Terdzo-PI-040
སྦྱིན་བསྐྲད་འཛུད་བྱང་
by གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ (Brgya bzhi'i cho ga 'dod don lhun grub)
Volume 43 (པི) / Pages 703-704 / Folios 1a1 to 1b3
Tibetan Text
གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་དང་། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤང་བ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ། ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །ཞེས་དང་། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་སྦྱིན་བྱས་ལ། སརྦ་བིགྷྣཱན་གཙྪས་གཤེགས་ཤིང་། གང་དག་གདུག་ཅིང་རྩུབ་པའི་སེམས་འཆང་བ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱ་རུ་འགས་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་བཟླས་ཏེ་ཕྱིར་ཁྱེར་རོ། །ཤེར་སྙིང་གི་སྲུང་འཁོར་བསྒོམ། སརྦ་མངྒ་ལཾ།། །།