Terdzo-HAA-006

From Rinchen Terdzö
Revision as of 11:01, 25 October 2018 by Mort (talk | contribs)

གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་

gter chen mchog gyur gling pa'i thun mong phyi yi rnam thar bkra shis skye ba lnga pa'i dbyangs snyan

by  པདྨ་ཡེ་ཤེས་ (Pema Yeshe)
Volume 65 (ཧཱ་) / Pages 361-428 / Folios 1a1 to 34b5

[edit]

༄༅། །གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ། ༄༅། །བཻམུཀྟྱཱཀཱཤཱཙྪམིཏསུཏལཾཛྙཱནསུརྻཔྲབྲྀདྡྷཾ། ལོཀཱཤེཥེཔྲྀཏྤྲཎཡབིཥམེཀཱརུཎཾརསྨིམུཀྟཾ། ༄༅། །རྣམ་གྲོལ་ཞི་བ་ནམ་མཁའི་དབྱིངས་ལས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་རྒྱས། །འཇིག་རྟེན་ཀུན་ཏུ་ཐུགས་རྗེའི་འོད་ཟེར་མོས་པའི་ཡུལ་དང་འཚམ་པར་འཇུག །

༄༅། །ཨཛྙཱནཱནྟདྡྷསམཏུབཧིཏདྭིཛྙཱདྷཱཿཔདྨཕུལླཾ། ཤྲཱིམཾབཛྲདྷྀགྤདྨཔདིནམཿསརྦབུདྡྷསྭབྷཱབཿ ༄༅། །བདག་ལྟའི་མུན་པ་ཅིག་ཅར་བསལ་ཞིང་མཁྱེན་གཉིས་བློ་ཡི་པདྨོ་བྱེ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་དབང་དཔལ་ལྡན་པདྨའི་ཞབས་ལ་འདུད། ། ༄༅། །སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲྀཏྟཱ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་ལ་རྣམ་གྲངས་སྤྱིར་༩༦༢༡༤༤ཡོད་པ་ལས་བྱེ་བྲག་ཨུཏྟཱིཥྛ་༣༧༨༦༧ནས་ཟིན་པ་མེ་ཏོག་གཡོ་བའི་ཁྲི་ཤིང་གི་པྲསྟ་རས་བརྒྱན་པའོ། ། རབ་འབྱམས་ཕྱོགས་དུས་ཞིང་བཞུགས་རྒྱལ་བ་ཡི། །གསང་གསུམ་ཡོན་ཏན་ཕྲིན་ལས་གཅིག་བསྡུས་པ། །སངས་རྒྱས་གཉིས་པའི་རྒྱལ་ཚབ་གཏེར་ཆེན་རྗེ། །མཆོག་གྱུར་གླིང་པའི་ཞབས་ལ་གུས་ཕྱག་འཚལ། །སྔོན་སྨོན་བཙན་པོས་ཡབ་སྲས་བླ་སློབ་འབྲེལ། །ཐུགས་བསྐྱེད་བཙན་པོས་སྙིགས་མཐར་མདུན་ཞལ་རྒྱས། །ལས་སྐལ་བཙན་པོས་གནས་དུས་རྟེན་འབྲེལ་འཛོམས། །འཇམ་མགོན་གཏེར་ཆེན་རྣམ་གཉིས་ཕྱག་གི་ཡུལ། །གང་གི་ཐུགས་བསྐྱེད་སྨོན་ལམ་མཐུ་བཙན་པས། །རྩ་བའི་ཆོས་བདག་བཅུ་སོགས་ཟབ་གཏེར་མཛོད། །མཆོག་བསྟན་འཛིན་སྐྱོང་སྤེལ་ལ་དབང་བརྙེས་པའི། །ལས་ཅན་བརྒྱུད་འཛིན་ཡོངས་ལའང་གཅིག་ཏུ་གུས། །རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པར། །ཚད་དང་རིས་སུ་གཅད་པར་མི་དཔོག་ཀྱང་། །ཚུར་མཐོང་གདུལ་བྱའི་སྣང་ངོར་ཐུན་མོང་གི། །མཛད་འཕྲིན་རྣམ་ཐར་གང་དཔོག་འགོད་ལ་སྤྲོ། །དེའང་བགྲང་ཡས་བསྐལ་པ་རྒྱ་མཚོར་སེམས་ཅན་གྱི་དོན་ལ་སྐུ་གསུམ་གྱི་རོལ་གར་བསམ་གྱིས་མི་ཁྱབ་པས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ་རྟག་ཁྱབ་ལྷུན་གྲུབ་ཏུ་འཇུག་པའི། རྒྱལ་དབང་པདྨཱཀ་རའི་རྒྱལ་ཚབ་མཁས་གྲུབ་ཆེན་པོ་ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་ཚད་མ་གསུམ་གྱིས་གྲུབ་ཅིང་། སྐྱེས་བུ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པའི་མེ་ཏོག་ཕྱོགས་དུས་ཞིང་ཁམས་ཀུན་ཏུ་ཁྱབ་པར་འཐོར་བས་དབུ་འཕང་མངོན་པར་མཛེས་པ། སྤྲུལ་པའི་གཏེར་སྟོན་ཆེན་པོ་༧མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱི་ཕྱི་ནང་གསང་བ་དེ་ཁོ་ཉིད་ཀྱི་རྣམ་པར་ཐར་པ་ཟབ་ཅིང་རྒྱ་ཆེ་བའི་ཏིང་ངེ་འཛིན་ཇི་བཞིན་དཔོག་པ་ནི། ཐམས་ཅད་མཁྱེན་གཟིགས་འཕགས་པའི་ས་ལ་བཞུགས་པ་མ་གཏོགས། སོ་སྐྱེའི་བློ་རྟོག་གིས་ནམ་མཁའ་འདོམ་འཇལ་ལྟ་བུ་གཞལ་བྱའི་མཐའ་མ་མཆིས་ཤིང་སངས་རྒྱས་སྐུ་ལ་བྱིས་པས་སོར་འཇལ་ལྟ་བུས་ཚད་གཟུང་རུང་བ་མ་ཡིན་མོད། ཅུང་ཟད་ཙམ་ཞིག་ཐུན་མོང་གི་སྤྱོད་ཡུལ་ཟབ་མོའི་གནས་གཏེར་གྱི་སྒོ་འཕར་འབྱེད་ཚུལ་སོགས་བསམ་ཤེས་རྣམས་ཀྱི་ཆུ་བུར་མིག་གིས་མཐོང་ཚུལ་རྒྱུ་མཚན་དུ་བྱས་ཏེ། གཙོ་བོར་ཕྱི་ཡི་རྣམ་ཐར་དང་འབྲེལ་བར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་གྱི་ཚིག་དོན་རྒྱས་བསྡུས་འཚམ་པར་བཀྲོལ་བ་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་དུ་འབོད་པ་འདི་ཉིད་འཆད་པ་ལ་དོན་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལའང་གཉིས། རྣམ་ཐར་གྱི་སྒྲ་དོན་དང་། མིང་འདོག་པའི་རྒྱུ་མཚན་སྨྲོས་པའོ། །དང་པོ་ནི། རྣམ་ཐར་ཞེས་པའི་དོན་བི་མོཀྵའི་སྒྲ་ལས་དྲངས་ན། ཉེ་བསྒྱུར་བི་སྔོན་མའི་མུཙྪལླ་གྲོལ་བ་ལའོ་ཞེས་པའི་བྱིངས་དོན། འཁོར་བ་དང་ངན་སོང་ལས་གྲོལ་བ་ལྟ་བུ་དང་། མེ་ཏོག་རྒྱ་གྲོལ་ནས་ཁ་བྱེ་ཞིང་རྒྱས་པ་ལྟ་བུ་ལ་འཇུག་པས་ན། འདིར་ཕྱི་མའི་དབང་དུ་བྱས་ཏེ་པདྨ་རྣམ་པར་རྒྱས་པ་ལྟར་ལོ་རྒྱུས་གསལ་བར་མཚོན་པའི་དོན་ནོ། །གཞན་དུ་ན་ཐུན་མོང་མ་ཡིན་པའི་སྒྲ་དོན། ཐར་པའི་རྣམ་པ་སྟེ་ཐར་པའི་དྲ་འབག་ཅེས་བརྗོད་དེ། བླ་མ་སྐྱེས་བུ་དམ་པ་ཁྱད་པར་ཅན་གྱི་རྟོགས་པ་བརྗོད་པའི་དབུ་ཞབས་ཀྱི་དོན་མདོར་བསྡུ་ན་ཚོགས་ལམ་ནས་གཟུང་ལམ་ལྔ་ཡོངས་སུ་རྫོགས་པའི་བརྗོད་བྱ་དང་སྦྱར་ནས་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པའོ། །གཉིས་པ་མིང་འདོག་པའི་རྒྱུ་མཚན་ནི། སྐབས་འདིར་བཀྲ་ཤིས་པའི་རྫས་ཀྱི་མཆོག་ཆོས་དུང་གཡས་སུ་འཁྱིལ་པའི་དབྱངས་སྙན་པོའི་གཟུགས་སུ་བཀོད་པ་ལ་རྒྱུ་མཚན་ཡོད་དེ། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་པའི་གཟུགས་སུ་བཀོད་པས། དཔེ་ཅན་དུས་གསུམ་གྱི་རྣམ་ཐར་གསལ་བར་མཚོན་པའི་ཕྱིར་བདེན་པར་གྲུབ་སྟེ། དུང་དཀར་གཡས་འཁྱིལ་ནི། སྐྱེ་བ་ལྔ་བར་མ་ཆད་པར་དུང་གི་གཟུགས་སུ་བཟུང་ནས་དབྱངས་ཀྱི་འགྱུར་བ་སྙན་པོས་ཡིད་ཅན་ཀུན་དགའ་བར་བྱེད་པ་ལྟར། སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་དེ་ཉིད་ཀྱང་སྐུ་སྐྱེ་བ་སྔ་མ་བརྒྱུད་མར་དམ་པའི་སྐྱེས་བུ་ཁོ་ནར་འཁྲུངས་ནས་གདུལ་བྱ་མཐའ་དག་གི་བསམ་པ་ཚིམས་པར་མཛད་པའི་ཕྱིར་བདེན་དོན་གྲུབ་ཅིང་། དུང་དཀར་གཡས་འཁྱིལ་ལ་ཁྱད་པར་འཕགས་པའི་ཆོས་གསུམ་ཡོད་པ་ལྟར། རྗེ་བཙུན་བླ་མ་འདི་ཉིད་ཀྱི་ད་ལྟའི་རྣམ་པར་ཐར་པའང་ཁྱད་འཕགས་གསུམ་དང་ལྡན་པའི་ཕྱིར། དེའང་ཡིན་ཏེ། དུང་དཀར་གཡས་འཁྱིལ་གྱི་མཚན་ཉིད་ཁ་དོག་དཀར་ཞིང་བཀྲ་ཤིས་པའི་རྫས་མཆོག་ཏུ་གྲུབ་པ་ལྟར། རྒྱུ་ཐུགས་བསྐྱེད་ཁྱད་འཕགས་སྙིགས་དུས་ཀྱི་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་གཅིག་ཏུ་དཀར་ཞིང་དགོངས་པ་གང་ལ་གཏད་པའི་དེ་དང་དེར་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་པ་ཐམས་ཅད་འབྱུང་བའི་ཕྱིར་དང་། བྱེད་ལས་སྒྲ་དབྱངས་སྙན་པར་སྒྲོག་པ་ལྟར། ངོ་བོ་ཐུགས་བསྐྱེད་དང་ཕྲིན་ལས་དབྱེར་མི་ཕྱེད་པའི་རྣམ་ཐར་ཁྱད་འཕགས་སྔོན་མེད་ཟབ་གཏེར་གྱི་གསང་བའི་མཛོད་ཆེན་པོ་འཆང་བའི་རྟོགས་པ་བརྗོད་པ་སྐལ་བཟང་གང་གིས་ཐོས་ཀྱང་ཡིད་འཕྲོག་པ་དང་། སྙིགས་དུས་རྒུད་པའི་རིམས་ནད་ཀྱི་གདུང་བ་འཇིལ་བ་དང་། སྲིད་ཞིའི་དགེ་མཚན་འདོད་རྒུར་སྦྱིན་པའི་ཕྱིར་བདེན་དོན་ཡོངས་སུ་གྲུབ་སྟེ། དེ་ལྟ་བུའི་མཚན་ཉིད་དང་རྣམ་པ་དང་བྱེད་ལས་གསུམ་ཀ་ཁྱད་པར་དུ་འཕགས་པའི་ཆོས་དུང་གཡས་སུ་འཁྱིལ་པ་དེ། འབྱུང་འགྱུར་གྱི་ཆར་ཡང་ལྷ་ཀླུ་མིའི་གནས་གང་དུ་སྣང་བ་དེར་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པ་ལྟར། རྒྱུ་དང་། འབྲས་བུ་དང་། ངོ་བོ་གསུམ་ག་ཁྱད་པར་འཕགས་པའི་རྣམ་ཐར་མངའ་བ་རྗེ་བཙུན་བླ་མ་དམ་པས་ཀྱང་། སྐུ་སྐྱེ་བ་ཕྱི་མའི་རྣམ་འཕྲུལ་མཐའ་ཡས་གང་དང་གང་དུ་སྣང་བ་དེ་དང་དེའི་གདུལ་བྱ་མཐའ་དག་ལ་ཕན་པ་དང་བདེ་བའི་བཀྲ་ཤིས་འདོད་རྒུར་སྦྱིན་པའི་ཕྱིར་མཚན་དོན་དང་འབྲེལ་བའོ།། །།གཉིས་པ་གཞུང་དོན་ལ། དྲང་ངེས་ཀྱི་རྣམ་ཐར་མདོར་བསྟན་པས་ངོ་མཚར་བའི་གཏམ་བཅུ་དང་འབྲེལ་བར་རྒྱས་པར་བཤད་པ་སྟེ། དེ་ལ་ཐོག་མར་དགེ་བ་སྐུ་སྐྱེ་བ་སྔ་མའི་རྣམ་ཐར་དང་ངེས་དོན་གནས་ལུགས་ཀྱི་རྣམ་ཐར་མདོ་ཙམ་མཚོན་པ། བར་དུ་དགེ་བ་དྲང་དོན་སྣང་ལུགས་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་སྤྲོས་ཏེ་བཤད་པའོ། །དང་པོ་ནི། སྐུ་སྐྱེ་བ་སྔ་མའི་ཚུལ་ལས་བརྩམས་པའི་སྐྱེས་རབས་ཀྱི་ཕྲེང་བའི་རྩ་བ་ལུང་ལས་བྱུང་བ་དང་ཁ་སྐོང་དག་པའི་གཟིགས་སྣང་དུ་ཤར་པ་ཟུང་དུ་འབྲེལ་བའི་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བ་དང་དེའི་ཟིན་ཐུན་བཻ་ཌཱུརྱའི་མདོ་འཛིན་དང་བཅས་པ་ལས་གསལ་ཞིང་། དྲང་ངེས་ཀྱི་དབྱེ་བའི་ཐུན་མིན་ངེས་དོན་གནས་ལུགས་གཞི་འབྲས་དབྱེར་མི་ཕྱེད་པ་མ་ནོར་བའི་དེ་ཁོ་ན་ཉིད་ཐུགས་རྒྱུད་ལ་བཞུགས་པའི་ཡོན་ཏན་མཚོན་ཕྱིར། གཞུང་རྣམ་ཐར་གསོལ་འདེབས་དབུར། ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་ཤྭ་ལོ་ཀ་གཅིག་གིས་ཐུན་མིན་ངེས་དོན་གནས་ལུགས་ཀྱི་རྣམ་ཐར་བསྡུས་དོན་འགོད་པར་མཛད་པའི་དགོངས་དོན་ནི་དམ་པ་རྣམས་ཀྱི་སྤྱོད་ཡུལ་ལ་སོ་སྐྱེའི་ཐ་སྙད་བློ་རྟོག་གིས་ཁ་ཚོན་གཅོད་པ་འོས་བབ་མ་འབྲེལ་ཞིང་། གཉིས་པ་བར་དུ་དགེ་བ་དྲང་དོན་སྣང་ལུགས་ཀྱི་སྒོ་ནས་དབྱེ་ན་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་ངོ་མཚར་བའི་གཏམ་བཅུ་དང་འབྲེལ་བར་འཆད་པ་སྟེ། དེའང་བཅུ་ནི། རྒྱལ་བའི་མྱུ་གུ་གཞོན་ནུའི་དུས་ཀྱི་ངོ་མཚར་བའི་གཏམ་དང་།༡ ལས་འཕྲོ་བཟང་པོའི་རིགས་ཐོག་མར་སད་པའི་ངོ་མཚར་བའི་གཏམ།༢ ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་འབྲེལ་བས་ཐུགས་རྒྱུད་འབྱོངས་ཚུལ་ངོ་མཚར་བའི་གཏམ།༣ སྐྱེས་ཐོབ་ཀྱི་མཁྱེན་གཉིས་ཀློང་ནས་བརྡོལ་བའི་ངོ་མཚར་བའི་གཏམ།༤ སྦྱོར་བྱུང་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་འབྲེལ་སྒྲུབ་པ་ནན་ཏན་དུ་མཛད་པའི་ངོ་མཚར་བའི་གཏམ།༥ དག་པའི་གཟིགས་སྣང་རབ་འབྱམས་སུ་ཤར་བའི་ཚུལ་ལས་བརྩམས་པའི་ངོ་མཚར་བའི་གཏམ།༦ ཟབ་མོ་གཏེར་གྱི་འཁོར་ལོས་སྒྱུར་བ་ཆེན་པོར་གྲུབ་པ་ངོ་མཚར་བའི་གཏམ།༧ སློབ་ཚོགས་དང་ཆོས་བདག་དམ་པ་རིས་མེད་དུ་བྱུང་ཚུལ་གྱི་ངོ་མཚར་བའི་གཏམ།༨ ཐུན་མོང་དང་མཆོག་གི་བྱ་བ་ལས་ཀྱི་འཁོར་ལོའི་ཕྲིན་ལས་མཁའ་ཁྱབ་ཏུ་རྒྱས་པའི་ངོ་མཚར་བའི་གཏམ།༩ འདི་མཇུག་དོན་དང་འབྲེལ་བར་འཆད།་་་་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་མངོན་དུ་མཛད་པའི་ཚུལ་གྱི་ངོ་མཚར་བའི་གཏམ་༡༠རྣམས་ནི་རྣམ་ཐར་གསོལ་འདེབས་ཀྱི་གཞུང་ལས་འབྱུང་བ་ལྟར་དེ་དག་རྒྱས་པར་གྱུ་རུ་ལུགས་སུ་བཤད་པ་སྤྲོ་ན། ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་སྲས། །སོགས་ཚིག་བཅད་ཀྱིས་བསྟན་པའི་དོན་རིམ་པར་འོག་ནས་གསལ་བ་དང་། བྱེ་བྲག་དུས་གསུམ་དུ་སྦྱར་བའི་དབང་དུ་བྱས་ན་གཞུང་ལས། གདོད་ནས་རབ་ཞིའི་བདུད་རྩི་བརྙེས་གྱུར་ཀྱང་། །སོགས་ཤྭ་ལོ་ཀ་གཅིག་གིས་བསྟན་ཏེ། འདས་དང་མ་འོངས་ད་ལྟ་སྟེ་དུས་གསུམ་དུ་སྐུ་གསུང་ཐུགས་རྫུ་འཕྲུལ་གྱི་བཀོད་པ་ཚད་ལས་འདས་པས་འདུལ་བཞིའི་ཆོ་འཕྲུལ་ཆེན་པོའི་སྒོ་ནས། སྤྱིར་འགྲོ་བའི་དོན་མཛད་པ་སྟེ། འཇིག་རྟེན་གྱི་ཁམས་རྣམས་སུ། དུས་ཅིག་ཅར་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་དང་། བྱང་སེམས་ཉན་རང་པཎ་གྲུབ་རིག་འཛིན། དགེ་སྦྱོང་རྒྱལ་པོ་རྒྱལ་ཕྲན་བློན་པོ། བྲམ་ཟེ་ཁྱིམ་བདག །བྱ་དང་རི་དྭགས་ལ་སོགས་པར་སྤྲུལ་པ་སྐྱེ་བ་སྤྲུལ་པའི་སྐུ་དང་། བཟོ་གནས་བཅོ་བརྒྱད་ལ་སོགས་ཀྱིས་ཕན་པ་སྒྲུབ་པ་བཟོ་སྤྲུལ་པའི་སྐུ་དང་། ནོར་བུ། ཟས། གོས། སྨན། རི་བོ། ལྗོན་ཤིང་། གྲུ་གཟིངས། ཟམ་པ་སོགས་བེམ་པོའི་གཟུགས་སུ་སྤྲུལ་ནས་སེམས་ཅན་རྣམས་ལ་འཕྲལ་ཡུན་གྱི་ཕན་བདེ་སྟེར་བར་མཛད་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་སྐུ་རུ་སྟོན། །ཞེས་གསུངས་པ་ལྟར། འདུལ་བཞིའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པ་དང་། ཁྱད་པར་སྐུ་སྐྱེས་རབས་སྔ་མའི་འཕྲོར། ཐུན་མོང་གི་སྣང་ངོར་ལྗོངས་འདིར་འགྲོ་དོན་མཛད་ཚུལ་ཡང་གཞུང་ལས། ཁྱད་པར་གངས་ཅན་མངའ་བདག་ཁྲི་སྲོང་རྗེའི། །སོགས་ཚིག་བཅད་ཀྱིས་མཚོན་ཏེ། དེའང་། ཁྱད་པར་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་འགྲོའི་དོན་དུ། ཆོས་རྒྱལ་མེས་དབོན་གསུམ་གྱི་བར་མ་རྗེ་བཙུན་འཕགས་པ་འཇམ་དཔལ་མི་གཟུགས་སུ་བྱོན་པའི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་ཀྱི་ཚུལ་བཟུང་བའི། ས་བཅུའི་དབང་ཕྱུག་ལྷ་སྲས་མུ་རུབ་བཙད་པོ་ཉིད་ཡེ་ཤེས་ཀྱི་སྐུར་གྱུར་ཏེ་མཆོག་གི་དངོས་གྲུབ་བརྙེས་ཤིང་། སླར་ཡང་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་སྒྱུ་འཕྲུལ་གར་བརྒྱས་རོལ་ཚུལ་རྒྱས་པར་སྐྱེ་ཕྲེང་ལྟར་དང་། སྐུ་སྐྱེ་བ་འདི་ཉིད་ལ། རྒྱུ་ཐུགས་བསྐྱེད་ཁྱད་འཕགས། འབྲས་བུ་ཕྲིན་ལས་ཁྱད་འཕགས། དབྱེར་མི་ཕྱེད་པ་རྣམ་ཐར་ཁྱད་འཕགས་ཏེ། ཁྱད་འཕགས་གསུམ་དང་ལྡན་ཚུལ་ཡང་གཞུང་ལས། ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །སོགས་ཚིག་བཅད་གཅིག་གི་མཚོན། ཞིབ་པར་སྨྲོས་ན། གཏེར་ཆེན་སངས་རྒྱས་གླིང་པའི་དགོང་འདུས་གཏེར་ལུང་ལས། དེ་ནས་རྒྱ་གར་ཡུལ་གྱི་ཤར་ལྷོ་རུ༔ བུདྡྷའི་མིང་ཅན་སྔགས་ཀྱི་གྲུབ་པ་བརྙེས༔ མི་ལོ་བརྒྱ་དང་ཉེར་ལྔར་འགྲོ་དོན་མཛད༔ ཚེ་འཕོས་བདེ་བ་ཅན་དུ་ལོ་བརྒྱར་གནས༔ པདྨ་འོད་དུ་པདྨ་བདག་གི་དྲུང༔ དམ་པའི་ཆོས་ཉན་བོད་ཁམས་སྐྱོབ་ཕྱིར་དུ༔ ཁམས་ཀྱི་ལྷོ་རྒྱུད་ས་ཁམས་འགྲུ་ཡི་རུས༔ གླང་གི་ལོ་པ་ཟབ་མོའི་གཏེར་ལ་སྤྱོད༔ མཆོག་གྱུར་མིང་ཅན་འགྲོ་དོན་དཔག་མེད་བྱེད༔ ཅེས་དང་། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་ལུང་ལས། ཡར་སྟོད་གྲྭ་ཡི་ལ་བར་དུ༔ རཏྣ་ཨོ་རྒྱན་མཚན་འཆང་བ༔ མཆོག་གཏེར་ཆོས་ལ་ལོངས་སྤྱོད་པ༔ ཆོས་བདག་པདྨའི་ཐུགས་སྤྲུལ་འབྱུང༔ ཞེས་དེ་དང་ཚིག་དོན་མཚུངས་པར་རོང་སྟོན་པདྨ་བདེ་ཆེན་གླིང་པའི་གཏེར་ལུང་ལས་བྱུང་ཞིང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། སེམས་བསྐྱེད་དག་པས་འགྲོ་དོན་སྒྲུབ་ལ་བརྩོན༔ དེ་འདྲའི་གཏེར་བདག་སྐྱེས་མཐའི་སེམས་པ་སྟེ༔ གཏེར་སྟོན་མཆོག་མིང་གྲུབ་ཐོབ་མངོན་གྱུར་གྱིས༔ བཟང་ངན་འབྲེལ་བ་ཐམས་ཅད་དོན་དང་ལྡན༔ གཏན་དུ་འགྲོགས་ན་ཐར་ལམ་སྨྲོས་ཅི་དགོས༔ ཞེས་དང་། ཡང་རཏྣའི་སྤྱི་ལུང་མ་འོངས་ཆོས་བདག་རྣམ་བཅུའི་གྲས་སུའང་། ནོར་བུའི་མིང་ཅན་ཁམས་ཀྱི་ལྷོ་ཕྱོགས་འབྱུང༔ ཞེས་དང་། རྡོར་གླིང་གཏེར་ལུང་ལས། སྔགས་པ་གོས་དཀར་ཞི་བའི་ཚུལ༔ ནོར་བུའི་མིང་ཅན་གཏེར་ལ་སྤྱོད༔ ཅེས་སོགས་དང་། གཞན་ཡང་ཚད་ལྡན་གྱི་གཏེར་ལུང་དུ་མ་ནས་གསལ་བར་བསྟན་པ་གང་ཉིད། དེའང་རྣམ་ཐར་གཞུང་ལས། མདོ་སྟོད་ས་ཡི་ཐིག་ལེར་བསམ་བཞིན་དུ། །སོགས་ཚིགས་སུ་བཅད་པའི་དོན། གནས་ཕུན་སུམ་ཚོགས་པ་མདོ་ཁམས་སྒང་དྲུག་ཕྱུག་གི་ས་ཆ་ལས། གནས་ཆེན་ཡེར་སྟོད་དང་འབྲེལ་བར་སྐྱེས་ལྷ་དགྱེས་ཆེན་བཞིའི་ར་བ་གསང་གཞུང་ས་ཡི་ཐིག་ལེར། རིགས་རུས་སོགས་ཆེ་རྒྱུད་ཕུན་སུམ་ཚོགས་པ་མི་དབང་ནང་ཆེན་ཆིང་ཧུའི་ཆོས་བློན་བོད་རུས་ཆེན་རྣམས་ཀྱི་ཡ་གྱལ་ཨ་ལྕགས་འགྲུ་ཡི་རིགས་རྒྱུད་ལས་གྱེས་པའི་ཡབ། སྐྱེས་སྦྱོར་ནུས་སྟོབས་ཀྱི་ཡོན་ཏན་ཕུལ་ཕྱིན་སྡོམ་པ་སྔགས་འཆང་པདྨ་དབང་ཕྱུག །ཡུམ་བླ་མ་དཀོན་མཆོག་ལ་དད་མོས་ཀྱི་འདུན་པ་འཕོ་འགྱུར་མེད་ཅིང་རང་རྒྱུད་འཇམ་པས་ངན་ཧྲུལ་དམན་པའི་རིགས་ལ་བྱམས་ཤིང་ཟས་སྐོམ་སོགས་གཏོང་བའི་ལག་ཡངས་པ་དང་ལྡན་པ་ནོར་མ་བཟའ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་སྐྱེ་བ་བཞེས་ཤིང་། སྣོད་ལྡན་གྱི་གདུལ་བྱ་འདུལ་བའི་དུས་ཕུན་སུམ་ཚོགས་པར་གཟིགས་ཏེ། ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུ་རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོར། རྟེན་ཕུན་སུམ་ཚོགས་པ་རྡོ་རྗེའི་ལུས་སྐྱོན་མེད་པར་འཇའ་འོད་མེ་ཏོག་གི་ཆར་སོགས་ལྟས་བཟང་པོ་དང་བཅས་ཏེ་སྐུ་འཁྲུངས། རྣམ་ཐར་ཕུན་སུམ་ཚོགས་པ་གཞོན་ནུའི་སྐབས་སུའང་ཕལ་པའི་འདུ་ཤེས་བྱིས་པའི་བསམ་སྤྱོད་ཆལ་ཆོལ་གྱི་ཡུལ་ལས་འདས་ཤིང་། དམ་པའི་སྤྱོད་ཚུལ་བཟང་པོའི་རྣམ་ཐར་གསལ་བར་སད་པ་ལ་བརྟེན་ནས་ཡི་གེ་བྲི་ཀློག་སྦྱང་བརྩོན་གྱི་སྐོར་སོགས་ཚེགས་ཆུང་ངུས་ལེགས་པར་མཁྱེན་ཅིང་བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གསོལ། གཞན་གྱིས་བསྐུལ་བ་པོ་མེད་ཀྱང་ཐུགས་དམ་གྱི་རིམ་པ་མང་དུ་གནང་། གནམ་ཆོས་མི་འགྱུར་རྡོ་རྗེ་ཉིད་འགྲོ་བའི་དོན་དུ་སྤྲུལ་པའི་གཟུགས་སུ་སྣང་བ་ལྷོ་ཀུན་བཟང་མཆོག་སྤྲུལ་མདུན་གཙུག་ཕུད་ཕུལ་བས་མཚན་དཀོན་མཆོག་བསྟན་འཛིན་དུ་བཏགས། ཕྱིས་ཀྱི་བར་ཡོངས་གྲགས་ཀྱི་མཚན་འདི་ཡིན་པ། དཀོན་མཆོག་གི་ལེགས་སྦྱར་རཏྣ་ཞེས་གོང་གི་ལུང་དོན་དང་འབྱོར་བ་ཡིན་ནོ། །དེའང་གཞུང་། བཅུ་གསུམ་བཞེས་ཚེ་ཨོ་རྒྱན་དངོས་སུ་མཇལ། །སོགས་ཤྭ་ལོ་ཀས་མཚོན་ཞིབ་པར། གཏེར་ཆེན་ཉིད་དགུང་གྲངས་བཅུ་གསུམ་བཞེས་སྐབས་ལྕགས་མོ་གླང་གི་ལོའི་དཔྱིད་ཀའི་དུས། བཞུགས་གནས་གཡང་འཁྱིལ་གྱི་ཉེ་ལོགས་མ་ཎི་ཁ་ཞེས་པར་རོལ་རྩེད་དུ་འབྱོན་པའི་སྐབས་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་དངོས་སུ་མདུན་མཁར་བྱོན་ནས། དེ་སྐོར་ས་ཆ་སོགས་ལ་ཅི་མིང་དྲི་བ་ལྟར་མཛད་པ་ལ། སོ་སོར་ཕར་ལན་ཞུས་པར། ས་ལ་མ་ཎི་ཁ། ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨཱརྻ་ནང་ཟེར་བས། ཁྱོད་ལ་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་ལུང་བསྟན་ནས་འཇའ་ལྟར་ཡལ། སྔ་ཕྱིར་ས་གཏེར་གྱི་གཏེར་ཁ་སུམ་བཅུ་རྩ་བདུན་ཙམ་བཞེས་པ། སྤྱིར་འགའ་ཞིག་གསང་རྒྱའི་བབས། ལ་ལ་ཡང་གཏེར་དུ་སྦས་པ་སོགས་ཞིབ་པར་ཅུང་སྨྲོས་དཀའ་བ་ཙམ་སྣང་རུང་། འཇམ་མགོན་བླ་མ་རྣམ་གཉིས་སོགས་དཔོན་སློབ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་གཙོ་ཆེར་མང་ཞིང་དེ་དག་ཞིབ་པར་སྨྲོས་པ། དེ་དང་གོང་སྨྲོས་དགུང་གྲངས་བཅུ་གསུམ་ཐོག་ཟབ་གཏེར་རྗེས་གནང་གི་ལུང་བསྟན་ཐོབ་མཚམས་གཏེར་གནས་བྲག་དཀར་རྫོང་ཆུང་ནས། གཏེར་གྱི་ཐོག་མ། ལྷ་སྲས་ཀྱི་དགོངས་འདུས་བཀའ་རྟགས་རྡོ་རྗེ་མེ་ལོང་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་སོགས་ཐོག་མར་བཞེས། ཕྱིས་མེ་ལོང་བློ་གྲོས་མཐའ་ཡས་མདུན་དང་། རྡོ་རྗེ་ཀུན་གཟིགས་རིན་པོ་ཆེའི་མདུན་ཕུལ། གུ་རུ་དྲག་པོ་ཧཱུྃ་དམར་སྙིང་ཐིག་སོགས་དགོངས་གཏེར་མང་པོ་ཐུགས་ཀྱི་ཀློང་ནས་བརྡོལ། གཞུང་། ཀར་འབྲུག་འབྲི་སྟག་ཡབ་སྲས་གཙོར་གྱུར་པའི། །སོགས་ཤྭ་ལོ་ཀའི་བསྟན་དོན། རྒྱལ་དབང་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེ། སི་ཏུ་པདྨ་དབང་ཆེན། མཁན་ཆེན་བསྟན་པ་རབ་རྒྱས། འཇམ་མགོན་བློ་གྲོས་མཐའ་ཡས། འབྲུག་ཆེན་ཐམས་ཅད་མཁྱེན་པ། འབྲི་གུང་ཆོས་ཉིད་ནོར་བུ། སྟག་ལུང་མ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ་ཡབ་སྲས་གཙོར་གྱུར་པའི་རིས་མེད་ཚད་མའི་སྐྱེས་ཆེན་དུ་མ་བསྟེན་ནས། མཉེས་པ་གསུམ་གྱི་སྒོ་ནས་མདོ་སྔགས་བདུད་རྩིའི་བཅུད་གདམས་མང་པོ་ཐུགས་ཀྱི་དཔལ་བེར་བསྐྱིལ་བ་མདོ་ཙམ་དང་། ཞིབ་པར་ན་གཏེར་ལུང་དང་གསུང་སྒྲོས་མཐུན་པར། ཕྱི་སོ་ཐར་གྱི་སྡོམ་པ་འབོགས་པའི་མཁན་པོ། ནང་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་དགེ་བའི་བཤེས་གཉེན། གསང་བ་རྡོ་རྗེ་ཐེག་པའི་དབང་གིས་ཡེ་ཤེས་སྨིན་པར་མཛད་པའི་རྡོ་རྗེ་སློབ་དཔོན། མཐར་ཐུག་ངེས་དོན་རྫོགས་པ་ཆེན་པོའི་གནས་ལུགས་ངོ་སྤྲོད་པའི་རྩ་བའི་བླ་མ་སྟེ། ཐོག་མར་བཀའ་དྲིན་ཆེ་བའི་ཡོངས་འཛིན་བཞི་ཞེས་གསུངས་པའི་གཙོས་གདམས་ཟབ་གང་ལས་གསན་པའི་སྐོར་དགུང་གྲངས་ཀྱི་དུས་དང་བསྟུན་ནས་རིམ་པར་བཀོད་པ་གོ་བདེ་བས་དེ་ལྟར་ན། གོང་གསལ་དགུང་གྲངས་བཅུ་གསུམ་པར། ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་སྟག་ལུང་མ་རིན་པོ་ཆེ་འདོད་འཇོ་སྤྲུལ་པའི་སྐུ་འདུལ་འཛིན་བྱེ་བའི་ཁྱུ་མཆོག་ངག་དབང་བསྟན་པའི་ཉི་མ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པར་མཛད། ལོ་དེའི་དགུན་ཤེལ་བྲག་མདའ་ནས་ཁ་བྱང་བྱུང་བ་ལྟར། དགུང་གྲངས་བཅུ་བཞི་པར་བསམ་ཡས་མཆོད་རྟེན་དཀར་པོ་ནས་ཟབ་གཏེར་བཞེས་པ་རྟེན་འབྲེལ་གྱི་བབ་ལས་སླར་ཡང་གཏེར་དུ་སྦས་པར་མཛད། ཉི་ཤུ་པ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་བྲག་དཔལ་ཆེན་པོའི་ཞབས་འོག་མི་འགྱུར་བའི་ཕ་བང་སྨུག་པོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གསང་གཏེར་དུ་བཞེས། དགུང་ལོ་ཉེར་གཅིག་པ་ས་མོ་བྱ་ཡི་ལོ་ཁྲུམས་སྟོད་ཟླ་བའི་ཚེས་བཅུའི་ཉིན་གུང་ཙམ་ན། ན་བུན་རྫོང་ནས་པདྨ་གཙུག་ཏོར་དང་མཐོང་གྲོལ་ཆོས་རྒྱལ་གྱི་གདུང་རུས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་སོགས་སྤྱན་དྲངས། དེའང་རྣམ་ཐར་གཞུང་ལས། པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་། །སོགས་ཚིག་བཅད་ཀྱིས་མཚོན། དགུང་གྲངས་ཉེར་ལྔའི་ཐོག །དེའང་། ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་ལུང་བྱང་ལས། དེ་དུས་ཆོས་བདག་ཇི་ལྟར་འབྱུང་བ་ནི༔ གསེར་ལྡན་འབབ་པའི་གཡོན་འགྲམ་དཔལ་རིའི་སྤོར༔ ང་ཡི་གསུང་སྤྲུལ་པདྨ་ཉིན་བྱེད་ཅེས༔ རྒྱལ་བའི་གདུང་འཚོབ་སྒྲུབ་པའི་རྒྱལ་མཚན་བཙུགས༔ དུས་མཐའི་མུན་རུམ་ནང་དུ་སྒྲོན་མེ་བཞིན༔ ལྷ་སྲས་ཉིད་ཀྱིས་ཉེར་ལྔའི་དུས་སུ་མཇལ༔ སྦ་གསང་མེད་པར་བློ་གཏད་དེ་རུ་སྐྱོལ༔ དེ་ནས་མ་བསྒྲིག་ལྷུན་གྲུབ་རྟེན་འབྲེལ་མང༔ ཞེས་གསུངས་པ་ལྟར་རྗེ་ཉིད་ཉེར་ལྔ་བཞེས་པའི་ཆུ་གླང་ཆོ་འཕྲུལ་ཟླ་བར་པདྨ་ཉིན་བྱེད་དབང་པོའི་ཞལ་དངོས་སུ་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ། སྐུ་མདུན་རིན་པོ་ཆེ་ནས་ཀྱང་། སྔ་ཕྱིར་བར་ཆད་སེལ་བ་དང་ཞབས་པད་བརྟན་པའི་རྟེན་འབྲེལ་སྒྲིག །གཏེར་སྒྲུབ་དང་གསང་རྒྱ་སོགས་ཚད་ལྡན་མཐར་ཕྱིན་དགོས་པའི་བསླབ་སྟོན་ནར་མར་བསྩལ། ཕུར་པ་ཕུར་ཁང་ཆེན་མོར་དབལ་མདོས་སྐབས་སྒྲུབ་རྟེན་དུ་གནང་བ་སོགས་ཐུགས་མཐོང་ཆེ་བར་མཛད། དེའི་སྔ་སོར་རྗེ་ཉིད་ཀྱི་ཡང་གཏེར་ཧཱུྃ་དམར་སྙིང་ཏིག་གཟིགས་ལམ་ཕུལ་སྐབས་རྡོར་དྲིལ་རྙིང་མ་ལེགས་པ་དང་གསེར་ཞོ་ལྔ་སོགས་བསྩལ་ནས་གཏེར་སྒྲུབ་ལ་བསྐུལ་བ་དང་། ལོ་དེའི་སྨིན་ཟླའི་ཡར་ཚེས་ལ་གནས་ཆེན་རི་བོ་དབང་ཞུའི་ཉེ་འདབས་སུ་ཕེབས་ནས། རཏྣའི་ཐུགས་སྒྲུབ་ཡང་གསང་བླ་མེད་ཀྱི་སྒྲུབ་ཆེན་སྤྲོས་མེད་ཀུ་སཱ་ལའི་ལུགས་ཀྱིས་སྨིན་པར་མཛད་པས། དེ་སྐབས་དཔོན་སློབ་ཉུང་ངུ་ལས་མེད་པས་རྣམ་གཡེང་ཆུང་ཞིང་སྒྲུབ་པ་གནད་ལ་འགྲོ་བ་དང་། གུ་རུ་རིན་པོ་ཆེའི་ཞལ་མཇལ་བ་སོགས་ཐུགས་ཚིམས་པར་བྱུང་ཞེས་ཀུན་གཟིགས་རིན་པོ་ཆེར་ཞལ་འཕྲོས་མཛད། དགུང་གྲངས་བཅུ་གཉིས་པར་དཔལ་ལྡན་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས། བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང་། ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ཉམས་བཞེས་མཛད་ན་ལེགས་པ་གདམས་ཤིང་དོན་གྱི་གཏེར་རྒྱུད་གཏད་པས་གེགས་སེལ་དངོས་གྲུབ་ཀྱི་རྟགས་མཚན་མཆོག་ཏུ་བརྙེས། གོང་སྨྲོས་དགུང་ལོ་ཉེར་ལྔའི་ཆུ་མོ་གླང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་སུ། གཉག་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་སྡོམ་བརྩོན་བྱང་ཆུབ་སེམས་དཔའ་ཆེན་པོ་མཁན་ཆེན་ཟླ་བཟང་མཆོག་གི་སྤྲུལ་པའི་སྐུ་ངེས་དོན་བསྟན་པ་རབ་རྒྱས་ལས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཆེད་དུ་བཞེས་ཤིང་ལོ་གསུམ་དུ་ཤ་མི་བཞེས་པ་སོགས་དམ་བཅའ་བརྟན་པར་མཛད། བདག་བས་གཞན་གཅེས་ཀྱི་བྱང་ཆུབ་སེམས་མཆོག་རྩོལ་མེད་དུ་འཁྲུངས། ཟླ་བ་དེའི་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་དུས་སུ་རྒྱལ་བས་ལུང་གིས་བསྟན་པའི་ལོ་ཆེན་བཻ་རོའི་རྣམ་འཕྲུལ་འཛམ་གླིང་ཤིང་རྟ་ཆེན་པོ་༧བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་ཕྱུག་རྩལ་ལས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྨིན་དབང་ཆེད་དུ་གསན་པས་བདེ་སྟོང་ཟུང་འཇུག་དོན་གྱི་སྔགས་སྡོམ་མངོན་དུ་མཛད་པ་དང་། གཞུང་། ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང་། །སོགས་ཚིག་བཅད་ཀྱི་དོན་གོང་གསལ་ལོ་དེའི་དབྱུག་པ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་ཐམས་ཅད་མཁྱེན་གཟིགས་༧འཇམ་མགོན་མཁྱེན་བརྩེའི་དབང་པོའི་ཞལ་ཐོག་མར་མཇལ། ཆོས་རྒྱལ་ཁྲི་སྲོང་ནས་བཟུང་སྐྱེ་ཕྲེང་བདུན་དུ་ཡབ་སྲས་འབྲེལ་བའི་ལས་ཀྱི་འཕྲོ་གསལ་བར་སད་ནས་སྔོན་གྱི་གནས་རྣམས་རྗེས་སུ་དྲན་པའི་ངོ་མཚར་དུ་མ་དང་། བར་ཆད་སེལ་བའི་ཆེད་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་དབང་བསྐུར་གྱིས་དགུང་སྐེག་སེལ་བའི་རྟགས་མཚན་བཟང་པོའི་ཐོག་དྲངས། སེམས་ཀློང་མན་ངག་སྡེ་གསུམ་གཙོ་བོར་གྱུར་པའི་བཀའ་གཏེར་དག་སྣང་བླ་རྫོགས་ཐུགས་གསུམ་གྱི་སྐོར་སོགས་རྒྱ་ཆེར་གསན། ཐུགས་ཡིད་གཅིག་ཏུ་འདྲེས། ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་དང་། བར་ཆད་ཀུན་སེལ་མ་བུ་ཟུང་དུ་བསྡེབས་ནས་ཆོས་མཛོད་ཆེན་མོའི་ཟབ་གསང་ཐོག་མར་དབྱེ་བར་མཛད་པ་ནས་བརྩམས། ཟབ་མོའི་གཏེར་དང་། གནས་དང་། ཉམས་རྟོགས་སོགས་ངོ་མཚར་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་འབྱེད་པར་མཛད་པ་སྟེ། དེའང་། རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་གཏེར་ཁ་རྣམས༔ མི་གཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོ་ཤིན་ཏུ་གསལ་བས་ཡིད་ཆེས་བརྟན་པའི་གནས་སུ་གྱུར། དེ་ནས་དགུང་ལོ་ཉེར་དྲུག་པ་ཤིང་ཕོ་སྟག་གི་མགོ་ཟླ་བའི་ནང་ཀུན་གཟིགས་རིན་པོ་ཆེའི་མདུན་ཆེད་དུ་བྱོན་ནས་ཟླ་གཅིག་ལྷག་ཙམ་བཞུགས། དབང་ཆོས་མང་པོ་དང་། བྱེ་བྲག་རྫོགས་པ་ཆེན་པོ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ཁྲིད་ལུང་གསུམ་སྨིན་པར་གསན་པས། སྤྲོས་མེད་དབང་གི་ཡེ་ཤེས་དབབ་པའི་དུས། བླ་མ་ཉིད་བི་མ་ལར་དངོས་སུ་སྣང་བའི་སྤྱི་བོར་མཁའ་འགྲོ་མས་རྨ་བྱའི་གདུགས་གཟུང་བ་དང་མཁའ་འགྲོའི་ཚོགས་མང་པོས་གཡོན་བསྐོར་དུ་བྱེད་པ་གཟིགས། རྗེས་ངོ་སྤྲོད་དུས་རིག་པ་རྗེན་པར་ངོ་འཕྲོད་གསུངས། དབང་ཁྲིད་ཚར་རྗེས་བཀའ་གཏད་པའི་ཚུལ་གྱིས་སྔགས་སྲུང་མའི་སྲོག་དབང་ཕུལ་སྐབས་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས་ཤིང་ས་གཡོ་བ་ལྟ་བུའི་ཟིལ་ཆེ་བ་བྱུང་། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་རྫོགས་ཆེན་སྡེ་གསུམ་གྱི་ཟབ་གཏེར་ཐོན་པའི་སྔ་ལྟས་སུ་སྣང་བར་གསུངས། ཁྱད་པར་གཞུང་ལས། སྐྱེ་བས་ཐོབ་པའི་དྲི་མེད་ཡེ་ཤེས་སྤྱན། །སོགས་ལས་གསལ་བ་ལྟར། སྐྱེས་ཐོབ་ཀྱི་མཁྱེན་པའི་ཡོན་ཏན་ཉི་མ་དང་འོད་ཟེར། ཟླ་བ་དང་བདུད་རྩི། ཙན་དན་དང་དྲི་བསུང་བཞིན་དུ་འདུ་འབྲལ་སྤངས་པར་ཡེ་ནས་རང་ཆས་སུ་གནས་པས་དྲང་ངེས་འཁོར་འདས་ཀྱི་ཆོས་རྣམས་ལྐོག་ཏུ་མ་གྱུར་པས། ཇི་ལྟ་བ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས། ཇི་སྙེད་པའི་མདོ་རྒྱུད་ཀྱི་ཚིག་དོན་ཟབ་རྒྱས་ནས་བརྩམ་སྟེ་ཆོ་ག་ཕྱག་ལེན། བརྡ་དང་ཐ་སྙད་ཕྲ་མོ་ཚུན་ཆད་མ་འདྲེས་པར་གཟིགས་པ་ཙམ་གྱིས་མཁས་དང་གྲུབ་པར་རློམ་ཀུན་ཟིལ་གྱིས་གནོན་པའི་མཁྱེན་གཉིས་ཡེ་ཤེས་ཀྱི་རྩལ་ཆེན་པོ་དང་ལྡན་པར་གྱུར། དགུང་ལོ་ཉེར་བདུན་ཤིང་ཡོས་དབྱུག་པ་ཟླ་བར་ཀུན་གཟིགས་རིན་པོ་ཆེའི་མདུན་ཆེད་ཕེབས་ཀྱིས་ཕུར་པ་འཁོན་ལུགས་ཀྱི་བཀའ་དབང་གསན་པས་ཟབ་གཏེར་གྱི་བར་ཆད་འབྱུང་པོ་སུམ་ཅུ་རྩ་གཅིག་བསྒྲལ་པའི་མནལ་ལྟས་ལེགས་པར་བྱུང་གསུངས། ཁྱད་པར་ཡང་དག་ལྷ་དགུའི་དབང་ཆེན་གསན་པས་ནམ་མཁའ་ཐམས་ཅད་མཐིང་ཞུན་གྱི་མདོག་ཏུ་གྱུར་པའི་དབུས་བླ་མ་ཧེ་རུ་ཀཿདངོས་སུ་སྣང་བ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གི་རྩ་མདུད་གྲོལ། དེའང་། གསུང་ངག་ལམ་འབྲས་པས། མོས་གུས་ཅན་བྱིན་རླབས་ཀྱི་ཁམས་འདུས་ཤིང་རྩ་མདུད་གྲོལ་བ་དང་། འདུས་པ་འཕགས་ལུགས་ཀྱི་མན་ངག་ལས་ཕྱག་རྒྱ་སྲོག་རྩོལ་གྱི་གནད་གསུངས་པ་དང་རྗེས་སུ་མཐུན་པའི་ངོ་མཚར་ཆེ་བར་བྱུང་། རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་གཏན་ལ་འབེབ་དཀའ་བར་བྱུང་བ་དེ་ནས་གཟུང་སྟེ་ཚེགས་མེད་ཁྲོལ་བ་དང་། ཀུན་གཟིགས་རིན་པོ་ཆེར་བཀའ་བབས་པའི་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་ཏུ་བབས་པར་མ་ཟད། ཚིག་རིས་ཕལ་ཆེར་ཀྱང་ཤིན་ཏུ་མཐུན་པར་བྱུང་སྟེ། གྲོལ་ཏིག་དགོངས་པ་རང་གྲོལ་གྱི་གཏེར་ལུང་ལས། གསང་བའི་ལུང་བསྟན་མ་གཏོགས་ཞུ་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་རིག་འཛིན་ཡོངས་འདུས་དང་། ཀུན་མཁྱེན་པྲ་ཛྙཱ་རསྨིའི་གྲོལ་ཏིག་དགོངས་པ་རང་གྲོལ་ཕན་ཚུན་དག་དང་ཚུལ་མཐུན་པར་གཅིག་ལ་གཅིག་ཡིད་ཆེས་ཤིང་། བརྡ་བསྒྱུར་ལས་ཇི་ལྟར་འབྱུང་བ་མ་གཏོགས་ཚིག་གཅིག་གི་ལྷད་ཀྱང་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་དུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བའི་དག་སྣང་མཐའ་ཡས་པ་ཤར། ལྷག་པར་གཏེར་ཁ་དུ་མའི་ཁ་བྱང་བྱུང་བ་སོགས་དཔག་པར་དཀའ་བའི་རྟེན་འབྲེལ་གྱི་སྒོ་མང་དུ་འགྲིགས། ཀུན་གཟིགས་རིན་པོ་ཆེས་ཀྱང་དགུན་དེར་བླ་མ་སྐུ་གསུམ་གྱི་བསྙེན་སྒྲུབ་མཛད་པས་ཚེ་འཕྲང་ཞི་བ་དང་། ཟབ་ཆོས་འདི་ཉིད་ཁྱབ་བརྡལ་དུ་རྒྱས་པའི་རྟེན་འབྲེལ་མཆོག་ཏུ་གྱུར་པར་གསུངས། དེ་མཚམས་རི་བོ་དབང་ཞུའི་དབུ་རྩེ་སློབ་དཔོན་རིན་པོ་ཆེའི་སྒྲུབ་གནས་དཀར་འཛོང་བྲག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་བར་ཆད་སེལ་བའི་ལྷ་བཞི་གསང་གཏེར་དུ་བཞེས། དེ་མཚམས་རི་བོ་དབང་ཞུའི་ཞོལ་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་གི་སྒོ་གོང་ནས་ཐུབ་པའི་རིང་བསྲེལ། བྲག་ཕུག་མཱ་ར་ཏི་ཀའི་ས་སྣ་བཅས་བཞེས་པར་མཛད། གཞུང་། ས་སྤྱོད་གསུང་གི་འཁོར་ལོ་སོགས་ནས། ཅི་བཅོལ་བཀའ་བཞིན་སྒྲུབ་ལ་གསོལ་བ་འདེབས། བར་གྱི་ཚིག་དོན་རྣམས་རིམ་བཞིན་དགུང་ལོ་ཉེར་བརྒྱད་པའི་སོས་ཀ་ཀརྨའི་དམ་ཅན་བྲག་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོགས་ཐུགས་དམ་ཟབ་པ་སྐོར་བདུན་ཞེས་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པའི་ཟབ་ཆོས་ངོ་མཚར་ཅན་དང་། དབྱར་དུས་ཁམས་ཀྱི་གླ་བ་རྐང་གཅིག་དུ་གྲགས་པ་ཡེ་རྒྱལ་ནམ་མཁའ་མཛོད་ཆོས་ཀྱི་སྒྲོམ་ཆེན་ནས་དེའི་ཆ་ལག་གཙོ་བོར་གྱུར་པའི་ཟབ་ཆོས་མཐའ་ཡས་པ་དང་། སྐུ་ཚབ་རྣམ་གཉིས་སོགས་དང་། སྟོན་ཟླ་འབྲིང་པོར་སླར་ཡང་ཁ་བྲག་དཔལ་ཆེན་པོའི་དབུའི་གསེང་ནས་ཐུགས་སྒྲུབ་གྱི་མདོ་བྱང་དང་གནས་ཡིག་སོགས་དང་། དམ་རྫས་བཀའ་རྒྱ་མ་གཏེར་དུ་བཞེས། དབྱུག་པ་ཟླ་བར་མིག་དབྱེ་བྲག་ནས་བྲམ་ཟེ་ཁྲག་འཐུང་ནག་པོའི་དབུ་ཐོད་གཏེར་ནས་སྤྱན་དྲངས། རྒྱལ་ཟླ་བའི་ནང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དང་ཞལ་འཛོམ་གྱིས་སྨད་ཤོད་འཛམ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་ཆེན་སྡེ་གསུམ་ཁྲོམ་གཏེར་དུ་སྤྱན་དྲངས། འདི་ནས་གཟུང་གཏེར་ཁ་ཕལ་ཆེར་ཁྲོམ་གཏེར་དུ་མཛད། དེའི་ཚེས་བཅུར་གནས་ཀྱི་དབུ་རྩེ་ནས་རིག་འཛིན་དགའ་རབ་རྡོ་རྗེའི་སྤྲུལ་པའི་གདུང་རྟེན་དང་། སྙིང་ཏིག་རྣམས་འཕྲལ་གཏེར་དུ་བཞེས། གནས་མཆོག་པདྨ་ཤེལ་ཕུག་གི་འདབས་སུ་བཀའ་བརྒྱད་རྫོང་འཕྲང་གི་སྒོ་ནས་སྨན་སྒྲུབ་མཛད་སྐབས། ནམ་ཟླ་དགུན་སྒང་ཡིན་ཡང་དབྱར་དུས་ལྟར་དྲོད་ཕེབས་པ་དང་། སྨན་ལ་ཕབས་བཏབ་པ་སོགས་བརྗེད་ཀྱང་ལེགས་པར་ལངས་ཤིང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་སོགས་བྱུང་། ཟབ་བདུན་གཏེར་ཤོག་ཕབ་གྲུབ་འཕྲལ་སྒྲུབ་གནས་ཁྱད་པར་ཅན་རྣམས་སུ་བྱོན་ནས་སོ་སོའི་གཏེར་སྒྲུབ་རྟགས་ཐོན་མཛད། དགུང་གྲངས་ཉེར་དགུར་སོན་པའི་སྐབས་སྡེ་དགེ་ལྷུན་གྲུབ་སྟེང་དུ་བཀའ་བརྒྱད་བདེར་འདུས་དང་རྫོང་འཕྲང་ཟུང་འབྲེལ་གྱི་སྨན་སྒྲུབ། ས་ག་ཟླ་བར་ཀརྨར་བཀའ་བརྒྱད་ཀྱི་སྨན་སྒྲུབ། དབྱུག་པ་ཟླ་བར་ཡང་ཕུར་གྱི་སྒྲུབ་ཆེན་མཛད། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་དཔའ་བོ་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་དང་། ཟླ་བ་དེ་ནང་གི་ཚེས་དགུ་ལ་ཡོན་ཏན་སྐུ་གནས་སེང་ཆེན་གནམ་བྲག་གི་གནས་ཀྱི་དབུ་རྩེ་ནས་ཟབ་གཏེར་གྱི་ཁ་བྱང་། མཚོ་རྒྱལ་སྙིང་ཏིག་ལྷན་ཅིག་པ་དང་། ཚེས་བཅུ་དགུ་ལ་བྲག་གོང་མོ་འོག་མ་ནས་ལུང་ཆེན་རྡོ་རྗེ་བཀོད་པ་སོགས། དམ་ཆོས་ཤོག་སྡེ་དྲུག་དང་གསང་བའི་གླེགས་བམ། ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ། ལྷ་སྲས་ཕྱག་ཐམ། ཐུབ་པའི་དབང་པོའི་སྐུ་ཆོས། དགའ་རབ་རྡོ་རྗེའི་ཆོས་སྨན་སོགས་ཆོས་དང་རྟེན་དང་དམ་རྫས་ཀྱི་གཏེར་ཆེན་ཁྲོམ་གཏེར་དུ་བཞེས། ཚེས་ཉི་ཤུ་ལ་དེའི་བྲག་རིན་ཆེན་འབར་བ་ནས་རྗེ་འབངས་ཉེར་ལྔའི་ཆོས་སྨན་གྭའུ་གང་དང་ཆོས་སྐོར་ཞིག་ཀྱང་བཞེས། ཚེས་ཉེར་གཉིས་ལ་སྨན་རྐྱལ་འདྲ་བའི་བྲག་ནས་སྨན་གྱི་གཏེར་དང་ཤོག་སེར་ཞིག་ཀྱང་བཞེས་ཤིང་སྨན་ཀུན་གཟིགས་རིན་པོ་ཆེར་ཕུལ། ཤོག་སེར་གསང་བར་མཛད། སེང་བྲག་གི་གཏེར་ཁ་ཐམས་ཅད་ཁྲོམ་གཏེར་ཁོ་ན་ཡིན། ལྷོ་ཟླའི་ཕྱོགས་འཛི་སྨད་མཁའ་འགྲོ་ཤེལ་ཕུག་ནས་མཁན་པོའི་སྐུ་ཆོས་ལ་བྲིས་པའི་གནས་ཡིག་དང་། རྒྱལ་བ་མཆོག་དབྱངས་སྙན་རྒྱན་སོགས་དང་། ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རྫས་གཟི་སྒྲོམ་དང་ཁ་བྱང་འགའ་ཞིག་བཞེས། སྨིན་དྲུག་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔའི་ཉི་ཤར་ལ་གནས་མཆོག་ཀརྨའི་འབུམ་རྫོང་གི་པདྨའི་དབང་ཕུག་ནས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐོར་བཞི་དང་དམ་རྫས་ཀྱི་སྐོར་བཞེས། མཚོ་ནང་ནས་ཀླུ་བདུད་ཁ་ལ་རཀྴས་ཆོས་སྐྱོང་སྐོར་གྱི་རྡོ་སྒྲོམ་དངོས་སུ་གཏད། གནས་ཕུག་གི་གཏིང་ཨོ་རྒྱན་བཞུགས་ཁྲི་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ། བྲམ་ཟེ་པྲ་བྷ་ཧསྟིའི་སྐུ་ཤ་རིལ་བུ། ཟུར་གཟའི་ཐུགས་དམ་སྐོར་དྲུག ཁྱད་པར་ཀུན་གཟིགས་བླ་མ་རིན་པོ་ཆེས་གཏེར་གྱི་ཁ་བྱང་བཅས་ཞུ་བསྐུལ་མཛད་པའང་དུས་དེར་ཐོན་ནས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལུང་མན་ངག་གི་སྐོར་ཁྱད་པར་འཕགས་པ་སོགས་སྤྱན་དྲངས། སངས་རྒྱས་སྟོང་རྩ་ཞལ་གཟིགས་པའི་སྐབས་སུ་བསྟན་པའི་བཙས་སུ་དང་། མཆོད་སྡོང་ཆེན་པོར་དབུགས་དབྱུང་བསྩལ་པ་ལྟར་འདི་ཙམ་གྱིས་ཀྱང་གུ་རུ་རིན་པོ་ཆེའི་བསྟན་པ་དང་། དེར་འཛིན་ལ་བྱ་བ་བྱས་པར་རློམ་པར་ལགས་གསུངས་ནས་གནད་དོན་གསང་བ་མཆོག་གི་ཐུགས་དགོངས་སུ་སྦས་པར་མཛད་པས་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་ཏོ། །དགུང་གྲངས་སུམ་ཅུ་པ་ས་ཕོ་རྟའི་ལོར་འོག་མིན་ཀརྨར་བཀའ་བརྒྱད་སྨན་སྒྲུབ་མཛད་པས་འཇའ་འོད་ཀྱི་རྟགས་མཚན་ངོ་མཚར་བ་བྱུང་། སྨན་སྒྲུབ་འོད་འབར་མ་ཞེས་བཏགས། དཔལ་རི་བོ་ཆེ་རྙིང་མ་གྲྭ་ཚང་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་པ་དང་འབྲེལ་བར་མདོ་དབང་ཆེན་མོ་སྨིན་རྒྱས་སུ་བསྩལ། འོག་མིན་ཀརྨའི་དཔལ་གྱི་དེའུ་ནས་མ་མོ་རོལ་པའི་ཕོ་བྲང་གི་སྒོ་གོང་ནས་མ་མོ་སྤྱི་བསྡུས་དང་སྐུ་གསུང་ཐུགས་ཀྱི་རིལ་བུ་སོགས་སྤྱན་དྲངས། ལོ་དེའི་དབྱུག་ཟླའི་ཚེས་བཅུར་ཀུན་མཁྱེན་བླ་མ་རིན་པོ་ཆེར་སྔ་ཕྱིར་གསལ་སྣང་དང་ལུང་བསྟན་བྱུང་བ་ལྟར་གཏེར་ཆེན་རིན་པོ་ཆེར་ཞབས་བསྐུལ་ཞུས་པ་བཞིན། ཀེ་ལ་ནོར་བུ་སྤུན་གསུམ་གྱི་བྲག་རི་རིན་ཆེན་འབར་བ་ནས་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་གུ་རུའི་སྐུ་ཚབ་དང་བཅས་པ་དང་། སྨིན་ཟླའི་ནང་གོ་སྟོད་འོད་འབར་བྲག་ནས་དམ་རྫས་ཕྲིན་ལས་རོལ་པ་སྒྲུབ་ཁོག་དང་བཅས་པ་དང་། ཆོས་སྐྱོང་ཡིད་བཞིན་ནོར་བུ་རྒྱལ་ཆེན་རྣམ་སྲས་ཀྱི་སྐོར་སོགས་སྤྱན་དྲངས། ལོ་མཇུག་ཏུ་སྡེ་དགེའི་རྒྱལ་ཁབ་ཆེན་པོའི་ཉེ་ལོགས་ལྕང་ལོ་ཅན་དུ་བཀའ་བརྒྱད་བདེར་འདུས་ཀྱི་སྒྲུབ་ཆེན་དབང་བསྐུར་དང་བཅས་པ་མཛད། དགུང་གྲངས་སོ་གཅིག་པ་ས་མོ་ལུག་ལོའི་འགོར་དཔའ་བོ་དབང་ཆེན་བྲག་གི་ཉེ་འདབས་སུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་སྒོ་ནས་སྨན་སྒྲུབ་མཛད། དཔལ་སྤུངས་འདུ་ཁང་ཆེན་མོར་ཐུགས་རྗེ་ཆེན་པོ་གསང་འདུས་དང་གཏེར་གསར་ཟབ་བདུན་རྟ་མགྲིན་ཟུང་འབྲེལ་གྱི་སྒྲུབ་ཆེན་དང་དབང་བསྐུར་མཛད། དེ་ནས་རིམ་གྱིས་གནས་ཆེན་མཁའ་འགྲོ་འབུམ་རྫོང་དུ་ཕེབས། རི་བོ་ཆེ་པས་ཡོན་སྦྱར་ཏེ་ཐུགས་སྒྲུབ་ཀྱི་སྨན་སྒྲུབ་རྣམས་མཛད། སྤྲེལ་ཟླའི་ཚེས་བཅུར་དཔལ་སྤུངས་ཡང་ཁྲོད་དེ་ཝི་ཀོ་ཊ་ཙ་འདྲ་རིན་ཆེན་བྲག་ནས་གསང་ཐིག་སྙིང་པོའི་སྐོར་དང་གནས་ཡིག །བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག་རྣམས་བཞེས། ལོ་དེའི་སྟོན་དགུན་སྐབས་སྒ་སྟོད་མེ་སེང་རིན་ཆེན་ཤེལ་བྲག་ནས་སཱཙྪ་གསེར་མགོ་གཡུ་གཤམ་གུ་རུ་རིན་པོ་ཆེའི་ཚེམས་ལས་གྲུབ་པའི་རིང་བསྲེལ་རྡོག་གཅིག །བོད་ཀྱི་གནས་ཆེན་དང་གནས་ཕྲན་གཏེར་ཁ་མང་པོའི་ཁ་བྱང་། རྡོ་ཏི་གངས་དཀར་གྱི་གནས་ཡིག་སོགས་བཞེས་པ་འགའ་རེ་ཕབ། གཞན་སྤེལ་བར་མ་གནང་། སྒ་སྟོད་གཡུ་བྲག་ནས་བི་མ་མི་ཏྲའི་སྒྲོལ་དཀར་ཚེ་རྫས་ཟླ་བའི་སྙིང་པོ་དང་ཐུགས་སྒྲུབ་སྙིང་པོ་སོགས་བཞེས། གསང་རྒྱ་ཤིན་ཏུ་དམ་པར་མཛད། གནས་འདི་བདུད་འདུལ་གྱིས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཡོད། གཏེར་ཆེན་རིན་པོ་ཆེས་གནས་ཆེན་ཉེར་ལྔའི་ནང་ཚན་སྐུའི་ཕྲིན་ལས་ཀྱི་གནས་ཧེ་བྲག་ཏུ་ངོས་འཛིན་པར་མཛད་པ་ཡིན། ལོ་དེའི་དཔྱིད་སོས་བར་དཔའ་འོག་འབུར་མོ་གནས་ནས་གུ་རུ་ཡབ་ཡུམ་གྱི་བྱང་སེམས་རིལ་བུ་དང་། མཚོ་རྒྱལ་གསང་གསེར། ལོ་དེའི་དགུན་རྒྱམ་རྒྱལ་གཡུ་མཚོ་ནས་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སོགས་སྤྱན་དྲངས་སོ། །དེའང་གཞུང་། བླ་མ་སྐོར་གསུམ་སོགས་ནས། ཐར་པའི་ཁ་ལོ་སྒྱུར་ལ་གསོལ་བ་འདེབས། །ཞེས་པའི་བར་གྱིས་མཚོན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩའི་བཀའ་བབ་ཅིང་། སྐུ་རྟེན་གུ་རུའི་སྐུ་ཚབ་དངོས་དང་། སངས་རྒྱས་བྱང་སེམས་ཡི་དམ་གྱི་སྣང་བརྙན་དངོས་ཉེར་ལྔ་ཙམ་བཞེས་ཤིང་། ཁྱད་པར་གཏེར་ཁ་སྔ་མ་རྣམས་སུ་མ་གྲགས་པ་གུ་རུའི་སྐུ་ཚབ་ཀྱི་རྒྱུ་གཏེར་ནས་བཞེས་པ་ལས་ཕྱག་སྤར་དུ་བཏབ་པའི་སྐུ་ཚབ་གཉིས་པ་རྒྱ་ཆེར་སྤེལ་བ་དང་། གསུང་གི་རྟེན་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྡེ་མཐའ་ཡས་པ་ཞིག་བྱོན་པ་སྟེ། སྙིང་ཐིག་གཅིག་པུའང་བརྒྱ་རྩ་ཞིག་ཡོད་པར་གསུངས་ན། གོང་གི་ལུང་དོན་དང་མཐུན་པ་དང་ཆོས་སྡེ་ཆེ་བ་གྲངས་སུ་བགྲངས་ན། བླ་སྒྲུབ་སྐོར་གསུམ་ཞེས། སྤྱིར་བླ་མ་བསྟན་གཉིས་སྐོར་གསུམ་ཞེས་གྲགས་པའི་བསྟན་གཉིས་ནི། མདོ་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་དང་། སྔགས་ལྟར་གུ་རུ་པདྨ་འབྱུང་གནས་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་མན་ངག་དང་བཅས་པ་རྒྱ་ཆེར་ཡོད་པར་གསུངས། སྐོར་གསུམ་ནི། བླ་མ་ཆོས་ལོངས་སྤྲུལ་གསུམ་དུ་སྒྲུབ་པ་སྟེ། དེའང་གཏེར་ཁ་འདི་ཉིད་ཀྱི་དབང་དུ་བྱས་ན། བླ་མ་ཆོས་སྐུར་སྒྲུབ་པ་ཆོས་སྐུའི་དོན་ཁྲིད་ཆེན་མོ། བླ་མ་ལོངས་སྐུ་ཚེ་དཔག་མེད་རིགས་ལྔ་སྒྱུ་འཕྲུལ་དྲྭ་བ། བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་ཞི་དྲག་གཅིག་དྲིལ་དང་བཅས་པ་སྟེ། ཞི་བ་ལ། ཕྱི་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་བསམ་པ་ལྷུན་གྲུབ། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ། དྲག་པོ་ཡང་གསང་རྡོ་རྗེ་དྲག་རྩལ། གཅིག་དྲིལ་བླ་མ་དངོས་གྲུབ་རྒྱ་མཚོ་དང་། ཐུགས་སྒྲུབ་དགོངས་པ་ཀུན་འདུས་རྣམས་སོ། །ཟབ་པ་སྐོར་བདུན་ལ་ཆོས་སྡེ་ཆེན་པོ་བདུན་དང་། རྫོགས་ཆེན་སྡེ་གསུམ་ལ། ནང་གསེས་སྙིང་ཏིག་བདུན་དུ་དབྱེ་བ་སོགས་བསམ་གྱིས་མི་ཁྱབ་ལ། བཀའ་བབས་བདུན་དང་ལྡན་ཚུལ་སོགས་རིམ་པས་འོག་ནས་གསལ་བ་ལྟར། མདོར་ན་རྗེ་གཏེར་ཆེན་ཉིད་ཀྱི་ཟབ་གཏེར་ཆོས་སྐོར་གྱི་རིམ་པ། རྒྱུད་ཀྱི་ལུང་དང་འབྲེལ་བ་དངོས་སྟོབས་ཀྱི་རིག་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། བྱིན་རླབས་ཀྱི་ཚན་ཁ་ཆེ་བ་སྟེ། ཆེ་བ་བཞི་དང་ལྡན་པ། ཕྱི་བཤད་པའི་ཁོག་ཚང་བ། ནང་ལག་ལེན་གྱི་གཞུང་ཚུགས་པ། གསང་བའི་དོན་ཐོག་ཏུ་ཕེབས་པ། དེ་ཁོ་ན་ཉིད་ཀྱི་འགགས་དོན་ཟིན་པ་སྟེ། གནད་བཞི་དང་ལྡན་པ། རྒྱུད་དབང་དང་འབྲེལ་བ། དབང་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་མན་ངག་དང་འབྲེལ་བ། མན་ངག་ཕྱག་བཞེས་དང་འབྲེལ་བ་སྟེ། འབྲེལ་བ་བཞི་དང་ལྡན་པ། ཐེག་པ་ཕྱི་ནང་གོང་འོག་ཐམས་ཅད་ཀྱི་ཟབ་དོན་སྙིང་པོར་བསྡུས་པ། དབང་པོ་རབ་འབྲིང་ཐ་གསུམ་གང་གིའང་སྤྱོད་ཡུལ་དུ་གྱུར་པ། མང་ཉུང་རན་ཞིང་གཞན་ལ་ལྟོས་མི་དགོས་པས་གོ་བདེ་བ། བསྒྲུབ་ན་མྱུར་ཞིང་བཅངས་ན་བྱིན་རླབས་ཀྱི་བབས་དང་ལྡན་པ། གང་ཟག་གཞན་གྱིས་བར་མ་ཆོད། རྟོག་གེས་བསྲེ་བསླད་མ་ཞུགས། མཁའ་འགྲོའི་ཁ་རླངས་མ་ཡལ། མན་ངག་བྱིན་རླབས་ཀྱི་ངད་དང་ལྡན་པའོ། །ཐུགས་རྟེན་སྐོར་རྡོ་རྗེ་དང་ཕུར་པ་མེ་ལོང་སོགས་ཕྱག་མཚན་གྱི་རིགས་མང་དུ་བཞེས། གཙོ་བོར་མྱོང་གྲོལ་དམ་རྫས་ཀྱི་རིགས་མཐའ་ཡས་པའི་བཀའ་བབས་པ་ཞིབ་པར་རྟོགས་འདོད་ན་དམ་རྫས་སོ་སོའི་དཀར་ཆག་ལས་ཤེས་པར་བྱ་བ་ལས་འདིར་སྨྲོས་ཀྱིས་མ་ལངས་སོ། །དགུང་ལོ་སོ་གཅིག་པའི་དགུན་སྨད་ནས་དབུ་བརྩམས། དགུང་ལོ་སོ་གཉིས་སོ་གསུམ་གྱི་བར་འོག་མིན་ཀརྨའི་རི་ཡི་ཡང་དབེན་དུ་བཅད་རྒྱར་བཞུགས། སྤྱིར་རི་ཆེ་བླ་བྲང་ཁག་དང་ལྷག་པར་ཆོས་རྗེ་ཡང་དགོན་རྗེ་དྲུང་རིན་པོ་ཆེ་ནས་ཐུགས་རྗེའི་དབུ་འདྲེན་རྩེ་གཟིགས་ཆེད་སྐྱོང་གིས་ཀརྨའི་རིར་གདན་ས་ཐོག་མར་གསང་སྔགས་ཕོ་བྲང་རྡོ་རྗེ་བཀོད་པའི་བཞུགས་གནས་ཆེན་པོ་ཕྱག་བཏབ་ཅིང་། བསྙེན་སྒྲུབ་ཀྱི་གཙོ་བོ་ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བ་ཡན་ལག་དང་བཅས་པའི་བསྙེན་སྒྲུབ་མཐར་ཆགས་གནད་སྨིན་མཛད་ཅིང་། གཞན་ཡང་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་དང་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་སོགས་ཉིད་ཀྱི་གཏེར་ཁ་ཕལ་ཆེར་གྱི་གཏེར་སྒྲུབ་རྒྱས་བསྡུས་ཅི་རིགས་པ་དང་། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེའི་བསྙེན་སྒྲུབ་མཛད་སྐབས་ཉམས་འབར་ནས་རྡོར་དྲིལ་ནམ་མཁར་བཞག་པའི་ལོ་རྒྱུས་དང་། སྔ་ཕྱིར་དཀར་ལུགས་སྒྲོལ་དཀར་དང་། འཆི་མེད་འཕགས་མ་སྙིང་ཐིག་གི་བསྙེན་སྒྲུབ་མཛད་པས་རྟགས་མཚན་དགེ་བར་ཐོབ་ཚུལ་གསུང་འཕྲོས་སུ་བསྩལ། གཞུང་། ཀར་འབྲུག་ཡབ་སྲས་སྔ་འགྱུར་བསྟན་འཛིན་མཆོག་སོགས་ནས། འབྲེལ་ཚད་དོན་ལྡན་མཛད་ལ་གསོལ་བ་འདེབས། །ཞེས་པའི་བར་བསྟན་དོན། དགུང་གྲངས་སོ་གསུམ་ལྕགས་མོ་བྱ་ལོའི་ནང་། འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་སྟོན་འཁོར་ཕྱག་ཕེབས་པ་དང་འབྲེལ། སྒྲུབ་པ་ཆེན་པོའི་ཡོན་སྦྱར་མཛད་དེ་སྐྱབས་མགོན་ཉིད་དབུ་བཞུགས། རྗེ་དབོན་མཆོག་སྤྲུལ་ཟུང་། ཟླ་སྤྲུལ་རིན་པོ་ཆེ། ཟུར་མང་སྤྲུལ་སྐུ་རྣམས་དང་། གནས་མདོ་ཀརྨ་ཆགས་མེད། འཛི་སྒར་མཆོག་སྤྲུལ། གཏེར་སྟོན་ཆོས་རྒྱལ་རྡོ་རྗེ། བླ་མ་ཚོགས་གཉིས་སོགས་ཆོས་བདག་བསྟན་འཛིན་སྐྱེས་ཆེན་ཚོགས་ཀྱི་འདུ་བ་ཆེན་པོས། འོག་མིན་ཀརྨའི་གཡེར་མོ་ཆེར། གཏེར་གསར་ལུང་ཆེན་རྡོ་རྗེ་བཀོད་པ། ཚོགས་ཆེན་འདུས་པ། ཐུགས་སྒྲུབ་དགོངས་པ་ཀུན་འདུས། ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཟབ་བདུན། དྲེགས་འདུལ། དྲག་སྔགས། ཚེ་དཀར་བཅས་ཚོམ་བུ་བཅུ་གསུམ་གྱི་སྒྲུབ་པ་ཆེན་མོ་འཆམ་བྲོ་གར་སོགས་རྒྱས་སྤྲོས་དབང་ཆེན་བཅས། འདུས་པ་ཁྲི་ཕྲག་མང་པོ་གྲོལ་བ་བཞི་ལྡན་གྱི་གོ་འཕང་ལ་དབུགས་དབྱུང་བ་སོགས་སྔར་མ་གྲགས་པའི་གནས་དུས་སྟོན་འཁོར་ཆོས་ཀྱི་ངོ་མཚར་རྨད་དུ་བྱུང་བར་གྱུར། དགུང་ལོ་སོ་བཞི་པར་ཀརྨའི་གདན་སར་བཀའ་བརྒྱད་ཀྱི་སྒྲུབ་ཆེན་དང་འབྲེལ་བར་སྨན་སྒྲུབ་ཕོན་མང་དུ་མཛད། དགུང་ལོ་སོ་ལྔ་པར་དགུན་ཟུར་མང་རྣམ་རྒྱལ་རྩེར་བཀའ་བརྒྱད་ཀྱི་སྒྲུབ་ཆེན། དེའི་དབྱར་སྨད་དགེ་རྒྱལ་དུ་བླ་མ་ནོར་ལྷའི་སྒྲུབ་ཆེན་བཙུགས། དགུང་ལོ་སོ་དྲུག་པར་དབྱར་ཟུར་མང་དུ་ཚེས་བཅུ་གསང་འདུས་དང་ཐུགས་སྒྲུབ་ཟུང་འབྲེལ་གྱི་སྒྲུབ་མཆོད་གར་འཆམ་བཅས་རྒྱས་པར་གནང་། དགུང་ལོ་སོ་བདུན་པར་ཤིང་མོ་གླང་གི་ལོར་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་རྒྱུད་ལུང་མན་ངག་གི་ཆོས་སྐོར་ཟབ་རྒྱས་སྐུ་ཚབ་ལེ་ཚན་དང་བཅས་པ་དང་། ཡང་གནས་དེའི་ལྷོ་ཕྱོགས་ཁ་བ་སྟེང་ཚེ་ཞལ་བྲག་གམ་ཚེ་རྒྱས་བྲག་ནས་གུ་རུ་ཡབ་ཡུམ་གྱི་ཚེ་རྫས་ཁྱད་འཕགས་དང་ཚེ་རྒྱུད་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་སྐོར་སོགས་སྤྱན་དྲངས། གདན་སའི་ཤར་ལྷོའི་བྲེ་མོ་རོང་གཤིན་རྗེའི་རྦ་དོང་ནས་བོད་ཁམས་བདེ་ཐབས་ཀྱི་ཆོས་བཅུའི་སྐོར་རྣམས་གཏེར་ནས་སྤྱན་དྲངས། འདི་སྐབས་ལུང་དོན་བཞིན་ལྷ་ལྡན་ཇོ་ཤཱཀ་གཙོས་ཆོས་འཁོར་གསུམ་གྱི་ཞབས་བརྟན་ས་གནད་ཀྱི་མེ་བཙར་གནས་བརྟན་དགོན་རྟེན་མཆོག་འགྱུར་མེད་གླིང་གི་གདན་ས་ཕྱག་བཏབ། གདན་སའི་ནུབ་ཕྱོགས་ཁ་སྟེང་གི་གདོང་ཟུར་དུ་དྲན་གྲོལ་མཆོད་རྟེན་གསར་བཞེངས་ཀྱི་རབ་གནས་མཛད། ཡུལ་དེའི་ཁྱེའུ་བཅུ་དྲུག་གི་གྲངས་ཚང་སྐྲ་འཛིན་མཛད་ཅིང་དེ་ནས་ལྷོ་རྒྱུད་ཚ་བ་སྒང་དུ་ཕེབས། ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་མཐའ་རྒྱས་དབང་ཆེན་བཅས་མཛད། ཡུལ་དེའི་ཕྱོགས་ཀྱི་སྐྱེ་འགྲོ་མཐའ་དག་འབྲེལ་ཚད་དོན་ལྡན་དུ་མཛད། གནས་དགོན་རྟེན་མཆོག་འགྱུར་མེད་གླིང་གི་ཆོས་གྲྭ་གསར་བཏབ་ཏུ་ལུང་ཆེན་རྡོ་རྗེ་བཀོད་པའི་སྒྲུབ་ཆེན་བཙུགས། དགུང་ལོ་སོ་བརྒྱད་པར་སྒ་སྟོད་བདེ་རྟ་བེ་ཧུ་ཚང་ལ་ཐུགས་སྒྲུབ་སྒྲུབ་ཆེན་དང་། ཁྲ་འགུ་དགོན་པར་ཕུར་པའི་སྒྲུབ་ཆེན། དཔལ་སྤུངས་ཆོས་གྲྭ་ཆེན་པོར་དགོངས་འདུས་ཀྱི་སྨན་སྒྲུབ། འཛམ་ནང་པདྨ་ཤེལ་ཕུག་ཏུ་རྫོགས་ཆེན་སྡེ་གསུམ་གྱི་ཆོས་ཚན་ཡི་དམ་མངོན་རྫོགས་རྒྱལ་པོའི་སྒོ་ནས་སྨན་སྒྲུབ་སྤྲོས་པ་མདོར་བསྡུས། བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་ཆོས་རྒྱལ་སྡེ་དགེས་སྦྱིན་བདག་མཛད་ནས་ཐུགས་སྒྲུབ་སོགས་ཀྱི་སྒྲུབ་ཆེན་ཚོགས་གར་ཆེན་མོ་དང་བཅས་པ་རྣམས་མཐའ་རྒྱས་སུ་མཛད། དེའི་དབྱུག་ཟླའི་ཚེས་ཉེར་ལྔར་ཀུན་གཟིགས་བླ་མ་རིན་པོ་ཆེ་དང་ལྷན་འཛོམས་ཀྱིས་རོང་མེ་འཆི་མེད་དཀར་མོ་སྟག་ཚང་དུ་འབྱོར། ཚེས་ཉེར་བདུན་ལ་གསང་ཕུག་གཡས་ནས་དམ་ཆོས་སྙིང་པོ་སྐོར་ལྔ་སོགས་དང་། དེ་ནས་རིམ་པར་བྲག་གི་རྒྱ་བཅུ་གསུམ་བཤིགས་ནས་སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་དགུའི་སྔ་དྲོའི་ཆར་གསང་ཕུག་གཡོན་པ་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་། ཚེས་བཅུའི་ནམ་ལང་གུ་རུའི་ཕྱག་མཚན་རྡོ་རྗེ་སོགས་དང་། ཚེས་བཅུ་རྗེས་མར་མ་ཕམ་སེང་རྒོད་གཡུ་མཚོ་ནས་རིན་ཆེན་དང་པོ་སོགས་མཚོ་གཏེར་ཆེན་མོ་བར་ཆད་མེད་པར་སྤྱན་དྲངས་པས་ངོ་མཚར་གྱི་ཕུལ་དུ་གྱུར། དགུང་གྲངས་སོ་དགུ་པར་ཆོ་འཕྲུལ་ཟླ་བར་དཔལ་ཀཿཐོག་རྡོ་རྗེ་གདན་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་རྡོ་རྗེ་སློབ་དཔོན། དབོ་ཟླར་རྫོང་ཤོད་དུ་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཁོག་སོགས་ཐོག་མར་གཏན་ལ་ཕབ་འཕྲལ་སྒྲུབ་ཆེན་སྨིན་པར་མཛད་པས། མཐའ་དམག་གདུག་པའི་འཚུབ་འགྱུར་རེ་ཞིག་ཟློག་པའི་མཚན་མ་ཁྱད་པར་ཅན་བྱུང་གསུངས། ཀུན་གཟིགས་རིན་པོ་ཆེ་ལའང་མཆོད་རྟེན་བདེ་བྱེད་བརྩེགས་པར་སྔགས་རྒྱུད་མཐའ་ཡས་པ་ཀློག་པའི་སྣང་བ་ཤར་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བྱུང་གསུངས། ནག་པ་ཟླ་བའི་ཡར་ཚེས་ལ་གནས་ཆེན་ཟླ་གམ་དབང་ཕུག་གི་མདུན་ངོས་དིའུ་མགོའི་གཞིས་ཀར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་དང་འབྲེལ་བར་སྨན་སྒྲུབ་ལེགས་པར་མཛད། སྔ་ཕྱིའི་སྒྲུབ་པ་འདི་གཉིས་དོན་ལ་གཏེར་སྒྲུབ་ཀྱང་ཡིན་ལ། སྒྲུབ་པ་ཕྱི་མ་ཟིན་འཕྲལ་རྡོ་རྗེའི་ལུང་གིས་བསྐུལ་ཏེ་གནས་ཆེན་པདྨ་ཤེལ་རིར་ཕེབས་པས། ཚེས་བརྒྱད་ཀྱི་ནུབ་རྗེ་ཉིད་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་བྱོན་ནས། ཨོ་རྒྱན་རིན་པོ་ཆེ་རིག་འཛིན་ཚོགས་དང་བཅས་པས་བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་ཅིང་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་པར་བསྩལ་པའི་དག་སྣང་རྒྱ་ཆེར་འཁྲུངས། ཟླ་བ་དེའི་མར་ངོར་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་གྲྭ་ཆེན་པོར་འདུས་པ་མདོའི་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད། སྣྲོན་ཟླ་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཚེས་བཅུ་དང་བཀའ་བརྒྱད་ཀྱི་སྒྲུབ་ཆེན། ཆུ་སྟོད་ཟླ་བར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་དང་བར་ཆད་ཀུན་སེལ་ཟུང་དུ་འབྲེལ་བའི་སྒྲུབ་པ་ཆེན་པོའི་ཁོངས་སུ་ཞལ་གདམས་སྙིང་བྱང་ལས་ཇི་སྐད་གསུངས་པའི་སྒྲུབ་པ་ལས་སྦྱོར་ཐམས་ཅད་ཡོངས་སུ་རྫོགས་པའི་སྒྲུབ་ཆེན་ཤིན་ཏུ་རྒྱས་པ་ངོ་མཚར་ཅན་མཛད། སྤྱིར་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་བོད་ཁམས་བདེ་ཐབས་ཆོས་བཅུའི་རྟེན་འབྲེལ་བཟང་པོའི་སྐོར་མདོ་ཙམ་གཏན་ལ་ཕབ་གྲུབ་རྗེས། ཀཿཐོག་རྫོགས་ཆེན་དཔལ་ཡུལ་རྣམས་སུ་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མཆོད་པ་རྒྱས་པ་དང་འབྲེལ་བར་རབ་བྱུང་གིས་མདོ་མཆོད་དང་ཆོས་འཆད། སྔགས་སྡེས་སྒྲུབ་མཆོད། རྡོ་རྗེའི་ཚོགས་གར་ཆེན་མོ་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རྒྱས་པའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས། དེ་ནས་དབོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཡོན་ཏན་སྦས་པའི་གནས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ནས་མཁན་སློབ་ཆོས་གསུམ་གྱི་ཕྱག་ཚ་ཤོག་དྲིལ་དང་བཅས་པ། ནག་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུར་གནས་ཆེན་པདྨ་ཤེལ་རི་ནས་དམ་རྫས་མཁའ་ཀློང་འཁྱིལ་པའི་རིལ་བུ་བསྟན་པའི་བཙས་སུ་བསྔགས་པ་མཐོང་བ་དོན་ལྡན་མཁའ་འགྲོ་གསང་བའི་ཟབ་ཤོག་བཅས། དེའི་ཚེས་བཅུ་གཅིག་ལ་ཀུན་མཁྱེན་བླ་མ་དང་ལྷན་གཅིག་པས་ཁྱུང་ཚང་བྲག་མཁའ་འགྲོ་ཐུགས་ཀྱི་གནས་ནས་རིག་འཛིན་ཡོངས་རྫོགས་སྙིང་ཏིག་དམ་རྫས་བཅས་བཞུགས་པའི་རྡོ་སྒྲོམ་ལེའུ་ཚན་དང་། ཧེ་རུ་ཀཿའདུས་པའི་ཐུགས་ཏིག་གི་གཏེར་སྒྲོམ་གྲི་གུག་གི་དབྱིབས་ཅན་བཅས་སྤྱན་དྲངས། ས་ག་ཟླ་བའི་ཤེར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ཡོན་ཏན་གནས་གཙོ་རུ་དམ་གངས་ཁྲོད་བདེ་བ་ཆེན་པོ་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར། རུ་དམ་གངས་ཀྱི་ར་བའི་གནས་ཡིག །དམ་རྫས་ཧེ་རུ་ཀཿའདུས་པའི་བདུད་རྩི་བཅས་ཀྱི་རྡོ་སྒྲོམ་རིམ་པ་གསུམ་པ་བཅས་བཞེས། གྲོ་བཞིན་ཟླ་བའི་ཤེར་ཕྱོགས་སུ་རྡོ་དགོན་དུ་ཟབ་ཕུར་གྱི་སྒྲུབ་ཆེན་བཅས་མཛད། ཟླ་བ་དེའི་ཚེས་བཅོ་ལྔར་ཀུན་མཁྱེན་བླ་མ་རིན་པོ་ཆེར་གཏེར་གྱི་ཁ་བྱང་བྱུང་བའི་ཞབས་བསྐུལ་ནན་ཏན་མཛད་བཞིན་ལྷ་ལྡན་དུ་ཡར་བྱོན་ལམ་གྱི་ཆ་ནས། ཀེ་ལར་ཆེད་ཕེབས་ཀྱིས་ནོར་བུ་སྤུན་གསུམ་བྲག་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུ་སེང་གེ་སྒྲ་སྒྲོག་གི་སྐུ་རྒྱན་སྐུ་ཚབ་སོགས་སྤྱན་དྲངས་པ་སྟེ། དེ་ལྟར་མཆོག་གཏེར་ཆོས་དང་དམ་རྫས་སོགས་ཆེ་ཁོག་ནི་དེ་ཙམ་དང་། ཕྲན་ཚེགས། ཁ་བྱང་དང་། རྫས་གཏེར་སྐོར་སོགས་ནི་མང་དུ་བཞེས་པར་མཛད་དེ། སེང་ཆེན་གནམ་བྲག་གི་ཟབ་གཏེར་གཅིག་པུ་ལྟ་བུ་ལ་མཚོན་ནའང་། སྔ་ཕྱིར་ཁ་བྱང་གཉིས་དང་། ཁ་བྱང་དངོས། གནད་བྱང་། མདོ་བྱང་། ཡང་བྱང་། སྙིང་བྱང་བཅས་བདུན། གཏེར་གནས་ཐ་དད་པ་ནས་བྱུང་བའི་མཚོན་མང་དུ་བྱུང་བ་ནི་སྨྲོས་ཀྱིས་མི་ལངས་སོ། །དབུས་ཕེབས་སྐབས་ཀྱི་ལོ་རྟ་ཞལ་འཆམས་མིན་ཅུང་འདུག་པ། གང་ལྟར་ཡང་ས་འབྲུག་ལོར། དགུང་གྲངས་བཞི་བཅུ་པར་དབུས་ཕེབས་སྟ་གོན་མཛད། སྟོན་ཟླ་ཐ་མར་ཆིབས་ཁ་བསྒྱུར། སྐྱོ་བྲག་ཏུ་ཕེབས་པ་དང་བོད་ཁམས་ལྷ་འདྲེས་ཞེ་བསྙག་གིས་ཁ་བ་ཆེན་པོ་བབས་ཀྱང་ལྡོག་མེད་ཤར་རྒྱག་གིས་བྱང་ལམ་ནས་ཕེབས། ཀ་བ་ཧྲིལ་གཞུང་ནས་ཕེབས་སྐབས། རང་ཚང་ལ་དོ་ནུབ་དགྲ་ཞིག་ངེས་པར་ཡོད་འདུག་པས། དེའི་གཉེན་པོར་གནུབས་ཀྱི་ཁ་ཕོ་ཞེས་སྔོན་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོའི་དུས་འབོད་སྲོལ་ཡོད་པ། ད་རེས། དགོས་པའི་དུས་བྱུང་ན་ཆོས་སྐྱོང་དགྲ་ལ་རྦད། ཟེར་བའི་དཔེ་བཞིན། སྔོན་གནས་འལ་འོལ་ལ་བརྟེན་ཁ་ཕོ་ཡི་གེར་བཀོད་ནས་འབོད་དགོས་གསུངས་ནས་དོ་ནུབ་འབོད་པ་མཛད་པའི་མཇུག་རྫོགས་པ་དང་མཉམ་ཆར་གློ་བུར་དུ་ནམ་མཁའི་མཐོངས་ནས་ཀིང་ཀང་དགྲ་འགྱེད་ཁྲོ་ཆུའི་ཚ་ཚྭ་འཕྲོ་བ་རྦ་ལོག་ཙམ་བྱང་ཤར་གྱི་ཕྱོགས་སུ་འུར་སྒྲ་ཆེན་པོ་དང་བཅས་ཏེ་བརྒྱབ་པས་སྒར་མང་རྣམས་ཧ་ལས་སུ་སོང་། སྒར་པ་ལ་དགྲ་ཡི་གནོད་འཚེ་མ་བྱུང་། འདམ་གླང་གླིང་ལ་ནས་ཁ་བའི་འཚེ་བ་ཤིན་ཏུ་ཆེ་སྐབས་ལྷ་སྲིན་དམ་བསྒྲགས་མཛད། ཕྱིར་ནུབ་གཏུམ་མོའི་རས་ཆོས་ཆུ་རས་མཛད་པ་སོགས་རྫུ་འཕྲུལ་གྲུབ་རྟགས་ཀྱི་བཀོད་པ། བྱང་རིགས་ལམ་འཁོད་ཀྱི་སྡེ་རིས་རྣམས་དང་། དབུས་བགྲོད་མགྲོན་མང་སོགས་ཀྱིས་མིག་མཐོང་ཡིད་ཆེས་སུ་གྱུར་པ་བསམ་གཏན་གངས་བཟང་གི་མགོར་བསྐལ་པའི་གངས་རྒན་ཏི་ཆགས་དེ། ཞྭ་མོ་ཀླད་ནས་བཤུས་པ་ལྟར་མཆོག་གྱུར་གླིང་པས་བཞུས་མཛད་པ་ཁམས་དབུས་ཡོངས་ལ་གྲགས་པ་བཞིན་ད་ལྟའང་མིག་མཐོང་དུ་གསལ་བ་དང་། གཉན་ཆེན་ཐང་ལྷའི་མདུན་མཆོད་གསོལ་སྐབས། རྒྱལ་པོ་དུས་ལྡན་མི་རུ་བརྫུས་ནས་ཉམས་ཚད་བྱས་པས་མ་ཚུགས་པར་རང་ཡུལ་དུ་སོང་བ་སོགས་ཞིབ་པར་དེ་སྐོར་ལམ་ཡིག་ཏུ་གསལ། དེ་ནས་མཚུར་ཕུའི་གདན་སར་ཕེབས། འབྲུག་ཆེན་རིན་པོ་ཆེ་དང་མཇལ་ཕྲད་མཛད་བཀའ་དབང་ཕུལ། རྒྱལ་བའི་དབང་པོའི་དགོངས་རྫོགས་མཆོད་འབུལ་དང་སྤྲུལ་སྐུ་མྱུར་འབྱོན་གྱི་བདེན་ཚིག་གསོལ་འདེབས་སོགས་མཛད། ཞག་པོ་བདུན་ནས་ཡབ་ཚང་རང་དུ་ཚུར་ལྷུམས་སུ་ཞུགས་པའི་གཏེར་ཆེན་རིན་པོ་ཆེར་ཡེ་ཤེས་གཟིགས་པ་ནང་འཕྲད་ཀྱི་མཁྱེན་པར་ཤར་བཞིན་དུས་ཚེས་འཛོལ་མེད་ཀྱི་ཞག་བདུན་ནངས་མོར་ཕོ་བྲང་གི་ཐོག་ཏུ་འཇའ་ཚོན་ཁ་དོག་ཤིན་ཏུ་གསལ་བས་གུར་ཕུབ་པ་སོགས་རྟེན་འབྲེལ་དགེ་མཚན་ལེགས་ཤིང་། ལྷ་བསང་། རྒྱག་རག །དར་ཕྱར་དུང་འབུད་སོགས་དང་འབྲེལ། མཆོག་དམན་ཐམས་ཅད་སྤྲོ་དགའི་ཆས་སུ་ཞུགས་ཤིང་དད་མོས་ཡིད་ཆེས་ཀྱི་འདུན་པ་ཆེས་ཆེར་འཕེལ་བར་གྱུར་སོང་། འབྲུག་ཆེན་མདུན་གཏེར་གསར་སྐོར་དབང་ལུང་མང་ཚན་ཕུལ། མཚུར་ཕུ་རྣམ་ཚང་གིས་ཟབ་བདུན་ཡང་ཕུར་སྦྲགས་མའི་སྒྲུབ་ཆེན་གར་འཆམ་སོགས་མཐའ་རྒྱས་མཛད་པའི་དབུ་བཞུགས་གནང་། དེ་ནས་རིམ་གྱིས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། ཁྲི་ཆེན་ཡིད་བཞིན་དབང་རྒྱལ་དང་མཇལ་འཕྲད་མཛད། ཐུགས་ཡིད་གཅིག་འདྲེས་ཀྱིས་ཕན་ཚུན་དབང་ལུང་མང་ཚན་གསན་བཞེས་དང་། ཚེས་བཅུ་ཆེན་མོའི་དབུ་བཞུགས་མཛད། གཞན་ཡང་རིག་འཛིན་ཕུར་ཆུང་གི་ཟློག་པ། སྦྱིན་སྲེག །དངོས་གྲུབ་རོལ་མཚོ་སོགས་སྐུ་རིམ་གྱི་སྐོར་ཡང་འགའ་ཞིག་གནང་། ཁྲ་འབྲུག །ཤེལ་བྲག །བཙན་ཐང་སྒྲོལ་མ་ལྷ་ཁང་སོགས་ལ་མཆོད་འབུལ་ཚོགས་འཁོར། མཎྜལ། བྱིན་འབེབ། བརྟན་བཞུགས། བསྟན་པ་རྒྱས་པའི་སྨོན་ལམ་ཐུགས་བསྐྱེད་སོགས་རྒྱ་ཆེར་མཛད། དེ་ནས་འབུམ་མོ་ཆེ། རས་ཆུང་སྦུག །རྟག་ཆེན་འབུམ་པ། ཡུམ་བུ་བླ་མཁར། གུ་རུ་ལྷ་ཁང་སོགས་ལ་ཡང་མཎྜལ་མཆོད་འབུལ་བྱིན་འབེབ་བརྟན་བཞུགས་སོགས་མཛད། འབྲུག་གསང་སྔགས་ཆོས་གླིང་དུ་ཕེབས། འབྲུག་ཆེན་རིན་པོ་ཆེ་དང་མཇལ། འབྲུག་ཚེས་བཅུ་ཆེན་མོ་ཞིབ་མཇལ་མཛད། ཕྱི་རོལ་ཀླ་ཀློའི་རྒྱུ་ལམ་འགོག་ཕྱིར་ཟབ་བདུན་གཤིན་རྗེ་ཚེ་བདག་གི་དབང་གདམས་བཀའ་གཏད་བསྒྲལ་དབང་སོགས་རྒྱ་མཚོ་གྲྭ་ཚང་ལ་སྒེར་དུ་གནང་། དེ་ནས་ཙ་རི་མཚོ་དཀར་དུ་ཕེབས། མཚོ་སྐོར་ཚོགས་མཆོད། མཚོ་འབུལ། མཎྜལ་སོགས་མཛད་དགོས་རྣམས་གྲུབ། དེ་ནས་རྩེ་སྐོར་ལམ་ནས་ལྷ་གཡག་འཆིབ། ཕོ་བྲང་གཡུ་མཚོ་ལ་མཎྜལ་མཚོ་འབུལ་སོགས་ཀྱི་གཙོས་ལམ་ལམ་ཀུན་ནས་ཚོགས་འཁོར་མཆོད། བདེན་ཚིག །བསྟན་པ་རྒྱས་པའི་སྨོན་ལམ། བྱིན་འབེབ། བརྟན་བཞུགས་སོགས་གང་ལ་གང་འོས་ཀྱི་ཕྲིན་བཅོལ་སོགས་ཡར་མར་ཕེབས་བཞུད་བྱོན་ལམ་ཀུན་ནས་རིམ་པ་ལྟར་གནང་བ་ཕྱོགས་མཚོན་ཙམ་ལས་རེ་རེ་བཞིན་སྨྲོས་ཚོད་ལ་མ་མཆིས་སོ། །ཞག་བཅུ་བདུན་ནས་འབྲུག་པའི་གདན་སར་ཚུར་འཁོར། བཀའ་དབང་ཕུལ། དེ་ནས་ཐུགས་བྲེལ་བབ་ཀྱིས་ཚུར་ཆིབས་སྒྱུར་གྱིས་བསམ་ཡས་སུ་ཕེབས། ཕྱོགས་འདུས་བུ་སློབ་མང་པོ་ལ་དབང་ཁྲིད་སོགས་དང་། དབེན་རྩ་ལྷ་ཁང་གནས་བཅུའི་མདུན་ཕྲིན་ལས་སྙིང་པོའི་ཚོགས་གར་མཛད། མཆིམས་ཕུར་རྡོར་སེམས་ཚོགས་འབུམ་དང་རྫོགས་ཆེན་དབང་སྐོར་རྒྱ་ཆེར་གནང་། གཡའ་མ་ལུང་དུ་ཚེ་སྒྲུབ་ཚོགས་བསྐང་སོགས་ཐུགས་བཞེད་སྐོར་བསྒྲུབས། བསམ་ཡས་ལྷ་ཁང་རེ་རེ་བཞིན་དུ་རྟེན་གཙོ་དང་འབྲེལ་བའི་དབང་བསྒྲུབ་ཚོགས་འཁོར་དང་འབྲེལ་དབང་ཆོས་མཐའ་ཡས་པ་གནང་། རབ་གནས་ཉིན་གསུམ་མའི་རྟེན་བཞུགས་དང་འབྲེལ་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་བདེན་ཚིག་བཀྲ་ཤིས་མཐའ་རྒྱས་བཅས་ཟླ་བ་གཅིག་གིས་འགྲུབ་པར་མཛད་ནས་བྲག་ཡང་རྫོང་ལ་ཕེབས། གཤིན་རྗེ་ཚེ་བདག་གི་སྒྲུབ་ཟློག་འབྲེལ་བའི་བསྙེན་རྒྱུན་ཞག་གསུམ་བར་གནང་ཞིང་མནན་བསྲེག་འཕང་གསུམ་སོགས་མཐའ་རྒྱས་མཛད། གནས་གསར་དུ་ཕེབས། ཁྱད་པར་སྦྲགས་ཀྱི་སྒྲུབ་ཕུག་གོང་མ་ནས་གནུབས་ཆེན་གྱི་མཐེབ་ཀོར་གསང་གཏེར་དུ་བཞེས་མཛད་པ་ལས་ཕྱིས་དམ་ཆོས་ཞི་བྱེད་སྐོར་དྲུག་གི་ཆོས་སྡེ་དབང་ལུང་སོགས་རིམ་པར་མངོན། མཆིམས་ཕུ་དང་མཚོ་དཀར་ཏི་སྒྲོ་སོགས་ནས་ཀྱང་གསང་གཏེར་འགའ་བཞེས་ཡོད་ཚོད་གྲྭ་འཁོར་རྣམས་ནས་སེམས་ཀྱང་དེ་འདི་སྨྲོས་མ་ཤེས་སོ། །ཆུ་བོ་རི་དང་ཧས་པོ་རི་སོགས་ས་གནད་རྣམས་སུ་བཀའ་ནན་རབ་བརྗིད་ཀྱང་དུས་དུས་སུ་མཛད་དོ། །དེ་ནས་ལྷ་ལྡན་དག་པའི་ཞིང་དུ་ཕེབས། ཇོ་ཤཱཀ་རྣམ་གཉིས་མདུན་ཞལ་མཇལ། སྙན་ཤལ། མཎྜལ། མཆོད་འབུལ། ཁྱད་པར་ཡིད་བཞིན་ནོར་བུའི་མདུན། མར་མེ་སྟོང་མཆོད་དང་འབྲེལ་དགེ་སློང་ལྔ་སྡེས་ཉིན་ལྔ་ལ་བཟང་སྤྱོད་སྨོན་ལམ་འཚོགས། སྐྱབས་མགོན་ཏཱ་ལའི་བླ་མ་ཐམས་ཅད་མཁྱེན་གཟིགས་རིན་པོ་ཆེའི་མདུན་ཞུ་མཇལ་ཕྱག་རྟེན། མཎྜལ། འབུལ་མཚོན། བསྙེན་བཀུར་ཞུས། སེ་འབྲས་གཉིས་ཀྱི་མཆོད་མཇལ། གཞུང་སའི་མི་དྲག་ཁ་ཤས། གྲུབ་མཐའ་རིས་མེད་པའི་ཕྱོགས་འདུས་ཀྱི་བླ་སློབ་རྣལ་འབྱོར་ཕོ་མོ་རྟོགས་ལྡན་སོགས་ཟད་མཐའ་མེད་པ་ལྟ་བུས་ཆོས་ཞུ་དད་འདུན་བསྙེན་བཀུར་ཆེ་བར་བརྟེན། དབང་ཆོས་ཁྲིད་གདམས་སོགས་མང་ཚན་གནང་། གཟིམ་འགག་མི་ཆེན་པོ་ཆེད་ཕེབས་ཀྱིས་རི་ཆེ་རྩེ་ཞབས་དྲུང་གི་མཆོག་སྤྲུལ་ངོས་འཛིན་དང་། སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཕྲིན་ལས་རྒྱ་མཚོ་དགོངས་སྙིང་ས་འབྲུག་འདི་ལོ་དགུང་གྲངས་བཅུ་གཅིག་ཏུ་ཕེབས་པ་དགུང་སྐེག་ཡོད་མེད་སོགས་ཀྱི་བརྟགས་གཟིགས་ཞིབ་ཞུས་མཛད་པར། ཞུ་ལེན་ལོ་ལྔ་ཚུན་ལ་ཉེར་འཚེ་ཆེ་ཕྲ་གང་ཡང་མེད་པར་ཞབས་པད་བརྟན་ངེས་ཀྱི་ཞབས་བརྟན་ཕུལ། མིག་འཕྲུལ་འབར་མོའམ་འདྲེ་མོ་མངོན་ཆས་ཀྱིས་མི་རྣམས་ཁྲིད་ཅིང་ཟ་བར་འདུག་ཅེས་ལྷ་ལྡན་ཕྱོགས་སུ་གཏམ་གླེང་འུར་ཟིང་སྐྲག་སྣང་ཆེན་པོ་རང་བྱེད་པའི་སྐབས། མི་དཔོན་ཆེན་པོའི་མདུན་ནས་འཚུབས་རྐྱེན་འདི་ལ་ཅི་ཕན་གང་འགབ་ཀྱི་བརྟགས་ཞུས་གཏེར་ཆེན་མདུན་ཕུལ་ལན་ཞག་པོ་བཅོ་ལྔ་མ་ཡོལ་གྱི་བར་དུ་ལྷ་ལྡན་རྒྱལ་ཁབ་ཆེན་པོའི་ཕྱོགས་མཚམས་རྣམས་སུ། དགོང་མ་རེ་བཞིན་ཕོ་མོ་མང་འདུས་ཀྱིས། བསམ་པ་ལྷུན་གྲུབ། བར་ཆད་ལམ་སེལ། དུས་གསུམ་སངས་རྒྱས་སོགས་གུ་རུའི་གསོལ་འདེབས་འུར་འདོན་ནུབ་ནུབ་བཞིན་གྱིས། འཕྲལ་རྐྱེན་རིམ་སེལ་ལས་ནམ་ཕུགས་མི་སྐྱོན་གསུངས། དོ་ནུབ་ཕྱི་དྲོ་ནས་བརྩམ་སྣང་རྩེའི་སྐོར་འཆག་པ་རེ་རེས་ཕོ་མོ་བརྒྱ་སྐོར་ཙམ་རེ་བསྡུས་ཏེ་ཕྱོགས་མཚམས་རྣམས་སུ་འཁོད་དེ། གསོལ་འདེབས་རྣམས་ཡིག་ངོས་ནས་ཚིག་རྐང་རེ་རེ་བཞིན་སྨྲོས་པའི་རྗེས་ཟློས་མང་མས་བྱེད་དུ་བཅུག་སྟེ་ནན་བསྐྱར་གྱིས་མཐར་དབྱུང་། གོང་མ་བདག་ཆེན་རིན་པོ་ཆེའི་ཐུགས་རྗེའི་རྩལ་སྟོབས་ཀྱི་ཟིལ་མ་བཟོད་པར་སྦུར་མ་རླུང་གིས་བཏབ་པ་བཞིན་རང་དབང་མེད་པར་བཀུག་སྟེ་ནམ་ཡང་ལྡང་བ་མེད་པའི་གནད་བཀོད་མཛད་སོང་ཚུལ་གྱིས། མིག་འཕྲུལ་འབར་མོས་འཚེ་བ་ལས་གྲོལ་བར་རིམ་གྱིས་གླེང་སླང་ལས་ཐོས། སྟག་ལུང་འདོ་འཇོ་མ་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཀའ་དབང་རྣམས་དང་ཞབས་རིམ་ཟབ་བདུན་ཕུར་ཟློག་ཆེན་མོ་མཐའ་རྒྱས་སྒྲུབ། རྒྱ་མ་ཁྲི་ཁང་དུ་དགུ་གཏོར་དང་རས་ཆོས་ཆུ་རས་སོགས་མཛད། འབྲི་གུང་སྐྱབས་མགོན་མདུན་མཇལ་འཕྲད་བཀའ་དབང་ཟབ་རྒྱས་སྐོར་དང་སྐུ་རིམ་ཕུར་ཟློག་རྒྱས་འབྲིང་བསྡུས་གསུམ་སོགས་ཞབས་འདེགས་སྒྲུབ། གདན་ས་རྣམས་ཀྱི་རྟེན་གསུམ་ཆེ་ཕྲ་མཇལ་ཕྱག་མཆོད་འབུལ་དང་། གནས་མཆོག་ཏི་སྒྲོ་བྲག་དཀར་དུ་ཆེད་ཕེབས་ཀྱིས་རྩ་བ་གསུམ་གྱི་མཆོད་བསྐང་ཚོགས་འཁོར་བོད་ཁམས་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་ཐུགས་བསྐྱེད་མཛད་འཕྲིན་སྒོ་གང་ཟབ་ལུང་དོན་རྣམས་ལས་འབྱུང་བ་བཞིན་སྒྲུབ་པར་མཛད་དོ། །དེ་ནས་གངས་དཀར་ལ་བརྒལ་ཇ་ལམ་རྒྱུད་ནས་ཕེབས། སྤྱིར་ཡང་དབུས་ལྗོངས་བསྐོར་ལ་ཆིབས་ཁ་བསྒྱུར་ནས་ཕྱིར་གདན་སར་ཕེབས་གྲུབ་ཀྱི་བར་ཟླ་བ་བཅོ་བརྒྱད་ཙམ་འགོར་མཚམས། དགུང་གྲངས་ཞེ་གཅིག་ཏུ་སོན་པའི་ས་སྦྲུལ་དཔྱིད་ཟླ་ཐ་ཆུང་གི་ཚེས་ནང་སྐོར་གདན་ས་བར་མ་གནས་བརྟན་དགོན་འགྱུར་མེད་གླིང་དུ་ཕྱག་ཕེབས་ཤིང་གཞི་བྱེས་སྤོམ། དེ་ནས་གྲྭ་རིགས་རྣམས་ལ་སྨིན་གླིང་ནས་བསླབས་པའི་སྒྱུ་འཕྲུལ་རྩ་འཆམ་ཆེན་མོ་བསླབ་སྩོལ་བགྱིས། འཆམ་ཆས་ལ་ཉེར་མཁོའི་ཐང་ཞུ་དང་སྒྲོ་སྐོར་བྷན་ཕུར་སོགས་འདུ་བ་བགྱིས་ཤིང་འཆམ་སྣ་བརྒྱ་དང་སོ་བདུན་ཚང་མ་ལོན་ནས། སྤྲོས་བཅས་རྩ་འཆམ་ཆེན་མོ་སྔོན་དུ་འགྲོ་བའི་སྒོ་ནས། འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཡང་དག །ཕུར་པ། གཤིན་རྗེ། ཚེ་སྒྲུབ་རྣམས་བཀའ་གཏེར་གཉིས་ཀ་དང་། མ་མོ་གཏེར་མ་བཅས་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཚོམ་བུ་ཚོགས་སྒྲུབ་ཚུལ་བཞིན་དུ་སྦྱིན་སྲེག་དབང་ཆེན་བཅས་མཐའ་རྒྱས་མཛད། དེ་ནས་གདན་ཞུས་ནན་བསྐྱར་གྱིས་དགེ་རྒྱལ་སྟོད་སྨད་ཕྱོགས་སུ་ཕེབས་ལམ་སྤམ་གཞུང་ནས་ལྷོ་རིན་པོ་ཆེ་དང་མཇལ་འཕྲད་སྐབས། ལྷོ་ཆགས་མེད་མཆོག་སྤྲུལ་ངོས་འཛིན་ཞུས་མཛད་པ་དིལ་ཡག་དགོན་དུ་ཕེབས་སྐབས་ངོས་འཛིན་སྲུང་མདུད་རྦ་དར་མཛད་དོ། །དགེ་རྒྱལ་ཕྱོགས་བླ་དགོན་སྡེ་གསུམ་ཐམས་ཅད་ལ་འགུ་ལོག་གིས་འཚེས་ཆེ་བ་ལ་དམིགས་འདོད་བསྟུན། ཡོན་བདག་རྣམས་ཀྱིས་དགྲ་ཟློག་དགྲ་ཆོས་སྲི་གནན་སོགས་ནན་བསྐྱར་ཞུས་ཀྱང་། ལས་རྒྱུ་འབྲས་བབ་ཀྱིས་ལེ་ལན་རང་ལ་ཚུར་མི་འཁོར་བའི་ཐབས་མེད་པས་བསམ་སྦྱོར་རྩུབ་མོའི་སྒོ་ནས་དགྲ་ཟློག་སོགས་སྲུང་བ་ཡིན་ཁུལ་བྱེད་པ་ལ་དགོས་པ་ཆེར་མེད། དེས་ན་སྡེ་དུད་རྣམས་ནས་ཀྱང་སྒྲོལ་མའི་མཎྜལ་བཞི་ཆོག་ལས་ལྷག་པ་གང་ཡང་མེད་པས་འདི་ཕྱི་འཕྲལ་ཡུན་ལ་ཕན་པའི་རིམ་གྲོ་གཅིག་ཆོག་མ་དེ་གྱིས་གསུངས་ནས་བཀའ་རྟགས་ལའང་དེ་གནང་། རིམ་གྲོ་ཞུས་ནའང་མཎྜལ་གྱི་ཆོ་ག་དང་ཚེ་གཡང་ཁ་སྤྲོད་ཙམ་རེ་མཛད། ལར་མཆོག་དམན་ཐམས་ཅད་ལ་དུས་ནམ་དུའང་བསམ་པ་བཟང་པོ་དང་མི་འབྲལ་བར་གྱིས་དང་རྒྱུ་འབྲས་བབ་ཀྱིས་གནོད་པའི་དགྲ་བོ་ཡང་རིམ་ཡལ་ཇེ་འཇམ་དུ་འགྲོ་ཞིང་། ཕྱི་མ་ཡང་ངེས་ལེགས་ཀྱི་ལམ་མཆོག་གཅིག་པུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་འཇུག་པའི་བསླབ་ཁྲིད་མཆོག་དམན་སྐྱེ་བོ་ཕོ་མོ་རྣམས་ཀྱིས་ཉམས་སུ་ལེན་བདེ་བར། རྫོགས་པའི་སངས་རྒྱས་དངོས་བྱོན་དཔལ་སྤྲུལ་རྡོ་རྗེ་འཆང་གིས་དངོས་སུ་བསྩལ་པའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་འདི་ཉིད་ཕས་ནོར་བུ་ལ་སྦྱིན་པ་བཞིན། ཉན་པར་འདོད་པ་རྣམས་ལ་ཕོངས་མེད་དུ་གནང་བ་ཡིན་གསུངས་ནས། བླ་སྤྲུལ་རྣམས་གཙོས་མཆོག་དམན་སྐྱ་སེར་ཕོ་མོ་ཉིས་བརྒྱ་ལ་ཉེ་བ་ཙམ་ལ་ཟླ་གཅིག་གི་རིང་སྤྱོད་འཇུག་ཞིབ་ཁྲིད་གནང་། སྐྱབས་མགོན་ཟླ་སྤྲུལ་རིན་པོ་ཆེའི་སྤྲུལ་སྐུ་ངོས་འཛིན་གྱི་མགུལ་སྲུང་རྦ་དར་མཛད། དེ་ནས་དགོན་ཁག་རྣམས་དང་ཡོན་བདག་ཀུན་གྱི་རེ་བསྐང་མཛད་ཅིང་རིམ་པར་རག་ཤུལ་ཟུར་མང་རྒྱུད་རྡོ་དགོན་དུ་ཕེབས། ཟབ་བདུན་ཕུར་པའི་སྒྲུབ་ཆེན་བསྒྲལ་འཆམ་དབང་ཆེན་བཅས་མཛད། བླ་བྲོ་དགོན་དང་སྒར་ཆེན་སྟེང་སོགས་ཕེབས། སོ་སོའི་དགོངས་བཞེད་དབང་ལུང་དང་སྐུ་རིམ་སོགས་རེ་བསྐང་བསྒྲུབས་ནས། ཆེད་གཏད་ཀྱིས་གྱོམ་གཞུང་བརྒྱུད་རྩི་རྐེ་ནོར་བུ་སྤུན་གསུམ་དུ་ཕེབས། སྒོམ་སྡེ་ཁར་ཆོས་སྒར་བརྒྱབ། རྡོ་གཞན་སྟོང་དར་རྒྱས་གླིང་ནས་ས་དཔྱད་མཁན་པོ་བླ་རྒན་མེ་ཉག་ཆོས་རྒྱལ་ཡང་མཉམ་ཆར་ཕེབས་བསྐུལ་ཞུས་མཛད་བཞིན། གཏེར་ཆེན་རིན་པོ་ཆེ་དཔོན་སློབ་གཉིས་ནས། གོང་གི་ནོར་བུ་སྤུན་གསུམ་བྲག་རིའི་མཚམས་ནས་གཞུང་གི་ཐང་མཐའ་ཡན་ས་དཔྱད་གང་ལེགས་ཞིབ་གཟིགས་གནང་ནས། སླར་ཀུན་གཟིགས་རིན་པོ་ཆེའི་མདུན་ས་ཆའི་མཐོ་དམན་གང་ལེགས་ཀྱི་བཀའ་དྲིན་ཞུ་བའི་འབངས་མི་ཆེད་མངགས་འཁོར་གདོང་ཐུགས་ཐག་གཅོད་རྒྱུ་མཛད་ནས། ཟུར་མང་བླ་དགོན་དང་ཀརྨའི་དགེ་རུ་སོགས་ཀྱི་རེ་འདུན་མོས་བཞེད་བསྐངས་ནས། ལོ་དེའི་དགུན་དཔྱིད་ཀརྨའི་གདན་ས་གསང་སྔགས་ཕོ་བྲང་དུ་བཅད་རྒྱར་བཞུགས། ཟབ་བདུན་ཕུར་པའི་སྒྲུབ་ཆེན་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་གཞི་འབྲས་སྦྲེལ་བའི་ལྷ་ཁྲིད་ཆེན་མོ་ཛཔ྄་དགོངས་རྣམ་པ་བཞི་སོ་སོའི་དམིགས་པའི་འཕྲུལ་འཁོར་སོགས་ཞིབ་ཁྲིད་བཅས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་མཐའ་རྒྱས་སུ་གྲུབ་པར་མཛད། དེ་ནས་སྐབས་འགར་རྗེ་གཏེར་ཆེན་ཉིད་ཀྱི་ཉམས་སྣང་སྐོར་གྱི་གདངས་དབྱངས་རྣམས་བསླབ་མཛད་པ་དང་། སྨིན་གླིང་བཀའ་བརྒྱད་ཀྱི་དབྱངས་གདངས་རྣམས་ཐུགས་ཉམས་སུ་བཞེས་པར་གནང་། ཡང་སྐབས་འགའ་རེར་ཤོག་སེར་འགའ་ཕབ་མཛད་སོང་བ་གང་ཡིན་ནི་མ་ངེས། ཡང་སྔ་དྲོ་ཞིག་ལ་སྐྱབས་མགོན་རྗེ་དྲུང་རིན་པོ་ཆེ་དབུས་ཕེབས་ལམ་ནས་ཞིང་གཟིགས་སོང་ཡོད་འདུག་པ་དེ་འདྲ་ཕྱི་ནང་ཀུན་ནས་གླེང་ཨེ་འདུག་གསུངས་པས། གང་ཡང་མི་འདུག་ཞུས་པ། དེ་ཕྱི་ནང་སུ་ལའང་བཤད་མི་ཉན་གསུངས། ཡང་ཞག་པོ་རེ་ཟུང་མཚམས་ནས་བཟང་ངན་གྱི་སྐད་ཆ་ཅི་ཟེར་གི་ཨེ་འདུག་ཕེབས་པ་ལ། གང་ཡང་གོ་རྒྱུ་མི་འདུག་ཞུས། དེ་ནས་ཞག་པོ་བཅུ་རེ་ཟུང་མཚམས་ནས། ཡང་དགོན་མཛོད་པ་བུ་སྒྲོན་མ་རྗེ་སྤྲུལ་རིན་པོ་ཆེ་གཤེགས་པའི་མཆོད་བསྔོ་དང་སྤྲུལ་སྐུ་གར་འཁྲུངས་ཀྱི་བརྟགས་ཞུས་ལ་བྱོན་པ། གཏེར་ཆེན་རིན་པོ་ཆེའི་མདུན་ནས་མཆོག་སྤྲུལ་གསར་པ་རང་དགོན་གྱི་ཉེ་ལོགས་གསེར་འཕྲུའི་ཉི་འོད་འཁྱིལ་ས་ལ་འཁྲུང་འོང་པས། རིམ་པར་ཞིབ་ཆའི་ཞུ་རྒྱ་འབུལ་འོང་གསུངས། དེ་རྗེས་དཔྱིད་སོས་ཀྱི་བར་ཙམ་ནས་རྗེ་སྤྲུལ་རིན་པོ་ཆེ་ཟླ་ནང་ཚེ་རིང་རྣམ་རྒྱལ་ཚང་དུ་སྐུ་འཁྲུངས་ཚུལ་གྱི་ཕྱག་བྲིས་ཞིབ་རྒྱས་ཕུལ་མཛད་དོ། །དེ་ལྟར་གོང་སྨྲོས་རི་བོ་དབང་ཞུའི་ཐུགས་སྒྲུབ་ཀྱིས་སྒྲུབ་ཆེན་དང་། པདྨ་ཤེལ་ཕུག་གི་སྔ་ཕྱིའི་སྨན་སྒྲུབ་སོགས་སྐབས་འགའ་རེར་འདུས་པ་ཉུང་བས་སྤྲོས་བཅས་ཀྱི་ཕྱག་བཞེས་མ་འགྲུབ་ཀྱང་། ཆོ་གའི་ཡན་ལག་སྦྱོར་དངོས་རྗེས་གསུམ་ཚང་ཞིང་བྱིན་རླབས་ཀྱི་ཟིལ་དང་ལྡན་པས་ན་དོན་གྱི་སྒྲུབ་པ་ཆེན་པོ་ཁོ་ན་ཡིན་པར་གསུངས། གཞན་དུ་རྗེ་ཉིད་སྐུ་རྐྱང་གིས་བསྙེན་སྒྲུབ་མཛད་ཚུལ་རགས་རིམ་ཙམ་སྨྲོས་ན། སྐུ་གཞོན་དུས་ཀྱི་སྐབས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་དང་། འབྲི་གུང་ཡང་ཟབ་ཚེ་སྒྲུབ་སོགས་ལན་མང་དུ་མཛད། ཕྱིས་དཔལ་སྤུངས་སུ་ཕེབས་ནས་བླ་མ་གསང་སྔགས་བསྟན་འཛིན་ལས་ཕྱག་ལེན་བཞེས་ཏེ་རཏྣའི་བླ་མ་ཞི་བའི་སྐུ་གསུམ་སྒྲུབ་པ་ཚད་ལྡན་དང་གུར་དྲག་ཕུར་པ་བཅས་ཀྱི་བསྙེན་པ། དམ་པའི་ལུགས་ཀྱི་འཇམ་དཔལ་སྨྲ་སེང་གི་བསྙེན་སྒྲུབ་ལས་གསུམ་གནད་སྨིན། ཀླུ་དབང་རྒྱལ་པོ་དང་། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་བསྙེན་པ་ལས་རུང་། སྔ་ཕྱི་ཅི་རིགས་པར་ཉང་གཏེར་བཀའ་བརྒྱད་དང་། ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་འདུས། སྨིན་གླིང་གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་བཅས་ཀྱི་བསྙེན་སྒྲུབ་ཚད་ལྡན་མཛད། རྡོ་རྗེའི་གནས་ཆེན་རྣམས་ཀྱི་སྒོ་འཕར་ཕྱེས་ཚུལ་ཡང་། གནས་ཆེན་ཉེར་ལྔའི་མདོ་བྱང་རྩ་བར་གཟུང་སྟེ། གཏེར་ཁ་སོ་སོའི་གནས་ཡིག་ས་གཏེར་ལས་བྱོན་པ་དང་། དགོངས་ཉམས་སུ་ཤར་བ་དང་། ལྷ་དང་མཁའ་འགྲོས་ལུང་བསྟན་པ་སོགས་བྱེ་བྲག་རང་རང་གི་གནས་ཡིག་ལས་གསལ་ཞིང་། ཆོས་བདག་ལུང་བསྟན་ཚུལ་ཡང་རང་རང་གི་གཞུང་དང་ལུང་བསྟན་གྱི་ཚིག་དོན་དང་སྦྱར་བར་གསུངས་ཤིང་། ཕྱིའི་རྣམ་ཐར་གྱི་གཙོ་བོ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་སོ་ལྔ་མཛད་པ་ཉིད་སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་ཆེན་པོ་རྣམས་ཀྱི་ཕྱག་ལེན་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། དེ་ལྟ་བུའི་ཕྲིན་ལས་ཀྱི་འཇུག་པ་རྨད་དུ་བྱུང་བ་ལ་བརྟེན་ནས། འཇིག་རྟེན་དབང་ཕྱུག་དགྱེས་པའི་ཕོ་བྲང་སྟོད་ལུང་མཚུར་ཕུའི་ཆོས་གྲྭར་ཡང་ཕུར་གྱི་སྒྲུབ་ཆེན་ཚད་ལྡན་རྩ་འཆམ་འབྲིང་པོ་དང་བཅས་པ། ཟུར་མང་རྡོ་དགོན་དུ་ཕུར་པའི་སྒྲུབ་ཆེན་ཐོག་མར་སྨད་ལས་གཙོ་བོར་བཏོན་པའི་བསྒྲལ་འཆམ་དང་། ཕྱིས་ནོར་བུ་གླིང་དུ་ས་འདུལ་མཛད་སྐབས་རྩ་འཆམ་རྒྱས་པར་གནང་བ་ལྟར་གྱི་རྒྱུན། རྒྱམ་གཞུང་བླ་བྲོ་དགོན་དུ་ཡང་ཕུར་གྱི་སྒྲུབ་ཆེན་འཆམ་ཡང་དེ་མཚུངས་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་མཆོད་དང་། མཎྜལ་བཞི་པའི་ཆོ་ག་བཅས་ཀྱི་རྒྱུན་ལེགས་པར་ཚུགས། དཔལ་རི་བོ་ཆེའི་ཡང་དགོན་བླ་བྲང་དུ་རྒྱལ་ཆེན་རྣམ་སྲས་ཀྱི་སྒྲུབ་ཁང་དང་སྒྲུབ་རྒྱུན། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དུ་རྣམ་སྲས་མགོན་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་བཀའ་སྲུང་བཅས་རྒྱུན་གསུངས། ཁྱད་པར་ཡང་ཁྲོད་དེ་བཱི་ཀོ་ཊའི་སྒྲུབ་སྡེ་ཆེན་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྒྲུབ་པོ་རྣམས་ཀྱིས་གསང་ཐིག་སྙིང་པོའི་ཉམས་བཞེས་རྒྱུན་ཆགས་དང་། ཆོས་སྲུང་གི་གཙོ་བོ་གཏེར་གསར་ཕྱག་དྲུག་པ་ལ་མཛད་པས་མཚོན། ཕྱོགས་དེའི་མགོན་ཁང་ཁག་དུ་གཏེར་གསར་གྱི་ཡི་དམ་ཆོས་སྲུང་ཕལ་མོ་ཆེའི་སྒྲུབ་པ་རྒྱུན་མི་འཆད་པར་ཚུགས་པས་བསྟན་འགྲོའི་སྨན་ཡོན་ཆེན་པོར་གྱུར། འཛི་སྒར་དུ་ཐུགས་སྒྲུབ་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་རྒྱུན་བར་མ་ཆད་པར་གནང་བ་སོགས་དང་། གཞན་ཡང་ཀུན་མཁྱེན་འབྲུག་པའི་གདན་ས་གསང་སྔགས་ཆོས་གླིང་དུ་ཟབ་བདུན་གཤིན་རྗེའི་སྒྲུབ་རྒྱུན་ཚུགས་བཞིན་གྱིས་བར་ཆད་ཀླ་ཀློའི་རྒྱུ་ལམ་ཆད་པའི་རྟགས་མཚན་དེ་འཕྲལ་ནས་བྱུང་བ་དང་། ཟུར་མང་རྣམ་རྒྱལ་རྩེར་གུ་རུ་རིན་པོ་ཆེའི་སྐུ་ཚབ་ཁྱད་འཕགས་གནང་ཞིང་ཚེས་བཅུ་ཆེན་མོའི་ཕྱག་བཞེས་ཚུགས་དགོས་པའི་བཀའ་བསྩལ་པ། སྤྲུལ་པའི་སྐུ་མཆེད་ནས་ཀྱང་ཞལ་གྱིས་བཞེས་པ་དོན་སྨིན་དུ་འགྱུར་བ་གཞིར་བཅས་པའི་མཚོན། བྱུང་དང་འབྱུང་འགྱུར་གྱི་ཕྲིན་ལས་མཐའ་རྒྱས་སུ་གྱུར་ཅིང་། ལྷག་པར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྐོར་རྣམས་ཕྱོགས་གང་དུའང་དར་རྒྱས་ཆེ་བ་དང་། དེའི་མཚོན་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་། ཡང་ཕུར། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱང་ཉམས་བཞེས་མཛད་པ་མང་ངོ་། ཁྱད་པར་ཆོས་བཀའ་བབ་ཚུལ་ལའང་། བཀའ་གཏེར་དག་སྣང་ལས་ཕྱེ་བའི་བཀའ་བབས་བདུན་ཞེས་པ་ནི། ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བབ༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་གཏེར་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་ཁྲི་སྲོང་ཡབ་སྲས་ཀྱི་རྣམ་འཕྲུལ་མཁྱེན་གཏེར་རྣམ་གཉིས་ལ། བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབས་བདུན་དང་ལྡན་པ་སྟེ། འདི་དང་པོ་ནི། རིང་བརྒྱུད་བཀའ་མ་སྟེ། དེང་སང་རྒྱུན་བཞུགས་པ་བསྐྱེད་རྫོགས་སྡེ་གསུམ་ཕལ་ཆེར་གསན་ཅིང་བྱིན་རླབས་ཟབ་མོའི་བཀའ་བབས་ལ་བརྟེན་ནས་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་མང་དུ་མཛད་དོ། །དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་དུ་འདུས་པ་མདོ་དབང་ཆེན་མོ། ཨེ་ཝཾ་ཆོས་སྒར་གྱི་མཁས་དབང་རྡོ་རྗེ་འཛིན་པ་རྣམས་དང་། ཨོ་རྒྱན་སྨིན་གྲོལ་གླིང་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྒྱུད་བཤད་གནང་། དཔལ་བསམ་ཡས་མཆིམས་ཕུར་སྐལ་ལྡན་འདུས་པ་རྣམས་ཀྱི་བགོ་སྐལ་དུ་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་ཆོས་འཁོར་ཡང་མང་དུ་བསྐོར་བར་མཛད། དེར་མ་ཟད་གཏེར་ཁ་སྔོན་མ་རྣམས་སུ་དེ་སྔོན་མ་གྲགས་པའི་མདོ་སྒྱུ་སེམས་གསུམ་གྱི་གཏེར་ཁ་རྗེ་འདི་ཉིད་ཀྱི་གཏེར་ཆོས་ལ་བྱོན་པ་རྣམས། མཚན་གཏེར་མར་བཏགས་ཀྱང་དོན་གྱི་ངོ་བོ་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པའི་སྔོན་མེད་ངོ་མཚར་ཅན་ཤ་སྟག་ཏུ་བྱོན་པ་རྣམས་ཀྱང་དོན་དུ་བཀའ་མའི་བཀའ་བབས་པ་ཡིན་ནོ། །ཁྱད་པར་རྗེ་གཏེར་ཆེན་ཉིད་དང་ཀུན་གཟིགས་རིན་པོ་ཆེ་མཁན་སློབ་ནས། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་ལ་སྙན་བསྐུལ་བར་བརྟེན་ཆོས་གྲྭ་ཆེན་པོ་རྣམ་རྒྱལ་བྱང་ཆུབ་གླིང་དུ། སྔ་འགྱུར་བཀའ་མའི་དབང་ལུང་གི་རྒྱུན་དེང་སང་ཡོད་དོ་ཅོག་གི་དཀྱིལ་འཁོར་ཆེན་པོ་ཉེར་བདུན་གྱི་སྒྲུབ་མཆོད་ལོ་བསྟར་དུ་ཚུགས་པའང་། རྗེ་གཏེར་ཆེན་རིན་པོ་ཆེའི་ཕྲིན་ལས་ཀྱི་འཇུག་པ་རྨད་དུ་བྱུང་བ་ལས་ཡིན་ཞེས་ཀུན་གཟིགས་རིན་པོ་ཆེའི་ཞལ་ལས་གསུངས་སོ། །གཉིས་པ་ཉེ་བརྒྱུད་རང་སྐལ་གྱི་གཏེར་མ་ལའང་གཉིས། རྒྱ་ཆེ་བ་ས་ཡི་གཏེར་དང་། ཟབ་མོ་དགོངས་པའི་གཏེར་རོ། །དང་པོ་ལའང་གཉིས། རང་སྐལ་ས་ཡི་གཏེར་དངོས་དང་། གཏེར་འབྱིན་གཞན་གྱི་ཡང་གཏེར་བཀའ་བབས་ཚུལ་ལོ། །དང་པོ་ནི་གཏེར་ཁ་སུམ་ཅུ་རྩ་བདུན་ཆེ་ཁོག་གཏེར་ཆེན་ཉིད་ཀྱི་དགུང་གྲངས་ལོ་ཟླ་ཚེས་གྲངས་དུས་ཚོད་ཡན་གསལ་བར་སྤྱན་དྲངས་ཚུལ་གོང་དུ་བཤད་མ་ཐག་པ་ལྟར་དང་། གཉིས་པ་ཡང་གཏེར་བཀའ་བབས་ཚུལ་ནི། གཏེར་འབྱིན་གཞན་གྱིས་ཡང་གཏེར་དུ་སྦས་པ་དངོས་སུ་བཞེས་པའམ་བྱིན་རླབས་ཀྱི་སྟོབས་ལས་བྱུང་བ་དང་། དཔེ་རྒྱུན་ཙམ་ཡོད་ཀྱང་དབང་ལུང་འཆད་ཉན་གྱི་རྒྱུན་ཆད་པ་ཉེ་བརྒྱུད་དུ་བཀའ་བབས་པ་སོགས་ཏེ། སྐབས་འདིར་རྗེ་གཏེར་ཆེན་ཉིད་ཀྱི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་ཡང་གཏེར་གུ་དྲག་ཧཱུྃ་དམར་སྙིང་ཏིག་ཉིད་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་མ་རྒྱུད་གསང་བ་ལམ་ཁྱེར་སྐོར་ཉེ་བརྒྱུད་དུ་བཀའ་བབས་པ་འཇམ་མགོན་བླ་མར་བསྩལ་པ་ལྟ་བུའོ། །གཉིས་པ་ཟབ་མོ་དགོངས་པའི་གཏེར་ལའང་ནང་གསེས་སུ་དབྱེ་ན་གཉིས། ཟབ་མོ་དགོངས་པའི་གཏེར་དངོས་དང་། ཡང་ཟབ་རྗེས་སུ་དྲན་པའི་གཏེར་གྱི་བཀའ་བབས་ཚུལ་ལོ། །དང་པོ་དགོངས་གཏེར་དངོས་ནི། རྩ་བ་གསུམ་གྱི་བྱིན་རླབས་ལ་བརྟེན་ནས་ཐུགས་དགོངས་འོད་གསལ་གྱི་ཀློང་དུ་སྦས་པའི་གསང་བ་ཟབ་མོའི་གཏེར་མཛོད་བརྡོལ་བ་སྟེ། སྒ་སྟོད་ཞེ་འཛོང་གི་ལུང་ཕུ་མོ་འགོལ་ལ་ནས་ཕེབས་སྐབས། མདུན་གྱི་ནམ་མཁའ་ནས་རྗེ་བཙུན་སྒྲོལ་མ་ཞལ་དངོས་སུ་གཟིགས་ཏེ་ལེགས་སོ་གསུམ་གྱི་དོན་ཁྲིད་དབུགས་དབྱུང་བསྩལ་པས་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕེབས་པ། དེ་རྗེས་རིམ་གྱིས་གཏེར་ཆེན་རིན་པོ་ཆེ་དཔལ་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གདན་སར་ཕེབས་སྐབས་རྟེན་ཁྲོད་ནས། སྔོན་ལེགས་སོ་གསུམ་གྱི་དོན་ཁྲིད་གནང་བའི་ཡེ་ཤེས་སེམས་དཔའི་རང་གཟུགས་རྗེ་བཙུན་སྒྲོལ་མའི་སྣང་བརྙན་དེ་ཉིད་དངོས་སུ་གདུལ་བྱའི་སྣང་ངོར་གདོས་བཅས་ཀྱི་གཟུགས་སུ་བསྐྲུན་ཏེ་བཞུགས་པ་གཏེར་ཆེན་ཉིད་ནས་ངོས་འཛིན་མཛད་ཅིང་། སྣང་བརྙན་འདིའི་ཕུགས་གང་ནས་ཕྱག་ལ་ཕོག་ཚུལ་བཀའ་འདྲི་མཛད་པ་ལ། ཀོང་སྤྲུལ་རིན་པོ་ཆེ་ནས་ཁོང་གི་རྟེན་ཁྲོད་དུ་སྣང་བརྙན་འདི་འདྲ་བཞུགས་ཡོད་འདུག་པ་ལས། ཕུགས་ཅི་ཡིན་གཏན་ནས་ཞུ་ཤེས་པ་མི་འདུག་ཞུས་མཛད་ཅིང་འཕགས་མའི་སྣང་བརྙན་ལ་གཅེས་མཐོང་དད་འདུན་ཐུགས་ཀྱི་སྙིང་ཁུ་རྟེན་གསུམ་རྣམས་ཀྱི་ཡང་རྩེ་དད་བརྒྱའི་རྟེན་གཙོར་འཛིན་མཛད་པ་ཡོངས་གྲགས་སོ། །གཉིས་པ་ཡང་ཟབ་རྗེས་དྲན་ནི། སྐུ་སྐྱེ་བ་སྔོན་མའི་དུས་སུ་ལྷག་པའི་ལྷ་དང་བླ་མ་ལས་གདམས་ངག་གསན་པ་ད་ལྟའི་དུས་བཞིན་བཀྲ་ལྷང་ངེར་ཐུགས་ལ་གསལ་བ། སྔར་རྗེ་ཉིད་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོའི་སྐྱེ་བ་བཞེས་པའི་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་གཤེགས་ཀར་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ། ལུང་ཆེན་རྡོ་རྗེ་བཀོད་པའི་གདམས་པ་གསུངས་ཚུལ་དང་། ཡང་དེའི་སྐབས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་གནུབས་ཀྱི་ཁ་ཕོ་མདོ་ཙམ་ཡི་གེར་འགོད་བསྐུལ་གྱིས་དངོས་སུ་གནོད་འཚེ་སྡང་དགྲའི་རྒོལ་བ་བཅོམ་པ་ཁམས་དབུས་ཡོངས་ལ་རླུང་ལྟར་གྲགས་པ་དང་། དེ་དག་གི་སྐབས་ཀྱི་རྗེས་དྲན་ལ་བརྟེན་ནས་རུ་ལུའི་འདྲེན་སྟངས་བཞི་སོགས་དབྱངས་ཀྱི་བྱེ་བྲག་དང་། གར་གྱི་ཉམས་འགྱུར་མཐའ་ཀླས་པའི་སྒོ་དབྱེ་ཞིང་། སྤྲུལ་པའི་སྐུ་སངས་རྒྱས་གླིང་པའི་སྐུ་དུས་ཀྱི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩ་སྤྲུགས་རྣམ་དགུ་འཕྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་རྒྱ་ཆེར་བཞུགས་སོ། །གསུམ་པ་ཟབ་མོ་དག་སྣང་གི་སྐོར་ལའང་གཉིས། ཟབ་མོ་དག་སྣང་དངོས་སུ་ཤར་པ་དང་། ཡང་ཟབ་སྙན་ནས་སྙན་དུ་བརྒྱུད་པའི་བཀའ་བབས་ཚུལ་ལོ། །དང་པོ་ཟབ་མོ་དག་སྣང་གི་སྐོར་དངོས་ལ། སྔོན་སྨོན་དང་འཕྲལ་བྱུང་གི་རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེ་དག་པའི་སྣང་བར་དབང་པོའི་མངོན་སུམ་དུ་རྩ་གསུམ་ཆོས་སྐྱོང་དང་བཅས་པས་ཞལ་དངོས་སུ་བསྟན་ཅིང་གདམས་པ་ཟབ་མོ་གསུངས་པ་སྟེ། གནས་ཆེན་རི་བོ་དབང་ཞུའི་གནས་ཞལ་འབྱེད་སྐབས། བི་མ་ལའི་སྒྲུབ་ཕུག་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་དབུས་སུ། པཎ་ཆེན་དྲི་མེད་བཤེས་གཉེན་ཞལ་གཟིགས་ཏེ་བི་མའི་བླ་སྒྲུབ་ཟབ་མོ་རྗེས་སུ་གདམས་པ་ལྟ་བུ་འོ། །དབང་པོའི་མངོན་སུམ་དུ་མ་གྱུར་ཀྱང་ཉམས་ཀྱི་སྣང་བར་བླ་མ་ལྷས་དངོས་སུ་བསྩལ་པ་ལྟ་བུའི་གསལ་སྣང་བརྟན་པོ་ཤར་བ་དང་། ནམ་མཁར་ཡི་གེའི་གཟུགས་དངོས་སུ་གསལ་ཞིང་། ཆོས་ཀྱི་སྒྲ་ཐོས་པ་དང་། མནལ་ལམ་དུ་ཞལ་གཟིགས་ཏེ་གསུངས་པའང་འདིའི་ཁོངས་སུ་འདུ་བ་ཡིན་ནོ། །གཉིས་པ་ཡང་ཟབ་སྙན་བརྒྱུད་ཀྱི་བཀའ་བབས་ཚུལ་ནི། རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་སྒྱུ་མའི་སྐུ་དག་པའི་ཞིང་ཁམས་སུ་དངོས་སུ་བྱོན་པ་དང་། ཐ་མལ་གྱི་སྣང་བ་མཐའ་དག་འགགས་ཏེ་དག་པའི་ཞིང་རྟེན་དང་བརྟེན་པ་བཅས་པར་གནས་འགྱུར་ཏེ་རྩ་བ་གསུམ་གྱི་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། ཆོས་གཏེར་སྲུང་མ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང་བཅས་པས། གང་ཟག་དེའི་སྙན་དུ་གདམས་པ་དངོས་སུ་བརྒྱུད་པ་སྟེ། རྗེ་ཉིད་ཟངས་མདོག་དཔལ་རིར་དངོས་སུ་ཕེབས་ཏེ་གུ་རུ་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཏིག་གི་གདམས་པ་གསན་པ་སོགས་དག་སྣང་རྒྱས་བསྡུས་སྐོར་ཡི་གེར་བཀོད་པས་མཚོན་པ་ལས་ཕྲིན་ལས་བསམ་མི་ཁྱབ་པར་སོ་སྐྱེའི་བློ་རྟོག་གིས་བསམ་པར་བྱེད་ཅིང་བརྗོད་པ་ནི་གནས་མ་ལགས་སོ། །དེ་ལྟ་བུའི་གསལ་སྣང་གཞན་ཡང་ཤིན་ཏུ་བརྟན་པོ་དང་། མནལ་ལམ་དུ་བྱུང་བའང་འདིའི་ཁོངས་སུ་འདུ་བར་གསུངས། དེ་ལྟར་ན་བཀའ་བབ་བདུན་དུ་རྣམ་པར་གཞག་པའི་དོན་དང་མཚན་གཞི་ནི་ཡོངས་སུ་གྲགས་ཀྱང་། ཐ་དད་སོ་སོར་བཀའ་བབས་ཚུལ་གྱི་ལོ་རྒྱུས་གཏན་ཚིག་འདི་ཞེས་གསལ་བར་བརྗོད་པ་ནི། མཆོག་གཏེར་ཆེན་པོ་འདི་ཉིད་ལས་ལུང་དོན་གོང་དུ་གསལ་ཞིང་འབྱུང་བ་ལྟར་འདིར་མདོ་ཙམ་མཚོན་པར་བྱས་པ་སྟེ། རྒྱས་པར་ལུང་རིག་གི་ལམ་ནས་དྲངས་ཏེ་རྒྱ་ཆེར་འཆད་དུ་ཡོད་པར་ཞལ་གྱིས་བཞེས་པར་མཛད་དོ། །དེ་ལྟར་ན། རྒྱལ་བ་ཀར་འབྲུག་ཡབ་སྲས་འབྲི་སྟག་གཙོར་གྱུར་བཀའ་བརྒྱུད། སྨིན་གླིང་ཀཿཐོག་དཔལ་ཡུལ་ཞེ་རྫོགས་རྣམས་ཀྱི་ཁྲི་བཞུགས་གཙོར་བྱས་རྙིང་མ། གཞན་ཡང་དཔལ་ས་སྐྱ་པ་སོགས་རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་བསྩལ་ཅིང་། མྱོང་གྲོལ་གྱི་སྦྱིན་པ་ནི་བོད་ཁམས་མཐའ་དབུས་ཡོངས་ལ་ཁྱབ་ཅིང་། རྩ་བའི་ཆོས་བདག་བཅུ་ཕལ་ཆེར་ལ་རྟེན་འབྲེལ་ལེགས་འགྲིགས་སོགས་ཀྱིས་མཆོག་བསྟན་རིན་པོ་ཆེ་སྒོ་དུ་མ་ནས་སྤེལ་བས་ཁྱབ་རྒྱ་ཆེ་བར་གྱུར། གདན་ས་ཐོག་མ་ཀརྨ་རི་གསང་སྔགས་ཕོ་བྲང་མགོན་ཁང་རྒྱུན་གསུང་དང་། བར་མ་གནས་བརྟན་དགོན་དུ་གཙུག་ལག་ཁང་། དགེ་འདུན་གྱི་སྡེ་དང་། བཤད་སྒྲུབ་ཀྱི་རྒྱུན་ཡང་བཙུགས། གདན་ས་རྗེས་མ་ཀེ་ལ་ནོར་གླིང་དུ་ཟབ་ཕུར་རྩ་འཆམ་རྒྱས་པ་འཆམ་སྣ་བརྒྱ་དང་དྲུག་ཅུ་རྩ་བཞི་གསར་བསླབ་དང་འབྲེལ་ས་འདུལ་ལ་ཕུར་པའི་རྩ་འཆམ་ཆེན་མོ། སྒྱུ་འཕྲུལ་རྩ་འཆམ་འཆམ་སྣ་བརྒྱ་དང་སོ་བདུན་བཅས་དང་། ས་བདག་ཉེས་སེལ་ཆེན་མོ་སོགས་མཐའ་རྒྱས་གནང་། ཟུར་མང་ཕྱོགས་གྲྭ་འདུས་སུམ་ཅུ་སྐོར་ལ་མཁན་ཆེན་རཏྣའི་མདུན་ནས་རབ་བྱུང་བསྙེན་རྫོགས་ཀྱི་བཅས་ཁྲིམས་གནང་བ་སོགས་རྟེན་འབྲེལ་ལེགས་ཚོགས་གང་ཆེར་གྱུར་ཏོ། །དེ་ནས་དགུང་གྲངས་ཞེ་གཉིས་པ་ལྕགས་རྟའི་ལོ་དབྱར་སྟོད་སྐྱབས་མགོན་ཟླ་སྤྲུལ་རིན་པོ་ཆེའི་མཆོག་སྤྲུལ་ཁྲི་འདོན་སྐོར་ལ་གདན་འདྲེན་ཞབས་བསྐུལ་ཞུ་ནན་ཆེ་བའི་སྐུ་ངོ་ལྡོག་མ་སྤོབས་པར། ཀརྨའི་གསང་སྔགས་ཕོ་བྲང་ནས་ཕར་ཆིབས་སྒྱུར་སྐབས་དགོངས་པ་འཁྲུགས་ཤིང་བྱོན་ལམ་ནས་གློ་བུར་དུ་ཆིབས་པ་ལང་འདུག་བསྐྱར་བ་སོགས་རྟགས་མཚན་གང་འཚམ་ལས་མ་ཤར་རུང་། དམ་པ་གོང་མའི་ཐུགས་གཏད་ཆེ་བབས་ཅིར་གྱུར་མི་བྱོན་ལས་ཐབས་མི་འདུག་གསུངས་ནས་གསང་གཞུང་དུ་བཞུགས་ནུབ་སྨག་ལམ་ཤིན་ཏུ་འཚུབས་ཤིང་བསྙུང་བབ་ཀྱི་ཚུལ་ལྗི་བར་ཤར་བས། གྲྭ་ངོ་རྣམས་ནས་ཡར་འབྱོན་ཐབས་གཏན་ནས་མི་འདུག་པས་ས་ཐག་ཉེ་བསྟུན་རང་དགོན་དུ་ཕེབས་པར་ཞུས་བཞིན་གནས་བརྟན་དགོན་དུ་ཕྱིར་ཆིབས་སྒྱུར་ཕེབས་གྲུབ། དེ་ནས་མདོ་ཁམས་སྟོད་སྨད་བར་གསུམ་གྱི་བླ་དགོན་ཆེ་ཕྲ་མིང་ཐོག་རིས་མེད་རྣམས་ལ་ཞབས་རིམ་རྐྱེན་སེལ་རྒྱུ་དངོས་ཡོ་བྱད། རྒྱ་དངུལ་རྡོ་ཚད་བདུན་གྱི་རིན་རྩ་འདེང་ངེས་ནམ་ཉིན་ལྟོས་མེད་ཀྱིས་ཡོན་རྒྱབ་བརྟགས་ཞུས་དང་འབྲེལ། རང་དགོན་ནས་ཀྱང་ཉིན་མཚན་འཁོར་ཡུག་གིས་ཞབས་རིམ་དེ་བཞིན་དུ་བསྒྲུབ་ཅིང་། བླ་མ་ཚོགས་གཉིས་དཔོན་སློབ། རག་སྤྲུལ་དཔོན་སློབ་སོགས་ནས་སྐུ་རིམ་མདོས་ཟློག་རྐྱེན་སེལ་སྐོར་རིམ་གྲོ་དང་། ལྷ་རྗེ་རྣམས་ཀྱིས་སྨན་ཐང་ཡང་ནར་མར་དྲང་བ་སོགས་ཅི་དྲག་གང་འགབ་ཀྱི་ཐབས་རྩོལ་ལ་འབད་ཅིང་། ད་བབ་ཅི་འགྱུར་གང་དྲག་གི་བརྟགས་ཞུས་གཏེར་ཆེན་རིན་པོ་ཆེ་ཉིད་མདུན་དུའང་ནན་བསྐྱར་དུ་ཞུ་བ་སོགས་བགྱིས་ཀྱང་། གཞན་རིས་མེད་ཀྱི་བླ་སྤྲུལ་རྣམས་ཞལ་འཆམས་པར་འཕྲལ་འཚུབ་ངོ་ཙམ་ལས་ནམ་ཕུགས་མི་སྐྱོན་པའི་ཚུལ་རང་གསུངས་འདུག །གཏེར་ཆེན་རིན་པོ་ཆེ་ནས་བདེན་མེད་འཁྲུལ་སྣང་ཀུན་རྫོབ་ཀྱི་ཆོས་ལ་རྟག་པ་དང་བརྟན་པ་གང་ཡང་ཡོད་ཀྱི་མ་རེད་ན། ངེས་ཏིག་ཅི་འོང་གང་འགྱུར་ཟེར་ཚོད་ཅི་ཡོད་ཀྱང་བླ་མ་དཀོན་མཆོག་གི་ཐུགས་རྗེས་སྐྱོན་ཨེ་ཡོད། འདྲ་ཞིག་གསུངས་པའི་འཕྲོར་གཞན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དང་། ཞིང་ཁམས་རྣམས་ཀྱི་བཀོད་པ་སོགས་མང་པོ་ཞིག་བཤད་མཛད་འདུག་པ་ལས་བསྙུང་ཟུག་གི་སྐོར་སོགས་གཏན་ནས་གླེང་བར་མི་མཛད་ཅིང་། ཡང་ཇི་མི་སྙམ་པའི་སྐབས་ཤིག་སྔ་མའི་བག་ཆགས་ལྟ་བུ་གང་འདྲ་ཞིག་ཡིན་ན། ད་དུང་སྐྱེ་བ་གཅིག་ལ་རང་གི་ཕ་ཁྱིམ་དུ་ཚུར་ལུས་རྟེན་ཆགས་དགོས་ཡོད་འདུག་ཅེས་རང་བཞིན་གསུང་འཕྲོས་ལྟ་བུར་མཁན་པོ་ལ་གནང་བར། དེ་མ་ཐག་མཁན་པོའི་ཐུགས་ལ་སྡུག་བསྔལ་གྱི་ཚེར་མ་གློ་བུར་དུ་ཟུག་ནས་ཚོར་བས་ནོན་ཏེ་དད་འདུན་མོས་གུས་རྩིས་འདེངས་སོགས་རང་སྲོག་ལ་ཐུག་པ་ལྟར་འབྲལ་མི་བཟོད་པའི་སྡུག་ཡུས་ཀྱིས་མནར་ཞིང་འོ་དོད་དྲག་པོས། གསུངས་མི་རུང་བ་དེ་འདྲ་གཏན་ནས་འབྱོན་ཐབས་མེད་པས། གདུལ་བྱ་སྤྱི་དང་བྱེ་བྲག་དད་ལྡན་བུ་སློབ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སྐྱབས་མེད་རྣམས་ཀྱི་མགོན་དུ་ཞབས་པད་བརྟན་པར་བཞུགས་གསོལ་གྱིས་ལྷ་ཕྱག་ངུ་འབོད་ཆོ་ངེ་ཆེན་པོ་ཡུན་རིང་དུ་བཏབ་ཀྱང་ཞལ་འཛུམ་པ་ཙམ་ལས་ལན་གང་ཡང་མ་གནང་ངོ་། །ཡང་དེ་རྗེས་ཤོག་དྲིལ་ཤིན་ཏུ་ཆུང་བ་ཨེན་ཙམ་ཞིག་ཁ་སྦྱར་ནས་གློ་བུར་དུ་ཁ་ཕྱེ་མི་བཏུབ་པ་ཞིག་མཁན་པོ་ལ་གནང་ནས། མ་འོངས་པར་ཁྱོད་ལ་མཁོ་བའི་དུས་ཤིག་འོང་བ་དེ་དུས་ལས་ནམ་དྲན་ཀློག་མི་ཉན་བོར་མ་འཇུག་འཁོར་ལོ་ནང་དུ་ཆུགས་ལ་ཉོར་གསུངས་ནས་གནང་བ་ཕྱིས་མཆོག་གི་སྤྲུལ་པའི་སྐུ་གཅིག་ཡབ་ཚང་དུ་སྐུ་འཁྲུངས་འོང་བར་ཞལ་བཞེས་གནང་བའི་ཕྱག་བྲིས་སུ་འདུག་ཅེས། མཁན་པོ་རིན་ཆེན་དར་རྒྱས་ནས་ཡོངས་ལ་བསྙད་པ་གཞན་ལ་འགྲམ་ཆུ་ལྡང་མ་དགོས་པར་འཁྲུལ་པའི་དྲི་མ་དང་བྲལ་ཡིད་ཆེས་པའི་གནས་སུ་གྱུར་པའོ། །དེ་ནི་རྣམ་ཐར་རྩ་བའི་གསོལ་འདེབས་ཀྱི་འཕྲོར། རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བ་དང་། །སོགས་ནས། པདྨ་འོད་དུ་གཤེགས་ལ་གསོལ་བ་འདེབས། །བར་ཚིག་བཅད་གཅིག་གིས་བསྟན་པ་རྣམས་གཞུང་གི་དོན་ནོ།། །།རྩ་བའི་ས་བཅད་གསུམ་པ། མཇུག་གི་དོན་ལའང་གསུམ། གཤེགས་དུས་ཀྱི་ལོ་ཟླ་དུས་ཚིགས་ངོ་མཚར་བའི་གཏམ། གཤེགས་རྗེས་ཀྱི་དགོངས་རྫོགས་ཇི་ལྟར་བསྒྲུབས་ཚུལ། ཞིང་ཁམས་གཞན་དུ་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ནི། རྟག་འཛིན་རབ་རིབ་ཀྱིས་ཁེབས་པའི་འགྲོ་བ་རྣམས་ལོང་མེད་འཆི་བ་མི་རྟག་པས་རྒྱུད་བསྐུལ་ཞིང་དམ་པའི་ཆོས་ལ་སྤྱོད་པར་འགྱུར་བ་དང་། གཞན་ཡང་། རྒྱལ་བའི་ཉི་མ་འདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པ་འབབ། །ཅེས་གསུངས་པ་བཞིན་སྐྱེས་བུ་དམ་པ་རྣམས་ནི་ཐབས་མཁས་ཐུགས་རྗེའི་འཇུག་པའི་སྒོ་བསམ་གྱིས་མི་ཁྱབ་པའི་ཕྱིར་གདུལ་བྱ་མཁའ་མཉམ་གྱི་འགྲོ་བ་གཞན་དང་གཞན་ཇི་སྙེད་པ་གནས་སྐབས་དང་མཐར་ཐུག་མཆོག་གི་གོ་འཕང་ལ་སྦྱོར་བར་བྱེད་པ་སོགས་འགྲོ་དོན་དུས་ལ་བབ་པར་གཟིགས་ནས། ལས་སྐལ་དང་ལྡན་པ་རྣམས་ཀྱི་སྣང་ངོར་སྐུ་དངོས་ཀྱི་མཛད་པ་ཆེ་ཁོག་རེ་ཞིག་རྫོགས་པར་བརྩམས་ནས། ལྕགས་ཕོ་རྟ་ཡི་ལོར་སྐུ་བསྙུན་པའི་ཚུལ་བསྟན་ཅིང་། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་རྣམས་སུ་ཕེབས་པའི་དག་སྣང་དཔག་མེད་དང་བཅས་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་ཆོ་འཕྲུལ་ཆེན་པོ་དང་བཅས་སྐུ་བཀྲ་ལམ་ལམ་བྱིན་ཐིབས་ཐིབས་སུ་དར་ཅིག་བཞུགས། དེ་ནས་ཆོས་ཅན་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་བསྡུས་ཏེ་སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན་ཆོས་ཉིད་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས་སོ། །གཉིས་པ་གཤེགས་རྗེས་དགོངས་རྗོགས་ཀྱི་རིམ་པ་བསྒྲུབ་ཚུལ་ནི། བརྒྱུད་འཛིན་གྱི་གཙོ་བོ་གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པར་ལུང་གིས་ཟིན་པའི་རྗེ་ཉིད་ཀྱི་ཐུགས་སྲས་དབང་མཆོག་རྡོ་རྗེ་སྙིང་པོའི། དཔལ་ལམ་འགྱུར་མེད་ཚེ་དབང་གྲགས་པའི་གཙོས་ཡུམ་སྲས་རྗེས་འཇུག་གྲྭ་སློབ་རྣམས་ཀྱིས་དགོངས་རྫོགས་སྐོར་ལ། སྐྱབས་རྗེ་སྐུ་ཞབས་འཕགས་མཆོག་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་སྐུ། ཟླ་བཟང་བླ་མ་ས་བཅུ་རྣམས་ཀྱི་གཙོས་ཉེ་སྐོར་བླ་སྤྲུལ་འདུས་པ་རྣམས་ནས་མཆོད་འབུལ་ཚོགས་གསག་གི་རིམ་པ་གང་དཔོག་དང་། རྒྱལ་བ་ཀར་འབྲུག་འབྲི་སྟག་སྨིན་གླིང་སོགས་སྟོད་ཕྱོགས་ཀྱི་རྒྱལ་བ་ཡབ་སྲས་རྣམས་དང་། འཇམ་མགོན་མཁྱེན་ཀོང་རྣམ་གཉིས། སྐུ་ཞབས་ཏཱའི་སི་ཏུ་རིན་པོ་ཆེ་དབོན་སྤྲུལ་རྣམ་གཉིས། ཀཿཐོག་ཞིང་སྐྱོང་རིན་པོ་ཆེའི་གཙོས་མཆོག་སྤྲུལ་མཁན་སློབ་རྣམ་བཞི། དཔལ་ཡུལ་སྐྱབས་མགོན་སྐུ་རྒྱ་རྣམ་གཉིས། རྫོགས་ཆེན་རིན་པོ་ཆེ་པདྨ་རིག་འཛིན་མཆོག་སྤྲུལ་དཔོན་གླིང་དཔལ་གསུམ། ཞེ་ཆེན་རབ་འབྱམས་མཆོག་སྤྲུལ། ཁམས་འཛིའི་སྐུ་མཆོག་རྣམ་གཉིས། ལྷ་ཐོག་རྗེ་དྲུང་མཆོག་སྤྲུལ། ཁྲ་བན་སྐུ་ཞབས་མཁན་སློབ། ཟུར་མང་བླ་སྤྲུལ་རྣམ་དྲུག །ཕལ་རྗེའི་དབུ་བླ་ཁག་ལྔ། རི་ཆེའི་སྐྱབས་མགོན་རྣམ་གསུམ། ཟླ་བཟང་མཆོག་སྤྲུལ་དམ་པའི་གཙོས། དགེ་རྒྱལ་དགོན་ཁག་རྣམས་ཀྱི་བླ་སྤྲུལ་མཁན་སློབ་རྣམས་དང་། སྐྱོ་བྲག་གསལ་བསྟན་དུང་གསུམ། ཚ་སྒང་བང་ཡག་རྣམ་གཉིས་སོགས་སྐྱབས་མགོན་བླ་སྤྲུལ་ཆེ་ཕྲ་རྣམས་ལ་མཆོད་བསྔོའི་རིམ་པ་གང་དཔོག་འདབ་མ་ཐུང་བར་སོ་སོ། མ་འོངས་དད་ལྡན་འགྲོ་བ་རྣམས་ཀྱི་ཚོགས་གསོག་དད་པའི་ཕྱག་རྟེན་དུ། ཟངས་གསེར་གྱི་མཆོད་སྡོང་ཆེན་པོ་ཐོག་ཚད་ལོངས་པ་རྗེ་ཀུན་གཟིགས་བླ་མ་རིན་པོ་ཆེའི་ཕྱག་མཐོ་བཅུ་དགུའི་ཚད་ཕྲ་བྱུར་རྒྱན་བཀོད་ཕུན་སུམ་ཚོགས་པ། ནང་དུ་སྐུ་གདུང་རིལ་པོར་བཞུགས་སུ་གསོལ་བའི་མཚོན་རིང་བསྲེལ་རྣམ་བཞིའི་གཙོས་སྔ་ཕྱིའི་གཏེར་བྱོན་སྐུ་གསུང་ཐུགས་རྟེན་སོགས། བསམ་གྱིས་མི་ཁྱབ་པས་ཕྱུར་བུར་བཀང་སྟེ་མདོར་ན་མཆོད་རྟེན་དཀར་ཆག་ནས་ཞལ་གསལ་བ་ལྟར། ཀུན་གཟིགས་རིན་པོ་ཆེའི་མདུན་ནས་ཐུགས་རྩོལ་ཆེད་བསྣམས་ཀྱིས་རྫོགས་ཆེན་བླ་མ་རྡོ་རྗེ་རབ་བརྟན་ལ་ཞལ་བཀོད་དང་འབྲེལ་གདན་འདྲེན་ཆེད་བཏང་མཛད་པས། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་གཟུངས་འཇུག་གི་རིམ་པ་རྣམས་ཕྱག་ལེན་རྣམ་པར་དག་པས་ཕུལ་ཅིང་སྒོ་ལེགས་པར་བསྡམས། ཕྱི་གཡོགས་ཟངས་གསེར་གྱི་ལེབ་མོ་རྣམས་ཀྱང་མ་ནོར་བར་གཟེར་བུས་བར་མཚམས་མེད་པར་བསྡམས་བཅུག་ཅིང་ཕྲ་རྒྱན་རྣམས་ཀྱིས་མཛེས་པར་སྤྲས། རབ་ཏུ་གནས་པའི་ཆོ་ག་དང་བཅས་ནོར་གླིང་གི་རྟེན་གཙོར་ཇི་སྲིད་འབྱུང་བ་བཞི་ཡིས་རང་ཚོ་མ་ཟིན་གྱི་བར་དུ་བརྟན་པར་བཞུགས་སུ་གསོལ། སྐུ་གདུང་རིན་པོ་ཆེ་མཆོད་སྡོང་དུ་བཞུགས་གསོལ་རབ་གནས་ཀྱི་ཆོ་ག་མཐའ་མ་གྲུབ་ཀྱི་བར། སྐུ་གཤེགས་ནས་བརྩམ་སྟེ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྒྲུབ་མཆོད་ཚོགས་བསྐང་བསྟན་སྲུང་རྣམས་ཀྱི་མཆོད་ཕྲིན་བསྐང་བཤགས་ཉིན་གཅིག་ཀྱང་མ་ཆག་པར་ནར་མར་སྒྲུབ་པས་མཐར་དབྱུང་། དེ་ནས་ལྷ་མིའི་དད་རྟེན་མཆོད་སྡོང་ཆེན་པོ་ལེགས་པར་གྲུབ་ཟིན་པའི་མངའ་དབུལ་དགའ་སྟོན་མཐའ་རྒྱས་ཚུལ་དུ། སྔ་འགྱུར་བཀའ་མའི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཆེན་པོ་སྒོ་རྫོགས་སོ་དྲུག་པའི་ཐིག་དང་རྡུལ་ཚོན་སོགས་ཕྱག་ལེན་རྣམ་དག་གི་གཞི་དང་། མཆོད་པ་རྒྱས་སྤྲོས་གདངས་དབྱངས་གསུངས་འདོན་སོགས་བཀའ་རང་རྐང་ཟིན་པའི་སྒྲུབ་མཆོད་ལེགས་པར་གྲུབ་པས་མཐའ་བརྒྱན་པའོ། །གསུམ་པ་ཞིང་ཁམས་གཞན་དུ་འགྲོ་དོན་མཛད་ཚུལ་དངོས་དང་། མཐའ་རྟེན་འདོད་པའི་དོན་ལ་གསོལ་བ་འདེབས་པའོ། །དང་པོའི་གཞུང་ནི། པདྨས་ཡོངས་སུ་ཁེབས་པའི་སོགས་ནས། རྣམ་འཕྲུལ་མཐའ་ཡས་སྟོན་ལ་གསོལ་བ་འདེབས། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་གཏེར་ཆེན་རིན་པོ་ཆེ་ཞིང་གཟིགས་པའི་ལོ་དེའི་མགོ་ཟླའི་ཚེས་བཅོ་ལྔར། གངས་ཅན་གྲུབ་གཏེར་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་པའི་གཟིགས་སྣང་དུ། ནུབ་ཕྱོགས་ཀྱི་ཞིང་ཁམས་པདྨས་ཁེབས་པར་གཏེར་ཆེན་རིན་པོ་ཆེ་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་སྐུར་བཞེངས་ཏེ་བཞུགས་པ་དང་མཇལ་ཞིང་སྒྲུབ་ཐབས་དང་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་བཅས་ལྷུག་པར་གནང་། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གི་རྒྱས་གདབ། རྒྱལ་ཟླ་བའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབ་པའི་ཡི་གེ་པ་འཇམ་མགོན་བློ་གྲོས་མཐའ་ཡས་སམ་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་མཛད་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་རྣམས་དབང་པོས་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་མཚན་མའང་ལེགས་པར་མངོན་ཅིང་། གདམས་པ་འདིའི་སྐོར་རྗེས་འཇུག་རྣམས་ལ་འདས་རྗེས་ཀྱི་ཞལ་གདམས་སྙིང་པོར་དྲིལ་ནས་ཆེད་དུ་བསྩལ་པར་འདུག་པ་ཉམས་བཞེས་སྙིང་པོར་མཛད་ན་ཤིན་ཏུ་གནད་དམ་ཆེ་བར་བསྟན་པའོ། །གཉིས་པ་འདོད་དོན་གསོལ་འདེབས་དང་སྨོན་ལམ་བཅས་ཀྱི་དོན་ནི། གཞུང་གི་འཕྲོར། སྒོ་གསུམ་གུས་པས་གསོལ་འདེབས་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བ་དང་། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །དག་པའི་ཞིང་ཁམས་མཆོག་ཏུ་དྲང་དུ་གསོལ། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་བགྲོད། །མཐར་ཐུག་བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག །ཟབ་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །དེ་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན། །ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་ལེགས་ཀྱིས། །བཀྲ་ཤིས་ཉི་མས་ས་གསུམ་སྣང་གྱུར་ཅིག །ཅེས་པས་བསྟན་པའི་དོན་ནི་གོ་སླ་ཡང་། དེ་ལྟར་ལུས་ངག་ཡིད་གསུམ་གྱི་རྩོལ་བ་སྐྱེ་བའི་སྒོ་གསུམ་གུས་པ་ཆེན་པོས་དུས་དང་རྒྱུན་པར་གསོལ་བ་འདེབས་པའི་བུ་སློབ་རྣམས་ཀྱི་གཙོས་དད་མོས་དང་ལྡན་པ་རྣམས་ལ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཐུགས་རྗེ་དང་བྱིན་རླབས་དུས་དང་རྒྱུན་དུ་སྩོལ་བ་དང་། སྐྱེ་བ་དང་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་སུ་འཛིན་ཞིང་མཐར་ཐུག་པདྨས་ཁེབས་པ་སོགས་ཞིང་མཆོག་རྣམས་སུ་དྲང་བར་མཛད་དུ་གསོལ་ཞིང་། བྱང་ཆུབ་སྒྲུབ་པའི་གེགས་འགལ་རྐྱེན་དང་བར་ཆད་ཉེ་བར་ཞི་ཞིང་གནས་སྐབས་ཆོས་མཐུན་གྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་རིག་འཛིན་རྣམ་པ་བཞི་ཡི་གོ་འཕང་བདེ་བླག་ཏུ་བགྲོད་ཅིང་། མཐར་ཐུག་བདེ་ཆེན་འགྱུར་བ་མེད་པ་རྟག་བརྟན་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཐིག་ལེར་འཚང་རྒྱ་ཞིང་། འབྲེལ་ཚད་དོན་ལྡན་གྱི་མཆོག་གཏེར་གདམས་པའི་རིང་ལུགས་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་རྒྱས་པ་དང་། དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གཙོས་རིས་སུ་མ་ཆད་པའི་བསྟན་དང་བསྟན་འཛིན་རྣམས་ཀྱི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་ཅིང་། གང་འདུལ་མཛད་ཕྲིན་གྱི་འགྲོ་དོན་རྒྱུན་མི་འཆད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་ཅིང་རྒྱས་པའི་དགེ་ལེགས་ཀྱི་སྣང་བ་དཀར་པོའི་དཀྱིལ་འཁོར་བཀྲ་ཤིས་ཉི་མ་གཞོན་ནུས་ས་གསུམ་འགྲོ་བའི་ཁམས་རྣམས་རབ་ཏུ་སྣང་ཞིང་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག་ཅེས་སྨོན་པས་བརྒྱན་པའོ། །ཀྱེ་མ་སྙིགས་མ་ལས་སྙིགས་ལྔ་བདོ་བའི། །རྩོད་ལྡན་དུས་མཐའི་མར་གཤམ་སྡུག་བསྔལ་གྱི། །མེ་འོབས་ནང་དུ་ཆུད་འདྲའི་ཉམ་ཐག་འགྲོར། །རྒྱལ་རྣམས་ཐུགས་རྗེའི་དཔྱང་ཐག་རིང་བའི་དུས། །ཨེ་མ་སངས་རྒྱས་གཉིས་པ་དངོས་སྣང་བའི། །མཆོག་གྱུར་གླིང་འདིའི་གདུང་སེལ་བསིལ་སྦྱིན་དབང་། །ལས་སྨོན་སྐལ་པས་ཐོབ་འདི་སྟོང་གསུམ་ཁམས། །རིན་ཆེན་ནོར་སྣས་བཀང་བྱིན་མཚོན་ནུས་མིན། །གང་གི་རྣམ་ཐར་ཡོན་ཏན་མཛད་ཕྲིན་ཆ། །རྒྱལ་རྣམས་བརྗོད་དཀའ་སོ་སྐྱེས་ལྟ་ཅི་སྨྲོས། །འོན་ཀྱང་འཇམ་མགོན་མཁན་སློབ་རྣམ་གཉིས་ཀྱི། །མཁྱེན་རབ་ཉི་ཟླའི་སྣང་བས་གསལ་མཛད་པའི། །སྔོན་གནས་རྗེས་དྲན་ཡབ་སྲས་བླ་སློབ་འབྲེལ། །ཐུགས་ཡིད་གཅིག་འདྲེས་ཟབ་གཏེར་སྒོ་བརྒྱ་གྲོལ། །རྡོ་རྗེའི་ལུང་དོན་བསླུ་མེད་བདེན་པས་གྲུབ། །རྣམ་ཐར་རྒྱ་མཚོའི་རྦ་རླབས་དགུང་དུ་འཁྱིལ། །དེ་ལས་ཐུན་མོང་ཆུ་བུར་སྣང་ངོ་རུ། །མཛད་ཕྲིན་ཕྱི་ཚུལ་མོས་བློས་གང་དཔོག་པ། །དོན་བསྡུས་གོ་བདེའི་ཆེད་དུ་སྡེབས་ཤིག་པར། །མཚམས་སྦྱོར་བགྱིས་ལ་ནོངས་གྱུར་གང་མཆིས་བཤགས། །དགེ་བས་མདོ་སྔགས་རྒྱལ་བསྟན་དར་ཞིང་རྒྱས། །རྒྱལ་ཁམས་ཀུན་བདེ་དགེ་བཅུའི་ཁྲིམས་ལ་གནས། ཁྱད་པར་མཆོག་གཏེར་གདམས་པའི་རིང་ལུགས་ཀྱིས། །འཛམ་གླིང་ཀུན་ཁྱབ་འབྲེལ་ཚད་དོན་ལྡན་ཤོག །བདག་གཞན་འབྲེལ་ཐོག་མ་གྱུར་མཁའ་མཉམ་འགྲོ། །ཚེ་འདིར་བདེ་སྐྱིད་ཆོས་མཐུན་བསམ་དོན་འགྲུབ། །ཕྱི་མ་པདྨས་ཁེབས་པའི་ཞིང་སྐྱེས་ནས། །པདྨའི་མྱུ་གུའི་མཛད་ཕྲིན་ཡོངས་འགྲུབ་ཤོག །མཁའ་ལ་རྩ་གསུམ་བྱིན་རླབས་སྤྲིན་ཆེན་འཁྲིགས། །ས་ལ་རྫོགས་ལྡན་ཕན་བདེའི་གྲུ་ཆར་འཇོ། །བར་ལ་སྐྱེ་རྒུས་དགའ་སྐྱིད་གླུ་བྲོ་འཁྲབ། །མཐར་ཐུག་འཁོར་མཐའ་སྟོང་པའི་བཀྲ་ཤིས་ཤོག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མཛད་ཕྲིན་སྐོར་སོ་སྐྱེས་བློ་རྟོག་གིས་གཞལ་བའི་སྤོབས་པ་བྲལ་ཀྱང་། ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མ་རྣམ་གཉིས་མདུན་ནས། སྤྱིར་ངེས་དོན་སྙིང་པོའི་རྣམ་ཐར་དང་དྲང་དོན་བརྡའི་རྣམ་ཐར་གཉིས་སུ་དབྱེ་བའི་སྒོ་ནས། སྐུ་སྐྱེ་བ་སྔ་མའི་སྐྱེས་རབས་ལུང་ལས་བྱུང་བ་དང་ཁ་སྐོང་དག་པའི་གཟིགས་སྣང་ཟུང་དུ་འབྲེལ་བ་སྐྱེ་བ་སྔ་མའི་རྣམ་ཐར། དྲང་དོན་སྣང་ལུགས་ཀྱི་སྒོ་ནས་འཁོར་ལོ་གསུམ་གྱི་མཛད་པ་བསྐྱངས་ཚུལ་ལས་བརྩམ་སྟེ། ཟབ་མོ་གཏེར་གྱི་རིམ་པའི་སྒོ་འཕར་ཕྱེས་ཚུལ། གནས་ཆེན་ཉེར་ལྔའི་མདོ་བྱང་རྩ་བར་བཟུང་ནས་སོ་སོའི་གནས་ཡིག་རྣམས་ཀྱི་སྒོ་ནས་ལོ་རྒྱུས་ཕན་ཡོན་རྒྱས་པར་བསྟན་ཚུལ། ཁྱད་པར་བཀའ་བབ་བདུན་དང་ལྡན་ཚུལ་གྱི་ལུང་བྱང་དང་འབྲེལ་བའི་ལོ་རྒྱུས་སོ་སོར་བསྟན་པ། གནས་གཏེར་ཆོས་བདག་འགྲོ་དོན་སོགས་གང་ཅིའི་ལུང་བསྟན་སྤྱི་དང་བྱེ་བྲག་སྐོར་གྱི་ལོ་རྒྱུས། སྒྲུབ་ཆེན་མྱོང་གྲོལ་བྱིན་པ། སྨིན་གྲོལ་དབང་ཆོས་གར་འཆམ་སོགས་འགྲོ་དོན་མཐའ་རྒྱས་མཛད་ཚུལ་སོགས་ཐུན་མོང་ཕྱི་ཡི་རྣམ་ཐར། སྐྱེས་ཐོབ་མཁྱེན་གཉིས་ཀློང་ལས་བརྡོལ་བས་དངོས་མཚན་གྱི་ར་རིས་མ་གོས་པའི་ཚུལ་སོགས་ནང་གི་རྣམ་ཐར། དག་པའི་གཟིགས་སྣང་རབ་འབྱམས་ཀྱི་སྒོ་འཕར་བྱེ་བས་ཟངས་མདོག་དཔལ་གྱི་རི་བོ་སོགས་ཞིང་མཆོག་རྣམས་སུ་ཕེབས་ནས་གདམས་ངག་གསན་ཅིང་བགྲོ་གླེང་མཛད་ཚུལ་སོགས་གསང་བའི་རྣམ་ཐར། ཐུན་མིན་ངེས་དོན་གནས་ལུགས་གཞི་འབྲས་དབྱེར་མི་ཕྱེད་པའི་ཡོན་ཏན་ཐུགས་རྒྱུད་ལ་བཞུགས་པ་དེ་ཁོ་ན་ཉིད་ཀྱི་རྣམ་ཐར། མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་མཛད་ནས་ཞིང་ཁམས་གཞན་དུ་འགྲོ་དོན་མཛད་ཚུལ་སོགས་སྐུ་སྐྱེ་མ་འོངས་པའི་རྣམ་ཐར་སོགས་ཀྱི་གཞི་འགོད་པར་མཛད་པ་ལས། ནང་གཅེས་ཐུན་མོང་ཕྱི་ཡི་རྣམ་ཐར་མདོར་བསྡུས་ཤིག་གོ་བདེ་གཞུང་གཅིག་ཏུ་འདུས་པར་སྡེབ་པར་གྱིས་ཞེས། གཏེར་ཆེན་བླ་མའི་ཡང་སྲིད་ཁྲི་བཞུགས་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ་རིན་པོ་ཆེའི་བཀའ་བསྩལ་སྤྱི་བོར་ཕེབས་ཤིང་། དེ་རྗེས་འབྲངས་བའི་སློབ་གྲལ་རྒན་པ་ས་བཅུ་སོགས་གནས་དགོན་གྱི་དགེ་ཚུལ་སློང་རྣམས་མོས་འདུན་ཆེ་བར་བརྟེན། རང་ཚང་གི་གྲྭ་རིགས་རྒན་པའི་མིང་ཐོག་པདྨ་ཛྙཱ་ནས་འབད་པས་བཀོད་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).