ་ལ་ཀླུ་བདུད་ནག་པོ་འདམ་འཛིན་བྱ་བ་ཡོད་པས༔ སྦྲུལ་ནག་ཅིག་ཏུ་སྤྲུལ་ཏེ༔ རླངས་དཔལ་གྱི་སེངྒེའི་རྩེའུ་ཆུང་འཇིབས་ཏེ་བཀུམས་སོ༔ དེ་ནས་དགེ་སློང་གསུམ་པོ་རྗེའི་སྤྱན་སྔར་ཕྱིན་ཏེ་ཆོས་ཕུལ་ནས༔ གཉིས་པོའི་ལོ་རྒྱུས་བཤད་པ་ལ༔ རྒྱལ་པོ་ཡང་ཐུགས་མ་ཆེས༔ བློན་པོ་གདུག་པ་ཅན་རྣམས་ཀྱིས༔ ཆོས་ལ་ཕྲག་དོག་བྱས་ནས༔ མི་ལྔ་རྒྱ་གར་དུ་བཏང་པ་གཉིས་མེད་པ་བྱས༔ ཁྱེད་གསུམ་ཡང་སྤྱུག་གོ་ཟེར་ནས༔ འབྲེ་རྒྱལ་བའི་བློ་གྲོས་བྱང་ཐོ་ཡོར་ནག་པོར་སྤྱུགས༔ གྲུ་གུ་ཨེ་བག་ཤ་ཞང་ཞུང་ཡུལ་དུ་སྤྱུགས༔ རུ་ལེའི་སིཾ་ཧ་རཱ་ཛ་མདོ་ཁམས་སྨད་དུ་སྤྱུགས་སོ༔ དེ་ནས་རྒྱ་གར་དུ་གནུབས་ནམ་མཁའི་སྙིང་པོ་ལ༔ སློབ་དཔོན་གྱིས་ཡང་དག་གྲུབ་པ་རྩ་རྒྱུད་ལྟ་བུ་ལ༔ འགྲེལ་ཆེན་སྒྲོན་མེ་ལྟ་བུར་བྱས་ནས་བཤད༔ ཡང་དག་ལུང་གི་ཁོག་པ་ལྟ་བུ་ལ༔ ཁོག་པའི་སྙིང་དང་འདྲ་བའི་མེ་གཅིག་ཐོད་གཅིག་གནང་ནས་ལོ་གཅིག་ལ་གསེར་བྲག་བྱ་ཁྱུང་ཚལ་དུ་བསྒྲུབས་པས༔ དཔལ་ཆེན་ཡབ་ཡུམ་གྱི་ཞལ་མཐོང༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པས༔ སློབ་དཔོན་གྱི་ཞལ་ནས༔ ད་ནི་བོད་དུ་སོངས་ཤིག་གསུངས་པས༔ རྫུ་འཕྲུལ་གྱིས་བོད་དུ་འོང་ནས་རྗེའི་སྤྱན་སྔར་ཕྱིན་ནས་ཞུས་པ༔ རྗེ་བཞེད་པའི་ཆོས་དཔལ་ཡང་དག་གྲུབ་པ་ཞེས་བྱ་བ་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་འགྲུབ་པ་འདི་ལྟ་བུ་མཆིས་སོ༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ༔ ཞེས་གསུངས་ནས༔ རང་གི་བྲང་དངུལ་དཀར་གྱི་གྲི་གུས་གཤགས་པ་དང༔ ཁོག་སྟོད་ལ་ཞི་བའི་ལྷ་བཞི་བཅུ་ཞེ་གཉིས༔ ཁོག་སྨད་ལ་ཁྲག་འཐུང་གི་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་ཞལ་བསྟན་པས༔ རྒྱལ་པོས་ཚིག་དང་དོན་དང་ལྷ་དང་སློབ་དཔོན་ཀུན་ལ་ངེས་ཤེས་སྐྱེས༔ ཕྱག་དབུ་ཐོད་བུད་བུད་དུ་བཙལ་ལོ༔ དེ་ནས་རྒྱལ་པོས་བླ་ཡི་མཆོད་གནས་སུ་བཟུང་སྟེ༔ དཔལ་ཡང་དག་གྲུབ་པ་གསན་པས༔ བློན་པོ་རྣམས་ཀྱིས་ཕྲག་དོག་བྱས་ནས༔ རྒྱལ་པོས་འབངས་ལ་སློབ་དཔོན་བྱར་མི་རིགས་ཏེ༔ འདིས་རྒྱལ་ཁྲིམས་ལ་གནོད་པས༔ ལུགས་དང་མི་མཐུན་ཟེར་ནས༔ ལྷོ་བྲག་མཁར་ཆུར་སྤྱུགས་སོ༔ དེ་ནས་ནམ་མཁའི་སྙིང་པོས་ནུབ་ཕྱོགས་ལྕགས་ཕུར་བྲག་ལ་སྒྲུབ་པ་མཛད་པས༔ གྲུབ་རྟགས་མར་མེ་རང་འབར་བ་དང༔ བྲག་ལ་སྐུ་རྗེས་བཏབ་པ་དང༔ ཕུར་པ་བཏབ་པ་དང༔ ཉི་ཟེར་ལ་ཞོན་ནས་འགྲོ་བ་ལ་སོགས་བྱུང་ངོ༔ དེ་ནས་དུས་རེ་ཞིག་ནས་རྗེ་བསྙུན་ནས་སྐུའི་རིམ་གྲོ་ཅི་བྱས་ཀྱང་མ་ཕན༔ གཏོ་དང་མོ་རྩིས་ཅི་བྱས་ཀྱང་མ་ཕན་ནས༔ མོ་བཏབ་པས་གཞན་ཅིས་ཀྱང་མི་ཕན༔ དགེ་སློང་ནམ་མཁའི་སྙིང་པོ་སྤྱན་དྲངས་ན་ཕན་ཟེར་བས༔ ལྷོ་བྲག་ཏུ་བང་ཆེན་པ་མི་གཉིས་བཏང་ནས་ཞུས་པས༔ ནམ་མཁའི་སྙིང་པོའི་ཞལ་ནས༔ ཁྱེད་རང་གཉིས་སྔོན་དུ་སོངས༔ ང་ཕྱི་ནས་འོང་གི་གསུངས་ནས༔ མི་གཉིས་སྔོན་དུ་བཏང་སྟེ་མ་སླེབ་བར༔ སློབ་དཔོན་རྫུ་འཕྲུལ་གྱིས་སྔོན་དུ་བྱོན༔ དེ་ནས་རྒྱལ་པོའི་སྐུའི་རིམ་གྲོ་ལ་རྒྱུ་ཅི་འཚལ་ཞུས་པས༔ གཞན་ཅི་ཡང་མི་འཚལ་བས༔ རྒྱལ་པོ་ཉིད་རང་གསོལ་བ་ཅི་ཙམ་འཚལ་བ་ཞིག་ཞལ་སྐྱེམས་དང་བཅས་པ་དྲོངས་ཤིག་གསུངས་ཏེ༔ དེ་ནས་སློབ་དཔོན་ནམ་མཁའི་སྙིང་པོས་བཞེས་པ་རྣམས་བཟའ་ཚོགས་སུ་མཛད་ནས་གསོལ་བས༔ བཞེས་པ་སུམ་ཆ་ཙམ་གསོལ་བ་ན༔ འབངས་ནང་པ་ཞིག་གིས་བསྙུན་གསོལ་བས༔ བདག་ནི་བུད་མེད་དཀར་མོ་ཞིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་སྙམ་བྱེད་དོ༔ ཨེན་ཅིག་བདེ་གསུངས་ཏེ༔ རྒྱལ་པོས་སློབ་དཔོན་སྤྱུགས་པའི་ཉེས་པ་ལས་སྐུའི་དམ་ཚིག་ཉམས་པ་བསྐངས་སོ༔ དེ་ནས་བཞེས་པ་སུམ་གཉིས་གསོལ་ཙམ་ན༔ འབངས་ནང་པ་ཞིག་གིས་བསྙུན་གསོལ་བས༔ བདག་ནི་བུད་མེད་སྨུག་མོ་ཞིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་སྙམ་བྱེད་དོ༔ ད་ཅི་བས་ཀྱང་བདེ་གསུངས་སོ༔ གསུང་གི་དམ་ཚིག་ཉམས་པའི་ཉེས་པ་བསྐངས་སོ༔ དེ་ནས་བཞེས་པ་ཀུན་གསོལ་ཟིན་ཙམ་ན༔ འབངས་ནང་པ་ཞིག་གིས་བསྙུན་གསོལ་བས༔ བདག་ལ་བུད་མེད་ནག་མོ་ཞིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་སྙམ་བྱེད་དོ༔ ད་ནི་མི་བདེ་བ་ཡེ་ནས་མེད་དོ་གསུངས་སོ༔ ཐུགས་ཀྱི་དམ་ཚིག་ཉམས་པའི་ཉེས་པ་བསྐངས་སོ༔ དེ་ནས་བློན་པོ་རྣམས་ན་རེ༔ འདི་རྒྱལ་པོ་དང་ནམ་མཁའི་སྙིང་པོ་དཔོན་སློབ་གཉིས་འཕྲད་འདོད་པའི་རྟགས་ཡིན་ཟེར་ནས༔ ཆད་པ་གཅོད་འདོད་པས༔ ཉི་མ་རྒལ་ལ་ཁད་ཙམ་ན་བནྡེ་ཁྱོད་ཀྱིས་རྗེའི་དབུ་བསིལ་ཅིག༔ ཉི་མ་མ་རྒས་པ་ལ་མ་ཐོན་ན་བཀྱོན་འབེབས་སོ་ཟེར་བ་ན༔ ནམ་མཁའི་སྙིང་པོས་ཉི་གྲིབ་མཚམས་སུ་སེང་ལྡེང་གི་ཕུར་པ་བཏབ་ནས་རྗེའི་དབུ་བསིལ་ཏེ༔ ཉི་མ་ཕྱེད་སྐབས་ཙམ་གཏོད་ལ་མནན་ནས༔ ད་ནི་ཕྱུགས་རྣམས་ཚུད་ཅིག་གསུངས་ནས༔ ཉི་གྲིབ་མཚམས་ཀྱི་ཕུར་པ་བཏོན་པ་དང༔ ཉི་མ་དམར་ཧྲིལ་གྱིས་ཐལ་བས་བློན་པོ་རྣམས་བྲེད་དེ༔ བནྡེ་རྫུ་འཕྲུལ་ཅན་འདིས་འུ་ཅག་ལ་མཐུ་བྱེད་དུ་འོང་བས་བསད་དགོས༔ རྒྱལ་པོ་དང་ཡོན་མཆོད་གཉིས་སྐུ་འཆག་ཏུ་འོང་བས་སྒུགས་ཤིག་ཟེར་ནས་འོང་བའི་སར་བསྒུགས་པས༔ ནམ་མཁའི་སྙིང་པོས་མཁྱེན་ནས༔ ཧཱུྃ་ཧཱུྃ་ཞེས་དྲག་ཏུ་བརྗོད་པས༔ ནམ་མཁའ་ནས་ཐོག་ཕབ་ཅིང༔ ཐོག་སྡིགས་མཛུབ་གྱི་རྩེ་ལ་བསྐོར་བས༔ བློན་པོ་གདུག་པ་ཅན་ལ་ལ་བརྒྱལ༔ ལ་ལ་རེངས་ནས་རྗེ་ཡང་བྲེད་པས༔ སློབ་དཔོན་གྱིས་རྗེ་ལ་མ་བསྙེངས་སམ་བྱས་པས༔ འཇིགས་དང་འཇིགས་ཆེ་གནམ་ལྕགས་ཀྱི་སྒྲ་བས་ཀྱང་བནྡེའི་ཧཱུྃ་སྒྲ་དེ་རང་འཇིགས༔ བློན་པོ་ནག་པོ་འདི་རྣམས་ད་རེས་ཚིམས་གསུངས་སོ༔ དགེ་སློང་ནམ་མཁའི་སྙིང་པོ་ནམ་མཁའ་ལ་འཕུར་ནས་ལྷོ་བྲག་མཁར་ཆུར་བཞུད་དོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ བོད་ཀྱི་དགེ་སློང་མི་ལྔས་རྒྱ་གར་ནས་ཆོས་བཙལ་བ་དང༔ སློབ་དཔོན་ནམ་མཁའི་སྙིང་པོ་གྲུབ་པ་ཐོབ་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ༔དེ་ནས་རྒྱལ་པོའི་རྨི་ལམ་དུ༔ དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའ་ལ་བྱོན་ནས༔ རྒྱལ་པོ་ཁྱེད་རྒྱ་གར་གྱི་ཡུལ་ནས་རྒྱུ་འབྲས་བུ་བསླབས་པ་བས༔ རྟོགས་གྲོལ་གཉིས་དུས་གཅིག་ལ་འོང་བའི་ཆོས༔ བཀའ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཡོད་པས༔ བོད་ཀྱི་ལོ་ཙཱ་བ་མི་གཉིས་ཐོངས་ཤིག་ཅེས་ལུང་སྟོན་བྱུང་སྟེ༔ རྒྱལ་པོས་མཆིམས་ཕུའི་ཚོགས་ཁང་དུ༔ སློབ་དཔོན་པདྨའི་སྤྱན་སྔར་ཕྱིན་ནས་ཞུས་པ་ན༔ སློབ་དཔོན་གྱི་ཞལ་ནས་ཤིན་ཏུ་འཐད་པས༔ འབངས་ཤེས་རབ་གང་ཆེ་བ་གཉིས་བོ་དྷི་སཏྭ་ལས་རབ་ཏུ་བྱུང་ལ་ལོ་ཙཱ་སློབས༔ ངས་རྫུ་འཕྲུལ་གྱི་གདམས་པ་བསྟན་ལ་ལམ་ལ་བར་ཆད་མེད་པར་བྱའོ་གསུངས་ནས༔ རྒྱལ་པོས་པ་གོར་ཧེ་འདོད་ཀྱི་བུ༔ པ་གོར་བཻ་རོ་ཙ་ན་དང༔ གཙང་ཐང་ལྷའི་བུ་གཙང་ལེགས་གྲུབ་གཉིས་བོད་ལ་ཤེས་རབ་ཆེ་ཟེར་ནས༔ དེ་གཉིས་ལ་བཀའ་ནན་ཕབ་སྟེ༔ སློབ་དཔོན་བོདྷི་སཏྭ་ལས་རབ་ཏུ་བྱུང༔ སྒྲ་སྒྱུར་ལོ་ཙཱ་བ་བསླབས༔ སློབ་དཔོན་པདྨས་རྫུ་འཕྲུལ་གྱི་གདམས་པ་བསྟན་ནས༔ རྒྱལ་པོས་གསེར་ཕྱེ་བྲེ་གང་དང༔ གསེར་གྱི་པ་ཏྲ་ཞིག་བསྐུར་ནས༔ རྒྱ་གར་དུ་བཀའ་རྫོགས་པ་ཆེན་པོ་གདན་འདྲེན་དུ་བཏང༔ གཅན་འཕྲང་བས་གསེར་འཕྲོག་པར་བྱས་པས༔ བཻ་རོ་ཙ་ནས་རྫུ་འཕྲུལ་བྱས་ཏེ༔ རང་གི་གསེར་ཕྱེ་རུ་བསྒྱུར༔ ཕྱེ་བྲེ་གང་གསེར་དུ་བསྒྱུར་ནས་བྱིན་པས༔ གཅན་འཕྲང་བ་དགའ་ནས་རྒྱ་གར་དུ་བཏང་ངོ༔ དེ་ནས་རྒྱ་གར་དུ་ཕྱིན་ནས༔ བཀའ་རྫོགས་པ་ཆེན་པོ་ལ་སུ་མཁས་ཞེས་ཀུན་ལ་དྲིས་པས༔ སློབ་དཔོན་ཤྲཱི་སིཾ་ཧ་མཁས་ཟེར་བ་ལ་ཁ་མཐུན་ནས༔ སློབ་དཔོན་ཤྲཱི་སིཾ་ཧའི་སྤྱན་སྔར་ཕྱིན་ནས༔ གསེར་ཕྱེ་དང་གསེར་གྱི་པ་ཏྲ་ཕུལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ རྒྱ་གར་ན་བཀའ་རྫོགས་པ་ཆེན་པོ་ཞེས་བྱ་བ༔ ཚེ་གཅིག་གིས་འཚང་རྒྱ་བའི་གདམས་པ་གདན་དྲོངས་ཤིག་བྱ་བ་བོད་ཀྱི་རྒྱལ་པོ་ལ་ལུང་བསྟན་བྱུང་བས་བདག་གཉིས་ཚོལ་དུ་བཏང་བ་ཡིན་པས་གནང་བར་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་བཀའ་གནང་བ༔ བོད་ཀྱི་རྒྱལ་པོ་ཐུགས་དད་པ་དང་ལྡན་པ༔ ཁྱེད་གཉིས་ཀྱང་བརྩོན་འགྲུས་དང་ལྡན་པས༔ བཀའ་རྫོགས་པ་ཆེན་པོ་འདི་བོད་དུ་དར་བར་འགྱུར་བས༔ ངས་བཤད་ཀྱིས༔ རྒྱ་གར་གྱི་རྒྱལ་པོ་ཆོས་ལ་ཕྲག་དོག་ཆེ་བས་ཐབས་དང་སྦྱར་རོ་གསུངས་ནས༔ བསྐོར་ཁང་དགུ་རིམ་གྱི་ནང་དུ་ཁྲིད་ནས༔ རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར༔ དེ་ནས་སྒྱེད་པུ་གསུམ་གྱི་ཁ་ལ་ཟངས་མོ་ཆེ་ཞིག་བཙུགས༔ དེའི་སྟེང་དུ་སློབ་དཔོན་ཉིད་བཞུགས༔ སྐུ་ལ་རས་ཀྱི་དྲྭ་བ་མནབས་ཏེ༔ ཞལ་ལ་ཟངས་དུང་སྦྱར་ནས་ཆོས་གསུངས་ཏེ༔ རྒྱུད་ཉི་ཤུ་རྩ་ལྔ་བཤད༔ དེ་ལ་དང་པོ་སེམས་ཀྱི་དོན་རྩ་བ་ཡན་ལག་རྒྱས་པར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྒྱས་པའི་རྒྱུད་བཤད༔ སེམས་ཀྱི་དོན་རྟོགས་པར་དཀའ་བ་དེ་ཉམས་སུ་བླང་བའི་ཕྱིར༔ ནམ་མཁའ་ཆེ་རྒྱས་པ་སྤྱི་ཏིའི་རྒྱུད་བཤད༔ སེམས་ཀྱི་དོན་རྣམ་པར་གྲོལ་བར་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་གྲོལ་བའི་རྒྱུད་བཤད༔ སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར༔ ཡང་ཏིག་རྒྱལ་པོའི་རྒྱུད་བཤད༔ སེམས་ཀྱི་དོན་ཐིག་ལེའི་ཀློང་དུ་འདུས་པ་བསྟན་པར་བྱ་བའི་ཕྱིར༔ བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད་བཤད༔ སེམས་ཀྱི་དོན་རང་བྱུང་ཡེ་ཤེས་སུ་བསྟན་པའི་ཕྱིར༔ ཡེ་ཤེས་ཐིག་ལེའི་རྒྱུད་བཤད༔ སེམས་ཀྱི་དོན་རིམ་པ་རྒྱས་པར་བསྟན་པའི་ཕྱིར༔ མན་ངག་ཕྲེང་བའི་རྒྱུད་བཤད༔ སེམས་ཀྱི་དོན་ཀུན་གྱི་ཐུན་མོང་དུ་འགྱུར་བར་བསྟན་པའི་ཕྱིར༔ གསང་བ་རྒྱ་མཚོའི་རྒྱུད་བཤད༔ སེམས་ཀྱི་དོན་རང་གི་རིག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར༔ ཤེས་རབ་ཡེ་ཤེས་ཀྱི་རྒྱུད་བཤད༔ སེམས་དོན་ཀུན་ཏུ་བཟང་པོའི་ཀློང་དུ་ཐམས་ཅད་གཅིག་པར་བྱ་བའི་ཕྱིར༔ དབྱིངས་རྣམ་པར་དག་པའི་རྒྱུད་བཤད༔ སེམས་ཀྱི་དོན་མཆོག་ཏུ་གྱུར་པ་དེ་བཞིན་ཉིད་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ སྙིང་པོ་སྤྱི་ཏིའི་རྒྱུད་བཤད༔ སེམས་ཀྱི་དོན་རྩ་བ་མ་ནོར་བར་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་བ་སེམས་ཀྱི་རྒྱུད་བཤད༔ སེམས་ཀྱི་དོན་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར༔ ཉག་གཅིག་དགོངས་པའི་རྒྱུད་བཤད༔ སེམས་ཀྱི་དོན་ལ་མ་ནོར་བར་རྣལ་དུ་གཞུག་པའི་ཕྱིར༔ བསམ་གཏན་གཅིག་པུའི་རྒྱུད་བཤད༔ སེམས་དོན་རིམ་པར་བརྒྱུད་ནས་བསྟན་པའི་ཕྱིར༔ བསམ་གཏན་བརྒྱུད་པའི་མདོ་རྒྱུད་བཤད༔ སེམས་ཀྱི་དོན་གཞུང་ཀུན་ལ་དགོས་པར་བསྟན་པའི་ཕྱིར༔ བཀྲ་ཤིས་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དོན་དབང་གི་རིམ་པ་བཞིན་དུ་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་དབང་གི་གལ་མདོའི་རྒྱུད་བཤད༔ སེམས་ཀྱི་དོན་བརྗོད་པའི་ཚིག་དང་བྲལ་བར་བསྟན་པའི་ཕྱིར༔ ཡེ་ཤེས་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དོན་ནམ་མཁའ་ལྟར་རང་བཞིན་མེད་པའི་ཕྱིར༔ ནམ་མཁའ་ཆེ་ཡི་གེ་མེད་པ་རྩེ་མོའི་རྒྱུད་བཤད༔ སེམས་ཀྱི་དོན་དངོས་པོ་ཐམས་ཅད་ཇི་ལྟར་འབྱུང་བ་བཞིན་དུ་བསྟན་པའི་ཕྱིར༔ རིན་པོ་ཆེ་འབར་བའི་རྒྱུད་བཤད༔ སེམས་ཀྱི་དངོས་པོ་ཐམས་ཅད་ངོ་བོ་བྲལ་བར་བསྟན་པའི་ཕྱིར༔ རིན་པོ་ཆེ་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དགོངས་པ་ཐམས་ཅད་རང་ལས་བྱུང་བར་བསྟན་པའི་ཕྱིར༔ རིན་པོ་ཆེ་ཕྲེང་བའི་རྒྱུད་བཤད༔ སེམས་ཀྱི་དོན་ཁམས་ཀྱི་ནང་དུ་གསལ་བར་བསྟན་པའི་ཕྱིར༔ ཁམས་གསུམ་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དོན་ངེས་པར་ཡང་དག་པའི་དོན་བསྟན་པའི་ཕྱིར༔ ངེས་པ་སྙིང་པོའི་རྒྱུད་བཤད༔ སེམས་ཀྱི་དོན་འགྱུར་མེད་དུ་བསྟན་པའི་ཕྱིར༔ རྡོ་རྗེ་རབ་ཏུ་གསང་བའི་རྒྱུད་བཤད༔ སེམས་ཀྱི་དོན་རྒྱུ་སེམས་ཅན་ལ་སངས་རྒྱས་ད་ལྟ་ནས་བསྟན་པའི་ཕྱིར༔ ཡེ་ནས་སངས་རྒྱས་ཀྱི་རྒྱུད་དང་ཉི་ཤུ་རྩ་ལྔ་བཤད་དོ༔ དེ་ནས་ལུང་ཆེན་པོ་བཅོ་བརྒྱད་བཤད་དེ༔ བྱང་ཆུབ་སེམས་ལས་ཐམས་ཅད་འབྱུང་བའི་ཕྱིར༔ རིག་པ་ཁུ་བྱུག་གི་ལུང་བཤད༔ རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར༔ རིག་པ་རྩལ་ཆེན་གྱི་ལུང་བཤད༔ སེམས་ཀྱི་དོན་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཕྱིར༔ ལྟ་བ་ཁྱུང་ཆེན་གྱི་ལུང་བཤད༔ བསྒོམ་པའི་དོན་དབྱིངས་སུ་རྫོགས་པའི་ཕྱིར༔ རྡོ་ལ་གསེར་ཞུན་གྱི་ལུང་བཤད༔ བསྒོམ་པའི་དོན་མཐར་ཕྱིན་པའི་ཕྱིར༔ མི་ནུབ་རྒྱལ་མཚན་ནམ་མཁའ་ཆེའི་ལུང་བཤད༔ སེམས་ཉིད་སྟོང་པ་ཉིད་ལ་བཟླ་བའི་ཕྱིར༔ ཡེ་ཤེས་རྨད་དུ་བྱུང་བའི་ལུང་བཤད༔ སྒོམ་པའི་ཐབས་བསྟན་པའི་ཕྱིར༔ བསྒོམ་དོན་གྲུབ་པའི་ལུང་བཤད༔ སེམས་ཉིད་རང་བཞིན་ཆོས་ཀྱི་སྐུར་བསྟན་པའི་ཕྱིར༔ རྗེ་བཙུན་དམ་པའི་ལུང་བཤད༔ སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར༔ སྐྱེ་མེད་ཏི་ལ་ཀའི་ལུང་བཤད༔ སེམས་ཉིད་སྐྱེ་ཤི་མེད་པར་སྲིད་གསུམ་འཁོར་ལོ་བསྐོར་བའི་ཕྱིར་སྲོག་གི་འཁོར་ལོའི་ལུང་བཤད༔ སེམས་ཉིད་ལས་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པའི་ཕྱིར༔ ཡིད་བཞིན་ནོར་བུའི་ལུང་བཤད༔ སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་གནས་པའི་ཕྱིར༔ རིན་ཆེན་ཀུན་འདུས་ཀྱི་ལུང་བཤད༔ སེམས་ཉིད་ལ་ཐེག་པ་ཐམས་ཅད་རྫོགས་ཤིང་འབྱུང་བ་ཀུན་ལ་རྒྱས་པར་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་བ་རྒྱལ་པོའི་ལུང་བཤད༔ སེམས་ཉིད་ཀུན་ཏུ་བཟང་པོའི་ངང་ལ་གཞག་པ་ཀུན་གྱི་མཆོག་གམ་རྩེ་མོར་བསྟན་པའི་ཕྱིར༔ རྩེ་མོ་བྱུང་རྒྱལ་གྱི་ལུང་བཤད༔ སེམས་ཀྱི་རང་བཞིན་གྱི་དོན་སྤྲོས་པ་དང་བྲལ་ཞིང་བདེ་བའི་ངང་དུ་གནས་པར་བྱ་བའི་ཕྱིར༔ བདེ་བ་རབ་འབྱམས་ཀྱི་ལུང་བཤད༔ སེམས་ལ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་ཤིང༔ ཡོན་ཏན་གྱི་ཕྲ་ཡིས་སྤྲས་པའི་ཕྱིར༔ བདེ་བ་ཕྲ་བཀོད་ཀྱི་ལུང་བཤད༔ སེམས་ཀྱི་ཀློང་དུ་འཁོར་འདས་ཀུན་འབྱུང་བར་བསྟན་པའི་ཕྱིར༔ སྣ་ཚོགས་གཏེར་ཆེན་གྱི་ལུང་བཤད༔ སེམས་ཀྱིས་ཐེག་པ་ཐམས་ཅད་སྤྱིར་བཅིངས་པའི་ཕྱིར༔ བཀའ་ལུང་གི་སྤྱི་ཆིངས་དང་ལུང་པུསྟི་བཅོ་བརྒྱད་བཤད་དོ༔ དེ་ནས་སློབ་དཔོན་ཤྲཱི་སིཾ་ཧའི་ཞལ་ནས་ཆོས་རྫོགས་པར་བཤད་པ་ཡིན་ཏེ༔ རྒྱ་གར་བ་ཆོས་ལ་ཕྲག་དོག་ཆེ་བ་ཡིན་པས༔ ལམ་དུ་སྲོག་གི་བར་ཆད་འོང་ཉེན་ཡོད༔ རྐང་མགྱོགས་སྒྲུབས་ཤིག་གསུངས་ནས༔ རྐང་མགྱོགས་ཀྱི་གདམས་པ་གནང༔ སློབ་དཔོན་གྱིས་པ་གོར་བཻ་རོ་ཙ་ནར་མིང་བཏགས་སོ༔ གཙང་ལེགས་གྲུབ་ཀྱིས་རྐང་མགྱོགས་མ་བསྒྲུབས་པར་རྗེ་ལ་ངོ་སོ་འདོད་པས་སྔོན་དུ་འོང་བས་གཅན་འཕྲང་བས་བཀུམས་སོ༔ དེ་ནས་བཻ་རོ་ཙ་ནས་སྒོ་སྲུང་བས་ཆོས་འཕྲོག་དོགས་པས༔ རྒྱ་དཔེ་རྣམས་ཏ་ལའི་ལོ་མར་ཨ་རུ་རས་འཕྲུལ་ཡིག་ཏུ་བྲིས་ཏེ་ཆས་པའི་ནུབ་མོ་རྡོ་རྗེ་གདན་གྱི་སྒོ་ལྕགས་ཐམས་ཅད་ཀྱང་རང་སྒྲ་གྲགས་པ་ན༔ དཀོར་སྲུང་རྣམས་ཀྱིས་སྒོ་པ་རྣམས་སྦྲན་ནས༔ བོད་ཀྱི་བནྡེས་ཆོས་ཁྱེར་རོ༔ མ་གཏང་ཞིག་ཟེར་ནས་སྒོ་སྲུང་བ་རྣམས་ཀྱིས་སྒོ་བཅད་ནས་བསྲུངས་པས༔ ནངས་པར་བཻ་རོ་ཙ་ན་བྱུང་བས༔ མདང་གི་རྨི་ལམ་ཐམས་ཅད་ངན་པས་བོད་ཀྱི་བནྡེ་འདིས་ཅི་ཁྱེར་ཟེར་ནས་གཅེར་བུར་བཤུས་པས༔ ཏ་ལའི་ལོ་མའི་པུསྟི་གཉིས་བས་མ་བྱུང་བས་འདི་མ་ཡིན༔ ཏ་ལ་སྟོང་པ་ལས་ཡི་གེ་མི་སྣང་ཐོངས་ཟེར་ནས་བཏང་ངོ༔ བཻ་རོ་ཙ་ནས་རྐང་མགྱོགས་གྲུབ་ཀྱང་གཅན་འཕྲང་ལས་མི་ཐར་དགོངས་ནས༔ གཅན་འཕྲང་བའི་དཔོན་ཀུ་མཱ་ར་དང་གྲོགས་པོ་བྱས༔ གསེར་ཕྱེ་བྱིན་ནས་མནའ་ཐོ་བྱས་ཏེ༔ གཅན་འཕྲང་བའི་དཔོན་གྱིས་གཅན་འཕྲང་མང་པོ་བསྒྲལ་ནས་ལོག་གོ༔ དེ་ནས་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་རྨི་ལམ་དུ༔ རྒྱ་གར་གྱི་ཉི་མ་བོད་དུ་བནྡེ་ཞིག་གིས་ཁུར་ནས་ནུབ་པ་རྨིས༔ ལྗོན་ཤིང་དང་མེ་ཏོག་ཐམས་ཅད་ཀྱང་ཉམས༔ བྱ་སྐད་ཐམས་ཅད་ཀྱང་མི་སྙན་པར་གྱུར་ནས༔ རྡོ་རྗེ་གདན་གྱི་རྒྱལ་པོས་འདི་ཅིས་ལན་ཞེས་པཎྜི་ཏ་རྣམས་ལ་དྲིས་པས༔ བོད་ཀྱི་བནྡེས་ཆོས་མ་ཁྱེར་རམ་ཟེར་ནས༔ རྐང་མགྱོགས་པ་བཏང་བས༔ གཅན་འཕྲང་བའི་དཔོན་ན་རེ༔ བོད་ཀྱི་བནྡེ་འདྲ་བ་མ་སོང༔ མཐའ་ཡི་མོན་བུ་སྤྱི་ཟླུམ་ཅན་ཞིག་སོང་སྟེ༔ ཅི་ཡང་མ་ཁྱེར༔ ཡིན་ན་ད་ལྟ་བོད་དུ་སླེབ་ཙམ་དུ་སོང་བྱས་པས༔ རྐང་མགྱོགས་པ་ལོག་གོ༔ བཻ་རོ་ཙ་ནས་རྐང་མགྱོགས་གྲུབ་པས༔ རྡོ་རྗེ་གདན་ནས་ཞག་བདུན་གྱིས་བོད་དུ་སླེབས་ཏེ༔ རྗེའི་སྤྱན་སྔར་ཕྱིན་ནས་ཞུས་པ༔ རྗེ་བཞེད་པའི་ཆོས་ནི་ལོན་ནས་ཡོད༔ རྒྱ་གར་བ་ནི་ཆོས་ལ་ཕྲག་དོག་ཆེ༔ བོད་ཀྱི་བློན་པོ་རྣམས་ནི་ཆོས་ལ་གནག༔ རྒྱལ་པོ་ནི་སྙན་ཁུང་སྲབ༔ སྙན་ཕྲ་འབྱུང་སྲིད་པས༔ མི་གསན་པར་ཞུ་ཞེས་སྤྲིངས་སོ༔ དེ་ནས་རྡོ་རྗེ་གདན་གྱི་རྒྱལ་པོས༔ ད་བོད་ཀྱི་བནྡེའི་རྗེས་ནི་མ་སླེབས༔ འདི་བཤད་པའི་སློབ་དཔོན་གང་ཡིན་པ་དེ་ལ་ཆད་པ་གཅད་ཟེར་ནས༔ གཏོ་དང་མོ་དང་རྩིས་བཏབ་པས༔ སློབ་དཔོན་གང་ཡིན་མ་ཤེས་སོ༔ བྲམ་ཟེའི་རྒན་མོ་དྲང་སྲོང་གི་རྟེན་འབྲེལ་ལ་མཁས་པ་ཞིག་ན་རེ༔ ངོས་ནི་མཐོང་བ་ཞིག་ཡོད་ན་རང་ཡིད་ལ་མི་འཐད་པས༔ རྒྱལ་པོ་ལ་སྨྲ་མི་ནུས་སོ་ཟེར་རོ༔ རྒྱལ་པོས་སྐྱོན་མེད་པས་སྨྲོས་ཤིག་བྱས་པས༔ མོ་ན་རེ༔ འོ་ན་རི་གསུམ་གྱི་ཁ་ལ་མཚོ་ཞིག་སྣང༔ དེའི་སྟེང་དུ་ཐང་ཁྲ་བོ་ཞིག་སྣང༔ དེའི་སྟེང་ན་ལུས་པོ་མིག་གིས་གང་བ༔ མཆུ་དམར་པོ་འདོམ་གང་ཡོད་པ་ཞིག་གིས་བཤད་པ་མཐོང་བྱས་པས༔ ཀུན་གྱི་ཡིད་ལ་མི་འཐད་པར་གྱུར་ཏོ༔ དེ་ནས་རྒྱལ་པོ་ན་རེ༔ བོད་དུ་རྐང་མགྱོགས་གཏང་དགོས་ཆ་ངན་ཞིག་སྒྲོགས་གསུངས་ནས༔ རྐང་མགྱོགས་པ་གཉིས་བཏང་བས༔ བཻ་རོ་ཙ་ནས་དབུ་རྩེའི་ཐང་ན་རྒྱལ་བློན་ལ་ཆོས་གསུང་བའི་རྩར༔ ཨ་ཙ་ར་གཉིས་བྱུང་ནས༔ བོད་ཀྱི་བནྡེ་འདིས་རྒྱ་གར་ནས་ཆོས་མ་ལོན་ནས༔ མུ་སྟེགས་ཀྱི་ངན་སྔགས་མང་པོ་ཁྱེར་ཡོད་པས་ཕུང་བར་བྱེད་དོ༔ མུ་སྟེགས་ཡིན་པས་སོད་ཅེས་པའི་སྒྲ་བསྒྲགས་ནས་བྲོས་སོ༔ དེ་ནས་བློན་པོ་ཀུན་ན་རེ༔ དེ་བདེན་པས་བོད་ཕུང་བར་བྱེད་པས་ཆབ་ལ་གསོལ་དགོས་ཟེར་བས༔ རྒྱལ་པོས་དེ་ལྟར་མིན༔ རྒྱ་གར་བས་ཆོས་ལ་ཕྲག་དོག་བྱས་པ་ཡིན་བྱས་ཀྱང་མ་ཉན་པས༔ རྒྱལ་པོས་མཐའི་སྤྲང་པོ་ཞིག་བཟུང་ནས༔ བཻ་རོ་ཙ་ནའི་ཞྭ་གོས་བཀོན་ཏེ༔ ཟངས་ཁ་སྦྱར་དུ་བཅུག་ནས་གཟེར་བཏབ་ཅིང་གཙང་པོར་བསྐུར་ནས་བཏང་སྟེ༔ བཻ་རོ་ཙ་ན་ཕོ་བྲང་ཡང་རྫོང་དུ་ཀ་བ་ལ་ཁོང་སྟོང་བྲུས་པ་ཞིག་ཏུ་བཅུག༔ ནམ་ཕྱེད་ཙམ་ན་བཞེས་དྲངས་ནས་ཆོས་གསན་པ་ལ༔ སེམས་རྨད་དུ་བྱུང་བ་བཅོ་བརྒྱད་ཀྱི་ལེའུ་ལྔ་བཅུ་ཚར་བ་དང༔ འབངས་ནང་པ་ཞིག་དང་ཚེ་སྤོང་བཟའ་དམར་རྒྱན་མ་གཉིས་ཀྱིས་ཚོར་ནས་ཕྱིར་བསྒྲགས་པ་དང༔ བློན་པོ་ཐམས་ཅད་འཚོགས་ནས༔ རྗེ་ལ་ཐུགས་ནོར་ཆེན་པོ་མངའ་བས༔ ཡབ་མེས་ཀྱི་དཀོར་མཛོད་ཀྱི་གསེར་དངུལ་ཐམས་ཅད་འཇིམ་པ་ལ་བྱུགས་ནས་ལྷ་ཁང་མཛད་གསུང༔ ཆོས་བྱེད་གསུང་ཞིང་ས་མཐའི་མི་བཟུང་ནས་ཆུ་ལ་བསྐུར༔ བོད་ཕུང་བར་བྱེད་པའི་ངན་སྔགས་མཁན་དེ་ཕུག་ཏུ་སྦས་ནས་ཅི་ཟེར་ཉན༔ དེ་ལ་ཆད་པ་གཅོད་པས་སྒོར་ཐོན་ཅིག༔ དེ་ལ་ཆད་པ་མི་གཅོད་ན༔ རྒྱལ་ཁྲིམས་འཇིག་གོ་ཟེར་ནས༔ རྒྱལ་པོ་ཐུགས་མ་དགྱེས་ནས༔ སློབ་དཔོན་ལ་ཇི་ལྟར་བྱ་ཞེས་ཞུས་པས༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས༔ རྗེ་ལགས༔ བདག་སྔོན་ཡང་རྒྱལ་མོ་ཚ་བ་རོང་དུ་རྒྱལ་པོ་ལེགས་གཞེར་རྗེ་དང༔ དཔལ་མོ་བྱ་བ་གཉིས་ཀྱི་བུར་སྐྱེས༔ ད་རུང་ལས་ཀྱི་འཕྲོ་ཞིག་དང་གདུལ་བྱ་ཞིག་ཡོད་པས་དེར་སྤྱུགས་ཤིག༔ རྗེ་ཉིད་གསོན་དང༔ ད་རུང་རྒྱ་གར་གྱི་ཡུལ་ན༔ རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་ནང་ནས་མཁས་པ་བི་མ་ལ་མི་ཏྲ་བྱ་བ་བཞུགས་པས༔ དེ་སྤྱན་དྲོངས་ལ་ཆོས་གྲྭ་ཚུགས་དང༔ དེའི་དུས་སུ་ངའི་ཆོས་འདི་རྣམས་ཞུ་གཏུགས་སུ་གཏང་གིས༔ དེར་བློན་པོ་རྣམས་ཡིད་ཆེས་ནས༔ ང་དང་རྗེ་གཉིས་མཇལ་བར་མཆི་གསུངས་ནས༔ རྗེ་ལ་དབང་མེད་རྒྱལ་ཁ་བློན་གྱིས་བསྒྱུར་ཏེ༔ བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་སོ༔ དེ་ནས་བཻ་རོ་ཙ་ན་བྱང་གཡག་ལ་སེ་བོའི་རྩར་ཕྱིན་ཙམ་ན༔ ཡང་དབུས་སུ་གཟིགས་པས༔ ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་དང་འདྲ་བ༔ ཁམས་ན་མར་གཟིགས་པས་ཉི་མ་ནུབ་པའི་སྟེང་དུ་མུན་རུབ་པ་འདྲ་བ་གཟིགས་པས༔ སྤྱན་ཆབ་ཤོར་སྟེ་དབང་མེད་དུ་རྒྱལ་མོ་ཚ་བའི་རོང་དུ་བྱོན་ནས་རི་ལ་བཞུགས་པས༔ བོད་ཀྱི་བྱ་ཐམས་ཅད་འདུས་ནས༔ སློབ་དཔོན་གྱི་སྟེང་དུ་བསྐོར་བ་བྱས་པས༔ ཚ་བ་རོང་གི་མི་རྣམས་ཡིད་མ་ཆེས་ཏེ༔ བལྟས་པས་ཁོང་རྙེད་ནས་བོད་ཀྱི་རྟོག་ཅན་པ་བྱུང་ཟེར་ནས་ཤིག་དོང་དུ་བསྐྱུར༔ དེ་ནས་སྦལ་དོང་དུ་བསྐྱུར་ཡང་མ་གནོད་པར༔ ཡར་ཕྱུང་ནས་དྲི་རྨེད་བྱས་པས༔ བཻ་རོ་ཙ་ནའི་ཞལ་ནས༔ ང་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་རྒྱ་གར་དུ་ཆོས་ཚོལ་བར་བཏང་པས༔ རྒྱ་གར་བས་ཆོས་ལ་ཕྲག་དོག་བྱས་ཏེ༔ ངན་སྔགས་ཡོད་བྱས་པས༔ རྒྱལ་བློན་རྣམས་ཀྱིས་སྤྱུགས་པ་ཡིན་ནོ༔ ང་ཚེ་སྔ་མ་ལ་འདིར་སྐྱེས་པ་ཡིན༔ སྔོན་རྒྱལ་པོ་ལེགས་གཞེར་དང་དཔལ་མོའི་བུ༔ དགེ་སློང་པཱུརྞ་བྱ་བ་དེ་ཡིན་གསུངས་པས༔ མི་རྣམས་ཡིད་ཆེས་ཏེ༔ སྐྱེ་བ་སྔ་ཕྱི་དྲན་པ་ངོ་མཚར་ཆེ་ཟེར་ནས་ཕྱག་འཚལ་བཤགས་པ་བྱས༔ ཞབས་མགོ་ཐོག་ཏུ་བླངས་ཏེ་བསྙེན་བཀུར་བྱས་སོ༔ དེ་ནས་བཻ་རོ་ཙ་ནའི་ཐུགས་དགོངས་ལ༔ རྒྱལ་མོ་ཚ་བ་རོང་འདིར་ཆོས་རྫོགས་པ་ཆེན་པོ་དར་བ་ཞིག་བྱ་དགོངས་ནས༔ བྱིས་པ་མང་པོ་བ་གླང་འཚོ་བའི་རྩར་ཕྱིན་ནས༔ བྱིས་པ་རྣམས་ལ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཟེར་བ་བསླབས་པས༔ ཐམས་ཅད་ཀྱིས་མ་ཤེས་ཏེ༔ ལྟོས་སེ་ལྟོས་སེ་ཟེར་རོ༔ དེར་བྱིས་པ་གཉིས་ཀྱིས༔ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཟེར་ནས༔ རྒྱལ་བུ་གཡུ་བྱ་བ་དང༔ རྒྱལ་བུ་ཀླུ་བྱ་བ་གཉིས་ཀྱིས་ཤེས་པར་གྱུར་ནས༔ སློབ་དཔོན་བཻ་རོ་ཙ་ནས་ནུབ་བྱིས་པ་དེ་གཉིས་མཆན་གཡས་གཡོན་དུ་བཞག་ནས་གཏོང་ཐུན་བསླབས༔ ཉིན་པར་དཔེ་བསླབ་བྱས་ཏེ༔ བཀའ་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་དེ༔ རྒྱལ་མོ་ཚ་བ་རོང་དུ་དམ་པའི་ཆོས་ཉི་མ་ཤར་བ་ལྟར་དར་ཤིང་རྒྱས་པར་མཛད་དོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ པ་གོར་བཻ་རོ་ཙ་ན་རྒྱ་གར་དུ་ཆོས་ཚོལ་བར་སོང་ཞིང་ཚ་བའི་རོང་དུ་སྤྱུགས་པའི་ལེའུ་སྟེ་བཅུ་བཞི་པའོ༔ ༔དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ངས་བོད་ཀྱི་རྒྱལ་ཁམས་འདི་ཆོས་ལ་བཀོད་པར་འདོད་པས༔ བོད་ཀྱི་ཤེས་རབ་ཅན་རྒྱ་གར་དུ་བཏང་ནས་ཆོས་ངོ་མཚར་ཅན་ལོན་ཀྱང༔ བློན་པོ་ཆོས་ལ་གནག་པས་ཕྲག་དོག་བྱས་ནས༔ ཆོས་ལ་སྤྱོད་དབང་མ་བྱུང༔ ཆོས་ཚོལ་དུ་བཏང་བ་རྣམས་ཀྱང༔ བློན་པོས་རྒྱལ་ཁྲིམས་ལ་བསྙད་ཅིང་སྤྱུགས་པས༔ ད་ནི་རྒྱ་གར་ན་པཎྜི་ཏ་ཆོས་ཕྱི་ནང་ལ་མཁས་པ་ཞིག་སྤྱན་དྲངས་ལ༔ བོད་ཀྱི་ཤེས་རབ་ཅན་ཐམས་ཅད་ཀྱང་ལ་ལ་ནི་ལོ་ཙཱ་བ་བསླབ༔ ལ་ལ་ནི་རབ་ཏུ་འབྱིན༔ ལ་ལ་ནི་ཆོས་བསྒྲུབ་ཏུ་བཅུག་དགོས་སྙམ་ནས༔ བོད་རུ་བཞི་ཐམས་ཅད་བཀའ་འོག་ཏུ་བསྡུས་ཏེ་བཀའ་སྩལ་བ༔ ང་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས༔ ད་དུས་དེ་རིང་ནས་ཆོས་ཁྲིམས་བཅའ་བ་ཡིན་པས༔ རབ་ཏུ་བྱུང་སུས་ནུས༔ ལོ་ཙཱ་སློབ་སུས་ནུས༔ སྒྲུབ་པ་བྱེད་སུས་ནུས་ན་ཞབས་འོག་ནས་རྡེའུ་བཏོན་ཏེ་དབུའི་མཆོད་གནས་སུ་བྱེད་དོ༔ ཞེས་བཀའ་ཁྲིམས་བཅས་སོ༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་པ་དེས༔ གུང་གྲལ་ནས་རྒྱལ་བློན་རྣམས་ལ་བཀའ་སྩལ་གྱིས་དགོངས་པ་གསུང་པ༔ རྗེ་ལྷ་གཅིག་ཆོས་སྐྱོང་བའི་རྒྱལ་པོ་ལགས༔ ཆོས་ཁྲིམས་བཅའ་བ་ཤིན་ཏུ་ལེགས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དུག་གསུམ་སྐུ་གསུང་ཐུགས་སུ་ཤེས༔ རྣམ་རྟོག་ཆོས་ཉིད་དབྱིངས་སུ་གོ༔ ཉོན་མོངས་རྒྱུད་རྣམས་རང་ཞིར་སོང༔ འཛིན་པའི་ལྕགས་སྒྲོག་ཤུགས་ལས་གྲོལ༔ ཡེ་ཤེས་ལྷུག་པར་རྟག་ཏུ་འཆར༔ དེ་རྟགས་ཡོན་ཏན་མངོན་ཤེས་ཀྱིས༔ ཕྱི་མར་ཅི་འབྱུང་ད་ལྟར་ཤེས༔ སྔ་མ་ཅི་ཡིན་འདི་ལྟར་ཤེས༔ བདག་འདྲ་པདྨ་འབྱུང་གནས་དང༔ མཁན་པོ་བོ་དྷི་སཏྭ་དང༔ བཙན་པོ་ཁྲི་སྲོང་ལྡེའུ་བཙན་གསུམ༔ སྐྱེ་བ་འདི་ཡི་སྔ་མ་ལ༔ མ་ག་དྷ་ཡི་ཡུལ་དག་ཏུ༔ མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས༔ མ་ནི་དབུལ་མོ་བྱ་རྫི་མོ༔ མ་ཡི་དགེ་བར་མཆོད་རྟེན་བཞེངས༔ མཆོད་རྟེན་བྱ་རུང་ཁ་ཤོར་ལ༔ མཆོད་པ་ཕུལ་ཞིང་གསོལ་བ་བཏབ༔ འཁྱགས་པས་འཁྱགས་ཡུལ་མཐའ་འཁོབ་ཏུ༔ ཆོས་ཀྱི་བསྟན་པ་འཛུགས་པར་ཤོག༔ དེ་སྐད་སྨོན་ལམ་བཏབ་པ་ཡིས༔ སྐྱེ་བ་དེ་ཡི་འོག་རོལ་དུ༔ སྲིན་གྱི་བུ་དང་དྲང་སྲོང་བུ༔ བྲམ་ཟེའི་བུ་དང་གསུམ་དུ་སྐྱེས༔ སྔ་མའི་མཆོད་རྟེན་དེ་ལ་ནི༔ མཆོད་པ་ཆེན་པོ་རབ་ཕུལ་ཏེ༔ སྨོན་ལམ་སོ་སོར་འདི་ལྟར་བཏབ༔ དྲང་སྲོང་བུ་ཡི་སྨོན་ལམ་ནི༔ འཁྱགས་པས་འཁྱགས་ཡུལ་བོད་ཡུལ་དུ༔ ཆོས་སྐྱོང་རྒྱལ་པོར་སྐྱེས་ནས་ནི༔ སངས་རྒྱས་བསྟན་པ་འཛུག་པར་ཤོག༔ སྨོན་ལམ་དེ་སྐད་བཏབ་པ་ཡིས༔ ད་ལྟར་རྒྱལ་པོར་སྐྱེས་པ་ཡིན༔ ཆོས་སྐྱོང་རྒྱལ་པོར་བྱ་བར་རིགས༔ བྲམ་ཟེའི་བུ་ཡི་སྨོན་ལམ་ནི༔ ཆོས་སྐྱོང་རྒྱལ་པོ་ཁྱོད་ཀྱི་ཚེ༔ མཁས་པ་པཎྜི་ཏར་གྱུར་ནས༔ སངས་རྒྱས་བསྟན་པ་འཛིན་པར་ཤོག༔ སྨོན་ལམ་དེ་སྐད་བཏབ་པའི་མཐུས༔ ཟ་ཧོར་སྐྱེས་ཀྱང་འདི་རུ་ཚོགས༔ མཁན་པོ་རབ་ཏུ་བྱུང་བར་རིགས༔ བདག་འདྲ་སྲིན་བུ་པདྨ་ཡིས༔ ཆོས་སྐྱོང་རྒྱལ་པོ་ཁྱོད་སྐྱེས་ཚེ༔ གྲུབ་ཐོབ་ནུས་པའི་མཐུ་ལྡན་ནས༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ སྨོན་ལམ་དེ་སྐད་བཏབ་པ་ཡིས༔ ཨུ་རྒྱན་སྐྱེས་ཀྱང་འདི་རུ་ཚོགས༔ སངས་རྒྱས་བསྟན་པ་ང་ཡིས་བསྲུང༔ རྒྱ་གར་ཡུལ་གྱི་མ་ག་དྷའི༔ དྲང་སྲོང་དཔལ་ལྡན་ཞེས་བྱ་དང༔ ཡུམ་ནི་ཀྲ་མ་ཏི་ཡི་བུ༔ ཨ་ས་མ་རུ་ཚེ་འཕོས་པས༔ བོད་ཀྱི་མངའ་བདག་རྒྱལ་པོར་སྐྱེས༔ མི་ལ་དགོས་དགུ་གཅེས་དགུ་དང༔ སྡེ་སྣོད་གསུམ་གྱི་ཆོས་རྣམས་ཀུན༔ རྒྱལ་པོ་ཉིད་ཀྱི་རིང་ལ་འབྱུང༔ རྒྱ་གར་ཡུལ་ནི་ཀུ་ཤ་ཀའི༔ སྨད་འཚོང་པྲ་མ་ནི་ལ་ཏའི༔ ཕྲུ་གུར་སྐྱེས་པ་ཚེ་འཕོས་པ༔ ཁྲི་བཟང་ཡབ་ལྷག་བློན་པོ་ཡིན༔ དྷརྨ་ཤཱི་ལ་ཚེ་འཕོས་པ༔ རྒྱལ་ཏོ་ར་མི་བློན་པོ་ཡིན༔ དྷརྨ་པྲཛྙཱ་ཚེ་འཕོས་པ༔ ཁྲི་བཟང་ལྷ་ལོད་བློན་པོ་ཡིན༔ དྷརྨ་ཀཱ་ཡ་ཚེ་འཕོས་པ༔ ཤུད་བུ་དཔལ་གྱི་སེང་གེ་ཡིན༔ དྷརྨ་སུ་ཁ་ཚེ་འཕོས་པ༔ མདོ་གཞེར་སྤྲེལ་ཆུང་བློན་པོ་ཡིན༔ དྷརྨ་མི་ཏྲ་ཚེ་འཕོས་པ༔ ཏ་ར་ཀླུ་གོང་བྱ་བ་ཡིན༔ བློན་པོ་དྲུག་པོ་དེ་རྣམས་ཀྱིས༔ འཁྱགས་པས་འཁྱགས་ཡུལ་མཐའ་འཁོབ་ཏུ༔ འདུས་བྱས་སྨོན་ལམ་གཅིག་ཏུ་བཏབ༔ རྒྱ་གར་ཡུལ་གྱི་ལས་འཕྲོ་ནི༔ བོད་ཀྱི་ཡུལ་དུ་བླངས་པ་ཡིན༔ རྒྱལ་པོ་ཉིད་ཀྱི་བློན་པོར་གྱུར༔ རྗེ་རྒྱལ་ཉིད་ཀྱི་རིང་ལ་བྱུང༔ བློན་པོ་ཆོས་ལ་གནག་པ་ནི༔ བློན་པོ་དྲུག་པོ་འདི་རྣམས་ཀྱིས༔ སྐྱེ་བ་སྔ་མའི་གོང་རོལ་དུ༔ དུད་འགྲོའི་ལུས་ནི་སོ་སོར་བླངས༔ སྐྱེ་བ་སྔ་མ་ཅི་བླངས་པ༔ སྐྱེ་བ་འདི་ལ་མཚན་རྟགས་ཡོད༔ ནཻ་རཉྫ་རའི་ཡུལ་དབུས་ཀྱི༔ ཕག་པ་རྒྱ་ཚ་ལྷ་སྣང་སྟེ༔ སྔར་ཡང་ཕག་པ་བྱས་པའི་རྟགས༔ ད་ལྟ་སྣ་རྩེར་སྨེ་ནག་ཡོད༔ དབུས་འགྱུར་དེ་ཡི་བྱང་ཕྱོགས་ཀྱི༔ རྨོས་གླང་ཏ་ར་ཀླུ་གོང་དེ༔ སྔར་ཡང་རྨོས་གླང་བྱས་པའི་རྟགས༔ གཉའ་བའི་གོང་ན་སྨེ་བ་ཡོད༔ ཡུལ་ཕྱོགས་དེ་ཡི་ཁྱི་མོ་ནི༔ ཉ་ཤི་སྲུང་བ་ཡབ་ལྷག་སྟེ༔ སྔར་ཡང་ཉ་ཤི་བསྲུངས་པའི་རྟགས༔ དཔྲལ་བའི་དཀྱིལ་ན་སྨེ་བ་ཡོད༔ ཡུལ་ཕྱོགས་དེ་ཡི་བྱ་ཐུལ་ནི༔ མདོ་གཞེར་སྤྲེལ་ཆུང་བློན་ཡིན་ཏེ༔ སྔར་ཡང་བྱ་རུ་སྐྱེས་པའི་རྟགས༔ ལྟེ་བའི་ཁུང་ན་བྱ་སྤུ་ཡོད༔ ཡུལ་ཕྱོགས་དེ་ཡི་གཅན་སྤྱང་ནི༔ རྒྱལ་ཏོ་ར་མེ་བྱ་བ་ཡིན༔ སྔར་ཡང་གཅན་སྤྱང་བྱས་པའི་རྟགས༔ ཡ་ཐོད་གཅན་སྤྱང་འདྲ་བ་ཡོད༔ དུད་འགྲོ་ཚེ་འཕོས་སྨད་འཚོང་མའི༔ བུ་དྲུག་དག་ཏུ་སྐྱེས་ནས་ནི༔ བོད་ཡུལ་ཚོགས་པའི་སྨོན་ལམ་བཏབ༔ ད་ལྟ་རྒྱལ་པོའི་བློན་པོར་སྐྱེས༔ བློན་པོ་རྣམས་ཀྱང་ཆོས་སྲིད་སྐྱོངས༔ ཕྱི་མར་མཐོ་རིས་ཆོས་ལ་འཕྲད༔ ཆོས་ལ་མ་མོས་ངན་སོང་འགྲོ༔ པཱུརྞ་སཱུརྻ་བྲམ་ཟེའི་བུ༔ བོ་དྷི་སཏྭ་བྱ་བར་སྐྱེས༔ དགེ་སློང་མང་པོ་གྲངས་མེད་ཀྱི༔ མཁན་པོར་བྱས་ནས་རབ་ཏུ་འབྱིན༔ སྒྲ་སྒྱུར་ཚལ་གྱི་དྲང་སྲོང་ནི༔ དགེ་སློང་སིཾ་ཧ་ཚེ་འཕོས་པ༔ དགེ་སློང་དཔལ་དབྱངས་བྱ་བར་སྐྱེས༔ ནེ་རཉྫ་རའི་ཡུལ་དབུས་སུ༔ སྨད་འཚོང་སྙིང་པོ་བརྟུལ་ཞུགས་དང༔ དྲང་སྲོང་ཀུ་མཱ་རཱ་ཛའི་བུ༔ དགེ་སློང་རྒྱལ་བུ་སྙིང་པོ་དེས༔ ཚུལ་ཁྲིམས་བསྲུངས་ནས་ཚེ་འཕོས་པ༔ རྒྱལ་བ་མཆོག་དབྱངས་བྱ་བར་སྐྱེས༔ རྒྱ་གར་ཡུལ་གྱི་མུ་དྲ་ནི༔ བྲམ་ཟེ་གུ་ཎ་སིདྡྷི་དང༔ རྒྱལ་པོ་ལེགས་གཞེར་དཔལ་མོའི་བུ༔ དགེ་སློང་ཛེ་ཏ་ཚེ་འཕོས་པ༔ ནམ་མཁའི་སྙིང་པོ་བྱ་བར་སྐྱེས༔ རྡོ་རྗེ་གདན་གྱི་སྨད་འཚོང་མ༔ ཀུ་མཱ་ཧི་ཏོ་རུ་ཎ་དང༔ དྲང་སྲོང་ཛྙཱ་ན་བྷཱུ་ཏིའི་བུ༔ དགེ་སློང་འཇམ་དཔལ་ཚེ་འཕོས་པ༔ ཀླུ་ཡི་རྒྱལ་མཚན་བྱ་བར་སྐྱེས༔ ག་འུ་ཉི་ལྗོངས་ཏི་ཏའི་བུ༔ སྨད་འཚོང་བུ་མོ་ན་ར་ཡ༔ རྒྱ་གར་ཡུལ་ནས་ཚེ་འཕོས་པས༔ སྐ་བ་དཔལ་བརྩེགས་བྱ་བར་སྐྱེས༔ ལྕགས་ཀྱི་སྡོང་པོའི་གླིང་ཆེན་གྱི༔ ཀླུ་མོ་ཉིད་གྱུར་ཚེ་འཕོས་པ༔ དྲན་པ་ནམ་མཁའ་བྱ་བར་སྐྱེས༔ དྲང་སྲོང་བུ་མོ་སེར་སྐྱ་ལྔ༔ རྒྱ་གར་ཡུལ་ནས་ཚེ་འཕོས་པ༔ དགེ་སློང་མི་ལྔ་དག་ཏུ་སྐྱེས༔ དགེ་ལྡན་བདེ་སྐྱིད་རྒྱལ་བུ་གཉིས༔ རྒྱ་གར་ཡུལ་ནས་ཚེ་འཕོས་པ༔ ཡེ་ཤེས་དབྱངས་དང་བྲན་ཀ་གཉིས༔ ཁྱིམ་བདག་དགའ་བའི་བུ་མོ་གཉིས༔ ལེགས་གྲུབ་དར་མ་གཉིས་སུ་སྐྱེས༔ ཚ་བ་རོང་གི་རྒྱལ་པོའི་བུ༔ དགེ་སློང་པཱུརྞ་ཚེ་འཕོས་པ༔ བཻ་རོ་ཙ་ན་བྱ་བར་སྐྱེས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྔ་མ་ཅི་ཡིན་ད་ལྟར་ཤེས༔ རྒྱལ་པོ་ཉིད་ཀྱི་སྐུ་རིང་ལ༔ ཆོས་ཁྲིམས་ཤིན་ཏུ་དར་བར་འོང༔ ཅེས་གསུངས་པ་དང༔ རྗེ་བློན་འབངས་ལ་སོགས་པའི་བོད་རུ་བཞི་རྒྱལ་པོའི་མངའ་འོག་ཏུ་འདུས་པ་ཐམས་ཅད་རྗེས་སུ་ཡིད་རང་ངོ༔ དེ་ནས་རྒྱལ་པོས་ཆོས་ཁྲིམས་དར་གྱི་མདུད་པ་ལྟར་བསྡམས༔ རབ་ཏུ་བྱུང་བ་རྣམས་ལ་དབུའི་མཆོད་གནས་སུ་མཛད༔ རབ་བྱུང་བཙུན་པའི་སྡེ་བཙུགས༔ སྔགས་པ་རྣམས་ལ་སྒྲུབ་པ་བཅོལ་ནས་སྔགས་སྡེ་བཙུགས༔ འཁོར་རྣམས་ལ་ཆོས་གང་ལ་གང་མོས་སྤྱོད་པར་གནང༔ བདེ་བར་གཤེགས་པའི་བཀའ་འབྲི་བ་དང་ཀློག་པ་རྣམས་ལ་མཆོད་གནས་སུ་མིང་བཏགས༔ ཤེས་རབ་གང་ཆེ་བ་ཁ་ལྕེ་གང་བདེ་རྣམས་ལ་རྒྱ་གར་དུ་སྒྲ་སྒྱུར་ལོ་ཙཱ་སློབ་ཏུ་བཏང༔ འཕྲལ་སྐད་དང་ཆོས་སྐད་ལ་སོགས་པའི་སྐད་རིགས་ཐམས་ཅད་མཁན་པོ་བོ་དྷི་སཏྭས་བསླབ༔ མི་སྐྱ་རྣམས་ལ་ཡི་གེ་དང་མོ་རྩིས་སློབ་པར་གནང༔ རབ་ཏུ་བྱུང་བའི་མཁན་སློབ་གཉིས་ཀ་མཁན་པོ་བོདྷི་སཏྭས་མཛད༔ དབང་བསྐུར་བྱིན་གྱིས་རློབ་པ་སོགས་གསང་སྔགས་ཀྱི་ཆོས་ཐམས་ཅད་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་དོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ རྒྱལ་པོས་ཆོས་ཁྲིམས་བཅས་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ༔དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ བོད་འདིར་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་བྱེད་དགོས་པས༔ རྒྱ་གར་གྱི་ཡུལ་ནས་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་བྱ་བ་བཞུགས་སྐད་པས༔ དེ་སྤྱན་དྲང་དགོས་སྙམ་པའི་ཐུགས་དགོངས་སྐྱེས་སོ༔ སློབ་དཔོན་བི་མ་ལ་མི་ཏྲ་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཏེ༔ རྒྱ་གར་གྱི་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་བྱ་བའི་སྲས་མོ་ལྷ་ལྕམ་དྷརྨ་བོ་དྷི་བྱ་བ་ཤིན་ཏུ་མཛེས་མ༔ ལྷའི་བུ་མོ་འདྲ་བ་ཞིག་ཡོད་པ་དེ་མེ་ཏོག་གི་ལྡུམ་རར་གཉིད་པའི་རྨི་ལམ་དུ༔ མི་དཀར་པོ་ཤིན་ཏུ་མཛེས་པ་ཞིག་བྱུང་ནས༔ བདུད་རྩི་བུམ་པ་གང་མོའི་སྤྱི་བོར་བླུགས་པས༔ ཚངས་པའི་བུ་ག་ནས་མར་སོང་བས་ལུས་བདེ་བས་གང་བ་ཞིག་རྨིས་ནས༔ ལུས་མི་བདེ་བ་མེད་པར༔ ཞག་ཉི་ཤུ་རྩ་གཅིག་ནས་བུ་ཞིག་བཙས་ཏེ༔ ཕ་མེད་བུ་བཙས་པ་ངོ་ཚ་ཆེའོ་ཞེེས་ཁྱེར་ནས་བྱེ་མའི་གསེབ་དུ་བོར་རོ༔ ཡང་མོས་བལྟས་པས་མིག་བཀྲ་ཧྲིག་གེ་འདུག་ནས༔ སྙིང་རྗེ་སྟེ་བླངས་ནས་གསོས་པས༔ ཞག་ལོག་ཟླ་ལོག་གཞན་བས་སྐྱེད་ཆེ་བ་ཞིག་བྱུང་ནས༔ ལོ་ལྔ་ལོན་པ་དང༔ ན་ལེནྡྲའི་གཙུག་ལག་ཁང་དུ་སོང་སྟེ༔ པཎྜི་ཏ་རྣམས་ཀྱི་སྤྱན་སྔར་རིག་པའི་གནས་ལྔ་ལ་སྦྱངས་ནས༔ སྡེ་སྣོད་རྣམ་པ་གསུམ་དང༔ ལྷག་པར་ཡང་རྒྱུད་སྡེ་མཐའ་དག་ལ་མཁས་པར་གྱུར་ཏོ༔ སློབ་དཔོན་ཤྲཱི་སིཾ་ཧའི་སྤྱན་སྔར་རབ་ཏུ་བྱུང་ནས༔ མཚན་ཡང་བི་མ་ལ་མི་ཏྲར་བཏགས་སོ༔ དེ་ནས་མཁས་པའི་མཆོག་ཏུ་གྱུར་ཏེ༔ ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་བྱ་བའི་བླའི་མཆོད་གནས་ཆེན་པོ་མཛད་དོ༔ བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ༔ པཎྜི་ཏ་ལྔ་བརྒྱ་དང་བཅས་ཏེ་བཞུགས་སོ༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་ཕྱེ་བྲེ་གསུམ་བརྫངས་ནས༔ རྒྱ་གར་གྱི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ༔ ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་ལ་གསེར་ཕུལ་ལ༔ ངའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་ཞུ་གྱིས་ལ༔ ལོ་ཙཱ་བ་ཁྱེད་གསུམ་གྱིས་སྤྱན་དྲོངས་ལ་ཤོག་ཅིག༔ ཅེས་བསྒོས་ནས་བཏང་ངོ༔ དེ་ནས་ལོ་ཙཱ་བ་གསུམ་གྱིས་བི་ཀྲ་མ་ལ་ཤཱི་ལའི་རྒྱལ་པོ་ལ་གསེར་ཕུལ་ནས་ཞུས་པ༔ བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ནས༔ ཁྱེད་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས༔ ངའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་བྱ་དགོས་གསུང་བར་གདའོ་ཞུས་པས༔ རྒྱལ་པོ་དྷརྨ་ཙཀྲའི་ཞལ་ནས༔ འོ་ན་ངའི་བླ་མཆོད་པཎྜི་ཏ་ལྔ་བརྒྱ་ནངས་པར་གྱི་ཚ་བ་ལ་ཚོགས་པ་ལ་ཞུ་དགོས་གསུངས་ནས༔ ནངས་པར་གྱི་ཚ་བ་ལ་པཎྜི་ཏ་ལྔ་བརྒྱ་གདན་དྲངས་ནས༔ གསེར་གྱི་མཎྜལ་རེ་རེ་ཕུལ་ནས་ཞུས་པ༔ བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས༔ ང་ལ་སྐྱེས་སུ་གསེར་བསྐུར་ནས༔ ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་ཞུ་ཟེར་ནས༔ ལོ་ཙཱ་བ་འདི་གསུམ་སྤྱན་འདྲེན་དུ་བཏང་ནས་བྱུང་བས༔ གང་མཁས་པ་ཞིག་གཤེགས་པར་ཞུ༔ ཞེས་ཞུས་པས་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་ཆེན་པོར་གྱུར་པ༔ སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་གུང་གྲལ་ན་བཞུགས་པས༔ གཡས་ཀྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ༔ གཡོན་གྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ་སྟེ༔ གཡས་གཡོན་གྱི་ལྔ་བརྒྱ་པོ་ཐམས་ཅད་བི་མ་ལ་མི་ཏྲའི་ཞལ་ལ་གཟིགས་ནས༔ དོན་ལ་ཁྱེད་བཞུད་དགོས་ཞུས་པས༔ བི་མ་ལ་མི་ཏྲའི་ཐུགས་དགོངས་ལ༔ བོད་ཀྱི་རྒྱལ་པོ་ཆོས་ལ་དད་པ་ཆེ་ཡང༔ བློན་པོ་རྣམས་ཆོས་ལ་གནག་པར་ཡོད་པར་འདུག་པས༔ ལོ་ཙཱ་བ་བཻ་རོ་ཙ་ན་ཡང་སྤྱུགས་པར་གྲགས༔ ངས་ཀྱང་འདུལ་བར་ནུས་སམ་མི་ནུས་ཆ་མེད༔ འོན་ཀྱང་བོད་ཀྱི་རྒྱལ་པོའི་དད་པ་མི་ཟློག༔ རྒྱ་གར་རྒྱལ་པོའི་བཀའ་མི་གཅོག་པའི་ཕྱིར༔ ཐེངས་གཅིག་འགྲོ་དགོས་དགོངས་ནས་བཞེངས་ཏེ༔ བོ་དྷི་སཏྭ་རྡ་ཐིམ་ཅེས་ལན་གསུམ་གསུངས་པ་དང༔ ལོ་ཙཱ་བ་གསུམ་ལ་གོ་བ་མི་འདྲ་བ་གསུམ་བྱུང་སྟེ༔ སྐ་བ་དཔལ་བརྩེགས་ཀྱིས་གོ་བ་ལ༔ གཞུ་མོ་དག་ལ་བརྟེན་པའི་མདའ༔ སྐྱེས་བུའི་མཐེབ་མོས་སྩོལ་ཕོད་ན༔ མདས་ཀྱང་འབེམ་དྲུང་ཕྱིན་པར་ནུས༔ ཞེས་གསུངས་ཏེ་བཞུད་པར་གོ༔ རྨ་རིན་ཆེན་མཆོག་གིས་གོ་བ་ལ༔ ཉག་ཐག་དག་ལ་བརྟེན་པའི་གྲུ༔ སྐྱེས་བུའི་སྐྱ་བས་སྩོལ་ཕོད་ན༔ གྲུས་ཀྱང་ཆུ་ལས་སྒྲོལ་བར་ནུས༔ ཞེས་གསུངས་ཏེ་བཞུད་པར་གོ༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གོ་བ་ལ༔ ཡོན་ཏན་དག་དང་ལྡན་པའི་མི༔ རང་ཡུལ་མིན་པའི་ས་ཕྱོགས་སུ༔ ལུས་ཀྱི་བུམ་པ་གར་འགྲིལ་བ༔ སེམས་ཀྱི་ཆུ་བོ་དེ་རུ་འབོ༔ ཞེས་གསུངས་ནས་བཞུད་པར་གོ༔ དེ་ནས་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱི་བཀའ་ཐོབ་ནས༔ སློབ་དཔོན་བི་མ་ལ་མི་ཏྲ་ལོ་ཙཱ་བ་རྣམས་ཀྱིས་གདན་དྲངས་ཏེ༔ ཀ་ཝ་ལི་སོར་བཞི་པ་ཞིག་ཏུ་རྒྱ་ཡིག་འབྲུ་བརྒྱད་བྲིས་པ་ཞིག་བསྣམས་ནས་བསམ་ཡས་སུ་བྱོན་ཏེ༔ རྒྱལ་པོ་རྗེ་འབངས་རྣམས་ཀྱིས་བསུ་བ་མཛད་ནས༔ བསམ་ཡས་སུ་ཕྱགས་ཕེབས་ནས༔ འཁོར་ས་ཆེན་མོ་རུ་སྤྱན་དྲངས་པས༔ སློབ་དཔོན་གྱིས་རྒྱལ་པོ་ལ་ཕྱག་མ་འཚལ༔ ལྷ་ལ་ཡང་ཕྱག་མ་བཙལ་བས༔ བློན་པོ་རྣམས་ཀྱིས་ངེད་ཀྱི་གཙུག་ལག་ཁང་འདིར༔ སྔ་མ་ཡང་པཎྜི་ཏ་མང་པོ་སྤྱན་དྲངས་སོ༔ ད་རུང་སྤྱན་འདྲེན་པ་ཡིན༔ པཎྜི་ཏ་ཁྱེད་ངེད་ཀྱི་རྒྱལ་པོ་ལ་ཡང་ཕྱག་མི་འཚལ༔ ལྷ་ཁང་ལ་ཡང་ཕྱག་མི་འཚལ་བ་ཅི་ལགས་ཞུས་པས༔ ཁྱེད་རྒྱལ་བློན་རྣམས་ཀྱིས་ཕྱག་གི་དོན་ཤེས་སམ་གསུངས་པས༔ རྒྱལ་པོས་ཕྱག་གི་དོན་མི་ཤེས་ལགས་ཞུས་པས༔ ངས་ལྷ་དང་གཉིས་སུ་མེད་པའི་ཕྱག་འཚལ་ཟིན༔ དེ་ཡི་དོན་གྱིས་བརྡའི་ལྷས་ཕྱག་མི་ཐུབ་པས༔ ལྷ་ལ་ཡང་ཕྱག་མི་འཚལ༔ རྒྱལ་པོ་ལ་ཡང་ཕྱག་མི་འཚལ་གསུངས་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ འོ་ན་ནང་པ་སངས་རྒྱས་རང་མིན་ནམ༔ མུ་སྟེགས་པ་རང་ཡིན་ནམ་སྙམ་དུ་སེམས་ཤིང་འདུག་ཙ་ན༔ བི་མ་མི་ཏྲས་མཁྱེན་ནས༔ རྒྱལ་པོ་ཐུགས་མ་དགྱེས་སམ་གསུངས་ནས༔ བི་མ་མི་ཏྲས་ཆོས་གོས་བསྣམས་ནས༔ རྒྱལ་པོའི་ཐུགས་དམ་རྣམ་སྣང་གི་སྐུ་ལ་རྫུ་འཕྲུལ་གྱི་ཕྱག་མཛད་དེ༔ རྣམ་པར་སྣང་མཛད་གཟུགས་སྐུ་ལྷ་ཡི་ལྷ༔ བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ཕྱག༔ ཀུན་རྫོབ་སྒྱུ་མའི་ངང་དུ་འཚལ་བར་བགྱི༔ ཞེས་ཕྱག་འཚལ་བའི་ཚུལ་མཛད་པས༔ རྣམ་པར་སྣང་མཛད་དབུའི་གཙུག་ནས་གདན་ཁྲི་ཡན་ཆད་གས་པས༔ རྒྱལ་པོས་མུ་སྟེགས་པ་རང་ཡིན་ངེས་པར་འདུག་སྙམ་ནས༔ ཞལ་ངོ་ནག་ཏིང་ངེ་སོང༔ ཡང་བི་མ་མི་ཏྲས་རྒྱལ་པོ་མ་དགྱེས་སམ་གསུངས་པས༔ མ་དགའ་ལགས་ཞུས་པས༔ ཡང་ཕྱག་མཛད་དེ༔ རྣམ་པར་སྣང་མཛད་ཡེ་ཤེས་ལྷ་ཡི་ལྷ༔ བི་མ་མི་ཏྲ་གཟུགས་ཀྱི་ཕུང་པོ་ཡིས༔ ཡེ་ཤེས་ལྔ་ལྡན་དོན་གྱི་དབང་བསྐུར་རོ༔ ཞེས་གསུངས་ནས༔ རྣམ་སྣང་གི་སྤྱི་བོར་ཕྱག་བཞག་པས༔ སྔར་བས་ཀྱང་ལེགས་ཏེ༔ འོད་ཟེར་དཔག་ཏུ་མེད་པ་བྱུང་བ་དང༔ སྔོན་མ་དབུ་རྩེ་རིམ་གསུམ་འོད་ཀྱིས་གང༔ དེ་ནས་བསམ་ཡས་ཀྱི་ལྷ་ཐམས་ཅད་འོད་ཟེར་གྱིས་ཁྱབ་ནས་རབ་གནས་མཛད་དོ༔ དེ་ནས་རྒྱལ་པོ་ལ་ཕྱག་བགྱིའོ་གསུངས་ནས་ཕྱག་དེང་མཛད་པས༔ རྒྱལ་པོའི་ཞལ་ནས༔ ཁྱེད་ཕྱི་ལྟར་དགེ་སློང་གི་ཆ་ལུགས་ལ༔ ནང་ལྟར་གསང་སྔགས་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་དུ་འདུག་པས༔ ཕྱག་མི་མཛད་པར་ཞུ་བྱས་པས༔ བི་མ་མི་ཏྲའི་ཞལ་ནས༔ ཁྱོད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོར་འདུག་པས༔ ཅིས་ཀྱང་འཚལ་གསུངས་ནས་ཕྱག་མཛད་པ་ལ༔ ཕྱག་གི་འོད་ཟེར་གྱིས་རྒྱལ་པོའི་ན་བཟའ་གཞོབ་ཏུ་ཚིག་ནས༔ རྒྱལ་པོ་ཉིད་ཀྱིས་ཕྱག་འཚལ་ལོ༔ དེ་ནས་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་སེངྒེའི་ཁྲི་ལ་བཞུགས་སུ་གསོལ༔ གབ་ཙེ་དགུའི་འབོལ་བཏིང༔ ཟ་འོག་གི་བེར་ཆེན་སྐུ་ལ་གསོལ་ནས༔ ཟས་རྣམ་པ་མང་པོ་དང་གསེར་ཕྱེ་བྲེ་གསུམ་དངུལ་གྱི་བུམ་པར་བླུགས་ནས་ཕུལ་བས༔ སློབ་དཔོན་གྱི་ཞལ་ནག་ཐམ་ཅི་ཡང་མི་གསུང་བས༔ རྒྱལ་པོའི་ཐུགས་དགོངས་ལ༔ ལྷོ་བལ་འདོད་པ་ཅན་ད་རུང་མ་ཚིམ་བར་འདུག་སྙམ་པས༔ སློབ་དཔོན་གྱིས་མཁྱེན་ནས་རྒྱལ་པོ་ཐུ་བ་བཟེད་དང་གསུངས་ནས༔ ཐུ་བར་བྱེ་མ་བྲེ་གསུམ་བླུགས་ནས་དར་ཅིག་ཟུངས་གསུངས་པས༔ རྒྱལ་པོས་ཐུ་བ་མ་ཐུབ་ཤོར་ཙ་ན༔ བྱེ་མ་གསེར་དུ་སྣང་བས༔ རྒྱལ་པོ་ཆེན་པོ་ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད༔ རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་རེ་ཞིག་བླང་དགོས་གསུངས་སོ༔ དེ་ནས་དབུ་རྩེའི་ཐང་དུ་ཆོས་ཀྱི་ཁྲི་བརྩིགས་ནས༔ ཆོས་གསུངས་པའི་ཞུ་བ་ཕུལ་བས༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ སྔོན་བཻ་རོ་ཙ་ནས་ཀྱང་འབྲས་བུའི་ཐེག་པ་བཤད་ཀྱང་མ་དུལ་ནས་སྤྱུགས་བཏང༔ ད་ངས་རྒྱུའི་ཐེག་པ་ནས་རིམ་གྱིས་འཆད་དགོས་སྙམ་ནས༔ རྒྱལ་བློན་རྣམས་ལ་རྒྱུའི་ཐེག་པ་མཚན་ཉིད་འཆད་པའི་ཚེ༔ རྒྱལ་པོས་ཞང་པོའི་ཡུལ་དུ་ཇ་ལེན་བཏང་བས༔ ལམ་ཀར་རྒྱལ་མོ་རོང་མཁར་དུ་ཕྱིན་ཙམ་ན༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས༔ ཁྱེད་གང་ནས་འོང་དྲིས་པས༔ ཚོང་པ་རྣམས་ན་རེ༔ ངེད་དབུས་ནས་འོང༔ ངེད་ཀྱི་རྒྱལ་པོས་ཇ་འདྲེན་དུ་བཏང་བ་ཡིན་བྱས་པས༔ འོ་ན་རྒྱལ་པོ་སྐུ་ཁམས་ཨེ་བཟང༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཨེ་གཉན༔ ཆོས་ཁྲིམས་དར་གྱི་མདུད་པ་ཨེ་དམ༔ བླའི་མཆོད་གནས་སུ་ཡོད༔ ཆོས་ཇི་སྐད་བྱ་བ་བསྒྱུར་བྱས་པས༔ དེ་རྣམས་ན་རེ༔ རྒྱལ་པོ་ཡང་སྐུ་ཁམས་བདེ༔ རྒྱལ་ཁྲིམས་ཀྱང་བཙན༔ ཆོས་ཁྲིམས་ཀྱང་དམ༔ མཆོད་གནས་བི་མ་མི་ཏྲ་བྱ་བ་རྒྱ་གར་ནས་གདན་དྲངས༔ ཆོས་རྒྱུ་མཚན་ཉིད་ཀྱི་ཐེག་པ་བྱ་བ་བསྒྱུར་བྱས་པས༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས༔ ངས་འབྲས་བུའི་ཐེག་པ་བཀའ་རྫོགས་པ་ཆེན་པོ་འདྲ་བ་བསྒྱུར་ཀྱང་སྤྱུགས༔ ད་གཟོད་རྒྱུ་ཡི་ཐེག་པ་ཉན༔ གཡུ་སྒྲ་སྙིང་པོ་ཁྱོད་སོངས་ལ༔ བོད་ཀྱི་བློན་པོ་ཆོས་ལ་གནག་པ་རྣམས་ལ་སྙིང་ཚིམས་གཅིག་བདོར་གསུངས་སོ༔ དེ་ནས་གཡུ་སྒྲ་སྙིང་པོས་རེ་བའི་ཐུལ་པ་ཞིག་དང༔ སྲིད་པ་སྤྱི་བླུགས་ཀྱི་ཞྭ་གྱོན༔ ལག་ན་ཤེར་ཤིང་གི་རལ་གྲི་ཐོགས༔ རྫོགས་པ་ཆེན་པོ་སྔ་འགྱུར་ཕྱི་འགྱུར་གཉིས༔ ཤོག་དྲིལ་གཉིས་ལ་རྡོ་རྗེའི་ཚིག་དྲུག་ཏུ་བྱས་ནས༔ རྣ་བ་གཡས་གཡོན་དུ་བཅུག་ནས་བོད་དུ་འོང་ངོ༔ དེ་ནས་གཡུ་སྒྲ་སྙིང་པོས་བསམ་ཡས་སུ་ཕྱིན་པས༔ བི་མ་ལ་མི་ཏྲས་རྒྱལ་བློན་རྣམས་ལ་རྒྱུའི་ཐེག་པ་གསུང་བའི་རྩར་བྱོན་ནས༔ སྐུ་གཅེར་བུར་བུད་ནས་ཤེར་ཤིང་གི་རལ་གྲི་ལ་རྟ་བྱས་ནས༔ འཕོངས་ལ་ཐལ་ལྕག་བརྒྱབ་ཅིང་རྒྱུག་སྟེ༔ ཀ་ཀ་པ་རི་ཀ་ཀ་པ་རི་བྱས་པས༔ བི་མ་མི་ཏྲ་བོད་དུ་བྱོན་ནས༔ བློན་པོ་རྣམས་ཆོས་ལ་གནག་པས༔ རྒྱལ་ཁྲིམས་ཕོག་གིས་དོགས་པས་ཞལ་འཛུམ་པ་ཙམ་ཡང་མཛད་མ་མྱོང་བ་ལ༔ རྣལ་འབྱོར་པ་དེ་གཟིགས་ནས་ཞལ་འཛུམ་པ་ཞིག་མཛད་དེ༔ བརྡ་ཐིམ་བརྡ་ཐིམ་ཅེས་གསུངས་སོ༔ དེ་ནས་སློབ་དཔོན་ཕོ་བྲང་དུ་སྤྱན་དྲངས་ཏེ༔ དྲོ་དྲངས་ནས་རྒྱལ་པོས་ཞུས་པ༔ སློབ་དཔོན་བོད་དུ་བྱོན་ནས་ཞལ་འཛུམ་པ་ཙམ་ཡང་མཛད་མ་མྱོང་བ་ལ༔ དེ་རིང་འཛུམ་པ་ཞིག་མཛད་པ་དེ་ཅི་ཡིན་ཞུས་པས༔ དེ་སྔ་འཛུམ་མ་མྱོང་བ་ནི་བོད་ཀྱི་བློན་པོ་རྣམས་ཆོས་ལ་གནག་པས༔ ཉམས་མ་དགའ་བ་ཡིན༔ དེ་རིང་འཛུམ་པ་ནི༔ བོད་ལ་རྣལ་འབྱོར་བ་དེ་འདྲ་བ་ཡོད་པར་འདུག་སྙམ་ནས་དགའ་བ་ཡིན་གསུངས༔ འོ་ན་དེ་རིང་རྣལ་འབྱོར་པ་དེས༔ ཀ་ཀ་པ་རི་ཀ་ཀ་པ་རི་ཟེར་བ་དེ་ཅི་ལགས་ཞུས་པས༔ དེ་ང་རང་ཚོའི་ཆོས་ལ་ཟེར་བ་ཡིན༔ ཉན་ཐོས་བྱིས་པའི་ཆོས་ཀྱིས་སངས་མི་རྒྱ༔ ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད༔ འབྲས་བུ་རྡོ་རྗེ་ཐེག་པ་མི་སྟོན་པར༔ རྒྱུ་ཡི་ཐེག་པ་སྟོན་པ་ཅི་ཡིན་ཟེར་བ་ཡིན་གསུངས༔ འོ་ན་སློབ་དཔོན་གྱིས་བརྡ་ཐིམ་བརྡ་ཐིམ་གསུངས་པ་དེ་ཅི་ལགས་ཞུས་པས༔ ཆོས་ཐམས་ཅད་བུ་རམ་དང་ལན་ཚྭའི་རང་བཞིན་ལྟར་གཉིས་སུ་མེད་པ་རྒྱལ་བའི་དགོངས་པ་ཡིན༔ ཆོས་ཐམས་ཅད་གཉིས་སུ་མེད་པ་ཡིན་བྱས་པ་ཡིན་གསུངས་སོ༔ དེ་ནས་རྒྱལ་པོས་རྣལ་འབྱོར་པ་དེ་སུ་ཡིན་དྲིས་ཤིག་གསུངས་ནས་ཚོལ་དུ་བཏང་བས༔ ཆང་ཚོང་མ་གཅིག་ལ་གྲུངས་མ་ཉོས་ནས་གསོལ་ཞིང་འདུག་སྟེ༔ ཁྱོད་ཀྱི་སློབ་དཔོན་སུ་ཡིན༔ ཆོས་ཇི་སྐད་བྱ་བ་ཡིན༔ ཁྱོད་རང་ལ་ཅི་མིང་དྲིས་པས༔ སློབ་དཔོན་བཻ་རོ་ཙ་ན་ཡིན༔ ང་རང་གཡུ་སྒྲ་སྙིང་པོ་ཡིན༔ དམ་ཆོས་རྫོགས་པ་ཆེན་པོ་ཡིན་གསུངས་ནས་རྒྱལ་པོའི་སྙན་དུ་དེ་སྐད་གསོལ་བས༔ དེ་སྤྱན་དྲོངས་ཤིག་ཆོས་ཞུ་དགོས་གསུངས་ནས༔ རིན་པོ་ཆེའི་ཁྲི་ལ་བཞག་ནས༔ གསེར་གྱི་མཎྜལ་ཕུལ་ཏེ༔ རྒྱལ་པོ་རྗེ་འབངས་རྣམས་ཀྱིས་རྫོགས་པ་ཆེན་པོ་སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་སྟེ༔ སྔ་དྲོ་སློབ་དཔོན་བི་མ་ལ་མི་ཏྲ་ལ་ཆོས་ཉན༔ ཕྱི་དྲོ་གཡུ་སྒྲ་སྙིང་པོ་ལ་ཉན་པས༔ མཉམ་པོར་ཁྲིག་གི་བྱུང་སྟེ༔ བོད་ཀྱི་བློན་པོ་རྣམས་ཀྱང་བཻ་རོ་ཙ་ན་སྤྱུགས་པ་ལ་འགྱོད་པ་སྐྱེས་ཏེ༔ འབངས་མི་གསུམ་ལ་གསེར་གྱི་པ་ཏྲ་ཞུ་རྟེན་དུ་བསྐུར་ནས༔ རྒྱལ་མོ་ཚ་བ་རོང་ནས་བཻ་རོ་ཙ་ན་སྤྱན་དྲངས་ཏེ༔ རྒྱལ་བློན་རྣམས་ཀྱིས་ཞབས་སྤྱི་བོར་བླངས་ནས་བླའི་མཆོད་གནས་སུ་བཀུར་རོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་སྤྱན་དྲངས་པ་དང༔ བཻ་རོ་ཙ་ན་སྤྱུགས་པ་ལ་འགྱོད་པ་སྐྱེས་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ༔དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སིངྒ་ལའི་ཡུལ་ནས་སློབ་དཔོན་དཱ་ན་ཤཱི་ལ་བྱ་བ་མཁས་པ་ཆེན་པོ་བཞུགས་པ་ཡང་སྤྱན་དྲངས༔ རྒྱ་ནག་གི་ཡུལ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་བྱ་བ་མཁས་པ་ཆེན་པོ་བཞུགས་པ་ཡང་སྤྱན་དྲངས༔ ཟ་ཧོར་གྱི་སློབ་དཔོན་བོ་དྷི་སཏྭ་དང༔ ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ་དང༔ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཏེ་མཁས་གྲུབ་ཆེན་པོ་ལྔ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ སྣ་ནམ་ཡེ་ཤེས་སྡེ་དང༔ རྨ་རིན་ཆེན་མཆོག་དང༔ གཉགས་ཛྙཱ་ན་ཀུ་མཱ་ར་དང༔ ལོ་ཙཱའི་མཆན་བུ་རྣམས་དང༔ ལྡན་མ་རྩེ་མང༔ གནུབས་ནམ་མཁའི་སྙིང་པོ༔ སྦ་ཨ་ཙ་ར་ཡེ་ཤེས་དབྱངས༔ འགོས་འབུམ་ཡུ་འབྱིན༔ ལོ་ཀི་ཆུང་སོགས་ཏེ་དེ་ལྟར་ལོ་པཎ་མང་པོ་སྤྱན་དྲངས་ནས༔ རྒྱལ་པོས་ཆོས་གསུང་བའི་ཞུ་བ་ཕུལ་ནས༔ སློབ་དཔོན་པདྨ་འབྱུང་གནས་ནི༔ སྐུ་མངལ་གྱིས་མ་བསྐྱེད་པདྨའི་ནང་ནས་འཁྲུངས༔ སྤྱིར་ཁམས་གསུམ་སེམས་ཅན་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་མཐུ་མངའ་བས༔ རྒྱ་གར་དང་ཨུ་རྒྱན་གྱི་ལྷ་འདྲེ་ཐམས་ཅད་ཀྱིས་སྲོག་གི་སྙིང་པོ་ཕུལ༔ ཁྱད་པར་དུ་བོད་ཀྱི་ལྷ་འདྲེ་གནོད་སྦྱིན་ཐམས་ཅད་དམ་ལ་བཏགས་ཤིང༔ ལྷག་པར་བསམ་ཡས་ཀྱི་ས་གཞི་བཏུལ་བ་ཡིན་པས༔ སེངྒེའི་ཁྲི་སུམ་བརྩེགས་ལ་བཞུགས་སོ༔ སློབ་དཔོན་བི་མ་ལ་མི་ཏྲ་ནི༔ པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པའི་ཡང་རབ་ཏུ་བཞུགས་ཤིང༔ ཆོས་ཐམས་ཅད་བོད་སྐད་དུ་མཚམས་སྦྱར་ནས༔ བཀའ་རྒྱ་མཚོ་གསང་སྔགས་ཕྱི་ནང༔ འདུལ་བ་མདོ་སྡེ་མངོན་པའི་ཆོས་ཐམས་ཅད་ཐུགས་ལ་དགོངས་ཤིང༔ མི་བརྗེད་པའི་གཟུངས་ཐོབ་ནས༔ ཆོས་ཐམས་ཅད་ལ་མ་རྨོངས་ཤིང་མཁྱེན་པ་ཡིན་པས༔ གདན་སེང་གེའི་ཁྲི་གཉིས་བརྩེགས་ཀྱི་སྟེང་དུ་བཞུགས་སོ༔ སློབ་དཔོན་བོ་དྷི་སཏྭ་ནི་བསླབ་པ་རིན་པོ་ཆེ་གསུམ་གྱིས་བརྒྱན་ཅིང༔ ཆོས་ཐམས་ཅད་ལ་མ་རྨོངས་པར་མཁྱེན༔ ཁྱད་པར་དུ་ཡང་དང་པོའི་བླ་མཆོད་སྔ་བར་གྱུར་པས༔ གདན་སེང་གེ་དང་གབ་ཙེ་གསུམ་བརྩེགས་པ་ལ་བཞུགས་སོ༔ སློབ་དཔོན་དཱ་ན་ཤཱི་ལ་དང༔ ཀ་མ་ལ་ཤཱི་ལ་གཉིས་ཀྱང་མཁས་པའི་ཡོན་ཏན་དུ་མས་བརྒྱན་པས༔ གདན་སེང་གེའི་ཁྲི་རེ་རེ་ལ་བཞུགས་སོ༔ ལོ་ཙཱ་བ་བཻ་རོ་ཙ་ན་ནི༔ དང་པོ་རྒྱ་གར་གྱི་ཡུལ་དུ་ཆོས་ཞུ་རུ་བཏང་བས༔ གཅན་འཕྲང་བ་ལ་སྒྱུ་མའི་གསེར་ཕྱེས་བསླུས་ནས༔ རྐང་མགྱོགས་ཀྱིས་མ་ཟིན༔ ལེགས་གྲུབ་གཅན་འཕྲང་བས་བསད་ཀྱང༔ བཻ་རོ་ཙ་ནས་སྒྱུ་མ་བཏབ་ཅིང་གསེར་མེད་པར་བསྒྱུར༔ དེ་ཚུན་ཆད་རྐང་མགྱོགས་པ་དང་འཕྲང་སྲུང་མེད་པས་དྲིན་ཆེ༔ བཻ་རོ་ཙ་ནས་སྐད་འགྱུར་ཉི་ཤུ་རྩ་གཅིག་ཤེས་པས་ལོ་ཙཱ་བ་གཞན་བས་ཁྱད་པར་ཆེ༔ རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པས༔ ཤིག་དོང་དང་སྦལ་དོང་དུ་བསྐྱུར་ཡང་མ་ཤི༔ ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པས༔ གདན་སེང་གེའི་ཁྲི་ལ་བཞུགས་སོ༔ ལོ་ཙཱ་བ་གཞན་རྣམས་ནི་དར་གྱི་གབ་ཙེའི་སྟེང་དུ་བཞུགས་སོ༔ རྒྱལ་པོས་ལོ་པཎ་རྣམས་ལ་གསེར་གྱི་མཎྜལ་རེ་རེ་ཕུལ་ནས༔ རྒྱ་ནག་གི་ཇ༔ བལ་པོའི་གོ་ལ༔ བོད་ཀྱི་འབྲུ་ཆང༔ རྒྱ་གར་གྱི་འབྲས་ཆང་སོགས་གང་ལ་གང་གསོལ་དང༔ འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དྲངས་ནས༔ ཕྱག་འཚལ་བསྐོར་བ་བྱས་ཏེ་ཞུས་པ༔ ཨེ་མ་ཧོ༔ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང༔ ཟ་ཧོར་སློབ་དཔོན་བོ་དྷི་སཏྭ་དང༔ ཁ་ཆེའི་སློབ་དཔོན་བི་མ་མི་ཏྲ་དང༔ སིངྒའི་སློབ་དཔོན་དཱ་ན་ཤཱི་ལ་དང༔ རྒྱ་ནག་སློབ་དཔོན་ཀ་མ་ཤཱི་ལ་དང༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་སོགས༔ དབུ་ཡི་མཆོད་གནས་མཁས་གྲུབ་ལོ་པཎ་རྣམས༔ བདག་ནི་ཆོས་སྐྱོང་རྒྱལ་པོར་ཁས་འཆེ་བས༔ རྒྱ་གར་ཨུ་རྒྱན་ཡུལ་གྱི་དམ་པའི་ཆོས༔ བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམས༔ གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་བར་ཞུ༔ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ༔ དམ་པའི་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ༔ དམ་པའི་ཆོས་ཀྱི་དུང་ཆེན་འབུད་དུ་གསོལ༔ དམ་པའི་ཆོས་ཀྱི་གཎྜི་བརྡུང་དུ་གསོལ༔ ཞེས་ཞུས་སོ༔ དེ་ནས་ལོ་པཎ་རྣམས་ཨརྻ་པ་ལོའི་གླིང་དུ་སྤྱན་དྲངས་ནས༔ བྱང་ཆུབ་གླིང་དུ་སེམས་བསྐྱེད༔ ཁྲུས་ཁང་གླིང་དུ་ཁྲུས་བྱས༔ བྱམས་པ་གླིང་དུ་ལུང་བསྟན༔ བསམ་གཏན་གླིང་དུ་སྒོམ་གྲྭ་བཙུགས༔ སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར༔ སྣ་ཚོགས་གླིང་དུ་ཐེག་པ་བཤད་དེ༔ དགུང་ལོ་བཅུ་གསུམ་བར་དུ་ཆོས་གྲྭ་བཙུགས༔ རྒྱ་གར་སྐད་དང༔ ཟ་ཧོར་སྐད་དང༔ ཁ་ཆེའི་སྐད་དང༔ སིངྒ་ལའི་སྐད་དང༔ རྒྱ་ནག་གི་སྐད་རྣམས་ལས་བོད་སྐད་དུ་བསྒྱུར་ནས་བཤད་དོ༔ དེ་ཡང་སློབ་དཔོན་ཛྙཱ་ན་མི་ཏྲ་དང༔ དཱ་ན་ཤཱི་ལ་དང༔ ཀ་མ་ལ་ཤཱི་ལ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ སྣ་ནམ་ཡེ་ཤེས་སྡེ་དང་གསུམ་གྱིས་ལོ་ཙཱ་བྱས་ནས་མདོ་སྡེ་རྣམས་བསྒྱུར་ཏེ༔ དཀོན་མཆོག་བརྩེགས་པ༔ སངས་རྒྱས་ཕལ་པོ་ཆེ༔ བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་གསུམ་བསྒྱུར་རོ༔ བོ་དྷི་སཏྭ་དང༔ ལོ་ཙཱ་བ་མཆན་བུ་རྣམས་དང༔ ལྡན་མ་རྩེ་མང་རྣམས་ཀྱིས༔ འདུལ་བ་མདོ་སྡེ་མངོན་པ་གསུམ་གྱི་གཞུང་རྣམས་ཐམས་ཅད་བསྒྱུར་རོ༔ སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྨ་རིན་ཆེན་མཆོག་གཉིས་ཀྱིས་སྤང་སྐོང་ཕྱག་བརྒྱ་པ་ལ་སོགས་ཏེ༔ མདོ་སྡེ་རྒྱ་ནག་གི་འགྱུར་མང་པོ་བསྒྱུར་རོ༔ སློབ་དཔོན་བི་མ་ལ་མི་ཏྲ་དང༔ ལོ་ཙཱ་བ་གཉག་ཛྙཱ་ན་ཀུ་མཱ་ར་དང་གཉིས་ཀྱིས༔ གསང་སྔགས་ཕྱི་ནང་མང་པོ་བསྒྱུར་རོ༔ སློབ་དཔོན་པདྨ་དང༔ ལོ་ཙཱ་བ་ནམ་མཁའི་སྙིང་པོ་དང་བཻ་རོ་ཙ་ན་གསུམ་གྱིས༔ གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་མང་པོ་བསྒྱུར་རོ༔ ཁྱད་པར་དུ་སློབ་དཔོན་པདྨ་ལ༔ བཻ་རོ་ཙ་ནས་ཞུ་བ་མཛད་དེ་གསང་སྔགས་ཞུ་ལེན་གྱི་སྐོར་མང་པོ་མཛད་དོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ དཔལ་གྱི་བསམ་ཡས་སུ་ཆོས་བསྒྱུར་ཅིང་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་བདུན་པའོ༔ ༔དེ་ནས་རྒྱལ་པོས་སློབ་དཔོན་པདྨ་འབྱུང་གནས་ལ་ཞུས་པ༔ བདག་བསོད་ནམས་ཡང་རབ་ཏུ་གྱུར་པས་བསམ་པ་ཐམས་ཅད་གྲུབ༔ ཁྱད་པར་དུ་དམ་ཆོས་ཉི་མ་ཤར་བ་བཞིན་དུ་བསྒྱུར་ཏེ་བཤད་པ་བཀའ་དྲིན་ཤིན་ཏུ་ཆེ་བས༔ ད་རུང་བདག་གི་ཚེ་ཡང་རབ་ཏུ་གྱུར་པའི་ཆོས་ཤིག་ཞུ༔ ཞེས་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞུས་པས༔ སློབ་དཔོན་ཞལ་ནས་རྒྱལ་པོ་ལགས༔ བསོད་ནམས་མཆོག་ཏུ་གྱུར་པ་ལ་ཚེ་ཡང་མཆོག་ཏུ་གྱུར་པ་མི་འོང་ཏེ༔ འོན་ཀྱང་ང་ནི་རིག་འཛིན་ཚེའི་དངོས་གྲུབ་ཐོབ་པ་ཡིན་པས༔ རྒྱལ་པོ་ལ་ཚེ་དབང་དང་ཚེ་སྒྲུབ་བྱའོ་གསུངས་ནས༔ ཕོ་བྲང་དུ་རྡོ་རྗེ་ཚེ་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཚེ་བསྒྲུབས་པས༔ འགྲུབ་པའི་རྟགས་བྱུང་ནས༔ རྒྱལ་པོ་ལ་ཚེ་དབང་བསྐུར་ཞིང་ཚེ་བུམ་གྱི་བདུད་རྩི་འདྲེན་ནོ་བྱོན་ཅིག་བྱས་པས༔ བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ༔ རྒྱལ་པོ་བསོད་ནམས་འདི་ཙམ་དང་ལྡན་ན་ཚེའང་མཐར་ཕྱིན་པ་ཡིན་པས་ཚེ་ཆུ་མ་འཐུངས་ཤིག༔ སློབ་དཔོན་ནི་ལྷོ་བལ་གྱི་མི་སྙིང་ངན་ལ་ནོར་དད་ཆེ་བས༔ ཚེ་བུམ་ནང་དུ་དུག་བླུགས་ནས་རྒྱལ་པོ་བཀུམས་ནས་རྒྱལ་སྲིད་འཕྲོག་པར་སྲིད་དོ་བྱས་པས༔ རྒྱལ་པོས་སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ་ལ༔ འཁྲུལ་པ་མི་མངའ་བྱས་ཀྱང་མ་ཕན་ནས་བློན་པོ་རྣམས་ཀྱིས་བཀག་གོ༔ དེ་ནས་སློབ་དཔོན་གྱིས་སེ་གོལ་གཅིག་བརྡབས་པས༔ བུམ་པའི་ནང་ནས་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་གཤེགས་པ་རྒྱལ་བློན་རྣམས་ལ་བསྟན༔ ཚེ་ཆུ་དེ་སློབ་དཔོན་ཉིད་ཀྱིས་གསོལ་བས༔ སྐུའི་བ་སྤུའི་བུ་ག་ཐམས་ཅད་ན་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་ཐག་གིས་གང་བར་གྱུར་ཏོ༔ རྒྱལ་པོ་ཡང་འགྱོད་པ་སྐྱེས་ནས༔ ད་རེས་ནི་བློན་པོ་ངན་པའི་ཁར་མི་ཉན་པས༔ སློབ་དཔོན་གྱིས་ཐུགས་རྗེས་བཟུང་བར་ཞུ་ཞུས་པས༔ ཡང་སློབ་དཔོན་གྱིས་ཚེའི་དཀྱིལ་འཁོར་ཞལ་ཕྱེ་ཞིང་བསྒྲུབ་པ་མཛད་ནས༔ དབང་བསྐུར་ཁ་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ༔ སློབ་དཔོན་མི་འདའ་བ་ནི་དུག་སྔགས་མཁྱེན་པ་ཡིན་ནོ༔ རྒྱལ་པོས་ནི་དུག་སྔགས་མི་མཁྱེན་པས༔ འདའ་བར་ངེས་སོ་བྱས་ནས༔ རྒྱལ་པོ་བློན་པོ་རྣམས་ཀྱིས་བཞུད་དབང་མ་སྟེར་བས༔ དེར་སློབ་དཔོན་གྱིས་ཚེའི་བུམ་པ་དེ་དང་སྤྲུལ་པའི་གདམས་གཏེར་ཀ་པཱ་ལ་གང་དང་བཅས་པ༔ ཡང་རྫོང་ཤེལ་བྲག་ཏུ་གཏེར་དུ་སྦས་ནས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ་བབ་པའི་དུས་སུ༔ ང་ཡི་སྤྲུལ་པ་ཁྲོ་ཞིང་གཏུམ་ལ་ནུས་པ་དང་ལྡན་པ༔ སྙིང་ཁ་ན་སྨེ་བ་ནག་པོ་རྡོ་རྗེའི་རིས་ཡོད་པ༔ ཐུགས་ཀྱི་གཏེར་སྒོ་འབྱེད་པ་ཞིག་འོང་བས༔ དེས་ཚེ་བུམ་དང་སྤྲུལ་པའི་གདམས་གཏེར་འདི་ཕྱུང་ནས༔ ཚེའི་རིག་འཛིན་ཐོབ་ནས་སྤྲུལ་པའི་དམག་དཔུང་གིས་བདུད་དང་མུ་སྟེགས་ཐམས་ཅད་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཏེ་གཏེར་དུ་སྦས་སོ༔ དེ་ནས་རྒྱལ་པོས་སློབ་དཔོན་ལ་ཞུས་པས༔ བདག་ལ་ཚེའི་དབང་བསྐུར་བ་ནི༔ བདག་རང་ལ་ཐེ་ཚོམ་མེད་ཀྱང༔ བློན་པོ་ཆོས་ལ་གནག་པ་རྣམས་ཀྱིས་དབང་མ་བྱུང༔ ད་རུང་ཚེ་སྲིང་བའི་ཐབས་ཤིག་ཞུ་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ རྒྱལ་པོ་མངའ་ཐང་ཆེ་བ་དང༔ བོད་འབངས་དད་པ་ཆེ་བ་ཡིས༔ ཅུང་ཞིག་རྒྱལ་སྲིད་དར་བར་མཆིས༔ ང་ཡི་ཚེ་དབང་རྗེས་ནོད་ན༔ དགུང་ལོ་བརྒྱ་རྩ་བརྒྱད་ཐུབ་ཀྱང༔ བློན་པོ་རྣམས་ཀྱི་དབང་མ་བྱུང༔ གླང་གི་ལོ་ཡི་ལོ་མགོ་ལ༔ རྒྱལ་པོ་ལྔ་བཅུ་རྩ་དྲུག་བཞེས༔ དེ་ནས་རྒྱལ་པོ་འདས་དུས་ཡིན༔ སྐུ་ཡི་རིམ་གྲོ་བྱས་གྱུར་ན༔ ལོ་ནི་བཅུ་གསུམ་སྐུ་ཚེ་བསྲིང༔ དེ་ནས་རྒྱལ་པོ་དགུང་དུ་གཤེགས༔ རྒྱལ་སྲིད་མངའ་ཐང་ཆུང་དུ་འགྲོ༔ དེ་ནས་གདུང་རབས་གསུམ་སོང་ཚེ༔ ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི༔ མངའ་བདག་རལ་པ་ཅན་ཞེས་འབྱུང༔ དེ་ཡིས་བསྟན་པ་རྒྱས་པར་མཛད༔ རྒྱལ་པོ་དེ་ཡི་ཚེ་སྨད་ལ༔ བདུད་ཀྱི་སྤྲུལ་པ་སྡིག་སྤྱོད་ཅན༔ གླང་གི་མིང་ཅན་འབྱུང་ནས་ནི༔ དམ་པའི་ཆོས་ནི་སྣུབ་པར་བྱེད༔ དུས་ངན་འབྱུང་བར་གདོན་མི་ཟ༔ རྒྱལ་ཁྲིམས་འཇིག་ནས་རྒྱལ་པོ་འཐབ༔ བོད་འབངས་ཐམས་ཅད་ཡི་ཆད་འོང༔ བོད་ཁམས་སིལ་བུར་ཡུལ་ཕྱོགས་ཚོགས༔ དེ་ནས་སྡིག་སྤྱོད་རྒྱལ་པོ་དེ༔ གསང་བའི་བདག་པོའི་སྤྲུལ་པ་ནི༔ ལྷ་ལུང་དཔལ་གྱི་རྡོ་རྗེས་འདུལ༔ འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ནི༔ དགོངས་པ་གསལ་ཞེས་བྱ་བ་ཡིས༔ བསྟན་པའི་མེ་རོ་སློང་བར་བྱེད༔ ཆོས་ཁྲིམས་བག་ཙམ་དར་བར་འགྱུར༔ རྒྱལ་པོས་སྐུ་ཡི་རིམ་གྲོ་གྱིས༔ ཞེས་གསུངས་ནས༔ ལོ་པཎ་རྣམས་ཀྱིས་རྗེའི་སྐུ་རིམ་ལ་ཕན་པ་གང་ཆེ་བ་བཀའ་བགྲོས་ཏེ༔ ཕྱི་སྐོང་དུ་རྒྱལ་པོའི་ཐུགས་དམ་མདོ་བཅུ་བསྒྱུར་ཏེ༔ ཤེས་རབ་སྙིང་པོ་ལྟ་བའི་མདོ༔ འདའ་ཀ་ཡེ་ཤེས་སྒོམ་པའི་མདོ༔ བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ༔ རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ༔ བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོ༔ གཙུག་ཏོར་དཀར་མོ་ཟློག་པའི་མདོ༔ གོས་སྔོན་ཅན་ནི་སྲུང་བའི་མདོ༔ ཚེ་དཔག་མེད་པ་ཚེ་སྲིང་བའི་མདོ༔ ནོར་རྒྱུན་མ་ནི་ནོར་སྒྲུབ་པའི་མདོ༔ ཡི་གེ་གཅིག་མ་སྙིང་པོའི་མདོ༔ དེ་རྣམས་བསྒྱུར་ནས་རྒྱལ་པོའི་ཐུགས་དམ་དུ་ཕོག་གོ༔ ནང་སྐོང་དུ་སྔགས་ཀྱི་སྤང་སྐོང་ཆ་ལག་དང་བཅས་པ་བསྒྱུར་ཏེ༔ སྔོན་སེམས་ཅན་ལུས་སྲུལ་པོས༔ སློབ་དཔོན་བསད་པས་མཚམས་མེད་པའི་ལས་བྱས་ནས༔ སེམས་ཅན་དམྱལ་བར་ལྷུང་པ་ལ༔ དཔལ་ཀུན་ཏུ་བཟང་པོས་བཤགས་པ་མཛད་པས་དག་པ་ལྟར༔ རྒྱལ་པོའི་ཉམས་ཆག་ཐམས་ཅད་བསྐངས་ཏེ་སྒྲིབ་པ་བྱང་བར་གྱུར་ཏོ༔ གསང་བ་སྤང་སྐོང་དུ་བཤགས་པ་ལ༔ བསྙེན་སྒྲུབ་ཡན་ལག་གི་བཤགས་པ་དང་བཞི་མཛད་དེ༔ ཡེ་ཤེས་སྐུ་མཆོག་གི་བཤགས་པ༔ ཉི་ཤུ་རྩ་བརྒྱད་བླང་དོར་གྱི་བཤགས་པ༔ མཁའ་འགྲོ་མ་རྣམ་བཞི་གསང་བའི་བཤགས་པ༔ ལྟ་བའི་ཀློང་གི་བཤགས་པའམ་རང་བཞིན་གྱི་བཤགས་པ་དང་བཞི་མཛད་དེ༔ སྔོན་བྲམ་ཟེ་མི་ཐོད་ཅན་ལ༔ དཔལ་རྡོ་རྗེ་སེམས་དཔས་གསུངས་པས་སྒྲིབ་པ་དག་པ་ལྟར༔ རྒྱལ་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ཏེ་སྒྲིབ་པ་དག་པར་གྱུར་ཏོ༔ གཞན་ཡང་འབྱུང་བ་བཞི་ལས་བྱུང་བའི་ནད་འདུས་པའི་གཉེན་པོར༔ རྒྱའི་སྨན་པ་ཧཱ་ཤང་ཏེ་ཙ་དང༔ བླ་སྨན་ཉང་བཙན་ལ་སོགས་པས་སྨན་གྱི་རྒྱུད་གདམས་ངག་དང༔ སྨན་དང་བཅུད་ལེན་གྱི་སྦྱོར་བ་མང་པོ་མཛད་དོ༔ ཕྱི་འཇིག་རྟེན་དྲེགས་པ་རྣམས་ཀྱི་གཉེན་པོར༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་འདྲེ་སྟོང་གི་དྲྭ་བ་དང༔ མ་མོ་སྲིད་པའི་མཚོ་བཞི་ལ་བརྟེན་ནས༔ ཕྱི་མདོས་དང་ནང་མདོས་ཕོ་མདོས་མོ་མདོས་ལ་སོགས་པ་མདོས་ཀྱི་རིགས་ལེའུ་སྟོང་ཕྲག་གཅིག་བསྒྱུར་རོ༔ ཁྱད་པར་དུ་བོད་ཡུལ་ཀླུས་དབང་བྱེད་པར་འདུག་པས༔ ཀླུ་སྒྲུབ་དང་ཀླུ་གཏེར་སྦ་བ་དང༔ ཀླུ་གཏའ་སྡོམ་པ་དང༔ ཀླུའི་ཕོ་བྲང་གསོ་བ་དང༔ གདོན་བཀྲོལ་ལ་སོགས་པའི་ཆོ་ག་མང་པོ་མཛད་དོ༔ གཞན་ཡང་གཉེན་པོ་ཁྱུང་གི་སྒྲུབ་པ་དང༔ རྟ་མགྲིན་ནཱ་ག་ཀླུ་འདུལ་དང༔ དྲག་པོ་སུམ་བསྒྲིལ་ལ་སོགས་པའི་སྔགས་ཀྱི་སྒྲུབ་ཐབས་མང་པོ་མཛད་དོ༔ གཞན་ཡང་ཀུན་ཐུབ་རྒྱལ་པོའི་སྲུང་བ་དང༔ ལྷ་འདྲེ་སྟོང་གི་སྒྲིབ་ཤིང་སྲུང་བ་དང༔ བཏགས་ཆོག་འཛུལ་ཆོག་གི་སྒྲུབ་ཐབས་དང་བཅས་ཏེ་སྲུང་བའི་ཡན་ལག་བརྒྱ་རྩ་བརྒྱད་བསྒྱུར་རོ༔ དེ་ལྟར་རིམ་གྲོ་བྱས་པས༔ རྒྱལ་པོ་སྐུ་ཚེ་ལྔ་བཅུ་རྩ་དྲུག་ལ་འདའ་བ་ལ༔ ལོ་བཅུ་གསུམ་བཤོལ་ཐེབ་སྟེ༔ རྒྱལ་པོའི་དགུང་ལོ་དྲུག་ཅུ་རྩ་དགུ་ཐུབ་པར་གྱུར་ཏོ༔ སློབ་དཔོན་པདྨའི་ཞལ་ནས༔ བསོད་ནམས་ཡང་རབ་ཏུ་གྱུར་པ་ལས༔ ཚེ་ཡང་མཐར་ཕྱིན་པ་དང༔ ཕྱིན་ཆད་བར་ཆད་མི་ཡོང་བ་དང༔ གཉིས་ཀ་རྒྱལ་པོ་ཉིད་ལ་ཚང་བ་ཡིན་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས་རྒྱལ་པོའི་སྐུའི་རིམ་གྲོ་བྱས་ཏེ༔ སྐུ་ཚེ་བསྲིངས་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ༔དེ་ནས་རྒྱལ་པོས་རྒྱ་གར་ནས་གདན་དྲངས་པའི་པཎྜི་ཏ་རྣམས་ལ༔ གསེར་ཕྱེ་བྲེ་གསུམ་གསུམ་གྱི་མཎྜལ་ཕུལ༔ ན་བཟའ་དང་གསོལ་ཟས་ལ་སོགས་པ་ཕུལ་ཏེ༔ གཏང་རག་རྒྱ་ཆེན་པོ་མཛད༔ ལོ་ཙཱ་བ་རྣམས་ལ་ཆོས་བསྒྱུར་པའི་བྱ་དགའ་གནང་སྟེ༔ དབུའི་མཆོད་གནས་སུ་བཏོན༔ སློབ་དཔོན་བི་མ་ལ་མི་ཏྲ་ལ་སོགས་པའི་རྒྱ་གར་གྱི་པཎྜི་ཏ་རྣམས་རང་ཡུལ་དུ་གཤེགས་པར་གནང་སྟེ༔ ལོ་ཙཱ་བ་རྣམས་དང་འབངས་རྣམས་ཀྱིས་རྒྱ་གར་དུ་བསྐྱལ་ནས༔ རྒྱ་གར་བས་ཆོས་བོད་ལ་སྟོན་པ་དང༔ རྒྱ་གར་ཆོས་སྐྱོང་བའི་རྒྱལ་པོས་བཀྲོལ་བ་སྟེ༔ བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་དོ༔ སློབ་དཔོན་པདྨ་འབྱུང་གནས་དང༔ བོ་དྷི་སཏྭ་གཉིས་ནི་སྐྱེ་བ་སྔ་མ་དང༔ ཡང་སྔ་ནས་འབྲེལ་བའི་སྤུན་དུ་གྱུར་པ་ཡིན་པས༔ བཞུད་པར་མ་གནང་སྟེ༔ སློབ་དཔོན་གཉིས་ནི་བཞུགས་པར་ཞལ་གྱིས་བཞེས་ནས༔ སློབ་དཔོན་བོ་དྷི་སཏྭ་བྱང་ཆུབ་གླིང་དུ་དགོངས་པ་ལ་བཞུགས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་བུ་མོ༔ མཁར་ཆེན་བཟའ་མཚོ་རྒྱལ་ཞེས་བྱ་བ༔ ཡེ་ཤེས་ཀྱི་མཁའ་འགྲོ་མའི་རིགས་ཅན༔ ལོ་བཅུ་དྲུག་ལོན་པ་ལྷའི་བུ་མོ་ལྟ་བུ་ཞིག་ཡོད་པ་དེ༔ བསྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས༔ མཆིམས་ཕུ་བྲེ་གུ་དགེའུ་རུ༔ མཁའ་འགྲོ་མའི་ཚོགས་ཁང་དུ་གསང་སྔགས་ཟབ་མོའི་དགོངས་པ་ལ་བཞུགས་སོ༔ དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ད་ནི་ཆོས་མ་བསྒྲུབ་པས་མི་ཕན་པར་འདུག་པས༔ གསང་སྔགས་སྒྲུབ་ཐབས་རྣམས་ཞུ་དགོས་སྙམ་ནས་དཔལ་གྱི་མཆིམས་ཕུ་རུ༔ སློབ་དཔོན་པདྨའི་སྤྱན་སྔར་ཕྱིན་ནས༔ དར་ཟབ་ཀྱི་གདན་བཏིང༔ སྤྱང་དཀར་གྱི་སློག་པ་དང༔ ཟ་འོག་གི་སྨུག་བེར་སྐུ་ལ་གསོལ༔ འབྲས་ཆང་དང་རྒུན་ཆང་དུ་མས་དངུལ་སྐྱོགས་བཀང་ནས༔ ཕྱག་གཡས་གཡོན་དུ་དྲངས་ཤིང༔ འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དྲངས་ཏེ༔ སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པའི་ཚུལ་ཞུས་པ༔ ཨོཾ༔ ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་ཚུལ་མགོན༔ འབར་བའི་སྐུ་ལྟར་འཇིག་རྟེན་དྲེགས་པ་འདུལ༔ ས་ཐོབ་ཚེ་དབང་བགྲེས་རྒུད་མེད་པའི་སྐུ༔ ཆོས་ཀྱི་སྐུ་དང་མཚུངས་ལ་ཕྱག་འཚལ་བསྟོད༔ ཨཱ༔ པདྨ་ཟླ་གམ་རྡོ་རྗེའི་ལྗགས་དཀྱིལ་ནས༔ དྲག་སྔགས་འཕྲོ་འདུ་ལེགས་ལྡན་དཔལ་གྱི་གསུང༔ ཞི་རྒྱས་དབང་དྲག་གསང་སྔགས་རྒྱལ་པོའི་མཆོག༔ དཔལ་ཆེན་གསུང་དང་མཚུངས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་བྱེ་བྲག་སྣ་ཚོགས་དང༔ བདག་གི་གཡར་དམ་དཔལ་གྱི་བསམ་ཡས་འདི༔ སློབ་དཔོན་ཉིད་ཀྱིས་བྱིན་གྱིས་བརླབས་ནས་བཞེངས༔ སྤྲུལ་པའི་སྐུ་དང་མཚུངས་ལ་མོས་བཏུད་ནས༔ ཞུ་ཞིང་སྙན་དུ་གསོལ་བར་མི་འོས་ཀྱང༔ བདག་ལ་ཐུགས་ཀྱིས་བརྩེ་བར་དགོངས་མཛོད་ལ༔ ཚེ་གཅིག་འཚང་རྒྱ་གསང་སྔགས་སྒྲུབ་ཐབས་རྣམས༔ བདག་ལ་ཐུགས་རྗེས་དགོངས་ཏེ་གནང་བར་ཞུ༔ ཞེས་ཕྱག་དབུ་ཐོད་བུད་བུད་དུ་བཙལ་ལོ༔ དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ལ་གསུངས་པ༔ ཨེ་མ་ཧོ༔ རྒྱལ་པོ་ཆོས་སྐྱོང་བསྟན་པའི་བདག་པོ་ཡིན༔ བདག་ནི་འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས༔ གསང་སྔགས་མཆོག་ལ་རིག་པའི་རྩལ་དབང་ཐོབ༔ རྒྱལ་པོའི་ཐུགས་དགོངས་ཡོངས་སུ་རྫོགས་པར་བགྱི༔ གསུངས་ནས༔ སྒྲ་བསྒྱུར་ཉི་ཤུ་རྩ་གཅིག་ཤེས་པའི་བཻ་རོ་ཙ་ན་དང༔ རྒྱ་གར་དང་བོད་ཀྱི་ཡིག་རིགས་ཉི་ཤུ་རྩ་གཅིག་ཤེས་པའི་ལེགས་བྱིན་ཉི་མ་དང༔ ཡི་གེ་མགྱོགས་པའི་ཕུལ་དུ་ཕྱིན་པའི་ལྡན་མ་རྩེ་མང་དང༔ ལོ་ཙཱ་བ་ནམ་མཁའི་སྙིང་པོ་དང༔ སྦ་ཨ་ཙར་ཡེ་ཤེས་དབྱངས་དང༔ དེ་རྣམས་ཀྱིས་ཡིག་མཁན་བྱས་ཏེ༔ ཨོ་རྒྱན་སྐད་དང་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་རོ༔ རྩ་བའི་རྒྱུད་དགུ་ལ་བརྟེན་ནས་སྒྲུབ་པ་སྡེ་དགུ་མཛད་དེ༔ གཤིན་རྗེ་རོལ་པ་རྩ་བའི་རྒྱུད་དང༔ གཤིན་རྗེ་དམར་ནག་གི་རྒྱུད་ལ་བརྟེན་ནས༔ འཇམ་དཔལ་སྐུའི་སྒྲུབ་ཐབས་རྣམས་མཛད༔ རྟ་མཆོག་རོལ་པ་རྩ་བའི་རྒྱུད་དང༔ པདྨ་དབང་ཆེན་གྱི་རྒྱུད་ལ་བརྟེན་ནས༔ པདྨ་གསུང་གི་སྒྲུབ་ཐབས་རྣམས་མཛད༔ ཧེ་རུ་ཀ་གལ་པོ་ཆེ་དང༔ འཇིག་རྟེན་ལས་འདས་པའི་མདོ་ལ་བརྟེན་ནས༔ ཡང་དག་ཐུགས་ཀྱི་སྒྲུབ་ཐབས་རྣམས་མཛད༔ ཆེ་མཆོག་རོལ་པ་རྩ་བའི་རྒྱུད་དང༔ བམ་པོ་བརྒྱད་པ་ལ་བརྟེན་ནས༔ བདུད་རྩི་ཡོན་ཏན་གྱི་སྒྲུབ་ཐབས་རྣམས་མཛད༔ ཕུར་པ་རོལ་པ་རྩ་བའི་རྒྱུད་དང༔ ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་ལ་བརྟེན་ནས༔ ཕུར་པ་ཕྲིན་ལས་ཀྱི་སྒྲུབ་ཐབས་རྣམས་མཛད་དོ༔ མ་མོ་རོལ་པ་རྩ་བའི་རྒྱུད་དང༔ མ་མོ་འདུས་པའི་རྒྱུད་ལ་བརྟེན་ནས༔ མ་མོ་རྦོད་གཏོང་གི་སྒྲུབ་ཐབས་རྣམས་མཛད༔ རིག་འཛིན་རོལ་པ་རྩ་བའི་རྒྱུད་དང༔ རིག་འཛིན་སྒྲུབ་པའི་རྒྱུད་ལ་བརྟེན་ནས༔ བླ་མ་རིག་འཛིན་གྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་མཛད༔ དྲེགས་པ་འདུལ་བའི་རྒྱུད་ལ་བརྟེན་ནས༔ འཇིག་རྟེན་མཆོད་བསྟོད་ཀྱི་སྤྱི་སྒྲུབ་དང༔ སྒོས་སྒྲུབ་ཐམས་ཅད་མཛད༔ དྲག་པོ་སྔགས་ཀྱི་རྒྱུད་ལ་བརྟེན་ནས༔ དམོད་པ་དྲག་སྔགས་ཀྱི་སྤྱི་སྒྲུབ་དང་སྒོས་སྒྲུབ་ཐམས་ཅད་མཛད༔ དེ་ནས་ཁྱད་པར་དུ་གལ་ཆེ་བའི་གདམ་པ་བཞི་མཛད་དེ༔ གཤིན་རྗེའི་འཁོར་ལོ་ཤེས་པར་དཀའ་བས༔ འཁྲུལ་འཁོར་ལྡེའུ་མིག་ལྟ་བུ་མཛད༔ ཕུར་པ་འགྲུབ་པར་དཀའ་བས༔ བཞི་སྙིང་གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་མཛད༔ མ་མོ་གྲུབ་ཀྱང་ལས་ལ་བཀོལ་དཀའ་བས༔ མ་མོ་སྲིད་པའི་འཁོར་ལོ་ཤི་ས་བསྟན་པ་མཛད༔ ཕོ་རྒྱུད་ལས་ལ་མྱུར་ཡང་གྱོང་ཞིང་འཁུ་ལྡོག་ཆེ་བས༔ ཆིངས་དང་ལོག་གནོན་གྱི་འཁོར་ལོ་མཛད༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཤིན་ཏུ་ཟབ་ལ་ཁྱད་པར་འཕགས་པ༔ སྒྲུབ་པ་བཀའ་བརྒྱད་གཅིག་ཏུ་འདུས་པའི་སྒྲུབ་པ༔ དཔལ་བདེ་གཤེགས་འདུས་པའི་སྒྲུབ་ཐབས་མཛད་དེ༔ བདེ་གཤེགས་འདུས་པ་རྩ་བའི་རྒྱུད༔ ཕྱི་མ་མངོན་པར་བྱང་ཆུབ་པའི་རྒྱུད༔ ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད༔ མ་ཚང་བ་ཁ་སྐོང་བའི་རྒྱུད༔ འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད༔ རྒྱུད་དེ་དག་ལ་བརྟེན་པའི་སྒྲུབ་ཐབས་ལ༔ དང་པོ་ཞི་བའི་སྒྲུབ་ཐབས་དམ་པ་རིགས་བརྒྱ༔ དེ་ཉིད་རིགས་ལྔ༔ གསང་ཆེན་རིགས་གཅིག༔ ཕྱག་རྒྱ་རྐྱང་པ་ལ་སོགས་མཛད་དོ༔ ཁྲོ་བོའི་དཀྱིལ་འཁོར་ཁྲག་འཐུང་གི་ལྷ་བདུན་བརྒྱ་ཉི་ཤུ་རྩ་ལྔ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་ལ༔ བསྐྱེད་རྫོགས་ཆེན་པོ་དང༔ འབྲིང་པོ་དང༔ ཆུང་བ་དང༔ སྔགས་སྒྲུབ་ནར་མ་ལ་སོགས་པ་མཛད་དོ༔ དེ་ནས་རྒྱལ་པོ་ཉིད་ཀྱི་གཙོ་བྱས་པའི་རྗེ་འབངས་བརྒྱད་ཀྱིས༔ མཆིམས་ཕུ་དགེའུ་དབེན་གནས་སུ༔ རིམ་པ་རྫོགས་པར་ཞུས་ཏེ༔ སློབ་དཔོན་གྱིས་རྒྱལ་བ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ དབང་བསྙེན་མཛད་དེ༔ དང་པོ་ཞི་བའི་དཀྱིལ་འཁོར་དུ༔ ཐུན་མོང་སྤྱིའི་དབང་རྣམས་རྫོགས་པར་བསྐུར༔ དེ་ནས་ཁྲོ་བོའི་དཀྱིལ་འཁོར་དུ་འཇུག་པའི་ཚེ༔ རྗེ་འབངས་བརྒྱད་ཀྱིས་མེ་ཏོག་གསེར་སྲང་རེ་རེ་དོར་བས༔ མེ་ཏོག་གར་བབ་དང་སྦྱར་ཏེ༔ ཆོས་ཀྱང་དེ་ལྟར་གནང་ངོ༔ རྒྱལ་པོ་ཉིད་ཀྱི་མེ་ཏོག་དབུས་ཆེ་མཆོག་གི་དཀྱིལ་འཁོར་དུ་བབས་པས༔ བདེ་གཤེགས་འདུས་པའི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དུ་བབས་པས༔ ཡང་དག་ཐུགས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ གནུབས་སངས་རྒྱས་ཡེ་ཤེས་ཀྱི་འཇམ་དཔལ་གྱི་དཀྱིལ་འཁོར་དུ་བབས་པས༔ འཇམ་དཔལ་སྐུའི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་པདྨ་གསུང་གི་དཀྱིལ་འཁོར་དུ་བབས་པས༔ པདྨ་གསུང་གི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ ཇོ་མོ་མཁར་ཆེན་གཟའ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་བབས་པས༔ ཕུར་པ་ཕྲིན་ལས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་མ་མོའི་དཀྱིལ་འཁོར་དུ་བབས་པས༔ མ་མོ་རྦོད་གཏོང་གི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ རླངས་དཔལ་གྱི་སེང་གེ་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་དུ་བབས་པས༔ འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ བཻ་རོ་ཙ་ན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་དུ་བབས་པས༔ དམོད་པ་དྲག་སྔགས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ དེ་ནས་དབང་རིམ་པ་གདམས་ངག་དང་བཅས་པ་ཐམས་ཅད་རྫོགས་པར་གནང་སྟེ༔ རྗེ་འབངས་རྣམས་སྨིན་ཅིང་གྲོལ་བར་མཛད་དོ༔ དེ་ནས་རྗེ་དང་འབངས་བརྒྱད་ཀྱང་སྒྲུབ་པ་སོ་སོར་མཛད་པས༔ གྲུབ་རྟགས་རེ་རེ་དང་ལྡན་པ་བྱུང་ངོ༔ རྒྱལ་པོ་ཉིད་ལོ་ལྔ་བཅུ་རྩ་དྲུག་ནས་འདའ་དུས་ཡིན་པ་ལ༔ བཅུ་གསུམ་བསྲིངས་ནས་དྲུག་ཅུ་རྩ་དགུ་བཞེས༔ ཕུང་པོ་ལྷའི་དཀྱིལ་འཁོར་དུ་རྟོགས་ཏེ༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བགྲོད་ནུས་པར་གྱུར་ཏོ༔ འབངས་བརྒྱད་པོ་ཡང་ཀུན་གྱིས་གྲུབ་པ་ཐོབ་སྟེ༔ ནམ་མཁའི་སྙིང་པོས་ཉི་མའི་ཟེར་ལ་ཆིབས་ནས་བཞུད་པ་བྱུང༔ སངས་རྒྱས་ཡེ་ཤེས་ཀྱིས་བྲག་ལ་ཕུར་པ་བཏབ༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་དཔལ་གྱི་རྟ་སྐད་ཐོན༔ ཇོ་མོ་མཚོ་རྒྱལ་གྱིས་བསད་པ་གསོ་བར་ནུས༔ དཔལ་གྱི་ཡེ་ཤེས་ཀྱིས་མཁའ་འགྲོའི་ཞལ་གཟིགས༔ འཇིག་རྟེན་མ་མོ་ལས་ལ་འགྱེད་ནུས༔ རླངས་དཔལ་གྱི་སེངྒེས་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ནུས༔ བཻ་རོ་ཙ་ནས་འཇིག་རྟེན་གྱི་དྲེགས་པ་ཅན་ལས་ལ་འགྱེད་ནུས༔ དེ་ལ་སོགས་པའི་གྲུབ་ཐོབ་དཔག་ཏུ་མེད་པ་བྱུང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་གསང་སྔགས་ཀྱི་སྒྲུབ་ཐབས་གནང་སྟེ༔ རྗེ་འབངས་རྣམས་ཀྱིས་སྒྲུབ་པ་མཛད་པའི་ལེའུ་སྟེ་བཅུ་དགུ་པའོ༔ ༔དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ང་ཡི་གཙུག་ལག་ཁང་སྐྱོང་བའི་སྲུང་མ་ཞིག་ཀྱང་དགོས་པར་འདུག་སྙམ་ནས༔ སློབ་དཔོན་གྱི་སྤྱན་སྔར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞུས་པ༔ ཨེ་མ་ཧོ་སློབ་དཔོན་ཆེན་པོ་བཀའ་དྲིན་ཅན༔ མ་འོངས་ལྔ་བརྒྱ་ཐ་མའི་དུས་ཕྱིན་ཆད༔ བདག་བཞིན་རྒྱལ་པོ་བསོད་ནམས་མི་འབྱུང་ཞིང༔ བློན་པོ་གདུག་ཅིང་བོད་རྣམས་སིལ་བུར་འགྲོ༔ དབུས་དང་རུ་བཞི་མཐའ་འདུལ་ལ་སོགས་པའི༔ གཙུག་ལག་ཁང་གི་སྲུང་མ་གང་ལ་བགྱི༔ བསྟན་སྲུང་སྲོག་སེར་གཏད་སོགས་ངན་སྔགས་རྣམས༔ སློབ་དཔོན་ཐུགས་རྗེས་དགོངས་ནས་གནང་བར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་ཞལ་ནས༔ དུས་ངན་ལྔ་བརྒྱའི་ཐ་མ་ལ༔ རྒྱལ་པོའི་གཙུག་ལག་ཁང་འདིའི་དཀོར་སྲུང་བའི་ཆོས་སྐྱོང་དང་བསྟན་པ་སྲུང་བའི་ངན་སྔགས་རྣམས་ཤིན་ཏུ་དགོས་པས༔ རྒྱལ་པོ་ཉིད་དཀོར་སྲུང་བའི་སྲུང་མ་གང་ལ་མོས་པའི་ལྷ་འདྲེ་དེ་བདག་གིས་དམ་ལ་བཏགས་ནས་དཀོར་སྲུང་བ་ལ་བཞག་གསུངས་པས༔ རྒྱལ་པོའི་ཞལ་ནས༔ སྤྱིར་ཡང་བོད་རུ་བཞི་འདི་ཀླུས་དབང་བྱེད༔ ཁྱད་པར་དུ་ང་དང་གྲོགས་པོའང་ཡིན༔ མཐུ་དང་རྫུ་འཕྲུལ་ཡང་ཆེ༔ ནོར་གཏེར་གྱི་བདག་པོའང་ཡིན༔ ཀླུ་འདི་དཀོར་སྲུང་ལ་བཞག་པར་ཞུ༔ ཞེས་ཞུ་བ་ཕུལ་ལོ༔ དེ་ནས་སློབ་དཔོན་དང་རྗེ་འབངས་རྣམས་མལ་གྲོ་གཟི་ཅན་གྱི་མཚོ་འགྲམ་དུ་བྱོན་ནས༔ ཆུ་གཏོར་གཟི་ཕོར་གང་བཤམས་ནས༔ སློབ་དཔོན་གྱིས་ཀླུ་འདུལ་ཞིང་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་བཞུགས་ནས༔ ཞབས་གཡོན་པའི་མཐེ་བོང་མཚོར་བཅུག་ནས༔ ལྕགས་ཀྱུའི་ཕྱག་རྒྱ་བཅས༔ ནཱ་ག་རཱ་ཛ་ཨངྐུ་ཤ་ཛ༔ ཞེས་བརྗོད་པས༔ མཚོ་འུར་གྱིས་འཕྱུར་ནས་བྱུང་བའི་ནང་དུ༔ ཀླུའི་རྒྱལ་པོ་འཁོར་དང་བཅས་པ་མགོ་ཐུར་དུ་བསྟན་ནས་མཚོ་ཡི་སྟེང་དུ་ལྷགས་སོ༔ དེ་ནས་སློབ་དཔོན་གྱིས་ཁྱེད་རྣམས་མ་གུས་པའི་ཚུལ་གྱིས་མགོ་ཐུར་དུ་བསྟན་ནས་འོངས་པ་ཅི་ཡིན་གསུངས་པས༔ ཀླུའི་རྒྱལ་པོ་ན་རེ༔ མི་གུས་པ་མ་ལགས་སོ༔ བདག་ཅག་རྣམས་ཚུལ་བཞིན་དུ་འོང་ན༔ མཐོང་བ་དང༔ རེག་པ་དང༔ ཁ་རླངས་ལ་སོགས་པའི་དུག་ཡོད་པས༔ སློབ་དཔོན་ལ་ནི་གནོད་པར་མི་ནུས་ཏེ༔ བཀའི་འཁོར་རྣམས་ལ་གནོད་པར་གྱུར་ན༔ སློབ་དཔོན་གྱི་ཐུགས་ཁྲོ་བར་འགྱུར་བས༔ ཀླུའི་གྲོང་ཁྱེར་རྣམས་བརླག་པར་བྱེད་དོགས་སོ་ཞེས་ཟེར་རོ༔ འོ་ན་བསམ་ཡས་ཀྱི་དཀོར་སྲུང་བའི་སྲུང་མ་གྱིས་ཤིག་བྱས་པས༔ ཀླུ་ན་རེ༔ དེ་ལྟར་མི་གསུང་བར་ཞུ༔ ལྔ་བརྒྱའི་དུས་ཀྱི་ཐ་མ་ལ་བབས་པའི་དུས་མི་རྣམས་དབུལ་ཞིང་ཕོངས་པར་གྱུར་ནས༔ ས་གཉན་བརྐོ༔ རྡོ་གཉན་རློག༔ ཤིང་གཉན་གཅོད༔ ངེད་ཀླུའི་རཱ་ཛ་རྣམས་ཀྱིས་ནི་སློབ་དཔོན་གྱི་བཀའ་ལ་མི་འདའ་སྟེ༔ ངེད་ཀྱི་འཁོར་རྣམས་ཀྱིས་གནོད་པ་སྐྱེལ་བར་འགྱུར་རོ༔ ཞེས་ཞུས་པས༔ རྗེ་བཙན་པོའི་ཞལ་ནས༔ སློབ་དཔོན་ཆེན་པོ་ལགས༔ དཀོར་སྲུང་བྱེད་པའི་ཁས་བླང་དུ་མ་བཏུབ་ན༔ ངའི་ནོར་གྱི་བང་མཛོད་ཐམས་ཅད་ཟད་པར་གྱུར་པས༔ ཀླུ་ནོར་གྱི་བདག་པོ་ཡིན་པས༔ ནོར་གྱི་དངོས་གྲུབ་ཅིག་གནང་བར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་ཀླུའི་རྒྱལ་པོ་ལ་གསུངས་པ༔ འོ་ན་དཀོར་སྲུང་མི་བྱེད་ན༔ མངའ་བདག་གི་དཀོར་མཛོད་རྣམས་ནོར་གྱིས་ཁོངས་ཤིག་བྱས་པས༔ ཀླུ་ན་རེ༔ སློབ་དཔོན་དང་རྒྱལ་པོ་ལ་ནོར་ནི་འབུལ་ལོ༔ ད་སྟེ་ཞག་བདུན་ནས་དཀོར་མཛོད་ཐམས་ཅད་ཁ་ཕྱེས་ལ་ཞོག་ཅིག༔ རྗེ་འབངས་ཐམས་ཅད་སྒྲ་སྐད་ཅི་གྲགས་ཀྱང་ཕྱིར་མ་བལྟ་ཞིག་ཟེར་ནས༔ རྒྱ་མཚོའི་ཀླུ་ཐམས་ཅད་མེད་པར་གྱུར་ཏོ༔ དེ་ནས་སློབ་དཔོན་དང་རྗེ་འབངས་རྣམས་ཚུར་བྱོན་ནས༔ ཞག་བདུན་གྱི་ནངས་པར་དཀོར་མཛོད་ཐམས་ཅད་ཁ་ཕྱེ་ནས་བཞག་པས༔ དང་པོ་ན་བུན་ཞིག་གིས་བསམ་ཡས་ཐིབས་སེ་གང༔ དེ་ནས་སྒྲ་སྐད་འུར་ཆོམ་དཔག་ཏུ་མེད་པ་གྲགས་ཏེ༔ ཕོ་བྲང་དང་གཙུག་ལག་ཁང་ཐམས་ཅད་འདར་བར་གྱུར་ཏེ༔ རྒྱལ་པོ་བྲེད་ནས་བློན་པོ་གཅིག་ལ་བལྟ་བཅུག་སྟེ༔ བསམ་ཡས་ཀྱི་ཐང་ཐམས་ཅད་སྦྲུལ་གྱི་ལྟེམ་གྱིས་གང་ནས་འདུག་ཟེར་ནས༔ ཁ་ཁྲག་ལྷག་གེ་ཤི་བར་གྱུར་ཏོ༔ དེ་ནས་སྒྲ་ཡང་ཆད་ན་བུན་ཡང་དེངས་པར་གྱུར་ནས༔ སློབ་དཔོན་གྱིས་རྒྱལ་པོ་ལ་དཀོར་མཛོད་ནང་དུ་གཟིགས་ཤིག་གསུངས་པས༔ རྒྱལ་པོའི་རིན་པོ་ཆེའི་དཀོར་མཛོད་བརྒྱ་དང་རྩ་བརྒྱད་ཡོད་པ་ལ༔ དགེ་བའི་ལས་བྱས་པས་ཐམས་ཅད་སྟོང་པར་གྱུར་པ་རྣམས༔ སྔོན་ཇི་ལྟར་ཡོད་པ་བཞིན་གང་བར་གྱུར་ནས༔ རྗེ་ཤིན་ཏུ་མཉེས་པར་གྱུར་ཏེ༔ ཨེ་མ་ཧོ༔ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བའི་གནས༔ གདུལ་བྱར་གྱུར་པའི་འགྲོ་བ་སེམས་ཅན་རྣམས༔ དབུལ་ཞིང་ཕོངས་པའི་སྡུག་བསྔལ་ལས་གྲོལ་མཛད༔ སྤྲུལ་སྐུ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ༔ དེ་ནས་རྒྱལ་པོས་སློབ་དཔོན་ལ་ཞུས་པ༔ ཐམས་ཅད་མཁྱེན་པ་སྤྲུལ་སྐུ་རིན་པོ་ཆེ༔ ང་ཡི་ཐུགས་དམ་དཔལ་གྱི་བསམ་ཡས་ཀྱི༔ དཀོར་རྣམས་སྲུང་བའི་ཆོས་སྐྱོང་གང་ལ་བགྱིད༔ ཀུན་མཁྱེན་གུ་རུས་བདག་ལ་གསུང་བར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་བཀའ་སྩལ་པ༔ ཨེ་མ་རྒྱལ་པོ་ཆེན་པོ་ལགས༔ དུས་ཀྱང་ཇེ་ངན་ཇེ་ངན་འགྲོ༔ རྗེ་ཡི་ཐུགས་དམ་བསམ་ཡས་ཀྱང༔ བྱེ་མས་ཁད་ཀྱིས་འཇིག་པར་འགྱུར༔ རྒྱལ་པོའི་སྙིང་དུ་འགོང་པོ་ཞུགས༔ རྒྱལ་པོ་ནང་འཐབ་དམེ་འཁྲུགས་བྱེད༔ གཙུག་ལག་ཁང་དུ་འཐབ་ར་བྱེད༔ སྒྱོགས་དང་མེ་རྡོས་འཇིག་པར་འགྱུར༔ དབུས་དང་མཐའ་འདུལ་སྐོར་རྣམས་ནི༔ མི་ནག་རྣམས་ཀྱིས་སྤྱོད་པར་འགྱུར༔ ཆོས་འཁོར་མདའ་ཕུབ་འདོན་པར་བྱེད༔ ཆོས་བྱེད་བསྟན་པ་འཇིག་པར་བྱེད༔ སྔགས་པ་གྲི་རུ་གསོད་པར་བྱེད༔ རྒྱལ་པོའི་ཤུལ་གྱིས་མལ་མི་ཐུབ༔ ཆོས་གོས་འོག་ཏུ་གྲི་འཛུགས་འོང༔ ཆེ་བཙན་དུག་གིས་གསོད་པར་བྱེད༔ སྐྱེ་བོ་ནང་འཐབ་མཚོན་གྱིས་གསོད༔ སྔགས་པ་ནང་འཐབ་མཐུ་རྒྱས་བྱེད༔ གོ་ལ་ཚེ་འཐམས་བྱེད་པ་དང༔ སོ་ཁ་ཕྱི་སྒོས་སྲུང་བ་དང༔ ཕ་སྤུན་ནང་དམེ་བྱེད་པ་དང༔ མཚོན་གྱི་སྐལ་པ་དར་བར་འོང༔ ཆོས་བྱེད་བསྙེན་པར་མི་བྱེད་ཅིང༔ ཟོག་པོ་སླུ་བྲིད་མཁན་ལ་བརྩི༔ གོས་ངན་ཁྱི་ཐུལ་རྩི་ཞྭ་གྱོན༔ མཚོན་ད་ུདབྱུག་པ་ཁྱེར་བ་དང༔ ཆོས་ངན་ཆད་ལྟའི་སྟོང་ཉིད་སྟོན༔ ཆང་གྲལ་ཆོས་གཏམ་མང་བ་རྣམས༔ བསྟན་པ་འཇིག་པའི་སྔ་ལྟས་ཡིན༔ དེ་ཚེ་གཙུག་ལག་དཀོར་སྲུང་ལ༔ དགྲ་བླའི་རྒྱལ་པོ་པེ་ཀར་དགོས༔ ད་ལྟ་ཧོར་གྱི་ཡུལ་དུ་ཡོད༔ རྒྱལ་པོས་དམག་གི་ཁྲིམས་གྱིས་ལ༔ བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ༔ ཀ་ཅའི་ཕྱི་རུ་འབྲངས་ནས་འོང༔ དེ་ཚེ་ང་ཡིས་དཀོར་སྲུང་འཆོལ༔ ཞེས་གསུངས་སོ༔ དེ་ནས་རྒྱལ་པོས་ཡུལ་ཁྲིམས་ཀྱི་དམག་ཁྱེར་ཏེ༔ བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་པས༔ ནོར་གྱི་ཕྱི་རུ་འབྲངས་ནས་བྱུང་སྟེ༔ རྒྱལ་པོ་ཤིང་བྱ་ཅན་ཞེས་ཀྱང་བྱ༔ བདུད་པོ་ཡབ་རྗེ་ནག་པོ་ཞེས་ཀྱང་བྱ༔ དགྲ་བླའི་རྒྱལ་པོ་པེ་ཀར་ཞེས་ཀྱང་བྱ༔ གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ༔ གཡོན་གྱི་རུ་འདྲེན་དགེ་སློང་དགྲ་བཅོམ་བརྒྱ༔ སླད་ཀྱི་རྗེས་འབྲང་བནྡེ་ནག་པོ་བརྒྱ༔ སྔོན་གྱི་བཤུལ་སེལ་བུད་མེད་ནག་མོ་བརྒྱ༔ ཕྱིའི་བློན་པོ་སྐྱ་ཀྲང་སྐྱི་ཀྲང་བརྒྱ༔ ནང་གི་བློན་པོ་མོན་བུ་པུ་ཏྲ་བརྒྱ༔ སྐུའི་སྐྱོ་བསང་འབྲུག་སེང་སྟག་སེང་བརྒྱ༔ སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེ་འུ་བརྒྱ༔ རྨ་བྱ་བྱི་ལ་བརྒྱ་དང་བཅས་ཏེ་བྱོན༔ དེ་ནས་སློབ་དཔོན་པདྨས་བཀའ་དང་དམ་ལ་བཏགས་ནས༔ པེ་ཀར་གླིང་དུ་རྟེན་བཙུགས་ཏེ༔ དཔལ་གྱི་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་ཐམས་ཅད་ཀྱི་དཀོར་སྲུང་བཅོལ་ལོ༔ དེ་ནས་སློབ་དཔོན་པདྨ་དང༔ པ་གོར་བཻ་རོ་ཙ་ན་དང༔ གནུབས་ནམ་མཁའི་སྙིང་པོ་དང༔ སྦ་ཡེ་ཤེས་དབྱངས་ལ་སོགས་པས༔ བསྟན་པ་སྲུང་བའི་ངན་སྔགས་ལ༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྒྲུབ་ཐབས་ལ༔ དཀར་པོ་གིང༔ ནག་པོ་བདུད༔ དམར་པོ་བཙན༔ སྲོག་གཅོད་གནོད་སྦྱིན༔ བཤན་པ་སྲིན་པོ༔ ནད་གཏོང་མ་མོ༔ དྲག་པོ་གཟའ༔ གདུག་པ་ཀླུ༔ དེ་རྣམས་ཀྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ནས་བསྒྱུར་རོ༔ ཁྱད་པར་དུ་ཡང་བསྟན་པ་སྲུང་བ་ལ་དཔལ་མགོན་ནག་པོ༔ དཔལ་ལྡན་ལྷ་མོ་ནག་མོ༔ སྔགས་སྲུང་སྨུག་མཐིང་ལ་སོགས་པའི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྣ་འདྲེན༔ བཤན་པ་པེ་ཀར༔ གིང་ཆེན་སྲོག་བདག༔ གཙང་བཙན་རྡོ་རྗེ་ལེགས་པ་གསུམ་ཡིན་པས༔ རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ༔ སྟེང་ན་དབང་བྱེད་པ་ལ་གཟའ་གདོང་ལ་སོགས་པའི་ཆུ་འཁྱགས་སེར་བའི་ལས༔ གནམ་ལྕགས་ཀྱི་ཐོག༔ ས་འོག་ལ་དབང་བྱེད་པ་ཀླུ་བདུད་ལ་མཛེ་ནད་སྣ་ཚོགས་གཏང་བའི་གཏད༔ དེ་ལ་སོགས་དྲག་སྔགས་དང་ངན་སྔགས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ༔ དེ་ནས་བསྟན་སྲུང་རྣམས་རྒྱལ་པོ་ལ་གཏད་པ༔ སློབ་དཔོན་པདྨ་དང་བཻ་རོ་ཙ་ན་ལ་སོགས་པ་རྣམས་ཀྱིས༔ སྐལ་ལྡན་བོད་ཀྱི་རྗེ་ཁྲི་སྲོང་ལྡེའུ་བཙན་ལ༔ ལོ་པཎ་ཐུགས་ཀྱི་བཅུད་བདུད་རྩིའི་ཐིགས་པ་ཟག་པས༔ གཏད་དོ་གཉེར་དུ་གཏད༔ ཆོངས་ཤིག་ཐུགས་ལ་ཆོོངས༔ ཡང་ན་སྣོད་དང་ལྡན་ན་རབ༔ ཡང་ན་སྙིང་རྗེ་ཆེན་པོ་འབྲིང༔ ཐ་མ་ཟང་ཟིང་ནོར་ལ་སྦྱིན༔ འདི་གསུམ་དག་དང་མི་ལྡན་པར༔ གཏད་མེད་ངན་སྔགས་སྤེལ་གྱུར་ན༔ གསང་སྔགས་བདག་པོ་བདག་མོ་ཡིས༔ བཀའ་ཡི་ཆད་པ་གཅོད་པར་བྱེད༔ རྒྱལ་པོ་ཁྱོད་ཀྱི་ཚེ་བཀུམས་ནས༔ ངན་སོང་གསུམ་དུ་ལྷུང་འགྱུར་བས༔ དེ་བས་རིན་ཆེན་སྲོག་ལྟར་ཆོངས༔ ཞེས་གསུངས་ནས་རྒྱལ་པོ་ལ་གཉེར་དུ་གཏད་དོ༔ དེ་ནས་རྗེ་རབ་ཏུ་དགྱེས་ཏེ༔ རྟ་མཚལ་ལུ་བྱ་གདོང་གིས་སྣ་དྲངས༔ རྗེའི་འོག་རྟ་དྲུག་གསེར་སྲབ་གཡུ་མཐུར་སེང་ལྡེང་གི་སྒ་བཀྲ༔ ཟ་འོག་གི་ཧོར་སྟན་ཆོ་ལོ་རིས་བྲིས་པ༔ གསེར་བྲེ་དྲུག་རྗེའི་མགུལ་རྒྱན་གཡུ་མཚོ་རོ་འོད་འབར་ལ་སོགས་པ་རྣམས༔ སློབ་དཔོན་ལ་ཕུལ་ནས་ཕྱག་དང་བསྐོར་བ་བྱས་པས༔ སློབ་དཔོན་གྱིས་རྒྱལ་པོ་ལ༔ སྒྱུ་མའི་ནོར་ལ་ཆགས་ཞེན་མེད་པར་འབུལ་བ་ངོ་མཚར་ཆེ༔ ཕྱག་བྱེད་བཟང་ལགས་གསུངས་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ སློབ་དཔོན་གྲུབ་ཐོབ་ཡིན་ཀྱང༔ ལྷོ་བལ་ནས་བྱོན་པས་ནོར་དད་ཆེ་བར་སྣང་སྙམ་པས༔ སློབ་དཔོན་གྱིས་མཁྱེན་ནས༔ རྗེ་ཐུ་བ་བཟེད་དང་གསུངས་ནས༔ བྱེ་མ་བྲེ་གསུམ་དང་རྡེལ་འབྲུ་བྲེ་གང་རྗེའི་ཐུ་བར་བླུགས་ནས༔ དར་ཅིག་ཟུངས་གསུངས་པས༔ རྗེས་ཐུ་བ་མ་ཐུབ་ཤོར་བ་དང༔ བྱེ་མ་རྣམས་གསེར་དུ་སོང་ནས་འདུག༔ རྡེལ་འབྲུ་རྣམས་གཡུ་རུ་སོང་ནས་འདུག་གོ༔ སློབ་དཔོན་གྱི་ཞལ་ནས༔ རྗེའི་སྒྲིབ་པ་སྦྱོང་བ་དང༔ བསོད་ནམས་གསོག་པའི་ཕྱིར་རེ་ཞིག་བླངས་པར་ཟད་ཀྱིས༔ ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད༔ ང་ལ་ནོར་གྱིས་དགོས་པ་མེད་པས་རྒྱལ་པོ་ཉིད་རང་ཅི་དགར་སྤྱོད་ཅིག༔ ཅེས་གསུངས་ནས་རྗེ་ཉིད་ལ་གནང་ངོ༔ རྗེ་རབ་ཏུ་གནོང་ཞིང་འགྱོད་ནས༔ སློབ་དཔོན་ཆེན་པོ་ལགས༔ བདག་མཐའ་འཁོབ་ཀྱི་རྒྱལ་པོར་སོང་བས༔ སྒྲིབ་པ་ཆེ་བས་ཐེ་ཚོམ་ཟོས་པ་ལགས༔ གནོང་ངོ་འགྱོད་དོ་སྤྲུལ་པའི་སྐུ༔ ཐུགས་རྗེས་ཟུངས་ཤིག་བཀའ་དྲིན་ཅན༔ དམ་ཚིག་ཉམས་པ་སྐོང་ཐབས་ཞུ༔ ཞེས་ལུས་ས་ལ་བརྡབས༔ ཕྱག་དབུ་ཐོད་བུད་བུད་བཙལ་ཞིང༔ སྤྱན་ཆབ་བཏོན་པས་སློབ་དཔོན་གྱི་ཞལ་ནས༔ རྒྱལ་པོ་སེམས་ཅན་ལགས་པས་རྟོག་པ་བྱུང་ཡང་དེ་ལ་དམ་ཚིག་ཉམས་རྒྱུ་མེད༔ ངེད་ཅག་རྣལ་འབྱོར་པ་ཡིན་པས༔ དེ་ལ་མི་དགའ་བྱ་བ་མེད་པས༔ རྗེ་རང་བཤགས་པ་ལྟ་སྒོམ་ལ་གྱིས༔ སེམས་ལ་རྟོག་པའི་དྲི་མ་མ་བཞག༔ གཙོ་རུ་དགེ་བཅུ་སྤྱོད༔ མི་དགེ་བཅུ་སྤོངས༔ ཅི་བྱེད་ཆོས་དང་བསྟུན༔ རྒྱལ་ཁྲིམས་ཆོས་ཀྱིས་སྐྱོངས་ལ་སྡིག་སྤྱོད་བློན་པོའི་ཁར་མ་གཏང༔ ཆོས་ཀྱི་དགྲ་ཐེ་ཚོམ་ཡིན་པས་ཐེ་ཚོམ་མེད་པར་ཉམས་སུ་ལོངས༔ ཞེས་གསུངས་ནས་དམ་ཚིག་ཁྲུས་ལུང་དང༔ རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ༔ ཧེ་རུ་ཀའི་ཡི་གེ་བརྒྱ་པ༔ དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ༔ དེ་གསུམ་སྒྲུབ་ཐབས་དང་བཅས་པ༔ དམ་ཚིག་སྐོང་བའི་རྒྱུན་བཤགས་དང་བཅས་པ་གནང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ བསྟན་པ་བསྲུང་བའི་ཕྱིར་དཀོར་སྲུང་དང་ངན་སྔགས་ཐམས་ཅད་བསྒྱུར་ཞིང༔ དམ་ཚིག་སྐོང་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོ་ལ་བཀའ་སྩལ་པ༔ བདག་འདྲ་པདྨ་འབྱུང་གནས་དང༔ བཻ་རོ་ཙ་ན་ནམ་མཁའི་སྙིང་པོ་དང༔ ཨ་ཙ་ར་ཡེ་ཤེས་ལ་སོགས་པ་རྣམས་ཀྱིས༔ རྒྱལ་པོ་ཁྱོད་ཀྱི་རྒྱལ་ཁྲིམས་སྲུང་བའི་ཕྱིར༔ ངན་སྔགས་བསྒྱུར་པ་ནི༔ ཨོ་རྒྱན་སྐད་དང༔ རྒྱ་གར་སྐད་དང༔ སིངྒའི་སྐད་དང༔ མེ་རུ་ཙེའི་སྐད་དང༔ བལ་པོའི་སྐད་དང༔ ཟ་ཧོར་གྱི་སྐད་དང༔ ཧཱ་ཤང་གི་སྐད་དང༔ ཟངས་གླིང་གི་སྐད་དང༔ གསེར་གླིང་གི་སྐད་དང༔ བྷཻ་ཏའི་སྐད་དང༔ ཁ་ཆེའི་སྐད་དང༔ མཁའ་འགྲོའི་བརྡ་སྐད་དང༔ གནོད་སྦྱིན་སྲིན་པོའི་འདྲེ་སྐད་དང༔ འཁྲུལ་འཁོར་སྒྲ་རུ་བསྡེབས་ནས་ངན་སྔགས་དང་དྲག་སྔགས་ཐམས་ཅད་བསྒྱུར་ཏོ༔ བྷ་ཏ་ཧོར་གྱི་ཡུལ་ནས་ཆོས་སྐྱོང་པེ་ཀར་སྤྱན་དྲངས་ནས༔ བསམ་ཡས་དཀོར་སྲུང་བར་བྱ་བའི་ཕྱིར་གཉེར་དུ་གཏད་པར་བྱས་སོ༔ ཚེ་གཅིག་སངས་རྒྱས་དམ་ཆོས་མང་པོ་ནི༔ མངའ་བདག་རྒྱལ་པོའི་དོན་དུ་བསྒྱུར་ནས་ཡོད༔ འོན་ཀྱང་རྒྱལ་པོ་གཡེང་བ་ཆེ་བའི་ཕྱིར༔ ཉམས་སུ་མི་ལེན་ལས་ཀྱི་འཕྲོ་བཞག་ནས༔ སྐྱེ་བ་བཅུ་བདུན་བརྒྱུད་པའི་ཐ་མ་ལ༔ རྒྱལ་པོ་ཉིད་དང་འཕྲད་ཀྱིས་གཏེར་དུ་སྦ༔ བསྟན་པ་སྲུང་བའི་ངན་སྔགས་ཐམས་ཅད་ཀྱང༔ སྐལ་ལྡན་འགའ་ལ་གཏེར་ཁ་འབབ་པར་འགྱུར༔ དེ་ཡང་གླང་ལུག་ཁྱི་འབྲུག་གཤེད་བཞིའི་ལོ༔ བྱ་སྤྲེལ་དབང་གི་ལོ་པ་རྣམས་ལ་ནི༔ ལས་ཀྱི་འཕྲོ་ཡོད་བཏོན་ཀྱང་སྲོག་མི་འཆད༔ དེ་བཞི་མ་ཡིན་གཏེར་གྱི་ཐོན་དབང་མེད༔ གལ་ཏེ་ཐོན་ཀྱང་མྱུར་དུ་འཆི་བར་འགྱུར༔ ད་ལྟ་རྒྱལ་ཁྲིམས་གཉན་པས་སྲོག་སེར་གཏད་མི་དགོས༔ དུས་ངན་འབྱུང་ཚེ་དགོས་པས་གཏེར་དུ་སྦས༔ དེ་ཡང་གཏེར་ཁ་སྦས་ལུགས་ནི༔ དབུ་རྩེ་རིམ་གསུམ་གྱི་གཏེར་མཛོད་རེ་རེ་རུ༔ རྒྱལ་པོའི་བླ་གཏེར་རེ་རེ་སྦས་སོ༔ ཆོས་ཀྱི་གཏེར་མཛོད་ཡིན༔ ཇོ་མོ་གསུམ་གྱིས་བཞེངས་པ་ཡི༔ བུ་ཚབ་གསེར་ཁང་གླིང༔ ཁམས་གསུམ་ཟངས་ཁང་གླིང༔ དགེ་རྒྱས་བྱེ་མའི་གླིང༔ ཁྱད་པར་གྱི་གླིང་གསུམ་དུ་བླ་གཏེར་རེ་རེ་སྦས༔ ཡཀྴ་ལྟག་འོག་ཏུ་གཏེར་ཁ་རེ་རེ་སྦས༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་ལ་གཏེར་ཁ་རེ་རེ་སྦས༔ པེ་ཀར་གྱི་གླིང་མགོན་ཁང་བཞི་རུ་མཐུ་གཏེར་རེ་རེ་སྦས༔ ཕྱོགས་བཞིའི་མཆོད་རྟེན་བཞིར་དཀར་པོ་ཆོས་གཏེར༔ ནག་པོ་མཐུ་གཏེར༔ དམར་པོ་བཟོ་གཏེར༔ སེར་པོ་སྨན་གྱི་གཏེར་རྣམས་སྦས༔ མཆིམས་ཕུའི་དབེན་གནས་སུ༔ སློབ་དཔོན་ཐུགས་གཏེར་ཆེན་པོ་སྦས༔ ལྷོ་སྐྱེར་ཆུའི་ལྷ་ཁང་དུ༔ རྒྱུད་འདོད་པ་ཀུན་འབྱུང་དང་སྡེ་སྣོད་ཀུན་འདུས་སྦས༔ བུམ་ཐང་རྩིས་ལུང་དུ་སེམས་ཕྱོགས་ཐམས་ཅད་སྦས༔ བུམ་ཐང་དགེ་གནས་སུ༔ མ་མོ་འདུས་པ་དང་མོ་རྒྱུད་ཐམས་ཅད་སྦས༔ གཅད་པྲ་དུན་རྩེའི་ལྷ་ཁང་དུ༔ གཤིན་རྗེ་དམར་ནག་དང་ངན་སྔགས་ཐམས་ཅད་སྦས༔ བྱང་པྲ་དུན་རྩེ་དང་སྐྱོར་དུན་རྩེ་རུ༔ ངན་སྔགས་བརྒྱ་དང་རྩ་བརྒྱད་སྦས༔ གཡས་རུ་གཙང་འགྲམ་དུ༔ ཆོས་སྨན་རྩིས་དང་རིན་པོ་ཆེ་གསུམ་སྦས༔ རྩིས་ཀྱི་ལྷ་ཁང་དུ་རྒྱུད་ལུང་མན་ངག་སྦས༔ ཁམས་ཀྱི་ཀློང་ཐང་སྒྲོན་མ་རུ༔ ལྷ་མོའི་རྒྱུད་ལུང་བཅུ་གསུམ་དང་སྤུ་གྲི་རྣམས་སྦས༔ ཤར་སྒམ་པོའི་ལྷ་ཆུ་མཁར་གྱི་ལྷ་ཁང་དུ༔ མཐུ་དང་རྫུ་འཕྲུལ་ངན་སྔགས་སྦས༔ གཡུ་རུ་ཁྲ་འབྲུག་ཏུ་ངན་སྔགས་བཅུ་གསུམ་སྦས༔ ལྷོ་བྲག་ཁོ་མཐིང་དུ༔ བདེ་གཤེགས་འདུས་པ་དང་མདོས་དང་མ་མོའི་སྒྲུབ་ཐབས་རྣམས་སྦས༔ སྟག་ཚང་སེང་གེའི་ཕུག་ཏུ༔ མངོན་པར་འཚང་རྒྱ་བའི་ཆོས་སྐོར་སྦས༔ མོན་ཁ་ནེའུ་རིང་དུ་སྤྱི་ཏི་ཡོ་ག་དང༔ སྤུ་གྲི་རེག་ཆོད་རྣམ་བཞི་སྦས༔ བསྒྲགས་ཀྱི་ཡང་རྫོང་དུ༔ ཕུར་པ་དང་གཤིན་རྗེ་ཐམས་ཅད་སྦས༔ དཔལ་ལྷོ་བྲག་རྫོང་དང་སྟག་ཚང་སེང་གེ་ཕུག་ཏུ༔ དྲག་སྔགས་བརྒྱ་དང་ངན་སྔགས་སུམ་ཅུ་སྦས༔ ཕུ་ལ་རྫོང་ཕུག་ཏུ༔ བསེེ་མོ་བཞིའི་ངན་སྔགས་དང་གསང་བའི་ངན་སྔགས་དང་གསང་བའི་ཕུར་པ་གཅིག་སྦས༔ བྲག་སྲིན་པོའི་སྦར་རྗེས་སུ༔ མཁའ་འགྲོ་མའི་གསང་གཏེར་སྦས༔ ཕུག་རིང་གནམ་སྐས་སུ་བླ་མའི་ཐུགས་གཏེར་སྦས༔ མཁའ་རི་གངས་བྲག་ལ༔ སྒྲུབ་སྐོར་སྨན་ཡིག་སྦས༔ ཡང་ཕུག་རིང་མོ་རུ༔ ཀླུ་བདུད་སྤུ་གྲི་སྦས༔ གཙང་གི་ཕུག་མོ་ཆེ་རུ༔ གཤིན་རྗེ་ཚེ་བདག་དང༔ ཅོག་བརྡུང་ཉི་ཤུ་རྩ་གཅིག་སྦས༔ ཤུལ་ལ་བྲག་མོའི་འཕྲང་དུ༔ གིང་བདུད་བཙན་གསུམ་སྦས༔ གཞན་ཡང་རི་བྲག་གཉན་པོ་ཐམས་ཅད་དུ༔ གཏེར་ཕྲན་བརྒྱ་དང་རྩ་བརྒྱད་སྦས༔ ལས་ཅན་རེ་རེའི་དོན་དུ་སྨོན་ལམ་བཏབ་ནས་བཞག༔ གཏེར་འདི་རྣམས་འབྱུང་བའི་དུས་སུ༔ ཟས་ངན་ལྕི་བ་ཟ་ཞིང་གོས་ངན་རེ་བ་གྱོན༔ ཆོས་འཁོར་ཐམས་ཅད་བཅོམ་ཞིང་དབེན་གནས་ཐམས་ཅད་སྲེག༔ བཀའ་ལ་ཉོ་ཚོང་བྱེད་ཅིང་མི་བསད་སྟོང་དུ་འཇལ༔ ལས་སུ་དམེ་འཁྲུགས་བྱེད་ཅིང་ལུས་ལ་ལྕགས་སློག་གྱོན༔ དགེ་བཤེས་དམག་དཔོན་བྱེད་ཅིང་དགེ་སློང་གྲི་རུ་གསོད༔ དགོན་གནས་འཐབ་ར་བྱེད་ཅིང་དབེན་གནས་གྲོང་དཀྱིལ་བྱེད༔ སྔགས་པ་ནང་རྒྱས་བྱེད་ཅིང་ཟས་ངན་དུག་སྦྱོར་བྱེད༔ གཙོ་བོས་མནའ་ཟ་བྱེད་ཅིང་དཔའ་བོ་གྲི་ཁར་གསོད༔ བོད་རྣམས་ཁྲབ་རྒྱུན་ཆད་པ་བཞིན་དུ་སིལ་བུར་འགྲོ༔ ཕ་དང་བུ་གཉིས་འཐབ་ཅིང་ཕ་སྤུན་ནང་དམེ་བྱེད༔ དགྲ་བླ་བདུད་བཙན་འབོད་ཅིང་ཨར་པས་ལམ་འཕྲང་སྲུང༔ ཁྱོ་གའི་སྙིང་དུ་འགོང་པོ་ཞུགས༔ བུད་མེད་སྙིང་དུ་བསེན་མོ་ཞུགས༔ བྱིས་པའི་སྙིང་དུ་ཐེའུ་རང་ཞུགས༔ ཐམས་ཅད་བདུད་ཀྱི་དབང་དུ་འགྱུར༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་ནས་ནི༔ ནད་དང་མུ་གེའི་བསྐལ་པ་འབྱུང༔ དེའི་དུས་སུ་མི་ཐུབ་རྣམ་གསུམ་འབྱུང༔ ས་ཡིས་གཏེར་མི་ཐུབ་སྟེ༔ ཆོས་གཏེར་དང་ནོར་གཏེར་ཐམས་ཅད་ཁ་འབྱེད༔ གསེར་དངུལ་རིན་པོ་ཆེའི་ཁ་འབྱེད༔ ཆོས་སྐྱོང་ལ་གཏད་པའི་དཀོར་མི་ཐུབ་སྟེ༔ དཀོན་མཆོག་ནོར་ལ་རྐུ་འཕྲོག་བྱེད༔ བནྡེས་བསྒྲུབ་ཆོས་མི་ཐུབ་སྟེ༔ རང་གིས་བསྒྲུབ་མི་ཐུབ་པར་གཞན་ལ་ནོར་ཕྱིར་བཙོང༔ རང་ཉམས་ལེན་མེད་པར་གྲགས་འདོད་གཞན་ལ་བཤད༔ དུས་དེ་འདྲ་བྱུང་ཙམ་ན༔ ངའི་ཆོས་དང་གདམས་ངག་རྣམས༔ རྒྱལ་པོ་ཉིད་དང་འཕྲད་པར་འགྱུར༔ དེ་ཡང་མངའ་བདག་རྒྱལ་པོ་ཉིད་སྐྱེ་བ་བཅུ་དྲུག་བརྒྱུད་པའི་ཐ་མ་ལ༔ འདི་ནས་ལྷོ་ནུབ་མཚམས་སུ་གཏམ་ཤུལ་ཞེས་པ༔ ལུང་པ་རྟ་རོ་དམར་པོ་ཁ་ཕྱེས་པ་འདྲ་བར༔ ལོ་ནི་འབྲུག་ལོ་པ༔ རིགས་བཟང་ཞིང་ཀུན་གྱིས་བཀུར་བའི་གནས་སུ་གྱུར་པ༔ ཤེས་རབ་ཆེ་ལ་སྙིང་རྗེ་ཆེ་བ༔ བརྩོན་འགྲུས་ཆེ་ཞིང་བསྒྲུབ་ལ་བརྩོན་པ༔ དམ་ཚིག་གཙང་ཞིང་བརྣབ་སེམས་ཆུང་བ༔ ཁོང་ཡངས་ཤིང་ཁ་ཉུང་བ༔ ངང་རྒྱུད་རིང་ལ་གཞན་ལ་སྒྲོ་སྐུར་མི་འདེབས་པ༔ རིག་པ་མྱུར་ཞིང་ཡིད་གཞུངས་པ༔ ཤ་ལོ་དཀར་ལ་ངང་རིང་བ༔ སྐྱེས་བུ་དེ་ལྟ་བུ་ཞིག་ཏུ་སྐྱེས་ནས༔ རྒྱལ་པོ་ཉིད་ལ་ད་ལྟ་ངས་གདམས་པའི་ཆོས་ཐམས་ཅད་དང་འཕྲད་ནས༔ སྐྱེ་བ་དེ་ལ་འཚང་རྒྱ་བར་འགྱུར་རོ༔ རྒྱལ་པོ་ཉིད་ཀྱིས་བཻ་རོ་ཙ་ན་དང༔ གནུབས་ནམ་མཁའི་སྙིང་པོ་དང༔ ལོ་ཙཱ་བ་རྣམས་ཐེབ་རེ་སྤྱུགས་པའི་དམ་ཚིག་ཉམས་པའི་སེལ་ཞུགས་པའི་སྐྱོན་གྱིས༔ ཆོས་ལ་མི་རྣམས་ཡིད་མི་ཆེས་པས༔ ཆོས་འབྲེལ་གང་ཆེ་བ་རྣམས་སྣང་བ་ཐེབ་རེ་ལྡོག་ཏུ་འོང༔ དེའི་དོན་གྱིས་བླ་མ་དཀོན་མཆོག་དང་སློབ་དཔོན་ལ་བཤགས་སྦྱོང་མང་དུ་གྱིས༔ དེའི་དུས་སུ་ངའི་བཀའ་བཞིན་བྱེད་ན༔ ཡུལ་གྱི་སྙིང་པོ་ཆོས་དབྱིངས་ཟུངས་ལ་ཕ་ཡུལ་སྤོངས༔ གནས་ཀྱི་སྙིང་པོ་ནགས་ཁྲོད་དགོན་པ་བརྟེན་ལ་ཁང་ཁྱིམ་སྤོངས༔ སྒོམ་པའི་སྙིང་པོ་ཆོས་ཉིད་སྟོང་གསལ་སྒོམས་ལ་དགོན་པ་བརྟེན༔ ཁང་པའི་སྙིང་པོ་ཆོས་དབྱིངས་རྒྱ་ཆད་མེད་པར་སྡོད༔ ཤེས་བྱའི་སྙིང་པོ་ཤེས་བཞིན་དྲན་པས་ཟུངས་ལ་དགེ་སྦྱོར་འབད་ལ་གྱིས༔ མཛོད་ཀྱི་སྙིང་པོ་ཀུན་གཞི་བྱང་ཆུབ་སེམས་ལ་སྐུ་གསུམ་ནོར་རྫས་སོགས༔ བསོད་ནམས་ཀྱི་སྙིང་པོ་ལུས་ངག་ཡིད་གསུམ་ཐ་མལ་དུ་མ་སྡོད་པར་ལྷ་ཆོས་གྱིས༔ གྲོས་ཀྱི་སྙིང་པོ་བདེ་གཤེགས་བླ་མའི་བཀའ་ལུང་ལ་དྲིས༔ ཕ་ཡི་སྙིང་པོ་སྙིང་རྗེ་ཀུན་ཏུ་བཟང་པོ་ཁུར་ལ་འགྲོ་ལ་སྙིང་རྗེས་ཟུངས༔ མ་ཡི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་མོ་ཁུར་ལ་འགྲོ་བ་བུ་བཞིན་སྐྱོངས༔ ཆུང་མའི་སྙིང་པོ་ཏིང་འཛིན་སྟོང་གསལ་ཡེངས་མེད་སྒོམས་ལ་མི་འབྲལ་རྟག་ཏུ་འགྲོགས༔ བུ་ཡི་སྙིང་པོ་བདེ་གཤེགས་རིགས་ལྔར་བསྐྱེད་ལ་སྐྱེད་རྫོགས་ཏིང་འཛིན་སྒོམས༔ ནོར་གྱི་སྙིང་པོ་བདེ་གཤེགས་དཔེ་ཆ་བྲིས་ལ་ལྟ་རྟོག་སེམས་ལ་ཐོངས༔ ཞིང་གི་སྙིང་པོ་དད་པའི་ཞིང་ས་སྐྱེད་ལ་ཆོས་དང་མཐུན་པའི་ལས་གྱིས༔ འཁོར་གྱི་སྙིང་པོ་མཁའ་འགྲོ་དམ་ཅན་བརྟེན་ལ་ཚོགས་དང་གཏོར་མ་ཕུལ༔ ཟས་ཀྱི་སྙིང་པོ་ཆོས་ཉིད་བདུད་རྩི་སྐྱེ་བ་མེད་པ་ཟོ་ལ་ཏིང་འཛིན་འགྱུར་མེད་སྒོམས༔ སྐོམ་གྱི་སྙིང་པོ་བླ་མའི་ཞལ་གདམས་བདུད་རྩི་བཏུང་ལ་ཡང་ཡང་གསོལ་བ་ཐོབ༔ གོས་ཀྱི་སྙིང་པོ་དབང་དང་དམ་ཚིག་ནོས་ལ་མཐའ་རུ་ཐོན༔ འདུ་འཛིའི་སྙིང་པོ་ཏིང་འཛིན་སྤྲོ་བསྡུ་གྱིས་ལ་རིག་པའི་རྩལ་ཀ་སྦྱོངས༔ ལོངས་སྤྱོད་སྙིང་པོ་སྒོམ་སྒྲུབ་གྱིས་ལ་ཆོས་སྤྱོད་ལམ་རིམ་སྒོ་གསུམ་སྨིན་པར་གྱིས༔ ལྟད་མོའི་སྙིང་པོ་བསྐྱེད་རྫོགས་རིམ་པར་སློབས་ལ་སྒོམས༔ དགྲ་བླའི་སྙིང་པོ་ཡེ་ཤེས་ལྷ་ལ་རྒྱུན་ཆད་མེད་པར་མཆོད་པ་ཕུལ༔ བླ་མཆོད་སྙིང་པོ་རྡོ་རྗེ་སློབ་དཔོན་སྤྱི་བོར་སྒོམས་ལ་གསོལ་བ་ཐོབ༔ ལས་ཀྱི་སྙིང་པོ་དཔེ་ཆ་བྲིས་ལ་གང་ལ་གང་འདོད་བྱིན༔ མེ་ལོང་སྙིང་པོ་དམ་པའི་ཆོས་ལ་ལྟོས་ལ་གསོལ་འདེབས་རེམ་ལ་གྱིས༔ ལྷ་ཁང་སྙིང་པོ་རང་ལུས་དཀྱིལ་འཁོར་སྒོམས་ལ་ཡི་དམ་གསལ་བར་གྱིས༔ རྒྱན་གྱི་སྙིང་པོ་ཚད་མེད་བཞི་ལ་སྦྱོངས་ལ་འགྲོ་དོན་ཕྱོགས་རིས་མེད་པར་གྱིས༔ ཆོས་ཀྱི་སྙིང་པོ་རང་སེམས་ཆོས་ཉིད་མ་བཅོས་སྟོང་གསལ་ངང་དུ་ཞོག༔ དམ་ཚིག་སྙིང་པོ་རང་སེམས་རྒྱུན་ཆད་མེད་པར་ལྟོས་ལ་སེམས་ཉིད་གཙང་མར་ཐོན༔ མན་ངག་སྙིང་པོ་རྒྱུད་ལ་ཟོལ་ཟོག་མེད་པར་གྱིས་ལ་སྙན་བརྒྱུད་གདམས་ངག་སྒོམས༔ དཀྱིལ་འཁོར་སྙིང་པོ་དགོངས་པ་འགྱུར་མེད་ཆོས་ཉིད་ངང་དུ་ཞོག༔ ལྟ་བའི་སྙིང་པོ་ཆོས་སྐུ་འགྱུར་མེད་ལྟོས་ལ་རང་ངོ་ཤེས་པར་གྱིས༔ སྒོམ་གྱི་སྙིང་པོ་ཡི་དམ་སྐྱེ་མེད་སྒོམས་ལ་ཆོས་ཉིད་བརྟན་པར་གྱིས༔ སྤྱོད་པའི་སྙིང་པོ་བླང་དོར་མེད་པར་སྤྱོད་ལ་ཆགས་ཞེན་མེད་པར་གྱིས༔ འབྲས་བུའི་སྙིང་པོ་སྐུ་གསུམ་རང་ལ་གནས་པས་འབྲས་བུ་གཞན་མ་བཙལ༔ དེ་ལྟར་བྱས་ན་སྐྱེ་བ་དེའི་འོག་རོལ་དུ༔ བདེ་བ་ཅན་དུ་སངས་རྒྱས་འཐོབ་ཅིང་པདྨའི་སྦུབས་ལས་སྐྱེ་བར་འགྱུར༔ ཞེས་མངའ་བདག་ལ་ལུང་བསྟན་ཏོ༔ ཆོས་རྣམས་གཏེར་དུ་སྦས་ནས་མངའ་བདག་ལ་ལུང་བསྟན་པས༔ རྒྱལ་པོ་ཤིན་ཏུ་མཉེས་ནས་མཆོད་པ་ཕུལ༔ ཕྱག་བཙལ༔ དེ་ནས་སློབ་དཔོན་གྱིས་མཆིམས་ཕུར་ཐུགས་དམ་ལ་བཞུགས་སོ༔ རྒྱལ་པོས་རྒྱལ་ཁྲིམས་ཆོས་ཁྲིམས་བསྐྱངས་སོ༔ དེ་ལྟར་རྒྱལ་པོས་སྟག་གི་ལོ་ལ་བསམ་ཡས་རྨང་བཏིང་ནས༔ རྟའི་ལོ་ལ་བསམ་ཡས་འབྱོངས༔ ལུག་གི་ལོ་ལ་ཆོས་རྣམས་བསྒྱུར༔ ལྔ་བཅུ་རྩ་དྲུག་གླང་གི་ལོ་ལ་འདའ་དུས་ཡིན་པ་ལ༔ སྐུ་ཡི་རིམ་གྲོ་བྱས་པས་ལོ་བཅུ་གསུམ་བསྲིང་བར་ནུས་སོ༔ དེ་ནས་དྲུག་ཅུ་རྩ་དགུ་སྟག་གི་ལོ་ལ་རྒྱལ་པོ་དགུང་དུ་གཤེགས་ཏེ༔ སྐུ་རྩལ་མི་རབས་མེད་པར་བློན་འབངས་རྣམས་ལ་བཀའ་ཆེམས་རྒྱས་པར་བཞག་ནས་འཇམ་དབྱངས་ཀྱི་ཐུགས་ཀར་ཐིམ་པ་ལགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ ཆོས་དང་གདམས་ངག་རྣམས་གཏེར་དུ་སྦས་ཤིང་རྒྱལ་པོ་ལ་ལུང་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ༔ ༔དེ་ནས་རྒྱལ་བུ་མུ་ཏིག་བཙན་པོ་ཞེས་བྱ་བ་རྒྱལ་པོར་མངའ་གསོལ་ནས༔ ཡབ་རྒྱལ་པོའི་བཀའ་ཁྲིམས་ཇི་ལྟ་བར་བསྐྱངས༔ སློབ་དཔོན་པདྨའི་ཞབས་སྤྱི་བོར་བླངས་ཏེ༔ ཟ་འོག་གི་འབོལ་བཏིང་སྤྱང་དཀར་གྱི་སློག་པ་ལ་གསོལ་ནས༔ རྒུན་ཆང་དང་འབྲས་ཆང་གི་སྐྱེམས་དྲངས༔ སྤྱན་གཟིགས་སྣ་ཚོགས་པའི་ཟས་དྲངས༔ རིན་པོ་ཆེ་དངུལ་གྱི་མཎྜལ་གསེར་གཡུའི་ཕྲ་བཀོད་པ་ཕུལ་ནས༔ དབང་དང་གདམས་ངག་བཅས་པ་ཞུས༔ སློབ་དཔོན་ཉིད་ཀྱིས་རྒྱལ་བུ་ལ༔ བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར༔ ཞི་ཁྲོ་སྦྲགས་མའི་གདམས་ངག་གནང་ནས་སྨིན་གྲོལ་རྫོགས་པར་མཛད་དོ༔ དེ་ནས་སློབ་དཔོན་བོ་དྷི་སཏྭ་ཡང་བྱང་ཆུབ་གླིང་དུ་སྤྲུལ་པའི་དཀྱིལ་འཁོར་བསྡུས་ནས༔ སློབ་དཔོན་དང་རྒྱལ་བུ་གཉིས་ཀྱིས་དར་ཟབ་ཏུ་དྲིལ་ནས༔ ཙནྡན་གྱི་ཀེའུ་ཚང་གི་ལོགས་ལ༔ གསེར་གཡུས་རྒྱས་བཏབ་ནས༔ མཆོད་པའི་རྟེན་བྱས་ཏེ་བཞུགས་སོ༔ དེ་ནས་སློབ་དཔོན་པདྨའི་ཞལ་ནས༔ བདག་འདྲ་པདྨ་འབྱུང་གནས་འདི༔ བསོད་ནམས་བསགས་པས་ཨུ་རྒྱན་ཡུལ་དུ་སྐྱེས༔ སུམ་སྟོང་དྲུག་བརྒྱ་རྒྱ་གར་ཡུལ་དུ་བསྡད༔ ལས་ཀྱིས་བདས་པས་བོད་ཡུལ་དབུས་སུ་ཕྱིན༔ ལྔ་བཅུ་རྩ་གཅིག་ཁ་བ་ཅན་འདིར་བསྡད༔ སྨོན་ལམ་སྟོབས་ཀྱིས་རྒྱལ་པོའི་བླ་མཆོད་བྱས༔ སྟག་གི་ལོ་ལ་བསམ་ཡས་རྨང་བཏིང་ནས༔ རྟའི་ལོ་ལ་ཐུགས་དམ་བསམ་ཡས་འགྲུབ༔ ཆོས་ཀྱི་རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱས༔ གླང་ལོར་རྒྱལ་པོ་ལྔ་བཅུ་རྩ་དྲུག་བཞེས༔ དེ་ལ་རྒྱལ་པོ་འདའ་དུས་ཡིན་པ་ལ༔ སྐུ་ཡི་རིམ་གྲོས་བཅུ་གསུམ་སྐུ་ཚེ་བསྲིངས༔ དྲུག་ཅུ་རྩ་དགུ་སྟག་གི་ལོ་ལ་གཤེགས༔ མུ་ཏིག་བཙན་པོ་རྒྱལ་སར་དབང་བསྐུར་ནས༔ ངས་ཀྱང་དབང་བསྐུར་གདམས་ངག་རྫོགས་པར་གནང༔ རྒྱལ་པོ་ཡབ་ཀྱི་བཀའ་ཁྲིམས་ཇི་ལྟ་བར༔ རྗེ་འབངས་རྣམས་ཀྱིས་རྒྱལ་སྲིད་དར་བར་སྐྱོང༔ བླ་ཡི་མཆོད་གནས་བོ་དྷི་སཏྭ་ཡང༔ བྱང་ཆུབ་གླིང་དུ་སྤྲུལ་པའི་དཀྱིལ་འཁོར་བསྡུས༔ ད་ནི་བདག་ཀྱང་འདི་རུ་མི་སྡོད་དེ༔ སྒྲུབ་པའི་གནས་ཤིག་བཙལ་ནས་དགེ་སྦྱོར་བྱེད་དུ་འགྲོ༔ ཞེས་གསུངས་ནས༔ མཆིམས་ཕུའི་ཡང་དབེན་དུ་ཟླ་བ་གསུམ་དང་ཞག་གསུམ་དགོངས་པ་མཛད༔ བསྒྲགས་ཀྱི་ཡང་རྫོང་དུ་ཟླ་བ་ལྔ་དང་ཞག་ལྔ་བཞུགས༔ ཏི་སྒྲོ་བྲག་དཀར་ལ་ཟླ་བ་བདུན་དང་ཞག་བདུན་དགོངས་པ་མཛད༔ མོན་ཁ་ནེའུ་རིང་དུ་ཟླ་བ་གཅིག་དང་ཞག་བཅུ་དགོངས་པ་མཛད༔ མོན་མཐའ་བྲག་མཐའ་ཁྲ་མོ་རུ་ཟླ་བ་གསུམ་དང་ཞག་གསུམ་དགོངས་པ་མཛད༔ མོན་གོང་བྲག་ཕུག་ཏུ་ཟླ་བ་གཅིག་དང་ཞག་བདུན་ཐུགས་དམ་མཛད༔ མུ་ཏིག་ཤེལ་གྱི་སྦ་མ་གངས་སུ་ཟླ་བ་གཅིག་དང་ཞག་བཅུ་ཐུགས་དམ་མཛད༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་ཟླ་བ་གསུམ་དང་ཞག་གསུམ་ཐུགས་དམ་མཛད༔ རྒྱལ་གྱི་རྩིབ་རི་ལ་ཟླ་བ་གཉིས་དང་ཞག་བཞི་ཐུགས་དམ་མཛད༔ ཏི་སེའི་གངས་ལ་ཟླ་བ་ལྔ་དང་ཞག་ལྔ་ཐུགས་དམ་མཛད༔ ལྷོ་བྲག་མཁར་ཆུར་ཟླ་བ་བརྒྱད་དང་ཞག་བརྒྱད་ཐུགས་དམ་མཛད༔ ཙ་རི་ཙ་གོང་དུ་ཟླ་བ་བདུན་དང་ཞག་བདུན་ཐུགས་དམ་མཛད༔ དབེན་གནས་དེ་རྣམས་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ བོད་ཡུལ་ཐམས་ཅད་ཞབས་ཀྱིས་བཅགས་ནས༔ ཕྱི་རབས་སྐལ་ལྡན་རྣམས་ལ་གཏེར་ཁ་མང་དུ་སྦས༔ ཁ་བྱང་དང་ཡང་བྱང་གནད་ཀྱི་ལྡེའུ་མིག་རྣམས་སོ་སོར་མང་དུ་སྦས༔ ལས་ཅན་རེ་རེའི་དོན་དུ་སྨོན་ལམ་འདི་སྐད་བཏབ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྐལ་པ་ཅན་གྱིས་སྤྱོད་པར་ཤོག༔ ཅེས་སྨོན་ལམ་བཏབ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཞེས་རིམ་པ་གསུམ་གྱིས་བཏབ༔ གཏད་དོ་གཉེར་དུ་གཏད༔ སྦས་སོ་གཏེར་དུ་སྦས༔ ཟབ་བོ་དམ་དུ་ཆོངས༔ ཞེས་གདམས་སོ༔ དེ་ནས་སློབ་དཔོན་པདྨའི་ཞལ་ནས༔ དུས་ཕྱི་མ་ངའི་གཏེར་ཆོས་དང་འཕྲད་པ་རྣམས༔ ཞལ་ཆེམས་འདིའང་སེམས་ལ་ཞོག་ཅིག་གསུངས༔ དུས་ཕྱི་མ་ངའི་གཏེར་ཆོས་དང་འཕྲད་པའི་ལས་ཅན་རྣམས༔ གདམས་ངག་འཚོ་མ་ཤེས་ན་འཕྲལ་རྐྱེན་འོང་བས་གསང་ཐུབ་པར་གྱིས་ཤིག༔ མན་ངག་ངོམ་སྔ་ན་གཞན་གྱིས་ཕྲག་དོག་དང་བརྣབ་སེམས་དང་སྐུར་པ་འདེབས་སུ་འོང་བས་སྒྲུབ་པ་ལ་རྟགས་ཐོན་པར་གྱིས་ཤིག༔ ཁེ་གྲགས་དང་འཕྱོར་ཆེས་ན་གཞན་གྱིས་ཚུར་ལ་ངན་འོང་བས་མཐུ་ཆོས་དང་ལྡན་པར་གྱིས་ཤིག༔ དམ་ཚིག་ས་གཞི་ལྟ་བུར་སྲུངས་ཤིག༔ དམ་ཚིག་ཉམས་ན་ཚེ་འདིར་བཀྲ་མི་ཤིས་ཤིང༔ ཕྱི་མ་དམྱལ་བར་འགྲོ་བ་ཡིན༔ ལྟ་བ་ནམ་མཁའ་ལྟར་མཐོ་བར་གྱིས་ཤིག༔ ལྟ་བའི་མཐའ་མ་ཆོད་ན་གོལ་སར་འགྲོའོ༔ སྒོམ་པ་གསེར་ཕུར་ལྟར་ཐོབ་ཅིག༔ སྒོམ་མ་བརྟན་ན་བྱེད་ལོ་ཙམ་གྱིས་བརྟན་པ་མི་འཐོབ༔ སྤྱོད་པ་དཔའ་གདིང་བཅས་པར་གྱིས་ཤིག༔ ཚུལ་འཆོས་དང་ལོ་འདོད་ཀྱིས་གཞན་མི་ཐུལ་ལོ༔ མན་ངག་གཏེར་ལྟར་སྦོས་ཤིག༔ སྤེལ་དྲགས་ན་འཆལ་བས་རྩིས་མི་འོང་ངོ༔ སྒོམ་སྒྲུབ་གང་བྱེད་ཀྱང་མན་ངག་བླ་མ་ལ་རྩད་ཆོད་ཅིག༔ བླ་མའི་བྱིན་རླབས་མེད་ན་ཆོས་ལ་བྱིན་རླབས་མི་འབྱུང་ངོ༔ ལྟ་སྤྱོད་རྩིང་ན་ཆོས་ལ་བར་ཆད་འོང་བས༔ ལྟ་བ་ཁ་འབྱམས་སུ་མ་གཏང་ཞིག༔ སྤྱོད་པ་བབ་ཆོལ་དུ་མ་སྤྱོད་ཅིག༔ ཆོས་ཀྱི་མཐའ་ནི་དམ་ཚིག་དང་སྙིང་རྗེ་ལ་ཐུག༔ རང་དམ་ཚིག་གཙང་མར་གྱིས་ལ་གཞན་སྙིང་རྗེས་ཟུངས་ཤིག༔ ཆོས་རང་གིས་བསྒྲུབས་རྟགས་མ་ཐོན་བར་དུ་གཞན་ལ་མ་སྟེར་ཅིག༔ གཞན་ཆོས་ལ་ཡིད་མི་ཆེས་པས་རྩིས་མི་འོང་བ་ཡིན་ནོ༔ གདམ་པ་དང་ཆོས་དུས་གཅིག་ལ་མ་སྦྱིན༔ ཆོས་ཚར་ནས་འབྲེལ་པ་གཅོད་དུ་འོང་བས་སྣོད་རྟོག་ཅིག༔ གཏེར་གྱི་ཆོས་འདི་ཤིན་ཏུ་ཟབ་པས༔ གཟོབས་ལ་སྤྱོད་ཅིག༔ དེ་ལྟར་བྱས་ན་བྱིན་རླབས་ཤུགས་ལས་འབྱུང༔ སངས་རྒྱས་རང་ལས་རྙེད༔ དགོས་འདོད་ཐམས་ཅད་མིས་སྟེར༔ བཀུར་སྟི་ཀུན་གྱིས་བྱེད༔ འཚོ་བ་ལྷས་སྦྱོར༔ བསམ་པ་ཡིད་བཞིན་དུ་འགྲུབ༔ སངས་རྒྱས་ཀྱི་བརྒྱུད་ཟིན༔ ཆོས་ཀྱི་དོན་རྟོགས༔ དགེ་འདུན་གྱི་སྡེ་ཚུགས༔ བསྟན་པ་དར་ཞིང་རྒྱས་པར་བྱེད་པ་ཡིན་ནོ༔ དེ་ལྟར་མ་བྱས་པར་ཆོས་རང་གིས་ཉམས་སུ་མ་ལོན་པར༔ གཞན་ལ་ཟས་དང་ནོར་ངོར་བལྟས་ན༔ སངས་རྒྱས་ཀྱི་བླ་འཚོང༔ ཆོས་ཀྱི་རྐང་འདྲེན༔ དགེ་འདུན་གྱི་ངན་དཔེ༔ སྡིག་པའི་སློབ་དཔོན༔ དམྱལ་བའི་གྲོས་མཁན༔ རང་དོན་དམྱལ་བར་བཏང་ནས༔ མི་ལུས་རིན་པོ་ཆེ་ཆུད་གསོན་པ་ཡིན་ནོ༔ ང་ཡི་གཏེར་ཆོས་ཤིན་ཏུ་གཉན་པས་རབ་ཏུ་འཚོ་ཤེས་པར་གྱིས་ཤིག་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་སྒྲུབ་གནས་ཞབས་ཀྱིས་བཅགས་ནས་ཐུགས་ཀྱི་གཏེར་སྒོ་བསྡམས་པ་དང༔ ཞལ་གདམ་གྱི་ལེའུ་སྟེ་ཉེར་གཉིས་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྲིན་ཡུལ་ལངྐ་པཱུ་རི་ཞེས་ཛམྦུའི་གླིང་སོག་ཀའི་ཡུ་བ་ལ་སྲིན་པོ་ཡོད་ལ༔ དེ་ཡང་ཨོ་རྒྱན་ཡུལ་དང་ཉེ་བར་ཡོད་དོ༔ སྲིན་པོ་ཁ་འཕྱུར་ནས་སྲིན་པོས་མི་གསོད་དུ་འོང་བས༔ རྒྱ་གར་དང་བལ་པོ་བོད་ལ་སོགས་ཐམས་ཅད་འཇོམས་པར་བྱེད་པས༔ སློབ་དཔོན་གྱིས་ཛམྦུའི་གླིང་གི་མི་རྣམས་ལ༔ མི་འཇིགས་པའི་སྦྱིན་པ་གཏང་བའི་ཕྱིར༔ སྲིན་པོའི་སོ་ཁ་སྲུང་བར་དགོངས་ནས༔ དཔལ་གྱི་བསམ་ཡས་ནས་ཟངས་མདོག་དཔལ་རིའི་རྩེར་གཤེགས་པར་དགོངས་པ་ན༔ ལྷ་སྲས་མུ་ཏིག་བཙན་པོ་ལ་སོགས་པའི༔ བོད་ཀྱི་རྒྱལ་པོ་དང༔ བློན་པོ་དང༔ རབ་བྱུང་བཙུན་པ་ཕོ་མོ་དང༔ དགེ་བཤེས་དང༔ སྔགས་པ་དང༔ སྒོམ་ཆེན་དང༔ རྣལ་འབྱོར་པ་དང༔ སྨན་པ་དང༔ བྲིིས་ཀློག་མཁན་དང༔ གཙོ་བོ་དང༔ བུད་མེད་ལ་སོགས་པའི་ཡོན་བདག་ཕོ་མོ་དང༔ བོད་འབངས་ཐམས་ཅད་ཀྱིས་བཞུགས་པར་ཞུས་ཀྱང་མ་གནང་ཏེ༔ བོད་ལ་ཐུགས་མུག་སྐྱེས་པའི་མགུར་འདི་གསུངས་སོ༔ ན་མོ་རཏྣ་གུ་རུ༔ རྗེ་འོད་དཔག་མེད་དང་སྤྱན་རས་གཟིགས༔ ཁྱེད་ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ༔ བདག་གདུལ་བྱར་བྱིན་གྱིས་བརླབས་ནས་ཀྱང༔ འཁོར་བ་སྟོངས་པར་མཛད་དུ་གསོལ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་ཀུན༔ བདག་ཨོ་རྒྱན་པདྨ་འབྱུང་གནས་འདི༔ སྔོན་གྱི་ལས་འཕྲོས་བོད་དུ་འོང༔ རྗེ་རྒྱལ་པོའི་དགོངས་པ་རྫོགས་པར་བྱས༔ བོད་ཡུལ་མུན་པས་འཐུམས་པའི་ཞིང་ཁམས་སུ༔ ཆོས་ཀྱི་ཉི་མ་ཤར་བར་བྱས༔ འགྲོ་ཀུན་བདེ་ལེགས་གཉིས་ལ་བཀོད༔ བོད་ཀྱི་མངའ་བདག་དགུང་དུ་གཤེགས༔ ད་ནི་བོད་དུ་མི་འདུག་སྟེ༔ བོད་ཀྱི་མི་དང་བདག་མ་མཐུན༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ རྒྱལ་སྲིད་ཆོས་ཀྱིས་མི་སྐྱོང་བར༔ བློན་པོས་ཆོས་རྒྱལ་ཁ་ལོ་སྒྱུར༔ བོད་ཀྱི་རྒྱལ་བློན་རྣམས་དང་ང་མ་མཐུན༔ སྡིག་སྤྱོད་རྒྱལ་པོ་ཚོ་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ འདུལ་ཁྲིམས་གཙང་མར་མི་སྲུང་བར༔ ལྐོག་ཏུ་ཤ་ཆང་བུད་མེད་བསྟེན༔ བོད་ཀྱི་རབ་བྱུང་རྣམས་དང་ང་མ་མཐུན༔ ཚུལ་འཆོས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ བཀའ་བསྟན་བཅོས་གཞུང་བཞིན་མི་འཆད་པར༔ བསླད་མའི་ཆོས་ཀྱིས་མི་མགོ་བསྐོར༔ བོད་ཀྱི་སྟོན་པ་རྣམས་དང་ང་མ་མཐུན༔ བཀའ་རས་ཆོད་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ མཉམ་བཞག་རྗེས་ཐོབ་མི་བསྲེ་བར༔ གོ་བ་ཙམ་ལ་ཉམས་རྟོགས་བྱེད༔ བོད་ཀྱི་སྒོམ་ཆེན་རྣམས་དང་ང་མ་མཐུན༔ ཞི་གནས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ དམ་ཚིག་གཙང་མར་མི་སྲུང་བར༔ ཐེག་ཆེན་གསང་སྔགས་བོན་དུ་གྱེར༔ བོད་ཀྱི་སྔགས་པ་རྣམས་དང་ང་མ་མཐུན༔ དམ་ཉམས་ཚོ་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ ཆོས་ལྟ་སྒོམ་དོན་དང་མི་ལྡན་པར༔ ཁ་ལྟ་འུད་ཀྱིས་རང་མགོ་སྐོར༔ བོད་ཀྱི་རྣལ་འབྱོར་རྣམས་དང་ང་མ་མཐུན༔ ཐོ་ཅོ་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ མི་ཆོས་དང་ལྷ་ཆོས་མི་བསྲེ་བར༔ བློ་ངན་གྱིས་བསྟན་སྲིད་ཆུ་ལ་བསྐུར༔ བོད་ཀྱི་གཙོ་བློན་རྣམས་དང་ང་མ་མཐུན༔ བློ་ངན་འདུན་ཉེས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ སྦྱིན་པ་ཕྱོགས་མེད་མི་གཏོང་བར༔ སེར་སྣས་ཡི་དྭགས་སྐྱེ་རྒྱུན་གསོག༔ བོད་ཀྱི་ཡོན་བདག་རྣམས་དང་ང་མ་མཐུན༔ གཡོ་སྒྱུ་འཇུར་གེགས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ དད་པ་དང་སྙིང་རྗེ་མི་སྲེ་བར༔ ཁ་དད་ཀྱིས་ཟོག་པོའི་ཕྱི་རུ་འབྲང༔ བོད་ཀྱི་ཉ་མ་རྣམས་དང་ང་མ་མཐུན༔ བྱི་མོ་མཇུག་དད་ཚོ་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ ཁྱེད་བོད་ཀྱི་བུ་སློབ་ཅི་བདེར་བཞུགས༔ ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ༔ ད་ཕྱིན་ཆད་མཇལ་བའི་སྨོན་ལམ་འདེབས༔ ཞེས་གསུངས་སོ༔ དེ་ནས་བོད་ཀྱི་བུ་སློབ་རྗེ་འབངས་ཐམས་ཅད་རང་གིས་རང་ལ་ཡི་ཆད་ནས༔ སྙིང་ཁར་འཚངས༔ གདོོང་མཆི་མས་གང༔ ཁོང་ཡུས་ཀྱིས་བརྣངས་ཏེ༔ ཐམས་ཅད་ཀྱིས་ཕྱག་གྱང་འགྱེལ་ཐབས་སུ་འཚལ༔ ཞབས་སྤྱི་བོར་བླངས་ནས༔ ན་བཟའ་ལ་འཇུས་ཏེ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཁྱེད་རྒྱ་གར་གྱི་ཡུལ་དུ་བཞུད་ན༔ ཕྱི་ནང་གི་སྒྲོ་འདོགས་གཅོད་རྒྱུ་ནི་མི་མངའ༔ སྔར་ཡང་རྗེའི་སྐུ་རིང་ལ་བཀའ་དྲིན་ཆེ་བར་མཛད༔ ད་དུང་བོད་ཀྱི་རྗེ་འབངས་རྣམས་ལ་ཐུགས་རྗེས་བཟུང་འཚལ༔ ཅིས་ཀྱང་བཞུགས་པར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ནས༔ བདག་གིས་སྔར་ཡང་རྗེའི་རིང་ལ་བསྟན་པ་དར་ཞིང་རྒྱས་པར་བྱས༔ ཁྱེད་རྗེས་འཇུག་གི་རྗེ་འབངས་རྣམས་ཀྱང༔ ངེད་ཡོན་མཆོད་ཀྱི་སྲོལ་ཀ་ཇི་ལྟ་བ་བཞིན་སྐྱོངས་ཤིག༔ ང་རྒྱ་གར་དུ་འགྲོ་བ་ནི༔ ཕྱི་ནང་གི་སྒྲོ་འདོགས་གཅོད་རྒྱུ་མེད་ཀྱང༔ སྲིན་ཡུལ་ལངྐ་པུ་རི་ནས་སྲིན་པོ་ཁ་འཕྱུར་བས༔ དེ་མ་ཐུལ་ན༔ ཛམྦུའི་གླིང་གི་མི་རྣམས་ཟ་བར་བྱེད་པས༔ དེ་ངས་འདུལ་བའི་དུས་ལ་བབས་པས༔ སྲིན་པོ་འདུལ་དུ་འགྲོ་གསུངས་ནས་མགུར་འདི་གསུངས་སོ༔ རྗེ་བྱིན་གྱིས་རློབ་པའི་བླ་མ་དང༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་འབྱུང་གནས་ང༔ མཚོ་སྐྱེས་པདྨའི་ནང་ནས་འཁྲུངས༔ མངལ་གྱི་དྲི་མས་མ་གོས་པའི༔ སྐྱེ་གནས་ཁྱད་པར་འཕགས་པ་ལགས༔ དང་པོ་ཨོ་རྒྱན་ཞིང་ཁམས་སུ༔ ཨིནྡྲ་བོ་དྷིའི་རྒྱལ་བུ་བྱས༔ རྒྱལ་སྲིད་དམ་པའི་ཆོས་ལ་བསྒྱུར༔ བར་དུ་རྒྱ་གར་ཡུལ་ཕྱོགས་སུ༔ མཁས་གྲུབ་སྐྱེས་མཆོག་ཀུན་ལ་གཏུགས༔ ཐོས་བསམ་སྒོམ་ལ་ནན་ཏན་བྱས༔ དོན་རླུང་སེམས་གཉིས་ལ་རང་དབང་ཐོབ༔ ཐ་མ་བོད་ཀྱི་ཡུལ་དུ་འོངས༔ འཇིག་རྟེན་དྲེགས་པ་ཐམས་ཅད་བཏུལ༔ མངའ་བདག་གི་དགོངས་པ་རྫོགས་པར་བྱས༔ གདུལ་བྱ་སྨིན་གྲོལ་མཐའ་རུ་ཕྱིན༔ དུས་དེང་སང་སྙིགས་མ་ལྔ་ཡི་དུས༔ རྩོད་ལྡན་དུས་ཀྱི་ཐ་མ་ལ༔ སྤྱིར་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ མ་ནོར་ལམ་ལ་ཞུགས་པ་དཀོན༔ ལོག་རྟོག་བདུད་ཀྱི་དབང་དུ་གྱུར༔ ཁྱད་པར་སྐྱེ་འགྲོའི་སྲོག་འཕྲོག་ཅིང༔ རྣམ་སྨིན་ངན་སོང་དུ་ཁྲིད་བྱེད་པ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ ཞེ་སྡང་སྲིན་པོས་ཁ་ལོ་སྒྱུར༔ དེ་འདུལ་ནུས་ཀྱི་སྐྱེས་བུ་ང་ལས་མེད༔ ང་རང་ལུས་རྡོ་རྗེའི་སྐུ་རུ་གྱུར༔ ཡོ་ག་ཚེ་ཡི་རིག་འཛིན་བརྙེས༔ ངག་གསང་སྔགས་ཆོས་ཀྱི་གྲུབ་པ་ཐོབ༔ མཐུ་དང་ནུས་པ་ཕུན་སུམ་ཚོགས༔ ཡིད་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་རྟོགས༔ དོན་གཉིས་མེད་ཀྱི་སེམས་ཉིད་མངོན་དུ་གྱུར༔ དུས་ད་ལྟར་གྱི་འགྲོ་དྲུག་སེམས་ཅན་ལ༔ མི་འཇིགས་སྦྱིན་པ་གཏང་བའི་ཕྱིར༔ ལྷོ་ནུབ་སྲིན་པོ་འདུལ་དུ་འགྲོ༔ བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ནི༔ ལོག་རྟོག་ཤ་ཟ་སྲིན་པོ་རྣམས༔ ཐབས་ཀྱིས་བཏུལ་ནས་ཆོས་ལ་བཀོད༔ ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་སུ༔ བདེ་ལེགས་གཉིས་ལ་བཀོད་དུ་འགྲོ༔ ཁྱེད་བོད་ཀྱི་རྗེ་འབངས་བུ་སློབ་རྣམས༔ ཡུན་དུ་སྐུ་ཁམས་ཅི་བདེར་བཞུགས༔ ང་སྐྱེ་འཆི་མེད་པའི་སྐུ་ཐོབ་པས༔ འདས་གྲོངས་དང་འཕོ་འགྱུར་ང་ལ་མེད༔ ལུས་འབྱུང་བ་བཞི་ལ་དབང་ཐོབ་པས༔ མི་བདེ་བ་སྐྱོན་གྱི་སྡུག་བསྔལ་མེད༔ བྱམས་སྙིང་རྗེ་གཉིས་ལ་དབང་ཐོབ་པས༔ འགྲོ་དོན་བྱེད་ལ་སྐྱོ་དུབ་མེད༔ ཆོས་རླུང་སེམས་གཉིས་ལ་དབང་ཐོབ་པས༔ ཕྲིན་ལས་བཞི་ལ་ཐོགས་རྡུགས་མེད༔ ཁྱེད་འདིར་བཞུགས་རྗེ་འབངས་བུ་སློབ་རྣམས༔ དད་གུས་མོས་པས་གསོལ་བ་ཐོབ༔ ངས་ཀྱང་ཐུགས་རྗེའི་ལྕགས་ཀྱུས་བཟུང༔ མོས་གུས་ལྟེམ་རྐྱང་མ་ཤོར་ཅིག༔ ང་དང་ཡང་ཡང་མཇལ་བར་མཆིས༔ ཞེས་གསུངས་ནས་བཞུགས་པར་མ་གནང་བས༔ རྗེ་འབངས་ཐམས་ཅད་ཡུས་ཀྱིས་བརྣངས་ཏེ༔ ཁོང་སྟོང་སྟོང་བྱེད་པར་གྱུར་ཏོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨ་ལྷོ་ནུབ་ཏུ་བཞུད་པར་དགོངས་པ་ན༔ བོད་ཀྱི་རྗེ་འབངས་རྣམས་ཀྱིས་བཤོལ་བ་ལ་མ་གནང་བའི་ལེའུ་སྟེ་ཉེར་གསུམ་པའོ༔ ༔དེ་ནས་སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་བ་ལ་གཤེགས་པར་དགོངས་པའི་ཚེ༔ ལྷ་སྲས་མུ་ཏིག་བཙན་པོ་ལ་སོགས་པའི་རྒྱལ་པོ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་ཅི་ལྟར་བགྱིད༔ ཞེས་ཞུས་པས༔ བོད་ཀྱི་རྒྱལ་པོ་རྣམས་ལ་གསུངས་པ༔ བསོད་ནམས་ལྡན་པའི་བོད་ཀྱི་རྒྱལ་པོ་རྣམས༔ རྒྱལ་པོའི་རང་བཞིན་འབངས་དང་ཟླ་མི་བྱ༔ རྒྱལ་པོས་འབངས་ཀྱི་སྤྱོད་པ་བྱ་བ་མིན༔ གཞུང་ཐུབ་ཟོ་བཟང་རབ་ཏུ་བརྟན་པར་གྱིས༔ ཐུགས་ཆེས་ནང་བྱོན་བཀའ་གྲོས་དྲི་བ་ལ༔ དགོས་དོན་ཐུགས་ཆོད་ལྷུག་པར་གསུང་བར་གྱིས༔ སྲིད་ལ་གནོད་པའི་གྲོས་ལ་གསན་མི་བྱ༔ ཁྲོ་གཏུམ་མི་བྱ་ཞི་ཞིང་དུལ་བར་བྱ༔ གཙིགས་དང་བྱ་དགའ་བློ་གྲོས་མཛད་ཀྱང་ནི༔ ཧ་ཅང་མ་ཆེ་རན་ཙམ་མཛད་ན་ལེགས༔ བློན་པོ་འདོད་པ་ཆེ་ཞིང་རིག་པ་མེད༔ སྲིད་ཀྱི་མཁར་ནི་འཇིག་པའི་ཉེན་ཆེ་འོ༔ རྒྱལ་ཁ་བློན་གྱིས་སྒྱུར་བའི་དུས་སུ་ནི༔ དཀོར་དང་སྡིག་ལ་ཤིན་ཏུ་འཛེམ་པར་གྱིས༔ རྒྱལ་སྲིད་ཉམས་ན་རྒྱལ་པོ་གྱ་པ་ཡིན༔ བསྒྱུར་བར་མ་སླ་སྙན་ཁུང་མཐུག་པར་མཛོད༔ ཕྱེད་ཙམ་ཁོང་དུ་བསད་ནས་ཁོང་བ་བསྐྱེད༔ སྲིད་ཀྱི་མུ་མཐའ་རིང་བས་གདོད་མཆིའོ༔ བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ༔ འདོད་ཆགས་ཕྱིར་ན་ཐུགས་ལ་བཏགས་དྲགས་ན༔ ང་ཁྱོད་འདྲེས་ཤིང་བཟང་ངན་མེད་པར་འགྲོ༔ ཡིད་ཆེས་མེད་པའི་མི་ལ་བློ་མ་གཏོད༔ ལེགས་པར་མི་འོང་རང་སྲོག་འགུམས་ཉེན་ཡོད༔ ཕྱི་འཁོར་ཞི་བས་སྐྱོངས་ལ་ནང་འཁོར་ཟས་ཀྱིས་སྐྱོངས༔ ཕྱོགས་རིས་བོར་ལ་བཀའ་ནན་མཉམ་མཉམ་མཛོད༔ གཙུག་ལག་ཁང་དང་ལྷ་ཁང་མཆོད་རྟེན་རྣམས༔ བསོད་ནམས་ཆེ་སྟེ་ཐ་མ་སྡིག་པའི་རྒྱུ༔ དེ་བས་སྔར་ཡོད་རྣམས་ལ་བཀུར་སྟི་མཛོད༔ དམ་ཆོས་བསྒྱུར་ལ་ཞུ་གཏུགས་དག་པར་མཛོད༔ ལན་ཅིག་དུས་ན་བཀའ་ལ་ཚད་མར་འཛིན༔ དཀོན་མཆོག་གསུམ་ལ་སྤྱན་ལྟར་གཅེས་པར་མཛོད༔ ཐེག་པའི་ཆོས་ལ་འཇུག་ལུགས་རེ་རེ་སྟེ༔ ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱང༔ གསང་སྔགས་རྡོ་རྗེ་ཐེག་པ་དང་དུ་ལོངས༔ སྤྲ་སྤྲོ་བཞུགས་གནས་མང་པོ་ཕུང་བའི་ཉེན༔ ཡོད་པས་ཤིན་ཏུ་བརྟན་ཅིང་བརྟག་པར་མཛོད༔ མཐའ་མི་ལྷོ་བལ་རིག་ཤེས་མེད་པ་ལ༔ ཡིད་ཆེས་མ་མཛད་སླུ་བའི་ཉེན་མཆིས་སོ༔ བང་སོ་བཞུགས་གནས་མ་སྤོ་ཆུང་བའི་ཉེན༔ ཐུགས་ཁྲལ་མ་མཛད་བརྟན་ཞིང་ལྷུན་ཆགས་བཞུགས༔ བཙུན་མོ་རྣམས་ཀྱང་སྲིད་ཀྱི་གཞི་ཡིན་པས༔ ཁོང་ཡངས་ཆེ་ཞིང་ཐེག་པ་ཆེ་བར་མཛོད༔ ཟས་ལ་བཟང་ཞིང་ལག་བྱད་གཙང་བར་མཛོད༔ ལུས་ཚུགས་ཐུབ་ཅིང་བཅའ་ག་འཐག་པར་མཛོད༔ ཡེངས་ལ་མ་འབྱམས་སྤྱོད་ལམ་ཐུབ་པར་གྱིས༔ སྨྲ་ལབ་མ་མང་ངག་འཇམ་ཞེ་ལ་སྲིངས༔ ཕྱི་འཁོར་ནང་འཁོར་བཟང་དང་སྙན་པས་སྐྱོངས༔ ལྷ་སྲས་ལྕམ་དྲལ་རྣམས་ཀྱང་ཆོས་ལ་ཚུད༔ འདིར་བཙུན་ཕྱི་མར་ལྷ་མིའི་མཐོ་རིས་འཐོབ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་རྒྱལ་པོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གདམས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་རྒྱལ་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་བཞི་པའོ༔ ༔དེ་ནས་ཁྲི་བཟང་ཡབ་ལྷག་ལ་སོགས་པའི་བློན་པོ་རྣམས་ཀྱིས་སློབ་དཔོན་ལ་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བློན་པོ་རྣམས་ཀྱིས་ཇི་ལྟར་བགྱི༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ བོད་ཀྱི་རྒྱལ་པོའི་བློན་པོ་བྱེད་པ་རྣམས༔ རྗེ་ཡི་རིམ་གྲོ་ལུས་ངག་གུས་པར་གྱིས༔ ནང་གི་ཁབ་སོ་བཙུན་མོའི་ཞབས་ཏོག་གྱིས༔ ཕྱི་ཡི་ཆབ་སྲིད་ཆོས་དང་མཐུན་པར་སྐྱོངས༔ འབངས་ཀྱི་སོ་ཚིས་ཤ་ཚ་བརྩེ་བར་གྱིས༔ བློན་པོའི་སྐུ་གཉེར་རྗེ་ཡི་བཀའ་བློན་གྱིས༔ རྒྱལ་ཁམས་བདེ་ལ་བཀོད་ཅིང་རྒྱལ་ཁྲིམས་བཙན་པར་གྱིས༔ དཀོན་མཆོག་གསུམ་གྱི་རྟེན་གཟུག་ཐེག་ཆེན་ཆོས་གྲྭ་ཚུགས༔ ཕོ་བྲང་རྒྱལ་ཁམས་གཞུང་བཟུང་སོ་ཁ་ཕྱི་ལ་བསྟན༔ བྱམས་སྡང་ངོ་ཤེས་ལེགས་ཉེས་དོན་རྟོགས་པས༔ སྔ་གྲོས་མི་ཞན་ལེགས་ཉེས་སེམས་པར་གྱིས༔ ཕྱིས་འགྱོད་མི་ཕན་ཐལ་ཟིན་བཅོས་མི་ཐུབ༔ དང་པོ་བསམས་ནས་བྱས་ན་ཕྱི་ནས་མ་ལེགས་བྱུང་ཡང་འགྱོད་པ་མེད༔ ཆོས་ལ་གནས་ཤིང་དང་བ་ཆེ་ལ་དཀོན་མཆོག་མཆོད་ན་ཆོས་བློན་ཡིན༔ གྲོས་མཁན་རིག་པ་ཆེ་ལ་ལེགས་པར་བརྟག་མཁས་མཛངས་བློན་ཡིན༔ དཔའ་ལ་ཟོན་ཐུབ་དགྲ་བོ་ཐབས་ཀྱིས་འདུལ་ན་དཔའ་བློན་ཡིན༔ ཁོང་དུ་ཞེ་གནག་མེད་ཅིང་མཛངས་ཤིང་སྲིད་ཐབས་མཁས་ན་འཕྲུལ་བློན་ཡིན༔ རྒྱལ་པོའི་རྒྱལ་སྲིད་ལེགས་ཉེས་བློན་པོ་བཟང་ངན་ཡིན༔ ལེགས་པར་ལྟ་རྟོག་ཐོབ་ལ་རྒྱལ་པོའི་རྒྱལ་སྲིད་སྐྱོངས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ ཕྱི་རབས་བློན་པོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་བློན་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་ལྔ་པའོ༔ ༔དེ་ནས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་སོགས་པའི་བོད་ཀྱི་རབ་བྱུང་རྣམས་ཀྱིས་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་འབྱོན་དགོངས་ན༔ ཕྱི་རབས་བོད་ཀྱི་རབ་བྱུང་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཐར་པའི་ལམ་ལ་གཤེགས་པའི་ཕྱི་རབས་བཙུན་པ་རྣམས༔ མི་ཆོས་ནང་ནས་བྲོས་ཏེ་ཐར་པའི་ལམ་ལ་ཞུགས༔ ཕ་མ་གཉེན་བཤེས་བོར་ནས་ཆགས་པ་མེད་པར་གྱིས༔ སྐྲ་བཞར་སྟོན་པའི་ཆོས་གོས་གྱོན་ནས་རབ་ཏུ་བྱུང༔ མཁན་སློབ་ཁྲིམས་དཔང་མཛད་པའི་མཁས་བཙུན་ལ༔ དགེ་སློང་དགེ་ཚུལ་སྡོམ་པ་ཚུལ་ཁྲིམས་བླང༔ བསླབ་པའི་རིམ་པ་ཉེས་བྱས་མེད་པར་སྲུངས༔ བཞུགས་པའི་གནས་དང་ལྷུང་བཟེད་བཀྲུ་ལ་སོགས༔ མཁན་སློབ་དགེ་འདུན་བགྲེས་ཀུན་ཞབས་ཏོག་དང༔ མཎྜལ་ཆག་ཆག་བྱི་དོར་ལེགས་པར་བྱ༔ མཆོད་པ་ཐམས་ཅད་ཡིད་འོང་ལེགས་པར་བཀོད༔ སྲོད་དང་ཐོ་རངས་མི་ཉལ་དགེ་སྦྱོར་བྱ༔ དགེ་བ་ཆོས་སྤྱོད་ལམ་རིམ་སྣ་ཚོགས་བྱ༔ འདུལ་ཁྲིམས་ཉམས་པའི་བཤགས་པ་དུས་སུ་བྱ༔ བསླབ་པ་ཤེས་བཞིན་བཟུང་ལ་ཕམ་ལྟུང་མེད་པར་བྱ༔ དགེ་འདུན་སྡེ་གྲལ་སྡོད་ཅིང་ཁྱིམ་པའི་སར་མི་སྡོད༔ ཁྱད་པར་བུད་མེད་མ་སྲིང་ཡིན་ཀྱང་བསྟེན་མི་བྱ༔ ཀུན་གྱི་མཆོད་གནས་ཡིན་པས་ཁ་ན་མ་ཐོ་སྤོངས༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མར་ལམ་སྣ་ཟིན༔ འཁོར་བ་སྤངས་ནས་བུད་མེད་བཙུན་མ་བྱས་པ་རྣམས༔ ལས་ངན་སྐྱེ་བ་དམན་པས་མཁས་བཙུན་བློས་མི་ལྕོགས༔ སྐྱེས་པའི་འཁྲི་བ་ཆོད་ལ་འདུལ་ཁྲིམས་གཙང་མར་སྲུངས༔ ཁྱིམ་པའི་ས་ལ་མ་འགྲོ་བཙུན་མའི་སྡེ་ལ་སྡོད༔ ཉན་བཤད་སློབ་གཉེར་བྱ་ཞིང་དགེ་བ་ཅི་ནུས་གསག༔ ཁ་ཏོན་བྱ་ཞིང་བསྐོར་བ་ཕྱག་ལ་ནན་ཏན་སྐྱེད༔ བསླབ་པའི་ཁྲིམས་ལ་གཡོ་སྒྱུ་ཚུལ་འཆོས་མེད་པར་སྲུངས༔ བཙུན་མ་ལོག་ན་འདིར་གཤེ་ཕྱི་མ་དམྱལ་བར་ལྟུང༔ དེ་བས་སེམས་སྟོབས་སྐྱེད་ལ་ཚུལ་ཁྲིམས་དམ་པར་སྲུངས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་རབ་བྱུང་ཕོ་མོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་བཙུན་པ་ཕོ་མོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་དྲུག་པའོ༔ ༔དེ་ནས་སྐ་ཅོག་རྣམ་གཉིས་ལ་སོགས་བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ཀྱིས་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ མཁས་ཤིང་ཡོན་ཏན་ལྡན་པའི་བོད་ཀྱི་དགེ་བཤེས་རྣམས༔ སློབ་དཔོན་མཁས་གྲུབ་ལྡན་པའི་བླ་མ་ལ༔ འདྲི་ཀློག་ཉན་དང་བསམ་བརྗོད་ལེགས་པར་གྱིས༔ སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་སྟེ༔ ཐེག་པའི་ཆོས་རྣམས་ཀུན་ལ་མཁས་པར་སློབས༔ ཤེས་བྱ་རྣམས་ཀྱི་ཡུལ་ཀུན་སྦྱང་བའི་ཕྱིར༔ རིག་པའི་གནས་ལྔ་དག་ལ་མཁས་པར་སློབས༔ མི་གཞན་བཀུར་པའི་གནས་གྱུར་ནས༔ བསོད་ནམས་འདུ་འཛི་བྱུང་བའི་ཚེ༔ ང་རྒྱལ་ཁེངས་སེམས་ཕྲག་དོག་སྤོངས༔ རང་མཐོང་ཆེ་བའི་ལས་མི་བྱ༔ ཁ་ནས་སྨྲ་བའི་ཚིག་རྗེས་བསླབ༔ ཀུན་དང་མཐུན་པར་ཆོས་བཞིན་སྤྱོད༔ ང་མཁས་གཞན་ནི་མི་མཁས་ཞེས༔ ཁ་ན་མ་ཐོ་ཕྲག་དོག་སྤོངས༔ སློབ་གཉེར་འདོད་པའི་གང་ཟག་ལ༔ ཅི་དགའ་ཅི་མོས་ཆོས་རྣམས་སློབས༔ རང་གི་བླ་མ་སློབ་དཔོན་ལ༔ ལུས་ངག་ཡིད་གསུམ་བཀུར་སྟི་གྱིས༔ ནོར་ཟས་ལ་སོགས་ཅི་ཡོད་ཕུལ༔ ཆོས་ལ་ངོམས་སྐྱེན་མ་བྱེད་པར༔ མཁས་པ་རྣམས་ལ་འདྲི་ཞིང་གཏུགས༔ ཆེ་བཅོས་སྟོང་ལྡིར་མ་ཆེ་བར༔ ཡོན་ཏན་ཆོས་ཀྱིས་གང་བར་གྱིས༔ མཆེད་གྲོགས་རྣམས་ལ་འགྲན་སེམས་སྤོངས༔ ཅུང་ཟད་ཡོན་ཏན་རྙེད་པའི་ཚེ༔ ཁེངས་ཤིང་རང་འདོད་མ་ཆེ་བར༔ གཙོར་ནི་ཀུན་ལ་སྙིང་རྗེས་ཟུངས༔ ཚད་མེད་བཞི་ཡི་གོ་ཆ་བགོས༔ རང་རྒྱུད་ཆོས་ཀྱིས་མ་དུལ་ན༔ གཞན་དག་འདུལ་བར་ག་ལ་ནུས༔ མཁས་ནས་རང་རྒྱུད་དུལ་བར་གྱིས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་བདུན་པའོ༔ ༔དེ་ནས་སངས་རྒྱས་ཡེ་ཤེས་ལ་སོགས་པའི་བོད་ཀྱི་སྔགས་པ་རྣམས་ཀྱིས་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྔགས་པ་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ གསང་སྔགས་སྒོར་ཞུགས་བོད་ཀྱི་སྔགས་པ་རྣམས༔ གསང་སྔགས་རྩ་བ་བླ་མ་གྲུབ་ཐོབ་ཚོལ༔ གསང་སྔགས་ཆོས་སྒོ་རིམ་པ་དབང་གིས་ཕྱེས༔ གསང་སྔགས་སྲོག་ཏུ་དམ་ཚིག་གཙང་མར་སྲུངས༔ རྡོ་རྗེ་སློབ་དཔོན་ཡན་ལག་མགོ་ལྟར་ཁུར༔ ཡི་དམ་ལྷ་ནི་ཁོག་པའི་སྙིང་ལྟར་ཆོངས༔ མཁའ་འགྲོ་དམ་ཅན་ལུས་ཀྱི་གྲིབ་ལྟར་བསྟེན༔ གསང་སྔགས་ཟབ་མོ་མིག་གི་འབྲུ་ལྟར་བཙའ༔ སྙིང་པོ་ཟབ་མོ་ཁོང་གི་དབུགས་ལྟར་བགྲང༔ བསྐྱེད་རྫོགས་ཟབ་མོ་ལུས་དང་སྲོག་ལྟར་སྒོམས༔ ལྟ་སྒོམ་སྤྱོད་པ་འབྲས་བུ་རླབས་ཀྱིས་བཅད༔ མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས༔ ཆོས་ཀྱི་ཕྱིར་ནི་རང་གི་སྲོག་དང་སྡོས༔ གཙོ་རུ་བསྙེན་སྒྲུབ་དང་དུ་བླང་བ་གཅེས༔ ཉ་སྟོང་བརྒྱད་དང་ཉི་ཤུ་གསུམ་ལ་ནི༔ ཚོགས་དང་གཏོར་མ་གཏང་ཞིང་སྐོང་གསོལ་བྱ༔ གདོལ་སྤྱོད་རས་ཆོད་མི་བྱ་སློབ་དཔོན་བཟང་ལ་བསྟེན༔ འཕྲིན་ལས་བོན་གྱེར་མི་བྱ་གྱེར་དང་བསྒོམ་དུ་བསྟུན༔ བསྙེན་སྒྲུབ་འཕྲིན་ལས་རྣམ་བཞི་གཞུང་བཞིན་སྙེགས༔ གསང་སྔགས་དག་ལ་ཡིད་གཉིས་ཐེ་ཚོམ་སྤོངས༔ གསང་སྔགས་ནོར་དུ་མི་བཙོང་སྤེལ་མི་བྱ༔ རང་གིས་བསྒྲུབ་ན་དངོས་གྲུབ་ཅི་བསམ་འགྲུབ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སྔགས་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་སྔགས་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་བརྒྱད་པའོ༔ ༔དེ་ནས་ཞང་སྐྱེ་མེད་རྟོགས་གྲོལ་ལ་སོགས་བོད་ཀྱི་སྒོམ་ཆེན་རྣམས་ཀྱིས་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྒོམ་ཆེན་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཏིང་འཛིན་གཙོར་སྤྱོད་བོད་ཀྱི་སྒོམ་ཆེན་རྣམས༔ ལྟ་བ་ཐག་ཆོད་དགོངས་པ་ཅན་ལ་ཞུས༔ སྒོམ་པའི་ཉམས་ལེན་ཉམས་རྟོགས་ཅན་ལ་ཉོན༔ སྤྱོད་པའི་བྱ་བ་མཉམ་གཞག་རྗེས་ཐོབ་སྲེས༔ འབྲས་བུ་སྐུ་གསུམ་རང་གསལ་རྟོགས་པར་གྱིས༔ གསལ་འདེབས་བཀའ་དང་རྒྱུད་ལུང་མན་ངག་ལྟར༔ ཚིག་ལ་མ་འབྱམས་དོན་ལ་ལྟ་རྟོག་ཐོངས༔ གདམས་ངག་ཅན་གྱི་བླ་མ་བཟང་པོར་བསྟེན༔ སྒོམ་ཆེན་ཐོས་པ་ཆེ་ན་གོལ་ས་ཆུང༔ ཡིད་ཆེས་མེད་པར་སྒོམ་པའི་ཚུལ་མི་བཅོས༔ ཐེ་ཚོམ་བཅད་ཕྱིར་གྲུབ་ཐོབ་རྣམས་ལ་གཏུགས༔ མི་ཤེས་བཞིན་དུ་ཚུལ་འཆོས་ལས་མི་བྱ༔ ཆོས་ཉིད་མཉམ་པའི་དོན་ལ་གནས་པའི་ཚེ༔ བྱིང་རྒོད་ལ་སོགས་རྐྱེན་གྱི་ཁར་མི་གཏང༔ སྟོང་གསལ་ངང་ལ་ཉིན་མཚན་མེད་པར་སྒོམས༔ ཆོས་ཉིད་དོན་མཐོང་རྒྱུད་ལ་སྐྱེས་པའི་ཚེ༔ བདེ་སྡུག་གང་བྱུང་དགེ་སྦྱོར་གྲོགས་སུ་སྒྱུར༔ ཆུང་མ་བྱམས་ཀྱང་སྒོམ་ཆེན་གཡོག་མི་བཅོལ༔ བུད་མེད་སློབ་མ་ཞབས་ཏོག་ཆེ་བ་དང༔ མོས་གུས་ཆེ་ཡང་ཞབས་འདྲེན་རྒྱུ་ཡིན་པས༔ འཁོར་གཡོག་ཞབས་ཏོག་ཆེ་ཡང་རྒྱངས་སྲིངས་ཤིག༔ འདུ་ལོང་བསོད་ནམས་བར་ཆོད་གཡབ་མོ་ཡིན༔ རང་སེམས་དཔང་དུ་ཚུགས་ལ་ཡེངས་མི་བྱ༔ དེ་འདྲའི་སྒོམ་ཆེན་མི་ལུས་རྒྱལ་བའི་ཐུགས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སྒོམ་ཆེན་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ བོད་ཀྱི་སྒོམ་ཆེན་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་དགུ་པའོ༔ ༔དེ་ནས་ཉང་འཁྲུལ་ཞིག་ལ་སོགས་པའི་བོད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་རྣལ་འབྱོར་པ་རྣམས་ཅི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ལྟ་སྒོམ་གདིང་དང་ལྡན་པའི་བོད་ཀྱི་རྣལ་འབྱོར་པ་རྣམས་གསོན་དང༔ ཆོས་ཉིད་མ་བཅོས་དོན་གྱི་རྣལ་འབྱོར་པ༔ རིག་པའི་ཡེ་ཤེས་རྟོགས་ཕྱིར་རྣལ་འབྱོར་པ༔ རྣལ་འབྱོར་ཞེས་པ་མིང་དུ་བཏགས་པ་ཡིན༔ ལྟ་བ་ཞེ་འདོད་མེད་པས་ཕྱོག་རིས་ཁར་མི་བཏང༔ སྒོམ་པ་དམིགས་གཏད་མེད་པས་སེམས་འཛིན་ཁར་མི་བཏང༔ སྤྱོད་པ་བླང་དོར་མེད་པས་ངར་འཛིན་ཁར་མི་བཏང༔ འབྲས་བུ་སྤང་ཐོབ་མེད་པས་དེར་འཛིན་ཁར་མི་བཏང༔ དམ་ཚིག་སྲུང་མཚམས་མེད་པས་ཟོལ་ཟོག་ཁར་མི་བཏང༔ ཆོས་ལ་ཕྱོགས་རིས་མེད་པས་གྲུབ་མཐའི་ཁར་མི་བཏང༔ སྣང་བ་འཁྲུལ་པ་ཡིན་ནོ་ཐ་མལ་ཁར་མི་བཏང༔ ཁ་ཟས་སྲོག་འཚོ་ཡིན་ནོ་མུ་ཏོའི་ཁར་མི་བཏང༔ ནོར་རྫས་སྒྱུ་མ་ཡིན་ནོ་འདོད་པའི་ཁར་མི་བཏང༔ གོས་ནི་ལྷགས་སྐྱོབ་ཡིན་ནོ་འཕྱོར་གོས་ཁར་མི་བཏང༔ མཉམ་པ་གཉིས་མེད་ཡིན་ནོ་འཁོར་གྱི་ཁར་མི་བཏང༔ རྒྱལ་ཁམས་ཕྱོགས་མེད་ཡིན་ནོ་ཕ་ཡུལ་ཁར་མི་བཏང༔ ཕུག་སྟོང་སྡོད་ས་ཡིན་ནོ་དགོན་པའི་ཁར་མི་བཏང༔ གཅིག་པུ་རྣལ་འབྱོར་ཡིན་ནོ་འདུས་པའི་ཁར་མི་བཏང༔ ཆགས་མེད་ཞེན་མེད་ཡིན་ནོ་འཛིན་ཆགས་ཁར་མི་བཏང༔ རང་གྲོལ་ཞིག་པོ་ཡིན་ནོ་ཟོལ་ཟོག་ཁར་མི་བཏང༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་རྣལ་འབྱོར་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་རྣལ་འབྱོར་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སུམ་ཅུ་པའོ༔ ༔དེ་ནས་མྱོས་རིན་ཆེན་གྲགས་ལ་སོགས་པའི་བོད་ཀྱི་སྐྱེ་བོ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཕྱི་རབས་བོད་ཀྱི་སྐྱེ་བོ་རྒས་གཞོན་རྣམས༔ རྒྱལ་པོའི་རྒྱལ་ཁྲིམས་གཉན་པར་ཟུངས༔ རྗེ་ཡི་བཀའ་ལུང་གཉན་པར་ཟུངས༔ སྒོས་སྤྱོད་ཡལ་བར་དོར་ནས་ནི༔ གཙོ་བོའི་སྤྱི་ཚིས་སྲོག་ཏུ་ལྟོས༔ མནའ་ནི་གཟན་དུ་མི་བོར་ཞིང༔ ཆད་པ་ཐམས་ཅད་བཙན་པར་བྱ༔ མང་པོ་རྣམས་ནི་ཁ་བསྡུས་ལ༔ ངན་པ་ཁྱད་དུ་མི་གསོད་པར༔ སྤྱི་གྲོས་བྱས་ན་འགྱོད་པ་མེད༔ མཛངས་པ་རྣམས་ཀྱིས་འདུན་གྲོས་གྱིས༔ གྲྭ་གཟུངས་ཐུབ་ལ་བློ་གཏད་བྱ༔ བསམ་ཤེས་རྣམས་ཀྱིས་ཞལ་ལྕེ་ཆོད༔ དཔའ་བོ་རྣམས་ཀྱིས་དམག་སྣ་དྲོངས༔ མཚོན་ཆ་རྣམས་ཀྱིས་དམག་དཔུང་སྐྱེད༔ འཁོར་གཡོག་རྣམས་ཀྱིས་མེལ་ཚེ་གྱིས༔ བྲན་འབངས་རྣམས་ནི་རིམ་པར་སྐོས༔ མིས་བློ་གཏད་ན་ཡིད་མ་གཅོད༔ སྐྱེས་པ་མཛངས་པར་འགྱུར་བས་ན༔ ནོར་དུ་སྲིད་དང་གཏམ་སྙན་སྒྲུབས༔ བུ་ཚ་ཆོས་ལ་མཁས་བསླབ་ན༔ གཏན་གྱི་ནོར་ནི་ཕྱི་ཕྱིར་ཆེ༔ ཅི་བྱེད་ལས་ལ་བསམ་གཞིག་བྱ༔ མ་བསམ་བྱས་ན་ཉེས་པ་མང༔ གལ་ཏེ་བཅོས་སུ་ཡོད་ན་ནི༔ དེ་ལ་མི་དགའ་བྱ་ཅི་དགོས༔ གལ་ཏེ་བཅོས་སུ་མེད་ན་ནི༔ དེ་ལ་མི་དགའ་བྱས་ཅི་ཕན༔ དལ་བུས་ཕྱིན་ན་གར་ཡང་སླེབ༔ འཇིགས་སར་བསྐོར་ན་དགྲས་མི་ཕྲོག༔ འཇམ་པོར་སྨྲས་ན་སུས་ཀྱང་གོ༔ ཞལ་ཏ་སྐད་ཆེ་ཁ་ཕོར་གོ༔ ཡུན་དུ་བསྲིངས་ན་ཅི་ཡང་འགྲུབ༔ དང་དྲགས་ཡུན་ཐུང་གྲ་ཤ་འཆད༔ འདི་ཕྱིའི་དོན་དུ་ལྷ་ཆོས་གྱིས༔ ཡུན་གྱི་སྲིད་དུ་འདི་ཀ་བཟང༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སྐྱེ་བོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་སྐྱེ་བོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་གཅིག་པའོ༔ ༔དེ་ནས་འབྲོམ་བཟའ་བྱང་ཆུབ་མ་ལ་སོགས་པའི་བོད་ཀྱི་བུད་མེད་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་བུད་མེད་རྣམས་ཀྱིས་ཇི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ སྲིད་ཀྱི་མཚོ་མོ་བུད་མེད་རྣམས༔ གནས་ཀྱི་གཞི་མ་ཡིན་པས་ཁྱིམ་གྱི་ག་དར་གྱིས༔ སྲིད་ཀྱི་མཚོ་མོ་ཡིན་པས་བུ་ཚ་ཆོས་ལ་ཚུད༔ ལུས་ཀྱི་ཟླ་གྲོགས་ཡིན་པས་ཁྱོ་ལ་བཀུར་སྟི་གྱིས༔ ཁྱོ་བཟང་སྙིང་དང་འདྲ་བས་ཅི་ཟེར་ཁྱོག་པར་གྱིས༔ ཁྱོ་ངན་ལས་འཕྲོ་ཡིན་པས་རྔན་ཅན་སྙིང་མ་རིང༔ གྱོས་སྒྱུག་ཕ་མ་འདྲ་བས་བཀུར་སྟི་ཕུ་དུད་གྱིས༔ ཡབ་སྐུད་ཕ་མིང་འདྲ་བས་ཟས་དང་ཁྲེལ་གྱིས་སྐྱོངས༔ སྙིད་མོ་འགྲོགས་ཡུན་ཐུང་བས་བཀུར་ལ་བཟང་བྱེ་གྱིས༔ མིས་འཕྱ་རང་ལ་ལེན་པས་ཅི་གཏམ་འཛུམ་དང་སྦྱོར༔ ཁྲོ་གཏུམ་ང་རྒྱལ་ཆེ་ན་སུ་ཡང་འཁོར་མི་ཉུང༔ སྣང་བ་དགྲ་རུ་སྡང་བས་རྟག་ཏུ་དང་སྤྲོ་སྲིངས༔ སྨྲ་མང་བུད་མེད་ལོད་པས་འཇབ་འཇིབ་མ་མང་མཛོད༔ ཕ་མིང་བསྟོད་ཅིང་བཀུར་ནས་ཁྲེལ་ལ་བཟང་བར་གྱིས༔ བུ་ཁྱོའི་ལམ་རྒྱགས་ཡིན་པས་མགྲོན་ལ་ཡང་བར་གྱིས༔ འཁོར་དང་གཉེན་བཤེས་ཟས་ཀྱིས་སྐྱོངས་ལ་གདུང་སེམས་སྐྱེད༔ ནོར་ལ་འཛིན་པ་མ་ཆེ་ཟས་ལ་ཡང་བར་གྱིས༔ ངོ་འཛུམ་གསལ་པོ་གྱིས་ལ་གཙང་སྦྲ་ཆེ་བར་གྱིས༔ ནུབ་མོ་ཉལ་ཕྱི་ནངས་པར་སྔར་ལངས་ལ༔ དུས་ཀྱི་སོ་ནམ་བརྩོན་འགྲུས་ཕྱིར་མ་བཤོལ༔ ཕྱུགས་དང་སྒོ་ཁྱི་འཁོར་གཡོག་སྙིང་རྗེས་སོས༔ ཅི་ཡོད་དཀར་པོ་དགེ་བའི་ཕྱོགས་སུ་ཐོངས༔ ཚེ་འདིར་བྱིན་རླབས་ཕྱི་མ་བདེ་བ་འཐོབ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་བུད་མེད་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་བུད་མེད་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་གཉིས་པའོ༔ ༔དེ་ནས་ལོ་བརྒྱད་ཉི་ཁྲི་འབུམ་ལ་སོགས་པའི་བོད་ཀྱི་ཡོན་བདག་རྣམས་ཀྱིས་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་ཡོན་བདག་རྣམས་ཀྱིས་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཆོས་ལ་ཀློག་འདོན་བྱེད་པའི་ཡོན་བདག་རྣམས༔ མཆོད་གནས་རྣམས་ཀྱང་བྲིས་ཀློག་ལེགས་པར་སྦྱོངས༔ བྲིས་མཁན་རྣམས་ཀྱང་དང་པོ་ཡི་གེ་ནི༔ གཟུགས་དང་འདོགས་ནི་ལེགས་པར་སྦྱོངས༔ དཀར་ནག་ཕྱེད་ནི་མཉམ་པ་དང༔ ལྷག་ཆད་མེད་ལ་སྐྱེན་པར་བྲིས༔ ཡོན་བདག་ཁེ་གྲགས་མེད་པ་ཡིས༔ མཆོད་གནས་ཡོན་གྱིས་མཉེས་པར་གྱིས༔ དད་པའི་སེམས་ཀྱིས་ཡོན་ཕུལ་ལ༔ ཞེ་འདོད་མེད་པར་བཞེས་ནས་ནི༔ རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར༔ མཆོད་ཡོན་ཐུན་མོང་བསྔོས་བྱས་ན༔ གཉིས་ཀ་བསོད་ནམས་རྫོགས་པར་འགྱུར༔ ཡོན་བདག་བསམ་པ་མ་དག་ཅིང༔ མཆོད་གནས་འདོད་པ་མ་བསྐངས་ན༔ དགེ་རྩར་བྱས་ཀྱང་སྡིག་པར་འགྲོ༔ ཀློག་འདོན་བྱེད་པའི་མཆོད་གནས་རྣམས༔ དང་པོ་སྒྲ་སྐད་བྱང་བར་སློབ༔ བར་དུ་འདྲེན་ཁུངས་སྡེ་དང་སྦྱོར༔ ཐ་མ་ཚིག་གི་ལྷག་ཆད་བསལ༔ འདོན་དུས་གཞན་དང་གཏམ་མ་སྨྲ༔ ལྷག་ཆད་མེད་པར་གུས་པས་ཐོན༔ ཆོས་ལ་ལག་གཡོགས་མེད་པ་དང༔ ཐུ་ཡུག་འགོམ་ཡུག་མ་གུས་སྤོངས༔ བདག་ཉིད་བསྟན་པའི་བདག་པོ་ཡིས༔ ཆོས་ཀྱི་རྔ་ཆེན་སྒྲོག་པའི་ཚེ༔ འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ ཆོས་ཐོས་གྲོལ་བར་བསམས་ནས་བཏོན༔ ཐུན་མཚམས་ལ་སོགས་འཇོག་པའི་ཚེ༔ དགེ་རྩ་ཡོན་བདག་མཆོད་གནས་ཀྱིས༔ ཐུན་མོང་བྱང་ཆུབ་ཐོབ་པར་བསྔོ༔ ཡོན་བདག་དད་དང་ལྡན་པ་ཡིས༔ མཆོད་གནས་མཉེས་པའི་འདུ་ཤེས་ཀྱིས༔ ཟས་སྐོམ་ལ་སོགས་བཟང་བ་དང༔ ཡོན་གྱིས་མཆོད་གནས་མཉེས་པར་བྱ༔ དེ་ལྟར་བྱས་ན་ཡོན་མཆོད་གཉིས༔ འདིར་བདེ་ཕྱི་མ་བྱང་ཆུབ་འཐོབ༔ དེ་ལྟར་མ་ཡིན་ཡོན་མཆོད་གཉིས༔ ཚར་གྱི་གྲངས་བཟུང་ཡོན་གྱི་ཐང་བཅད་ན༔ མཁས་ཀྱང་མི་ཕན་ཡོན་བདག་མགྱོགས་ལ་དགའ༔ མཁས་པ་རྣམས་ཀྱིས་མི་གཟབ་བཤུར་ནས་འདོན༔ མི་མཁས་རྣམས་ཀྱང་ཐོན་སྐྱེན་ཟིན་སྐྱེན་བྱེད༔ ཡོན་བདག་རྣམས་ཀྱིས་རྒྱགས་ཕོག་བཀུར་སྟི་མེད༔ ཡོན་གྱིས་བླ་མཆོད་མ་མཉེས་ཞེ་འཁོན་སོང༔ མཆོད་གནས་ཡོན་ལ་བརྟེན་ནས་སྡིག་པ་བསགས༔ ཡོན་བདག་བསོད་ནམས་འདོད་ཀྱང་སྡིག་པ་འཕེལ༔ དེ་འདྲའི་ཡོན་མཆོད་དུས་ཀྱི་ཐ་མར་འོང༔ དེ་ལྟར་མ་བྱེད་ཆོས་སུ་ཅི་འགྲོ་གྱིས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་ཡོན་མཆོད་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་ཡོན་མཆོད་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་གསུམ་པའོ༔ ༔དེ་ནས་བླ་སྨན་ནེ་རུ་ཙེ་ལ་སོགས་པའི་བོད་ཀྱི་སྨན་པ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྨན་པ་རྣམས་ཀྱིས་ཇི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ འཚོ་མཛད་སྨན་པ་ལྷ་རྗེ་བླ་སྨན་ཀུན༔ དང་པོ་སྨན་གྱི་སློབ་དཔོན་མཁས་པའི་རྩར༔ ལག་ལེན་སྨན་སྦྱོར་རྨ་ཆིངས་ལེགས་པར་སློབས༔ བར་དུ་སློབ་དཔོན་མཉེས་བྱས་གདམས་ངག་ཞུས༔ ཐ་མ་ནད་པ་བཅོས་དུས་སྙིང་རྗེ་སྐྱེད༔ རྩ་ཆུ་ཕྱི་ཡུལ་བརྟགས་ལ་ནད་ངོས་ཟུངས༔ ནད་ངོས་མི་ཟིན་སྨན་སྦྱོར་བྱས་པ་ཡིས༔ སྨན་དུ་མ་སོང་དུག་ཏུ་སོང་བ་འོང༔ ནད་ཀྱི་ངོས་ཟིན་སྨན་སྦྱོར་བཏང་བ་ཡིས༔ མེ་ཡི་གཉེན་པོར་ཆུ་ཡིས་གསོད་དང་འདྲ༔ དང་པོ་ལག་ལེན་མ་བྱས་སྨན་པའི་ཉམས་བྲོད་མེད༔ བར་དུ་གདམས་ངག་མེད་པས་ནད་ཀྱི་ངོས་མ་ཟིན༔ ཐ་མ་སྨན་བཅོས་བྱས་པས་སྨན་ཡང་དུག་ཏུ་སོང༔ དེ་ནི་ནད་པའི་གཤེད་མ་མཚོན་ཆ་ཐོགས་པ་ཡིན༔ དེ་ལྟར་མ་བྱེད་མཁས་ཤིང་བྱང་བར་སློབས༔ མཁས་པ་རྣམས་ཀྱིས་སྙིང་རྗེ་བྱམས་སེམས་སྐྱོངས༔ ནོར་གྱི་འདོད་པ་ཁོང་དུ་བཅུག་ནས་ནི༔ མྱུར་དུ་བཅོས་ན་སོས་ཀྱང་ན་རུ་བཅུག༔ ཟས་སྐོམ་བཟང་ངན་ངོར་བལྟ་སྐྱེན་བུལ་བྱེད༔ ད་ལྟ་འཚོ་ཡང་ད་རུང་ན་རུ་བཅུག༔ སྨན་རིན་རྐང་བླ་ཧ་ཅང་མི་རིགས་ཕབ༔ ནད་པ་སོས་ཀྱང་ལོག་འཚོ་ཕྱི་མར་ལྗི༔ བྱང་ཆུབ་སེམས་དང་སྙིང་རྗེས་ཟིན་གྱུར་ནས༔ འདོད་པ་ཁོང་ན་མེད་པས་ཤེས་མཐོང་བཅོས༔ ནད་པ་སྙིང་རྗེའི་ཡུལ་ཡིན་ཟུག་གཟེར་གཅག༔ གཏོང་རག་སྨན་རིན་ཅི་བྱས་བཟང་བཞེས་ན༔ ཕྱི་མ་ལྷ་ཡི་རྒྱལ་པོ་བླ་མེད་སྐྱེ༔ སྐྱེ་བ་འདི་ལ་ནད་མེད་བདེ་སྐྱིད་འབྱུང༔ ནད་པ་ཀུན་ཀྱང་སྲོག་འདོན་བླ་སྨན་ལ༔ ཟས་སྐོམ་ལོངས་སྤྱོད་གུས་པས་ཅི་མཉེས་གྱིས༔ སྨན་རིན་གཏོང་རག་གཅེས་མི་གཅེས་དང་སྦྱོར༔ ནད་པས་སྨན་པ་མགུ་བར་མ་བྱས་ན༔ ཚེ་འདིར་ཁྲེལ་ལ་ཕྱི་མ་དམྱལ་བར་འགྲོ༔ ཡང་ཤི་ཡང་སོས་དམྱལ་བར་སྐྱེ་བར་འགྱུར༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ ནད་པ་སྨན་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་ནད་པ་དང་སྨན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་བཞི་པའོ༔ ༔དེ་ནས་བཻ་རོ་ཙ་ན་ལ་སོགས་པའི་སློབ་དཔོན་སློབ་མ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ བོད་ཀྱི་དཔོན་སློབ་ཆོས་འབྲེལ་བྱེད་པ་རྣམས༔ དང་པོ་སློབ་དཔོན་རྣམས་ཀྱང་མཁས་པའི་ཕུལ་དུ་ཕྱིན་པར་སློབས༔ བར་དུ་བསྒྲུབ་པར་བརྩོན་པས་ཆོས་ལ་རྟགས་ཐོན་བྱ༔ ཐ་མར་བྱང་ཆུབ་སེམས་ཀྱིས་འགྲོ་དོན་ཕྱོགས་མེད་གྱིས༔ ལྟ་བ་ཐག་ཆོད་གདིང་དང་ལྡན་པ་དང༔ དམ་ཚིག་མ་ཉམས་པ་ལ་གཞི་བཟུང་ནས༔ དབང་དང་ལུང་ནོད་རིམ་པ་ཐོབ་པར་བྱ༔ ཏིང་འཛིན་ཤེས་རབ་སྦྱོར་བ་ཉམས་སུ་ལོངས༔ མཐུན་འཇུག་ཐབས་ཀྱི་སྤྱོད་པ་ལ་དོར་གྱིས༔ གསང་སྔགས་མཐའ་དྲུག་རྫོགས་ནས་སློབ་དཔོན་བྱ༔ སློབ་མས་སློབ་དཔོན་བཙལ་བ་རྣམས་ཀྱིས་ཀྱང༔ སློབ་དཔོན་བརྟགས་ལ་མཁས་གྲུབ་མཚན་ལྡན་བཙལ༔ མཉེས་པའི་ཡོན་ཕུལ་གུས་པས་གདམས་ངག་ཞུས༔ ཐོས་བསམ་སྒོམ་གསུམ་ཆོས་ལ་ནན་ཏན་སྐྱེད༔ དབང་དང་ལུང་ནོད་རིམ་པ་རྫོགས་པར་ཞུས༔ སྒྲུབ་ལ་བརྩོན་པས་རང་དོན་མཐར་ཕྱིན་བྱ༔ གྲུབ་རྟགས་ཐོན་ན་གཞན་དོན་ལྷུ་རུ་ལོངས༔ སློབ་དཔོན་སློབ་མ་མ་བརྟགས་སྣོད་མེད་ཆོས་ཀྱིས་འབྲེལ༔ སློབ་མས་སློབ་དཔོན་མ་བརྟགས་བཅུད་མེད་ཆོས་འབྲེལ་བྱེད༔ ཆོས་ཀྱི་བྱིན་རླབས་མེད་པས་བསྒྲུབས་ཀྱང་འབྲས་བུ་མེད༔ གཉིས་ཀ་དམ་ཚིག་མ་བསྲུངས་བིའུ་སྦྲེལ་གཡང་ལ་ལྷུང༔ དམྱལ་བ་རིན་གྱིས་ཉོས་པས་ཐར་པ་ཐོབ་དུས་མེད༔ དེ་ལྟར་མ་བྱེད་སློབ་དཔོན་སློབ་མ་རྟོག༔ སློབ་མ་དད་གུས་ཆེ་ལ་སྙིང་རྗེར་ལྡན༔ སྣང་བ་དག་པས་བླ་མར་སངས་རྒྱས་བལྟ༔ གུས་པའི་སེམས་ལྡན་ཁེངས་དང་ང་རྒྱལ་མེད༔ གཏོང་ཕོད་ཆེ་ལ་བརྩོན་འགྲུས་ཕྱི་བཤོལ་མེད༔ དེ་འདྲའི་བུ་ལ་གདམས་ངག་རྫོགས་པར་སློབས༔ ཁ་འཇམ་ཐབས་ཀྱིས་ཆོས་འདོད་གདོང་ལྟས་བྱེད༔ ང་ཆེ་ང་བཙན་ཁེངས་པའི་ང་རྒྱལ་བྱེད༔ སྦྱིན་གཏང་མི་ནུས་གཡོ་སྒྱུ་ངོ་དགའ་ཅན༔ སྣོད་མེད་རྣམས་ལ་བསྟན་ན་དམ་ཚིག་ཉམས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ སློབ་དཔོན་སློབ་མ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་དཔོན་སློབ་ཆོས་འབྲེལ་བྱེད་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་ལྔ་པའོ༔ ༔དེ་ནས་སློབ་དཔོན་གྱིས་ཕྱི་རབས་བོད་ཀྱི་སྤྱི་མཐུན་རྣམས་ལ་ཞལ་ཆེམས་སུ་གསུངས་པ༔ མཐའ་འཁོབ་བོད་ཀྱི་རྒྱལ་བློན་རྗེ་འབངས་རྣམས༔ སྙིང་རྗེ་ཕན་སེམས་ཆུང་བ་གདོང་དམར་སྲིན་པོའི་རིགས༔ ཁྲེལ་འཛེམ་ངོ་ཚ་ཆུང་བ་སྤྲེའུ་ཕ་ཡི་རིགས༔ གདོང་སྨེ་ཞེ་སྡང་ཆེ་བ་བྲག་སྲིན་མ་ཡི་རིགས༔ ཡིད་བློ་ཆོས་ལ་གནག་པ་ནག་པོ་བདུད་ཀྱི་རིགས༔ ནོར་ལ་འདོད་སྲེད་ཆེ་བ་བྱོལ་སོང་མི་ཡི་རིགས༔ དགེ་བ་མ་སྤྱད་ཕྱི་མ་ངན་སོང་གསུམ་དུ་ལྟུང༔ ཚེ་ལ་ལོང་མེད་འཆི་བས་བརྗེད་ངས་མ་ཆེ་ཞིག༔ འདུས་པ་འབྲལ་བ་ཡིན་ནོ་འཐབ་རྩོད་མ་མང་ཞིག༔ བསགས་པ་ལུས་པ་ཡིན་ནོ་ནོར་དད་མ་ཆེ་ཞིག༔ ཆགས་ན་འཆིང་བ་ཡིན་ནོ་ཞེན་པ་མ་ཆེ་ཞིག༔ སྐྱེས་པ་འཆི་བ་ཡིན་ནོ་ཕྱི་མ་དྲན་པར་གྱིས༔ སྡིག་པས་དམྱལ་བར་འགྲོ་བས་བཟོད་གླགས་ག་ལ་ཡོད༔ སེར་སྣས་ཡི་དྭགས་སྐྱེ་བས་བཀྲེས་སྐོམ་སྡུག་བསྔལ་ཡོད༔ ཆོས་མེད་བྱོལ་སོང་ཡིན་པས་ཁྱོད་ཀྱིས་ཤེས་པར་གྱིས༔ མི་ཚེ་གཡར་པོ་ཡིན་ནོ་གར་འབོར་ཆ་མེད་དོ༔ སྣང་བ་སྒྱུ་མ་ཡིན་ནོ་མི་རྟག་གོ་བར་གྱིས༔ ཟས་ནོར་ཟིལ་པ་ཡིན་ནོ་ནམ་འབོར་ཆ་མེད་དོ༔ འཁོར་གཡོག་ཤུལ་ཀའི་མགྲོན་པོ་ཡིན་པས་ཤེས་པར་གྱིས༔ དགྲ་སྡང་འཁྲུལ་པ་ཡིན་པས་འཁྲུལ་པར་གོ་བར་གྱིས༔ གཉེན་འབྲེལ་འཁོར་བའི་འབྲིད་མཁན་ཡིན་པས་ཆ་ཡོད་གྱིས༔ བུ་ཚ་ལན་ཆགས་སྙེག་མི་ཡིན་པས་ཤེས་པར་གྱིས༔ མི་ཚེ་ཡེངས་པའི་གཏམ་ལ་ཟད་པའི་མཐའ་མེད་པས༔ འཆི་བདག་གཤིན་རྗེའི་ཉུལ་མ་བྱུང་བ་མ་ཚོར་རམ༔ གདོང་དམར་སྲིན་པོ་བོད་ཀྱི་མི་རྣམས་ང་ལ་ཉོན༔ ངན་སོང་གསུམ་གྱི་སྐྱེལ་མ་དཀོན་མཆོག་གསུམ་ལ་ཚོལ༔ འདི་ཕྱིའི་བརྟེན་ས་བླ་མ་ཡི་དམ་མཁའ་འགྲོར་གྱིས༔ ཐར་པའི་འགྲོ་ས་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་གྱིས༔ བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ལྷ་རུ་ཟུངས༔ མི་དགེ་བཅུ་སྤོངས་དགེ་བ་བཅུ་པོ་དང་དུ་ལོངས༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མ་ཇེ་བདེར་འགྲོ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་འབངས་སྤྱི་མཐུན་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་འབངས་སྤྱི་མཐུན་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་དྲུག་པའོ༔ ༔དེ་ནས་བོད་ཀྱི་རྗེ་འབངས་རྣམས་ཀྱིས་སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱས་ནས༔ ཁྱད་པར་ལྷ་སྲས་མུ་ཏིག་བཙན་པོས་ཞུས་པ༔ ཨེ་མ་ཧོ༔ སྤྲུལ་པའི་སྐུ་མཆོག་སློབ་དཔོན་ཆེན་པོ་ལགས༔ བདག་ཅག་རྣམས་ནི་བོད་མཐའ་འཁོབ་ཀྱི་མི༔ ཆོས་མེད་གློ་མོན་གྱི་རིགས་སུ་སོང༔ ལས་དགེ་བ་སྤྱོད་པའི་མི་མེད་པ་ལ༔ སྔ་མའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས༔ ལྷ་ས་འཕྲུལ་སྣང་ར་མོ་ཆེ་ལ་སོགས་པའི༔ མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས༔ རྒྱ་གར་ནས་པཎྜི་ཏ་མང་པོ་སྤྱན་དྲངས་དམ་ཆོས་མང་པོ་བསྒྱུར༔ བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བར་མཛད༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སློབ་དཔོན་ཉིད་ལ་སོགས་པའི་རྒྱ་གར་གྱི་པཎྜི་ཏ་མང་པོ་སྤྱན་དྲངས༔ དཔལ་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་མང་དུ་བཞེངས༔ ཆོས་ཁྲིམས་བཅས་ནས་བོད་བདེ་བ་ལ་བཀོད་པ་བཀའ་དྲིན་ཆེ༔ ད་རྒྱལ་པོ་ནི་དགུང་དུ་གཤེགས༔ སློབ་དཔོན་ནི་རྒྱ་གར་ཡུལ་དུ་གཤེགས༔ བོད་མུན་པ་དང་འདྲ་བར་སོང་ནས༔ ཐམས་ཅད་སྐྱབས་མགོན་མེད་པར་འགྲོ་སྟེ༔ འདི་ཤིན་ཏུ་ཕམ་ཆེ་བས༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་འདི༔ བོད་ཁ་བ་ཅན་འདིར༔ སྤྱི་མཐུན་གྱི་ལྷར་ཞལ་གྱིས་བཞེས་ནས༔ ཁོང་གིས་འདུལ་བའི་ཞིང་ཁམས་སུ་ཡིན་པར་གདའ་བས༔ ད་སློབ་དཔོན་གྱིས་ཐུགས་རྗེ་ཆེན་པོའི་གདམས་པས་འགྲོ་བ་རིགས་དྲུག་གི་སྒོ་བཅད་ནས༔ རྫོགས་པའི་སངས་རྒྱས་ཀྱི་ཤུལ་སར་འདྲེན་པའི་གདམས་པ་ཞིག་ཐུགས་ལ་འདོགས་པར་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ རྗེ་ལྷ་སྲས་བོད་ཀྱི་རྒྱལ་བློན་རྣམས་གསོན་དང༔ བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་སུ་ཞབས་ཀྱིས་མ་བཅགས༔ གདུལ་བྱའི་ཞིང་ཡང་མེད༔ དུད་འགྲོའི་རྒྱལ་ཁམས་སུ་ཡོད༔ དེ་ནས་བཅོམ་ལྡན་འདས་སྐུ་ཡོངས་སུ་མྱ་ངན་ལས་འདའ་ཀར༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་ལུང་བསྟན་བྱིན་གྱིས་བརླབས༔ སྤྱན་རས་གཟིགས་ཀྱིས་ཐུགས་ཀྱི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་ཞིག་བོད་དུ་བཏང༔ ལྷ་མོ་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ཞིག་བོད་དུ་བཏང་སྟེ༔ དེ་གཉིས་ཕ་དང་མ་རུ་བསྡེབས་པ་དང༔ ཕ་མ་དེ་གཉིས་ལ་ཕྲུ་གུ་བྱུང་ནས༔ གཅིག་ལས་གཅིག་འཕེལ་བས་བོད་ཀྱི་མི་རྣམས་འཕེལ་བ་ཡིན༔ བོད་ཀྱི་ཕ་སྤྲེའུ་ཡིན་པས༔ ཁ་སྒྲིན་ལ་ཅོལ་ཆུང༔ མ་བྲག་སྲིན་མོ་ཡིན་པས་སྙིང་རྗེ་ཆུང་ཞིང་སྡིག་ལ་དགའ་བས་ཆོས་ལ་གནག་པ་ཡིན༔ འོན་ཀྱང་ཕ་མ་དེ་གཉིས་ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་གཉིས་ཀྱི་སྤྲུལ་པ་ཡིན་ཏེ༔ དེ་གཉིས་མིན་པས་མི་ཐུལ་བས༔ དེ་ལ་ཐུགས་རྗེ་ཆེན་པོའི་གདམས་པ་ཞུས་པ་ཤིན་ཏུ་ལེགས་སོ༔ ངས་ཀྱང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་གདམས་པ་བཤད་པར་བྱའོ་གསུངས་ནས༔ ཐུགས་རྗེ་ཆེན་པོའི་གདམས་པ་ཐུན་མོང་དང་ཁྱད་པར་གཉིས་སུ་ཕྱེ་ནས༔ རྒྱུད་ལུང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྒྱལ་བློན་རྣམས་ལ་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་ལ་རྒྱལ་བློན་རྗེ་འབངས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གདམས་པ་ཞུས་པའི་ལེའུ་སྟེ་སོ་བདུན་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་ལྷ་སྲས་རྒྱལ་བློན་རྣམས་ལ་བཀའ་སྩལ་པ༔ ཇོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འདི༔ འགྲོ་བ་རིགས་དྲུག་ལ་ཐུགས་རྗེས་རྒྱུན་མི་འཆད་པར་གཟིགས་པ་ཡིན་ནོ༔ ཐུགས་རྗེ་ནི་སྙིང་རྗེ་སྟེ༔ སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི༔ འགྲོ་བ་རིགས་དྲུག་ལ་མས་བུ་གཅིག་པུ་ལ་སྙིང་བརྩེ་བ་ལྟར༔ ཐུགས་རྗེས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས༔ སྡུག་བསྔལ་གྱིས་གདུང་བ་ལ་བཟོད་ཐབས་མེད་པར་གཟིགས་སོ༔ ཆོས་ལ་དམིགས་པའི་སྙིང་རྗེ་ནི༔ ཨོཾཱ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་ཡི་གེ་དྲུག་པ་འདི༔ ཨཱོཾ་གྱིས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ མས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ ཎིས་མི་བྲེལ་ཕོངས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ པད་ཀྱིས་བྱོལ་སོང་གླེན་ལྐུག་གི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ མེས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ དེ་ཡང་རྒྱལ་པོས་གཙོ་བྱས་རྣམས་དགེ་བཅུ་སྤྱད་པས་མཐོ་རིས་ལྷའི་གོ་འཕང་འཐོབ་སྟེ༔ ལྷའི་གོ་འཕང་ཐོབ་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ ལྷ་ཚེ་འཕོ་བའི་དུས་སུ་ལྟུང་བའི་སྡུག་བསྔལ་འབྱུང་སྟེ༔ ལུས་ལ་དྲི་མི་ཞིམ་པ་བྲོ༔ ལུས་ཀྱི་འོད་འཆོར༔ མ་རྨོས་པའི་ལོ་ཏོག་དང༔ ཁྲུས་ཀྱི་རྫིང་བུ་སྐམ༔ ཅང་ཤེས་ཀྱི་རྟ་དང་འདོད་འཇོའི་བ་ཡང་སྟོར༔ མངོན་པར་ཤེས་པས་ལྷའི་བསོད་ནམས་ཀྱང་ཟད༔ ངན་སོང་དུ་ལྟུང་བ་མཐོང་བའི་སྡུག་བསྔལ་བཟོད་གླགས་མེད་པ་དེ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྱན་གྱིས་གཟིགས་སོ༔ ཁོང་ཁྲོ་དང་ཕྲག་དོག་གཙོ་བོར་བྱས་ནས་རྒྱུ་མི་དགེ་བཅུ་སྤྱད་པས༔ ལྷ་མ་ཡིན་དུ་སྐྱེ་སྟེ༔ ལྷ་དང་ལྷ་མ་ཡིན་འཐབ་པའི་དུས་སུ༔ ལྷ་བསོད་ནམས་ཆེ་བས་ལྷ་མ་ཡིན་ཕམ་པ་མང་བ་སྟེ༔ མཚོན་ཆའི་འཁོར་ལོས་སྣད་པ་དང༔ སྨས་པ་དང༔ ཤི་བ་དང༔ འདྲད་པ་དང༔ ལྷ་མ་ཡིན་དང་ནང་འཐབ་པ་དང༔ རྩོད་པ་དང་སྡུག་བསྔལ་དྲག་པོ་བཟོད་དཀའ་བ་དང༔ ཚེ་འཕོས་ནས་ངན་སོང་དུ་ལྟུང་བ་རང་གིས་ཤེས་ནས་སྡུག་བསྔལ་ཤིན་ཏུ་ཆེའོ༔ མི་རུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ དང་པོ་སྐྱེ་བའི་སྡུག་བསྔལ་ཡང༔ མ་ཡི་ཁོང་དུ་གནས་པའི་སྡུག་བསྔལ་ལ་མས་བཏེག་ཙ་ན་གཡང་ལ་བཏེགས་པ་དང་འདྲ་བ༔ མ་འགྲངས་ཙ་ན་བྲག་བར་དུ་བཅར་བ་དང་འདྲ་བ༔ མ་ལྡང་ཙ་ན་རླུང་ལ་འཕྱར་བ་དང་འདྲ་བ༔ མ་ཉལ་ཙ་ན་རིས་མནན་པ་དང་འདྲ་བ༔ དྲག་ཤུལ་དང་ལྡང་དུབ་བྱེད་ཙ་ན་ལུས་པོ་ཆད་པ་དང་འདྲ་བ༔ སྐྱེས་ཙ་ན་འཚུབས་ལ་ཁད་པགས་པ་བཤུས་པ་དང་འདྲ་བ༔ བུད་ཙ་ན་ཚེར་ཕུང་ནང་དུ་བསྐྱུར་བ་དང་འདྲ་བ༔ མས་བླང་ཙ་ན་བྱིའུ་ཕྲུག་ཁྲས་ཁྱེར་བ་དང་འདྲ་བའོ༔ དེ་ནས་ཆེར་སྐྱེས་ཏེ་གཞོན་དར་གྱི་དུས་སུ༔ སོ་ནམ་ལས་ཀ་རྩོལ་སྒྲུབ་འགྲོ་འདུག་བྲེལ་ཕོངས་ལ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ༔ རྒས་པའི་སྡུག་བསྔལ་ནི་ལུས་འབྱུང་བ་ཟད་པ་དང༔ བཀྲག་མདངས་ཤོར༔ དབང་པོ་ཉམས༔ མིག་མི་གསལ༔ རྣ་བ་འོན༔ སྣ་ཆུ་འཛག༔ སོ་བུད༔ ལྕེ་དིག༔ ལངས་ན་མི་ཐེགས༔ སྡོད་ན་ལུས་རྡེབ༔ བུ་ཚ་དང་མིའི་སྙིང་དུ་མི་སྡུག༔ རྒས་སྙམ་པའི་སྡུག་བསྔལ་རང་གིས་ཚོར༔ འཆི་བའི་སྡུག་བསྔལ་གཅེས་པར་བྱས་པའི་ལུས་བོར༔ འདུས་པའི་གྲོགས་དང་བྲལ༔ བུ་ཚ་དང་འཁོར་གཡོག་ཕྱི་རུ་འཇོག༔ ནོར་རྫས་ཅི་ཙམ་ཡོད་ཀྱང་འཁྱེར་དབང་མེད༔ ལུས་རྡོ་བཞིན་དུ་བོར༔ སེམས་རིག་པ་འདི་ངན་སོང་དུ་འཁྱམས་དགོས་པས་སྡུག་བསྔལ་ལོ༔ མ་ཤི་བའི་བར་དུ་ཡང༔ མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ལྟོགས་ཤིང་ཐང་ཆད༔ ཡོད་པས་འཚོ་སྐྱོང་མི་ཐུབ་པའི་སྡུག་བསྔལ༔ དགྲ་མི་ཐུབ་ཀྱི་དོགས་པས་ཁོང་ནས་མེ་འབར༔ གཉེན་མ་འཁྱོངས་ཀྱི་དོགས་ནས་སེམས་ཁྲལ་ཆེ༔ བུ་མི་སོས་དོགས་པ༔ བུ་མོ་མི་རྫོངས་ཀྱི་དོགས་པ༔ སོ་ནམ་རྒྱུན་དུ་བྱེད་པ་ལ་བྲེལ་ལ་ཐང་ཆད་པས་སྡུག་བསྔལ་ལོ༔ མི་དགེ་བཅུ་སྤྱད་པས་ངན་སོང་དུ་སོང་སྟེ༔ ཤིན་ཏུ་སྡུག་བསྔལ་ལས་མ་འདས་སོ༔ བྱོལ་སོང་དུ་སྐྱེས་པ་རྣམས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ མིས་བཀོལ་བ་དང༔ རྨོས་རྨོ་བ་དང༔ ཁལ་འགེལ་བ་དང༔ གསོད་པ་དང༔ བདག་པོ་མེད་པ་རྣམས་ཀྱང༔ རྔོན་པས་རི་དྭགས་གསོད་པ་དང༔ ཉ་པས་ཉ་རྔོན་པ་དང༔ གཅན་ཟན་གཅིག་གིས་གཅིག་གསོད་པ་དང༔ ཁྱད་པར་དུ་མཐའི་རྒྱ་མཚོ་ལ་ཆང་ནང་གི་སྦང་མ་ཙམ་ཡོད་པ་དེ༔ གཅིག་གིས་གཅིག་གསོད་པ་དང༔ ཆུང་གིས་ཆེ་བ་གསོད་པ་དང༔ རྟ་བོང་ལ་སྦྲང་བུ་འདུས་པ་ལྟར་དང༔ ཉིང་ཤ་ཉིང་གིས་ཟ་བ་དང༔ དེ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ༔ ཡི་དྭགས་སུ་སྐྱེས་པ་རྣམས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ ཟས་ལྕགས་བསྲེགས་སུ་མཐོང་བ་དང༔ སྐོམ་ནི་རྣག་ཁྲག་ཏུ་མཐོང་བ་དང༔ ལྟོར་ཟས་སོང་བས་ལུས་སྲེག་པ་དང༔ ཟས་སྐོམ་མི་རྙེད་པའི་སྡུག་བསྔལ་དང༔ རྙེད་ཀྱང་མགྲིན་པར་མི་ཤོང་བ་དང༔ ཤོང་ཡང་ལྟོ་བ་མི་ཁེངས་པ་དང༔ ཟས་ལ་ཟ་དབང་མེད་པར་སྲུང་མ་ཡོད་པ་དང༔ ཟས་རྙེད་ཀྱང་གཞན་གྱིས་འཕྲོག་ཏུ་འོང་བ་དང༔ ནམ་མཁའ་ལ་རྒྱུ་བའི་ཡི་དྭགས་བྱ་བ་རང་ལ་རང་དབང་མེད་པ་མི་ལ་གནོད་པ་སྐྱེལ་བར་བྱེད་པ་དང༔ གཤིན་དང་བསེ་རག་བྱ་བ་རང་ནད་གང་གིས་ཤི་བ་དེ་དང་མ་བྲལ་ནས༔ མི་ལ་ནད་དེས་མནར་འཇུག་པ་དང༔ བརྡུང་གཏག་གཞན་གྱིས་བྱས་པས་རང་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ༔ སེམས་ཅན་དམྱལ་བར་སྐྱེས་པ་རྣམས༔ ཚ་གྲང་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ༔ ཚ་བའི་དམྱལ་བ་བརྒྱད་ལ་ཡང་སོས་བྱ་བ་ཞག་རེ་ལ་ལན་བརྒྱ་བརྒྱ་སོས༔ ལན་བརྒྱ་བརྒྱ་ཤི་བ་ཡོད༔ ཐིག་ནག་བྱ་བ་ལུས་ཕྱེད་དུ་ཐིག་གདབ་ནས་དམྱལ་དཔོན་གྱིས་སོག་ལེས་དྲ་བ་ཡོད་དོ༔ བསྡུས་འཇོམས་བྱ་བ་ན་ལྕགས་ཀྱི་གཏུན་ཁུང་དུ་གཏུན་བུས་བརྡུང་བ་ཡོད་དོ༔ ངུ་འབོད་བྱ་བ་སྐེ་ནས་ཐག་པ་བཏགས་ནས་འོ་དོད་འབོད་པ་ཡོད་དོ༔ ངུ་འབོད་ཆེན་པོ་བྱ་བ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བར་བཅུག་ནས་ཆོ་ངེས་འདེབས་པ་ཡོད་དོ༔ ཚ་བ་བྱ་བ་ཟངས་རྒྱ་མཁའ་ཚད་དུ་བཅུག་ནས་འཚོད་པ་ཡོད་དོ༔ རབ་ཏུ་ཚ་བ་བྱ་བ་ལྕགས་ཀྱི་སྐམ་པས་བཟུང་ནས་སྲེག་པ་དང༔ འཚོད་པ་ཡོད་དོ༔ མནར་མེད་བྱ་བ་ལས་ཀྱི་རླུང་གིས་མནན་པས་སྡུག་བསྔལ་སྐད་ཅིག་ཙམ་ཡང་བཟོད་གླགས་མེད་དོ༔ གྲང་བའི་དམྱལ་བ་བརྒྱད་ནི༔ ཨ་ཆུ་བྱ་བ་འཁྱགས་ནས་སྐད་ངན་ཤོར་བ་དང༔ ཆུ་བུར་ཅན་བྱ་བ་ལས་ཀྱི་ལྷགས་པས་ཆུ་བུར་ཐག་ཐུག་འབྱུང་བ་དང༔ ཆུ་བུར་བརྡོལ་བྱ་བ་ཆུ་བུར་བརྡོལ་ནས་ཆུ་སེར་འབབས་པ་དང༔ སོ་ཐམ་ཐམ་པ་བྱ་བ་འཁྱགས་ནས་སོ་སྒྲ་ཏོག་ཏོག་པ་དང༔ ཨུཏྤལ་ལྟར་གས་པ་བྱ་བ་འཁྱགས་ནས་ཚལ་པ་བཞིར་གས་པ་དང༔ ཨུཏྤལ་ཆེན་པོ་ལྟར་གས་པ་བྱ་བ་ལུས་ཚལ་པ་བརྒྱད་དུ་གས་པ་དང༔ པདྨ་ལྟར་གས་པ་བྱ་བ་ལུས་ཚལ་པ་བཅུ་དྲུག་ཏུ་གས་པ་དང༔ པདྨ་ཆེན་པོ་ལྟར་གས་པ་བྱ་བ་འཁྱགས་ནས་ལུས་ཚལ་པ་སུམ་ཅུ་རྩ་གཉིས་སུ་གས་པའོ༔ ༔ཉི་ཚེ་བ་བྱ་བ་ནི་ཉིན་མོ་སྡུག་བསྔལ་ཞིང་མཚན་མོ་འཆི་བ༔ ཉིན་འཁོར་བ་བྱ་བ་ཉིན་མོ་ལན་བརྒྱ་ཤི་བའོ༔ ཐུན་མོང་གི་སྡུག་བསྔལ་བ་བྱ་བ་མེ་མ་མུར་གྱི་འོབས་ལ་པུས་ནུབ་ཙམ་དུ་འགྲོ་དགོས་པ་དང༔ རོ་མྱགས་ཀྱི་འདམ་ལ་འགྲོ་དགོས་པ་དང༔ སྤུ་གྲིའི་ལམ་གྱིས་ཤ་རུས་གཅོད་པ་དང༔ རལ་གྲིའི་ཆར་པ་འབེབས་པ་དང༔ ལྕགས་ཀྱི་ཤལ་མ་ལི་བྱ་བ་ལྕགས་ཀྱི་ཐུར་མ་སོར་བཅུ་དྲུག་རེ་ཡོད་པའི་རི་ལ་ཡར་བཤལ་མར་བཤལ་བྱེད་པ་དང༔ དེ་ལ་སོགས་པའི་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ༔ དེ་ལྟར་འགྲོ་དྲུག་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་དེ་ལ༔ ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་གྱིས་དུས་རྒྱུན་ཆད་མེད་པར་གཟིགས་སོ༔ དམིགས་པ་མེད་པའི་སྙིང་རྗེ་ནི༔ འགྲོ་དྲུག་འཁོར་བའི་སྡུག་བསྔལ་རྒྱུན་གཅོད་པར་གཟིགས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པས༔ ཨཱོཾ་གྱིས་ལྷར་སྐྱེ་བའི་གཡང་ས་བཅད་ནས་ལྷའི་གནས་སྟོང༔ མས་ལྷ་མ་ཡིན་དུ་སྐྱེ་བའི་གཡང་ས་བཅད་ནས་ལྷ་མ་ཡིན་གྱི་གནས་སྟོང༔ ཎིས་མིར་སྐྱེ་བའི་གཡང་ས་བཅད་ནས་མིའི་གནས་སྟོང༔ པད་ཀྱིས་བྱོལ་སོང་དུ་སྐྱེ་བའི་གཡང་ས་བཅད་ནས་བྱོལ་སོང་གི་གནས་སྟོང༔ མེས་ཡི་དྭགས་སུ་སྐྱེ་བའི་གཡང་ས་བཅད་ནས་ཡི་དྭགས་ཀྱི་གནས་སྟོང༔ ཧཱུྃ་གིས་དམྱལ་བའི་གཡང་ས་བཅད་ནས་དམྱལ་བའི་གནས་སྟོང༔ འགྲོ་དྲུག་གི་གནས་སྟོང་པར་བྱས་ནས༔ འཁོར་བའི་གནས་སྟོངས་ནས་ཀ་དག་སྟེ༔ སངས་རྒྱས་ཀྱི་ཞིང་དུ་འདྲེན་པར་བྱེད་ནུས་པ་ནི༔ ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་པ་ཡིན་ནོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ ཐུགས་རྗེ་ཆེན་པོས་སྙིང་རྗེ་གསུམ་གྱིས་རིགས་དྲུག་གི་སེམས་ཅན་ལ་ཐུགས་རྗེས་གཟིགས་པའི་ལེའུ་སྟེ་སོ་བརྒྱད་པའོ༔ ༔དེ་ནས་སློབ་དཔོན་པདྨས་བོད་ཀྱི་ལྷ་སྲས་རྗེ་འབངས་རྣམས་ལ་གསུངས་པ༔ ཀྱཻ་བོད་ཀྱི་ལྷ་སྲས་རྗེ་འབངས་རྣམས་གསོན་ཅིག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པ་ནི༔ ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པས༔ འདི་ལན་གཅིག་བརྗོད་པའི་བསོད་ནམས་ནི༔ གྲངས་ཀྱིས་མི་ཆོད་དོ༔ ཀུ་མུ་དའི་ས་བོན་གཅིག་ལས་གྱེས་པ་བསམ་གྱིས་མི་ཁྱབ་སྟེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་འཕེལ་ཆེའོ༔ ཏིལ་གཅིག་ལ་ཡང་མང་པོ་འཕེལ་ཏེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་འཕེལ་ཆེའོ༔ བ་ཚྭ་ཅན་གྱི་རྒྱ་མཚོ་ལ་ཆུ་བོ་བཞི་ལ་སོགས་པའི་ཆུ་བྲན་གྲངས་ཀྱིས་མི་ལངས་པ་འབབས་ཏེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་འཕེལ་ཆེའོ༔ ཡིད་བཞིན་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང་སྟེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་འཕེལ་ཆེའོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ལོ་བཅུ་གཉིས་ལ་ཆར་པ་བབས་པའི་ཆར་འབྲུའི་གྲངས་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ གླིང་བཞིར་བཏབ་པའི་འབྲུ་ཐམས་ཅད་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ ཕྱིའི་རྒྱ་མཚོའི་ཆུ་ཐམས་ཅད་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ དུད་འགྲོ་སེམས་ཅན་ལུས་ཡོད་དོ་ཅོག་གི་སྤུ་རེ་རེ་ནས་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་དྲུག་པ་འདི་ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པས༔ རྡོ་རྗེ་གནམ་ལྕགས་ཀྱི་རི་བོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལ༔ ཀཱ་ཤི་ཀཱ་ཡི་རས་འཇམ་པོས་བསྐལ་པ་རེ་རེ་ལ་ལན་རེ་ཕྱིས་ཀྱང་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བགྲང་བའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ དབུས་ཀྱི་རི་བོ་མཆོག་རབ་ལ་སྲིན་བུ་མེ་རུ་ཙེས་ཟོས་ཀྱང་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ ཆུ་བོ་གངྒཱའི་བྱེ་མ་ལ༔ བྱིའུ་ཏི་ཏོའི་མཆུས་གཏོར་ནས་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ གླིང་བཞི་རི་རབ་དང་བཅས་པའི་ས་སྐྱི་སེར་རླུང་གིས་གཏོར་ཡང་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་རིང་བསྲེལ་གྱིས་གང་བའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཆོད་རྟེན་བྱས་ཏེ༔ དེ་ལ་མཆོད་པ་རྒྱུན་མི་འཆད་པར་བྱས་པའི་བསོད་ནམས་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ འཇིག་རྟེན་གྱི་ཁམས་ཀྱི་བྱེ་མ་སྙེད་དང་མཉམ་པ་ཐམས་ཅད་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་སུ་གྱུར་པ་ལ༔ དེ་ལ་སྤོས་དང་མར་མེ་དང་བྱུག་པ་དང་ཞབས་བསིལ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྒྱུན་མི་འཆད་པར་བྱས་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་པའི་ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་ཡང་སྙིང་ཡིན་པས༔ ཞག་རེ་ལ་ལན་བརྒྱ་རྩ་བརྒྱད་རེ་བཟླས་ན་ངན་སོང་གསུམ་དུ་མི་སྐྱེ་སྟེ༔ སྐྱེ་བ་ཕྱི་མར་མི་ལུས་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མངོན་པར་མཐོང་བར་འགྱུར་རོ༔ ལན་ཉི་ཤུ་རྩ་གཅིག་རྟག་ཏུ་དག་པར་བཟླས་ན༔ ཡིད་གཞུངས་པར་འགྱུར་རོ༔ ཐོས་པ་འཛིན་པར་འགྱུར་རོ༔ དབྱངས་སྙན་པར་འགྱུར་རོ༔ ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ༔ ཞག་རེ་ལ་ལན་བདུན་བདུན་བཟླས་ན་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ༔ སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ༔ ཚེ་རབས་གང་དང་གང་དུ་སྐྱེས་ཀྱང༔ འཕགས་པ་སྤྱན་རས་གཟིགས་དང་མི་འབྲལ་བར་འགྱུར་རོ༔ མི་གང་དག་ནད་གདོན་གྱིས་གཟིར་བ་ལ༔ འཇིག་རྟེན་གྱི་རྐྱེན་ཟློག་རིམ་གྲོ་ཅི་བྱས་པ་བས་ཀྱང་ཡི་གེ་དྲུག་པའི་བསོད་ནམས་ཀྱིས་བཟློག་པ་ཆེའོ༔ སྨན་དཔྱད་དང་བཅོས་ཀ་ཅི་བྱས་པ་བས་ཀྱང༔ ཡི་གེ་དྲུག་པ་ནད་གདོན་ལ་གཉེན་པོར་ཆེའོ༔ ཡི་གེ་དྲུག་པའི་ཡོན་ཏན་ནི༔ དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་བརྗོད་པར་མི་ནུས་ཚད་ལས་འདས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་འགྲོ་དྲུག་ལ་ཐུགས་རྗེས་རྒྱུན་མི་འཆད་པར་གཟིགས་པའི་ཐུགས་ཀྱི་ཡང་སྙིང་ཡིན་པས༔ སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་བྱེད་པ་ཡིན་ནོ༔ ཕྱི་རབས་རྗེ་འབངས་རྣམས༔ ཡི་དམ་ཐུགས་རྗེ་ཆེན་པོར་ཟུངས་ཤིག༔ སྙིང་པོ་ཡི་གེ་དྲུག་པ་ཟློས་ཤིག༔ ངན་སོང་དུ་འགྲོ་བའི་དོགས་པ་མེད་དོ༔ བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས༔ དད་གུས་མོས་པའི་སྒོ་ནས་གསོལ་བ་ཐོབ་ཅིག༔ བྱིན་རླབས་དངོས་གྲུབ་འབྱུང་གི༔ ཡིད་གཉིས་དང་ཐེ་ཚོམ་མ་བྱེད་ཅིག༔ ཆོས་འདི་ལས་ཟབ་པ་དང༔ མྱུར་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གསུངས་ཏེ༔ པདྨ་འབྱུང་གནས་བདག་གིས་མི་ཤེས་སོ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སློབ་མ་རྗེ་འབངས་ཀུན་གྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ བོད་ཀྱི་རྗེ་འབངས་ཐམས་ཅད་རབ་ཏུ་དགའ་ནས༔ ཕྱག་གྱང་འགྱེལ་བ་ལྟར་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་ཕན་ཡོན་བཤད་པའི་ལེའུ་སྟེ་སོ་དགུ་པའོ༔ ༔དེ་ནས་སློབ་དཔོན་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པ་ལ༔ བོད་ཀྱི་རྗེ་འབངས་སློབ་མ་རྣམས་ཀྱིས་མང་ཡུལ་གྱི་ལ་ཁར་སྐྱེལ་ཐུང་བྱས་ནས༔ ཕྱག་འཚལ་བའི་དུས་སུ༔ སློབ་དཔོན་ཉི་མའི་ཟེར་ལ་ཆིབས་ནས་མགུར་གསུངས་པ༔ རྗེ་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ བདག་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ འཛམ་གླིང་འཇིག་རྟེན་འདི་རུ་ཕྱིན༔ བསྡུ་བ་རྣམ་བཞིའི་ཕྲིན་ལས་ཀྱིས༔ གདུལ་བྱ་སྨིན་གྲོལ་རྫོགས་པར་བྱས༔ ད་ནི་རྒྱ་གར་ཡུལ་དུ་འགྲོ༔ འགྲོ་བའི་འགྲོ་ལུགས་འདི་ལྟར་ལགས༔ ང་སྨྲ་བསམ་བརྗོད་འདས་ཀྱི་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་ཐང་ལ་འགྲོ༔ ལྟ་བའི་ཐང་ལ་འགྲོ་ཙ་ན༔ སྣང་སྲིད་ཆོས་སྐུར་འཁྱེར་ནས་འགྲོ༔ ང་སྣང་སྟོང་འོད་གསལ་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་ཐང་ལ་འགྲོ༔ སྒོམ་པའི་ཐང་ལ་འགྲོ་ཙ་ན༔ མཉམ་གཞག་རྗེས་ཐོབ་མེད་པར་འགྲོ༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་ཐང་ལ་འགྲོ༔ སྤྱོད་པའི་ཐང་ལ་འགྲོ་ཙ་ན༔ རོ་སྙོམས་བླང་དོར་མེད་པར་འགྲོ༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་ཐང་ལ་འགྲོ༔ འབྲས་བུའི་ཐང་ལ་འགྲོ་ཙ་ན༔ རེ་དོགས་གཉིས་དང་བྲལ་ནས་འགྲོ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ ང་སྨྲ་བསམ་བརྗོད་བྲལ་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་ལ་ལ་འགྲོ༔ ལྟ་བའི་ལ་ལ་འགྲོ་ཙ་ན༔ ཉིན་མཚན་སྒོམ་དུ་མེད་པར་འགྲོ༔ ང་སྣང་སྟོང་འོད་གསལ་གྱི་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་ལ་ལ་འགྲོ༔ སྒོམ་པའི་ལ་ལ་འགྲོ་ཙ་ན༔ བྱིང་རྒོད་གཉིས་དང་བྲལ་ནས་འགྲོ༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་ལ་ལ་འགྲོ༔ སྤྱོད་པའི་ལ་ལ་ཕྱིན་ཙ་ན༔ ཐམས་ཅད་མཁྱེན་པའི་ས་བོན་འདེབས༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་ལ་ལ་འགྲོ༔ འབྲས་བུའི་ལ་ལ་འགྲོ་ཙ་ན༔ རྟོགས་པ་མངོན་གྱུར་སངས་རྒྱས་ལགས༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ ང་སྨྲ་བསམ་བརྗོད་བྲལ་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་ཐུར་དུ་འགྲོ༔ ལྟ་བའི་ཐུར་དུ་འགྲོ་ཙ་ན༔ ཆོས་ཉིད་སྐྱེ་མེད་ཀྱི་ངང་ལ་གནས༔ ང་སྣང་བ་འོད་གསལ་གྱི་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་ཐུར་དུ་འགྲོ༔ སྒོམ་པའི་ཐུར་དུ་འགྲོ་ཙ་ན༔ སྒོམ་མེད་ཡེངས་མེད་ཀྱི་ངང་ལ་གནས༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་ཐུར་དུ་འགྲོ༔ སྤྱོད་པའི་ཐུར་དུ་འགྲོ་ཙ་ན༔ བདེར་གཤེགས་བཀའ་ལུང་བཞིན་དུ་བྱེད༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་ཐུར་དུ་འགྲོ༔ འབྲས་བུའི་ཐུར་དུ་འགྲོ་ཙ་ན༔ རང་རྒྱུད་དག་པའི་སངས་རྒྱས་ལགས༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ ང་སྨྲ་བསམ་བརྗོད་འདས་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་གནས་སུ་འགྲོ༔ ལྟ་བའི་གནས་སུ་ཕྱིན་ཙ་ན༔ འཁོར་བ་མྱང་འདས་ཀྱི་རང་བཞིན་ལགས༔ ང་སྣང་སྟོང་འོད་གསལ་གྱི་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་གནས་སུ་འགྲོ༔ སྒོམ་པའི་གནས་སུ་ཕྱིན་ཙ་ན༔ རྣམ་རྟོག་ཡེ་ཤེས་ཀྱི་རང་བཞིན་ལགས༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་གནས་སུ་འགྲོ༔ སྤྱོད་པའི་གནས་སུ་ཕྱིན་ཙ་ན༔ སྣང་སྲིད་དཀྱིལ་འཁོར་གྱི་རང་བཞིན་ལགས༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་གནས་སུ་འགྲོ༔ འབྲས་བུའི་གནས་སུ་ཕྱིན་ཙ་ན༔ ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ལགས༔ ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ༔ སྲིན་པོའི་ཡུལ་དུ་ཕྱིན་ཙ་ན༔ མཐུ་དང་རྫུ་འཕྲུལ་སྟོན་པ་ལགས༔ ང་འགྲོ་སྲིན་པོ་འདུལ་དུ་འགྲོ༔ ཐམས་ཅད་བདེ་ལ་བཀོད་དུ་འགྲོ༔ སྲིན་པོ་ཆོས་ལ་འཛུད་དུ་འགྲོ༔ བོད་ཀྱི་མངའ་བདག་འཁོར་སློབ་རྣམས༔ ཡུན་དུ་སྐུ་ཁམས་ཅི་བདེར་བཞུགས༔ ང་སྐྱེ་མེད་འཆི་མེད་ཀྱི་སྐུ་ཐོབ་པས༔ མི་བདེ་བ་ཡི་སྡུག་བསྔལ་མེད༔ སྙིང་རྗེ་ལ་རྒྱུན་ཆད་མེད་པ་ཡིས༔ ཁྱེད་དད་གུས་མོས་པས་གསོལ་བ་ཐོབ༔ ང་དང་ཡང་ཡང་དུ་མཇལ་སྟེ་མཆི༔ དེ་འདྲའི་དགོངས་པ་རྟོགས་ཙམ་ན༔ འཁོར་བ་སྤང་དུ་མེད་པ་ཡིན༔ མྱང་འདས་བསྒྲུབ་ཏུ་མེད་པ་ཡིན༔ འཁོར་འདས་དབྱེར་མེད་ཆོས་ཀྱི་སྐུ༔ སངས་རྒྱས་དགོངས་པ་དེ་ལ་ཟེར༔ དོན་རྟོགས་པར་གྱིས་ཤིག་སྐལ་ལྡན་ཀུན༔ སློབ་དཔོན་གྱིས་དེ་སྐད་གསུངས་པས༔ རྗེ་འབངས་ཐམས་ཅད་མ་དགའ་ནས་མཆི་མ་ཕྱུང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་ཕྱག་ལན་དུ་མགུར་གསུངས་པའི་ལེའུ་སྟེ་བཞི་བཅུ་པའོ༔ ༔དེ་ནས་རྗེ་འབངས་རྣམས་ཕྱག་དང་བསྐོར་བ་བྱས་ནས༔ ངེད་ཀྱང་ཕྱག་ཕྱིར་འགྲོ་བར་ཞུ་ཞེས་ཞུས་པས༔ སློབ་དཔོན་གྱིས་རྗེས་སུ་བཟུང་བའི་མགུར་འདི་གསུངས་སོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ སྐྱབས་གནས་གསུམ་ལ་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ རྩ་བ་གསུམ་ལ་གསོལ་བ་འདེབས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ ཡང་དག་གསུམ་གྱིས་བྱིན་གྱིས་རློབས༔ ཉོན་ཅིག་བོད་ཀྱི་རྗེ་འབངས་རྣམས༔ ཆོས་དཔེ་དོན་མཚོན་པའི་གླུ་ཞིག་ལེན༔ བྱ་རྒོད་པོ་གནམ་འཕང་གཅོད་པ་དེ༔ འདོད་པའི་དབང་གིས་གཟན་ལ་འབབས༔ སྙི་ལ་ཟིན་པ་མ་ཚོར་རམ༔ སེང་དཀར་མོ་གངས་ལ་འགྱིང་བ་དེ༔ འདོད་པའི་དབང་གིས་གངས་ཟུར་འགྲིམ༔ བུ་ཡུག་འཚུབས་པ་མ་ཚོར་རམ༔ ལྷོ་ཙནྡན་ནགས་ཀྱི་རི་བཀྲ་དེ༔ འདོད་པའི་དབང་གིས་འཕྲང་ལ་འགྲིམ༔ ས་མདའ་ཕོགས་པ་མ་ཚོར་རམ༔ ཉ་མོ་ཆབ་ལ་འཕྱོ་བ་དེ༔ འདོད་པའི་དབང་གིས་གཟན་ལ་སྡོང༔ རྒྱ་ལ་ཟིན་པ་མ་ཚོར་རམ༔ རང་སེམས་ཡེ་ནས་སངས་རྒྱས་ལ༔ འདོད་པའི་དབང་གིས་གཞན་ལ་བཙལ༔ འཁོར་བར་འཁྱམས་པ་མ་ཚོར་རམ༔ མི་ལུས་རིན་ཆེན་ཐོབ་དུས་འདིར༔ འཇིག་རྟེན་ལས་ལ་ཡེངས་ཡེངས་ནས༔ མི་ཚེ་ཟད་པ་མ་ཚོར་རམ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ མི་མང་པོའི་འདུ་འཛི་བྱུང་ཙ་ན༔ རང་ལུས་དགོན་པའི་གདམས་ངག་བདོག༔ སེམས་གཡེང་བ་སྤོང་ན་ང་ཕྱིར་འདོངས༔ ཤེས་པ་ཕྱི་རུ་ཤོར་ཙ་ན༔ སྣང་བ་ལམ་ཁྱེར་གྱི་གདམས་ངག་བདོག༔ ཕྱི་སྣང་ཞེན་སྤོང་ན་ང་ཕྱིར་འདོངས༔ ནང་དྲན་པ་སྣ་ཚོགས་སྐྱེས་ཙ་ན༔ སྤྲུལ་སྐུ་ཐུག་ཕྲད་ཀྱི་གདམས་ངག་བདོག༔ སེམས་རྣམ་རྟོག་སྤོང་ན་ང་ཕྱིར་འདོངས༔ སྒོམ་བྱིང་རྒོད་རྨུགས་པ་བྱུང་ཙ་ན༔ གསེར་འགྱུར་རྩི་ཡི་གདམས་ངག་བདོག༔ སྒོམ་ནུས་པ་ཡོད་ན་ང་ཕྱིར་འདོངས༔ མཉམ་གཞག་རྗེས་ཐོབ་བྱུང་ཙ་ན༔ མུན་སྣང་མར་མེའི་གདམས་ངག་བདོག༔ ཉམས་ཏིང་འཛིན་སྐྱེད་ན་ང་ཕྱིར་འདོངས༔ ལུས་ལ་ཞེན་པ་བྱུང་ཙ་ན༔ མགྲོན་ཁང་ཞེན་མེད་ཀྱི་གདམས་ངག་བདོག༔ ཕ་ཡུལ་སྤོང་ན་ང་ཕྱིར་འདོངས༔ གཞན་ལུས་ཕྱག་རྒྱ་བསྟེན་ཙ་ན༔ ཕོ་ཉ་ལམ་ཁྱེར་གྱི་གདམས་ངག་བདོག༔ ལམ་ཉེ་བར་འདོད་ན་ང་ཕྱིར་འདོངས༔ རང་ལུས་ཐབས་ལམ་སྒོམ་ཙ་ན༔ བཙན་ཐབས་བདེ་དྲོད་ཀྱི་གདམས་ངག་བདོག༔ དོན་བདེ་སྟོང་སྒོམ་ན་ང་ཕྱིར་འདོངས༔ གཏི་མུག་གཉིད་ཀྱིས་ནོན་ཙ་ན༔ རྨི་ལམ་འོད་གསལ་གྱི་གདམས་ངག་བདོག༔ ཉོན་མོངས་ལམ་དུ་ཁྱེར་ན་ང་ཕྱིར་འདོངས༔ སྨིན་ལམ་གྱི་དབང་བཞི་ནོད་ཙ་ན༔ བུམ་པ་གང་བྱོའི་གདམས་ངག་བདོག༔ རྒྱུད་སྨིན་པར་འདོད་ན་ང་ཕྱིར་འདོངས༔ དབྱིབས་ཀྱི་རྣལ་འབྱོར་སྒོམ་ཙ་ན༔ རང་ལུས་དཀྱིལ་འཁོར་གྱི་གདམས་ངག་བདོག༔ ལམ་བསྐྱེད་རིམ་སྒོམ་ན་ང་ཕྱིར་འདོངས༔ མི་སྐྱེ་བོའི་ཡ་ག་བྱུང་ཙ་ན༔ བྲག་ཆ་སྒྲ་ཡི་གདམས་ངག་བདོག༔ མི་ཁས་འཇིགས་ན་ང་ཕྱིར་འདོངས༔ སྡང་བའི་དགྲ་དང་འཕྲད་ཙ་ན༔ ལེ་ལན་བཟོད་པའི་གདམས་ངག་བདོག༔ ཞེ་སྡང་དགྲ་ལ་འཇིགས་ན་ང་ཕྱིར་འདོངས༔ ཉེ་དུ་གཉེན་གྱིས་གཙེས་ཙ་ན༔ འཁོར་བ་རྩད་གཅོད་ཀྱི་གདམས་ངག་བདོག༔ ཉེ་དུ་གཉེན་ལ་མ་ཆགས་ན་ང་ཕྱིར་འདོངས༔ བུ་སློབ་ཡོན་བདག་གིས་གཅེས་ཙ་ན༔ ཞེན་ཆགས་རང་གྲོལ་གྱི་གདམས་ངག་བདོག༔ བུ་སློབ་ཡོན་བདག་ལ་མ་ཆགས་ན་ང་ཕྱིར་འདོངས༔ ཕྱི་འདོད་ཡོན་ལྔ་ལ་ཞེན་ཙ་ན༔ སྐྱར་མོ་ཉ་ཁྱེར་གྱི་གདམས་ངག་བདོག༔ འཇིག་རྟེན་བྱ་བ་ལ་མ་ཆགས་ན་ང་ཕྱིར་འདོངས༔ ལུས་འབྱུང་བཞིའི་ནད་ཀྱིས་ཉེན་ཙ་ན༔ སྒྱུ་ལུས་རོ་སྙོམས་ཀྱི་གདམས་ངག་བདོག༔ ལུས་ན་ཚས་འཇིགས་ན་ང་ཕྱིར་འདོངས༔ འཆི་ཁར་གནད་གཅོད་བྱུང་ཙ་ན༔ རིག་པ་རྟེན་མེད་ཀྱི་གདམས་ངག་བདོག༔ བར་དོས་འཇིགས་ན་ང་ཕྱིར་འདོངས༔ འཁོར་བའི་སྐྱེ་རྒྱུན་མ་ཆོད་ན༔ འགྲོ་དྲུག་སྒོ་འགེགས་ཀྱི་གདམས་ངག་བདོག༔ རིགས་དྲུག་གཡང་ས་གཅོད་ན་ང་ཕྱིར་འདོངས༔ དགོངས་སམ་རྗེ་འབངས་བུ་སློབ་རྣམས༔ དད་པ་གཏིང་ནས་མ་སྐྱེས་ན༔ ངེས་ཤེས་ཡེ་ཤེས་མི་འཆར་རོ༔ ངེས་ཤེས་ཡེ་ཤེས་མ་སྐྱེས་ན༔ བླ་མའི་གདམས་ངག་མི་འཕྲོད་དོ༔ བླ་མའི་གདམས་ངག་མ་འཕྲོད་ན༔ རང་སེམས་སངས་རྒྱས་མི་མཐོང་ངོ༔ དད་དང་མོས་པ་གུས་པ་ཡིས༔ བླ་མའི་གདམས་ངག་ཉམས་སུ་ལོངས༔ ང་སྐྱེ་ཤི་གཉིས་དང་བྲལ་བ་ལགས༔ འགྲོ་དང་མི་འགྲོ་ང་ལ་མེད༔ ཡེ་ཤེས་ཐུགས་རྗེ་རྒྱུན་ཆད་མེད༔ རང་སེམས་ནོར་བུ་རིན་ཆེན་ལ༔ བདེ་སྡུག་གི་རྟོག་པ་ང་ལ་མེད༔ སྤྱི་གཙུག་རྒྱན་དུ་སྒོམ་ནུས་ན༔ ཉེ་བ་དང་རིང་བ་ང་ལ་མེད༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ༔ གདོས་པ་དང་བཅས་པ་ང་ལ་མེད༔ དེ་ལྟར་སེམས་ལ་མོས་གུས་གྱིས༔ ང་རྫུ་འཕྲུལ་སྟོབས་ཀྱིས་འགྲོ་བ་ལ༔ ཁྱེད་གདོས་པ་ཅན་གྱིས་རྗེས་མི་སླེབ༔ རྟག་ཏུ་གསོལ་འདེབས་རེམས་ལ་གྱིས༔ རྒྱུན་ཆད་མེད་པར་མཇལ་བར་མཆིས༔ ཞེས་གསུངས་ཏེ་ཉི་ཟེར་ལ་ཆིབས་ནས་ཡུད་ཀྱིས་ནམ་མཁའ་ལ་འཕུར་ནས༔ ལྷོ་ནུབ་མཚམས་ནས་ཞལ་ཚུར་འགྱུ་ནས༔ བྱམས་པ་ཚད་མེད་ཀྱི་འོད་ཟེར་གྱིས་གདུལ་བྱ་དེ་དག་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་མཛད་ནས༔ ཕྱི་ནང་གི་མཁའ་འགྲོ་མ་སྤྲིན་ལྟ་བུས་མཆོད་པའི་རོལ་མོའི་སྒྲ་དང་བཅས་ནས་ལྷོ་ནུབ་རྔ་ཡབ་གླིང་དུ་གཤེགས་སོ༔ དེ་ནས་བོད་ཀྱི་རྗེ་འབངས་རྣམས་ཚུར་ལོག་པ་ལ༔ སློབ་དཔོན་ཨུ་རྒྱན་ཡུལ་དུ་གཤེགས་པའི་མྱ་ངན་གྱིས་ནོན་ཏེ༔ དཔེར་ན་རྔ་མོང་གིས་རྔེའུ་སྟོར་བའམ༔ མས་བུ་གཅིག་པུ་སྟོར་བ་ལྟར་མྱ་ངན་གྱིས་ནོན་པར་གྱུར་ཏོ༔ དེ་ནས་རྗེ་ལྷ་སྲས་མུ་ཏིག་བཙན་པོས་བློན་འབངས་རྣམས་བསྡུས་ཏེ༔ བཀའ་སྩལ་པ༔ འོ་སྐོལ་གྱི་རྒྱལ་པོ་ནི་དགུང་དུ་གཤེགས༔ སློབ་དཔོན་ནི་སྲིན་པོའི་ཡུལ་དུ་གཤེགས༔ ད་གཞན་ཐབས་མེད་པས་རྗེའི་རྣམ་ཐར་རྒྱལ་སྲིད་གཞུང་ལྟར་བསྐྱང༔ སློབ་དཔོན་གྱི་བཀའ་བཞིན་དུ་རྒྱལ་སྲིད་ཆོས་ཀྱིས་བསྐྱང༔ རྗེ་འབངས་ཐམས་ཅད་ཆོས་གང་ལ་གང་མོས་ཐམས་ཅད་ཉམས་སུ་ལོངས་གསུངས་པས༔ འཁོར་འབངས་རྣམས་ཀྱང༔ རྗེའི་བཀའ་བཞིན་བསྒྲུབས་པ་དང༔ ཐམས་ཅད་ཕྱིར་མི་ལྡོག་པའི་ས་ནོན་ཏེ༔ རིག་པ་འཛིན་པའི་འབྲས་བུ་ཐོབ་པར་གྱུར་ཏོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཏེ༔ ཕྱག་དང་སྐྱེལ་ལེན་དུ་མགུར་གསུངས་པའི་ལེའུ་སྟེ་ཞེ་གཅིག་པའོ༔ ༔སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་འདི༔ མི་བརྗེད་གཟུངས་ཐོབ་ཇོ་མོ་མཚོ་རྒྱལ་གྱིས༔ ཕྱི་རབས་གདུལ་བྱ་དད་པ་སྐྱེད་པ་དང༔ མ་རིག་མུན་སེལ་ཆོས་ཀྱི་སྤྱན་ལྡན་ཕྱིར༔ ཡི་གེར་བཀོད་ནས་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྐྱེས་རབས་ཆེན་མོ་ཆོས་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ༔ ཁྱད་པར་གྱི་གདམས་པ་ཐུན་མོང་མ་ཡིན་པའོ༔ ༔གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ནོར་བུའི་ཕྲེང་བ་ཞེས་བྱ་བ། མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་གདན་དྲངས་པའོ།། །།


སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་བཞུགས་སོ། page 178

༈ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་བཞུགས་སོ། །ཨེ་མ་ཧོ། རྣམ་ཐར་དྲི་མེད་ཡོན་ཏན་ཀུན་རྫོགས་ཤིང་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ཨུ་རྒྱན་པདྨ་བདག་གིས་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཐུབ་དབང་རྒྱལ་པོ་ཤཱཀྱའི་བསྟན་པ་ལ། །མཐའ་ཡས་སྤྲུལ་སྐུ་འགྲོ་བའི་དཔལ་དུ་ཤར། །རྨད་བྱུང་ངོ་མཚར་མཚན་མཆོག་བརྒྱད་དང་ལྡན། །ཨུ་རྒྱན་པདྨ་བདག་གིས་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །སྤྲུལ་སྐུའི་འབྱུང་གནས་རྒྱ་གར་ནུབ་ཕྱོགས་སུ། །ཨུ་རྒྱན་དྲི་མེད་ཀོ་ཤའི་མཚོ་གླིང་དུ། །མདངས་ལྡན་པདྨའི་སྙིང་པོར་བརྫུས་ཏེ་འཁྲུངས། །སྐྱེ་གནས་ཁྱད་འཕགས་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཞིང་ཁམས་ཁྱད་འཕགས་ཨུ་རྒྱན་ཕོ་བྲང་དུ། །ཨིནྡྲ་བོ་དྷིའི་སྲས་ཀྱི་སྐལ་པ་མཛད། །མངའ་རིས་ཐམས་ཅད་བྱང་ཆུབ་ལམ་ལ་བཀོད། །ཆོས་ཀྱི་རྒྱལ་པོ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་ སྐུར་བྱིན་གྱིས་རློབས། །རྒྱལ་སྲིད་སྤངས་ནས་དུར་ཁྲོད་གནས་སུ་གཤེགས། །ཞིང་སྐྱོང་མཁའ་འགྲོའི་ཚོགས་རྣམས་དབང་དུ་བསྡུས། །ཏ་ན་ག་ནའི་སྦྱོར་སྒྲོལ་སྤྱོད་པ་མཛད། །བརྟུལ་ཞུགས་རྨད་བྱུང་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཟ་ཧོར་ཡུལ་བྱོན་ཤཱཀྱའི་དགེ་སློང་མཛད། །ཚུལ་ཁྲིམས་རྣམ་དག་བསླབ་གསུམ་རྒྱན་གྱིས་མཛེས། །ཕ་རོལ་ཕྱིན་པ་བཅུ་ཡི་དོན་དང་ལྡན། །ཐར་པའི་ལམ་སྟོན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འཇམ་དཔལ་བཤེས་གཉེན་ལ་སོགས་བླ་མ་ཡི། །སྤྱན་སྔར་བྱོན་ནས་སྒྲོ་འདོགས་མ་ལུས་བཅད། །ཐུགས་དམ་ཞལ་གཟིགས་མཁྱེན་གཉིས་མངོན་དུ་གྱུར། །ཤེས་རབ་བློ་ལྡན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཡེ་ཤེས་མཁའ་འགྲོ་དགེ་སློང་ཀུན་དགའ་མོས། །ཞལ་དུ་གསོལ་ནས་གསང་བའི་པདྨོར་བཏོན། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། །སྨིན་གྲོལ་མཐར་ཕྱིན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །བླ་མས་ལུང་བསྟན་ཨུ་རྒྱན་ལ་སོགས་པའི། །དུར་ཁྲོད་གནས་སུ་མཁའ་འགྲོས་བྱིན་བརླབས་ནས། །དངོས་གྲུབ་མཆོག་ཐོབ་དགོངས་པ་མངོན་དུ་གྱུར། །མཁའ་འགྲོའི་དབང་ཕྱུག་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཤར་ཕྱོགས་མཱ་ར་ཏི་ཀའི་གནས་མཆོག་ཏུ། །ལྷ་ལྕམ་མནྡཱ་ར་བ་ཡུམ་དང་བཅས། །ཡབ་ཡུམ་གཉིས་མེད་ཚེ་ཡི་དངོས་གྲུབ་ཐོབ། །སྐྱེ་འཆི་གཉིས་སྤངས་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །རྒྱལ་པོའི་ཆད་པས་མེ་ལ་བསྲེགས་པའི་ཚེ། །མཚོ་ཆེན་པདྨ་རྒྱས་པའི་དབུས་ཉིད་དུ། །དངོས་སུ་བཞུགས་པས་ཐམས་ཅད་ངོ་མཚར་སྐྱེས། །རླུང་སེམས་དབང་ཐོབ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཨུ་རྒྱན་མཁའ་འགྲོའི་གླིང་དུ་སྤྱོད་པ་མཛད། །ཆུ་བོ་གྱེན་བཟློག་ཉི་མ་རྟོད་ལ་མནན། །རྫུ་འཕྲུལ་སྟག་ལ་ཆིབས་ནས་ནམ་མཁར་གཤེགས། །གྲུབ་ཐོབ་རྒྱལ་པོ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །བསིལ་བ་ཚལ་དུ་བརྟུལ་ཞུགས་མཛད་པའི་ཚེ། །ཕྱི་ནང་བཀའ་སྲུང་ཐམས་ཅད་དམ་ལ་བཏགས། །འཇིག་རྟེན་དྲེགས་པ་ཀུན་གྱིས་སྲོག་སྙིང་ཕུལ། །མ་རུངས་འདུལ་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ན་ལནྡྲ་རུ་ཆོས་ཀྱི་འཁོར་ལོ་བསྐོར། །བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད་ནས། །ཞི་བདེའི་ལམ་ལ་བཀོད་ནས་ཤཱཀྱ་ཡི། །བསྟན་པ་རྒྱས་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཡང་ལེ་ཤོད་དུ་བདེ་གཤེགས་འདུས་པ་ཡི། །དཀྱིལ་འཁོར་བཞེངས་ནས་སྒྲུབ་པ་མཛད་པའི་ཚེ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཞལ་གཟིགས་ནས། །དངོས་གྲུབ་མཆོག་ཐོབ་ཨུ་རྒྱན་དུས་འདྲིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །མངའ་བདག་རྒྱལ་པོས་བོད་དུ་སྤྱན་དྲངས་ཚེ། །འཇིག་རྟེན་དྲེགས་པ་བཏུལ་ནས་བསམ་ཡས་བཞེངས། །རྒྱུ་འབྲས་ཐེག་ཆེན་ཆོས་ཀྱི་སྒྲོན་མེ་སྤར། །བོད་ཁམས་མུན་སེལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཏི་སྒྲོ་བསྒྲགས་དང་མཆིམས་ཕུ་ལ་སོགས་པར། །མཚོ་རྒྱལ་ཡུམ་དང་གསང་སྤྱོད་མཛད་པའི་ཚེ། །སྙན་བརྒྱུད་སྐུ་གསུང་ཐུགས་ཀྱི་གསང་སྒོ་ཕྱེས། །གདུལ་བྱ་སྨིན་གྲོལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །བོད་ཡུལ་སྒྲུབ་གནས་གཙུག་ལག་ཁང་རྣམས་སུ། །དགོངས་པ་མཛད་ནས་དམ་ཆོས་གཏེར་དུ་སྦས། །སྙིགས་མ་ལྔ་བདོའི་གདུལ་བྱ་སྐྱོང་བར་མཛད། །མ་འོངས་དོན་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ལྔ་བརྒྱའི་དུས་སུ་ཁྱེད་ཀྱི་གཏེར་ཆོས་དང་། །འཕྲད་པའི་སྐྱེས་བུ་གང་ཟག་ལས་ཅན་ལ། །དབང་བསྐུར་ལུང་བསྟན་བྱིན་གྱིས་བརླབ་མཛད་པའི། །དངོས་གྲུབ་མཆོག་སྩོལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཡུལ་དུ་བྱོན། །ཞེ་སྡང་གདོང་དམར་སྲིན་པོའི་ཁ་གནོན་མཛད། །འགྲོ་བའི་དཔལ་མགོན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །གདུལ་བྱ་སྨིན་གྲོལ་མཛད་ནས་མཁའ་སྤྱོད་དུ། །གནས་གསུམ་མཁའ་འགྲོའི་སྤྲིན་གྱི་ཚོགས་དབུས་སུ། །གསང་སྔགས་དཀྱིལ་འཁོར་ཀུན་གྱི་གཙོ་བོར་བཞུགས། །ཧེ་རུ་ཀ་དཔལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །དབང་ཆེན་སྤྲེའུ་ལོ་སྤྲེེལ་ཟླའི་ཚེས་བཅུ་དང་། །དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས། །དད་ལྡན་སྐྱོང་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འགྲོ་མགོན་ཁྱེད་ཀྱི་མཚན་མཆོག་རིན་པོ་ཆེ། །འགྲོ་བ་གང་གིས་མཐོང་ཐོས་དྲན་གྱུར་ཀྱང་། །མི་མཐུན་རྐྱེན་དང་བར་ཆད་ཀུན་ཞི་ནས། །དགོས་འདོད་རེ་སྐོང་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སུ། །ཨུ་རྒྱན་པདྨ་བྱེ་བ་ཕྲག་བརྒྱའི་སྐུ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །འགྲོ་དོན་རྒྱས་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཨུ་རྒྱན་པདྨ་བླ་མའི་སྐུ་གཅིག་ལ། །དུས་གསུམ་སངས་རྒྱས་ཀུན་གྱི་བཀོད་པ་རྫོགས། །རྡོ་རྗེ་འཆང་ཆེན་ངོ་བོ་ཉིད་ཀྱི་སྐུ། །རྒྱལ་སྲས་མཆོག་གཙོ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འགྲོ་བའི་མགོན་པོ་ཨུ་རྒྱན་རིན་པོ་ཆེ། །ཞིང་ཁམས་གནས་མཆོག་གང་ན་བཞུགས་གྱུར་ཀྱང་། །ཐུགས་རྗེ་མྱུར་མྃལྡན་པའི་ལྕགས་ཀྱུ་ཡིས། །བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་རྣམས། །འཁོར་བའི་ཆུ་བོ་ཆེ་ལས་བསྒྲལ་ནས་ཀྱང་། །ཨུ་རྒྱན་མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །ཞེས་པ་འདི་ནི་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའོ།། །།


ཨུ་རྒྱན་རིན་པོ་ཆེའི་རྣམ་ཐར་མཛད་པ་བཅུ་གཅིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། page 184

༈ ཨུ་རྒྱན་རིན་པོ་ཆེའི་རྣམ་ཐར་མཛད་པ་བཅུ་གཅིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ། གདོད་ནས་རྣམ་དག་འོད་གསལ་བདེ་བ་ཅན། །སྣང་བ་མཐའ་ཡས་གང་འདུལ་སྤྲུལ་པའི་སྐུ། །རིག་འཛིན་གཙོ་བོ་པདྨ་འབྱུང་གནས་ཀྱི། །རྣམ་ཐར་མཛད་པ་རྨད་བྱུང་ཐམས་ཅད་ལ། །བློ་དམན་བདག་གིས་གདུང་བའི་ང་རོ་ཡིས། །འགྲོ་བའི་མགོན་ལ་གསོལ་འདེབས་བསྟོད་པར་བགྱི། །ཞིང་མཆོག་པདྨ་སྟོང་ལྡན་བདེ་བ་ཅན། །ཐོག་མའི་རྒྱལ་བ་རིགས་བདག་འོད་དཔག་མེད། །སྤྱན་རས་གཟིགས་ཀྱིས་སྤྲུལ་པའི་དུས་མཁྱེན་ནས། །མི་འགྱུར་ཐུགས་ལས་རྡོ་རྗེ་ཧྲཱིཿཡིས་མཚན། །མདངས་ལྡན་དྲི་མེད་ཀོ་ཥའི་མཚོ་གླིང་དུ། །ལྷུམས་སུ་ཞུགས་པར་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཨུ་རྒྱན་ཡུལ་སོགས་འདུལ་བའི་དུས་མཁྱེན་པས། །པད་སྡོང་མཛེས་ལས་ཡ་མཚན་སྐུ་སྤྲུལ་ནས། །ལྷ་ཡིས་རབ་བསྐུལ་ཨིནྡྲ་བོ་དྷི་ཡི། །རྒྱལ་སྲས་མཛད་ཚུལ་བསྟན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཕོ་བྲང་རིན་ཆེན་གསེར་ཁྲིས་སྤྲས་པའི་སྟེང་། །འོད་ཟེར་སྨན་སོགས་བཙུན་མོ་ལྔ་བརྒྱ་ཡིས། །ལྷ་བཞིན་མཆོད་ཀྱང་ཆགས་མེད་དོར་ནས་ནི། །ལྡོམ་བུའི་ཚུལ་མཛད་ཁྱེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བདུད་བློན་བསྒྲལ་ནས་དུར་ཁྲོད་བསིལ་བ་ཡི། །ཚལ་དུ་བྱོན་ནས་མཁའ་འགྲོའི་གཙོ་བོ་མཛད། །སྦྱོར་སྒྲོལ་ལ་སོགས་བརྟུལ་ཞུགས་མཛད་པ་ཡིས། །དངོས་གྲུབ་རྣམ་གཉིས་ཐོབ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཟ་ཧོར་ཡུལ་དུ་ཤཱཀྱ་བོ་དྷི་ཡིས། །རབ་བྱུང་བསྙེན་རྫོགས་ཀུན་དགའ་མོ་ཡི་དྲུང་། །དབང་བཞི་རྫོགས་ནས་སྐུ་བཞིའི་རྟེན་འབྲེལ་བསྒྲིགས། །རྗེས་འཇུག་གཞན་དོན་དགོངས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཟ་ཧོར་རྒྱལ་ཁམས་འདུལ་བའི་དུས་མཁྱེན་ནས། །མཱ་ར་ཏི་ཀར་ལྷ་ལྕམ་མནྡཱར། །ཚེ་ལམ་བསྟེན་ནས་འཆི་མེད་རིག་འཛིན་བརྙེས། །འཕྲིན་ལས་རྣམ་བཞི་བརྙེས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །རྒྱལ་པོས་བཀའ་ཕབ་མེ་ཡིས་བཞུས་ལ་བརྟེན། །གཞན་སྣང་འདུལ་ཕྱིར་མཚོ་དཀྱིལ་པདྨའི་སྟེང་། །གཞོན་ནུའི་ཚུལ་མཛད་ཡབ་ཡུམ་གཉིས་མེད་སྦྱོར། །འབྱུང་བའི་གནོད་བྲལ་ཁྱེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། ཁྱེད་ནི་དུས་གསུམ་སངས་རྒྱས་མཛོད་འཛིན་ཀྱང་། །མ་འོངས་དོན་དུ་ཕྱོགས་ཀྱི་སློབ་དཔོན་བརྒྱད། །བསྟེན་པའི་ཚུལ་གྱིས་རབ་འབྱམས་བཀའ་ལུང་གསན། །རིག་འཛིན་གཙོ་བོ་ཁྱེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །གསང་བའི་བདག་དང་མཁའ་འགྲོའི་གཙོ་མོ་ཡིས། །གཏད་རྒྱ་བཀྲོལ་ནས་དུས་ལ་བབས་དགོངས་ཚེ། །ཐེག་པའི་ཡང་རྩེ་བཀའ་བརྒྱད་རྫོགས་ཆེན་གྱིས། །རིག་འཛིན་བརྒྱད་སོགས་སྨིན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཤྲཱི་སིཾ་ཧར་ཨ་ཏི་གསན་ཚུལ་མཛད། །གསང་སྔགས་བཀའ་གཏེར་རྒྱུད་སྡེའི་དགོངས་པ་བཀྲོལ། །མ་འོངས་དོན་དུ་ཟབ་མོའི་ཉམས་ལེན་དྲིལ། །སྟོན་པ་གཉིས་པར་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཨུ་རྒྱན་ཡུལ་དུ་ཡབ་ཡུམ་བཙུན་མོར་བཅས། །རང་ཡུལ་འདུལ་བའི་དུས་ལ་བབས་དགོངས་ནས། །ཨུ་རྒྱན་ཡུལ་བྱོན་བདུད་བློན་མེས་བསྲེགས་པའི། །ཐབས་ཀྱིས་གཞན་སྣང་འདུལ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །རྡོ་རྗེ་གདན་སོགས་རྒྱ་གར་ཤར་ནུབ་ཏུ། །མུ་སྟེགས་ཚར་བཅད་བསྟན་པའི་རྒྱལ་མཚན་བཙུགས། །རྩོད་མེད་སེང་གེའི་ང་རོས་བདུད་དཔུང་འཇོམས། །ཆོས་འཁོར་བསྐོར་བར་མཛད་ལ་གསོལ་བ་འདེབས༔ །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཡང་ལེ་ཤོད་སོགས་གནས་ཆེན་ཉི་ཤུ་ལྔར། །སྒྲུབ་པའི་ཚུལ་མཛད་བརྟུལ་ཞུགས་སྤྱོད་པའི་ཚེ། །སྣ་ཚོགས་རྫུ་འཕྲུལ་ཐབས་ཀྱིས་འགྲོ་འདུལ་ཞིང་། །བོད་ཡུལ་བྱོན་པར་དགོངས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །སྨོན་ལམ་དབང་གིས་གངས་ཅན་ཡུལ་དུ་བྱོན། །ལྷ་སྲིན་དམ་བཏགས་ས་གཞི་བྱིན་གྱིས་བརླབས། །ཕྱོགས་བཞི་མཚམས་བརྒྱད་གདམས་པའི་གཏེར་གྱིས་བཀང་། །རྒྱལ་པོའི་ཐུགས་དགོངས་རྫོགས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བསམ་ཡས་ས་བཏུལ་བསྟན་པའི་རྒྱལ་མཚན་བཙུགས། །མཐའ་དབུས་གཙུག་ལག་བརྒྱ་དང་རྩ་བརྒྱད་བཞེངས། །བསྟན་པ་མི་ནུབ་མཐའ་རྒྱས་དར་བར་མཛད། །དུས་གསུམ་འགྲན་ཟླ་མེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །མཆིམས་ཕུའི་གཙོར་བྱས་སྒྲུབ་གནས་བརྒྱ་རྩ་བརྒྱད། །ཞབས་བཅགས་བྱིན་བརླབས་སྒྲུབ་པའི་རྐང་བཙུགས་ཤིང་། །མ་འོངས་དོན་དུ་བརྩེ་བའི་ཞལ་ཐེམས་གནང་། །རྗེས་འཇུག་ཐུགས་རྗེས་འཛིན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཡེ་ཤེས་མཚོ་རྒྱལ་གསང་བའི་དགྱེས་སྡེར་བསྟེན། །རིག་འཛིན་བརྒྱད་ལ་བརྒྱུད་པའི་བཀའ་བབས་གཏད། །མུ་ནེ་བཙན་པོའི་ཐུགས་བསྲིངས་ཆོས་སྲིད་བསྐྱངས། །བཀའ་དྲིན་མཉམ་མེད་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །དགུང་ལོ་བརྒྱ་དང་བཅུ་གཅིག་བོད་དུ་བཞུགས། །ཐུགས་གཏེར་ལྔ་དང་ཟབ་གཏེར་ཉེར་ལྔ་དང་། །བླ་གཏེར་བརྒྱ་དང་ཡོངས་སུ་བྱེ་བ་སྦས། །རྗེས་འཇུག་སྐུ་དྲིན་ཅན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་དངོས་འབྱོན་གསུངས། །ཟླ་རེའི་ཚེས་བཅུ་བྱུང་རེས་གསོལ་བ་ཐོབ། །དམ་ཚིག་དབང་གིས་འབྱོན་གསུངས་དབུ་བསྙུང་བཞེས། །ཐུགས་རྗེ་རྒྱུན་ཆད་མེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །འགྲོ་དོན་གདུལ་བྱ་ཐུགས་དགོངས་རྫོགས་པའི་ཚེ། །ང་ནི་རྔ་ཡབ་དཔལ་རིར་འགྲོ་འོ་གསུངས། །གཏེར་སྟོན་ང་སྤྲུལ་གྲངས་མེད་འབྱོན་ལུང་བསྟན། །སྤྲུལ་པ་རྒྱུན་ཆད་མེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བོད་ཡུལ་རྗེ་འབངས་མཁན་སློབ་ཐམས་ཅད་ཀྱིས། །མང་ཡུལ་བར་དུ་སྐུ་ཡི་ཕྱག་ཕྱིར་འབྲངས། །བཤོལ་བས་མ་ཤོལ་ཞལ་ཐེམས་ལུང་བསྟན་གསུངས། །བརྩེ་བའི་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བློ་སྤྲོ་མཛད་ཅིང་མཁའ་ལ་བྱ་བཞིན་འཕུར། །རྔ་ཡབ་གླིང་ནས་མཁའ་འགྲོའི་བསུ་བ་སླེབས། །ཞག་བདུན་བར་དུ་འོད་གསལ་སྣང་བ་བསྟན། །སྐུ་དྲིན་མཉམ་མེད་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཨེ་མ་ཀྱེ་མ་འགྲོ་མགོན་ཐོད་ཕྲེང་རྩལ། །འདི་ཕྱིའི་རེ་ལྟོས་འགྲོ་མགོན་ཁྱེད་ཤེས་ན། །གསོལ་འདེབས་མཆོད་བསྟོད་དྲན་པ་ཙམ་གྱིས་ཀྱང་། །བདག་སོགས་འགྲོ་འདུག་གང་གི་དུས་ཀུན་ཏུ། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པ་རུ། །ཚེ་འདིར་བཟུང་ནས་ཕྱི་མ་རྔ་ཡབ་ཏུ། །གུ་རུ་ཁྱེད་དང་འདུ་འབྲལ་མེད་པར་ཤོག །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བདག་སོགས་དགེ་བ་དྲི་མེད་རྒྱ་ཆེན་དེས། །གུ་རུ་རྗེ་དང་ནམ་ཡང་མི་འབྲལ་ཞིང་། །སྐུ་གསུམ་ཡོངས་རྫོགས་བླ་མའི་ས་ཐོབ་ཤོག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །ཨུ་རྒྱན་རིན་པོ་ཆེའི་རྣམ་ཐར་མཛད་པ་བཅུ་གཅིག་ལ་བསྟོད་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ། གཏེར་སྟོན་རཏྣ་གླིང་པས་ཤར་གངས་རིའི་མགུལ་པ་ཆོས་རྫོང་གི་གནས་སུ། ལུག་ལོ་ཆོ་འཕྲུལ་ཟླ་བའི་བཅོ་ལྔ་ལ་སྦྱར་པ་ལེགས་སོ།། ༈ ཨོཾ་སྭསྟི། མཚོ་སྐྱེས་རྡོ་རྗེ་འཆང་གི་རྣམ་པར་ཐར། །མཁའ་དང་རྒྱ་མཚོའི་མཇིངས་ལས་བྱིས་བློ་ཡི། །ཡུལ་གྱུར་སྟོང་ཕྲག་སྙེད་ནང་རྡོ་རྗེའི་ཚིག །འགྱུར་མེད་ཕ་ལམ་བཞིན་དུ་ཁྱད་འཕགས་པ། །འཁྲུལ་མེད་ཟབ་གཏེར་སྒོ་འབྱེད་བརྒྱ་སྟོང་གི །འཁོར་ལོས་སྒྱུར་བ་ཉང་རལ་ཐུགས་ཀྱི་ནོར། །འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་བརྩེ་བ་ཆེ། །དགེ་སློང་ཕན་བདེ་ཟུང་གིས་གཞན་ཕན་ཕྱིར། །འཛད་མེད་རིན་ཆེན་ཆོས་ཆར་འབེབས་པའི་སྤར་། །རྫོགས་ལྡན་སྤྲིན་གྱི་བླ་རེ་བྲེས་འདི་ཉིད། །མཐོང་ཐོས་དྲན་པས་འབྲེལ་ཀུན་ཨོ་རྒྱན་རྗེའི། །རྣམ་ཐར་ནམ་མཁའི་མཛོད་ལ་དབང་ཐོབ་ཤོག །ཅེས་པའང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྤར་བྱང་སྨོན་ཚིག་ཏུ་བྲིས་པ་སིདྡྷི་ར་སྟུ། །མངྒ་ལཾ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).