Terdzo-NGA-022: Difference between revisions

From Rinchen Terdzö
m (Text replace - ";[ ]* " to " ")
m (Text replace - "TSAGLI image gallery goes here" to "")
Line 10: Line 10:
</div></onlyinclude>
</div></onlyinclude>
= Tsagli =
= Tsagli =
TSAGLI image gallery goes here
{{TsagliCall}}
<headertabs/>
<headertabs/>
== Footnotes ==
== Footnotes ==

Revision as of 15:28, 29 August 2016

This page is under construction. Check back later for updated content.

ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནོར་བུའི་འོད་ཟེར་

yang gter rtsa gsum dril sgrub kyi zin bris nor bu'i 'od zer

by  མི་ཕམ་རྒྱ་མཚོ་ (Mipam Gyatso)
revealed by  སངས་རྒྱས་བླ་མ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Sangye LamaJamyang Khyentse Wangpo)
in cycle  རྩ་གསུམ་དྲིལ་སྒྲུབ་ (Rtsa gsum dril sgrub)
Volume 4 (ང) / Pages 435-462 / Folios 1a1 to 14b4

[edit]

༄༅། །ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནོར་བུའི་འོད་ཟེར་བཞུགས། ། ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞཱ་ཡ། འདིར་གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་འགྲོ་འདུལ་སངས་རྒྱས་བླ་མའི་ཟབ་གཏེར་གྱི་སྙིང་པོ་བདག་ཅག་གི་འདྲེན་མཆོག་མཚུངས་མེད་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་ལ་ཡང་གཏེར་དུ་བཀའ་བབས་པའི་རྩ་གསུམ་དྲིལ་སྒྲུབ་ཀྱི་ཁྲིད་རིམ་མདོར་བསྡུས་ཏེ་སྒོམ་པའི་ཚུལ་འཇམ་མགོན་བླ་མ་རང་ཉིད་ཀྱི་གསུང་རྒྱུན་ལྟར་རང་བཟོ་སྤངས་ཏེ་ཟིན་བྲིས་སུ་བཀོད་པ་འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་གཞུང་ལས། སྟན་བདེ་བ་ལ་ལུས་དྲང་པོར་བསྲང་། རླུང་རོ་དགུ་ཕྲུགས་སུ་བསལ་སོགས་གསུངས་པ་ལྟར། ལུས་གནད། ངག་གནད། དམིགས་གནད་གསུམ་ལས། དང་པོ་དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ་ལུས་གནད་རྣམ་སྣང་ཆོས་བདུན་ནམ། མིན་ཡང་ལུས་དྲང་པོར་བསྲངས་ཏེ། ངག་གནད་རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུང་ནས་དུད་པ་ཡལ་བ་ལྟར་སོང་བར་བསམ། སེམས་རྣལ་དུ་ཕབ་སྟེ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་པ་དང་། རང་གི་སྤྱི་བོར་རྩ་བའི་བླ་མ་བསྒོམས་ཏེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་ལྟོས་ལིང་བསྐྱུར་གྱི་གསོལ་བ་བཏབ་རྗེས། བླ་མ་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམ་པར་མོས་ཏེ། འོག་གི་དམིགས་པ་གང་བསྒོམ་ཡང་ཐུན་གྱི་སྔོན་དུ་འདི་ལེགས་པར་གཏང་ངོ་། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གསུམ། ངེས་འབྱུང་གིས་རྒྱུད་བསྐུལ་བ། སྐྱབས་འགྲོས་མཚམས་སྦྱར་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དང་པོ་བློ་ལྡོག་རྣམ་པ་བཞིའི་སྒོ་ནས་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་ཁྲིད་རིམ་རྣམས་རྒྱས་པར་གཞན་དུ་གསལ་བ་ལྟར་མྱོང་བ་ཐོན་ཐོན་གྱི་བར་དུ་འཇུག་དགོས་ནའང་། འདིར་བློ་འབྱོངས་ཟིན་གྱི་དབང་དུ་བྱས་ཏེ་ཅུང་ཟད་གསལ་འདེབས་པའི་ཚུལ་དུ་བྱས་ནས་དམིགས་པ་དེ་རྣམས་གཅིག་ཏུ་དྲིལ་ན། དལ་འབྱོར་ཚང་བའི་རྟེན་འདི་ཉིད་རྒྱུ་དང་ངོ་བོ་གྲངས་དང་དཔེ་ལ་སོགས་པའི་ཚུལ་གང་ལ་བརྟགས་ཀྱང་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པ་འདི་ལྟ་བུ་རྙེད་པའི་དུས་འདིར་གཏན་བདེའི་འདུན་མ་དམ་པའི་ཆོས་ཁོ་ན་སྒྲུབ་དགོས་པར་འདུག་ཅིང་། དེ་ལྟར་རྙེད་པ་དེ་ཡང་ཡུན་དུ་མི་གནས་པར་བར་སྣང་གི་གློག་ལྟར་སྐད་ཅིག་སྐད་ཅིག་གིས་འགྱུར་ཞིང་ཆུ་ཡི་ཆུ་བུར་ལྟར་ནམ་ཡལ་བའི་ཆ་མེད་ཅིང་ནམ་འགྱུར་ངེས་པ་མེད་པས་རྐྱེན་གློ་བུར་བ་བྱུང་ན་དོ་ནུབ་ཙམ་ཡང་འཆི་ཆོག་པ་དང་མི་འཆི་བའི་གདིང་སྤུ་ཙམ་མེད་པས་ཆོས་དེ་ཡང་ཕྱི་བཤོལ་དུ་མ་སོང་བར་ད་ལྟ་ཉིད་ནས་བསྒྲུབ་པར་ཐག་བཅད། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་གཉེན་འདུན་མངའ་ཐང་སོགས་ལྟ་ཅི། རང་གི་ལུས་འདི་ཡང་བོར་ཏེ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་བའི་ཚེ་ལས་འབའ་ཞིག་གི་རྗེས་སུ་འབྲང་སྟེ། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པ་ཁྱེར་རྒྱུ་ནི་མེད་དོ། ལས་བྱས་པ་ཆུད་མི་ཟ་བ་མ་བྱས་པ་དང་མི་འཕྲད་པས། རང་དབང་མེད་པར་ལས་ཀྱི་དབང་གིས་འཁོར་བ་མཐོ་དམན་གང་ཞིག་ཏུ་སྐྱེ་བར་འགྱུར། ངན་སོང་གསུམ་དུ་སྐྱེས་ན་ཅི་བྱེད། མི་སྐྱེ་བའི་གདིང་ནི་མེད། ད་ཕྱིན་ཆད་སྡིག་པ་སྲོག་ལ་བབས་ཀྱང་མི་བྱེད། དགེ་བ་ལ་ནན་ཏན་དུ་བསླབ་པར་བྱ་སྙམ་པས་ཆོས་དེ་ཡང་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཕན་ངེས་པའི་རྒྱུ་འབྲས་ཀྱི་བླང་དོར་མ་ནོར་བར་བྱའོ་སྙམ་དུ་ཐག་བཅད། དེ་ཡང་ལས་ཀྱི་དབང་གིས་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཏེ། ངན་སོང་གི་འགྲོ་བ་རྣམས་ནི་མྱོང་བ་ལྟ་ཅི། དྲན་པ་ཙམ་ན་ཡང་མི་བདེ་བའི་ཚོར་བ་སྟོན་པའི་ཡ་ང་བ་ཡིན་ལ། གལ་ཏེ་ཟག་བཅས་ཀྱི་དགེ་བས་བདེ་འགྲོའི་གནས་སུ་སྐྱེས་ནས་འཕྲལ་བདེ་བ་ལྟར་སྣང་བ་རྣམས་ཀྱང་གཉིད་ཐུན་རེའི་རྨི་ལམ་བཟང་བ་དང་འདྲ་སྟེ་འགྱུར་ཞིང་འགྲོ །འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་རེས་མོས་ལས་རྟག་ཐུབ་པ་གཅིག་ཀྱང་མེད་པས་བདེ་འབྱོར་ཅི་ལྟར་བཟང་ཡང་སྙིང་པོ་མེད། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད། སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པས་ཕྱི་མར་ཕན་ངེས་ཀྱི་ཆོས་དེ་ཡང་ཁམས་གསུམ་འཁོར་བ་ལས་ངེས་པར་འབྱིན་པའི་ཆོས་རྣམ་པར་དག་པ་ཞིག་བྱ་སྙམ་དུ་བསམ་པའོ། །དེ་ལྟར་ཁམས་གསུམ་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བློ་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ། གཉིས་པ་སྐྱབས་སུ་འགྲོ་བ་ནི། འཇིགས་རུང་འཁོར་བའི་སྡུག་བསྔལ་མེ་ཡི་འོབས་དང་འདྲ་བ་ལས། སེམས་ཅན་ཐམས་ཅད་སྒྲོལ་བའི་དཔུང་གཉེན་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས། མདུན་མཁར་སྐྱབས་ཡུལ་རྩ་བ་གསུམ་མཁའ་ཁྱབ་ཏུ་གསལ་གདབ་པའམ། ཡང་ན་རང་གི་མདུན་དུ་སེང་ཁྲི་པད་ཟླ་ཉི་མའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སྣང་སྲིད་ཟིལ་གནོན་གྱི་ཆ་ལུགས་ཅན་དུ་བསྒོམ་པ་དེ་ཉིད། ཕྱི་ལྟར་དཀོན་མཆོག་ཀུན་འདུས། ནང་ལྟར་རྩ་གསུམ་ཀུན་འདུས། གསང་བ་སྐུ་གསུམ་ཀུན་འདུས་ཏེ་སྐྱབས་གནས་གཅིག་ཆོག་ཀུན་འདུས་ནོར་བུ་ལུགས་སུ་གསལ་བཏབ་ལ། དེ་དག་གི་མདུན་དུ་གཡས་སུ་རང་གི་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་གནོད་བྱེད། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྟོན་མོ་ཆེན་པོ་ལ་ཁྲོམ་འཚོགས་པ་བཞིན་འདུས་པ་དེ་ཐམས་ཅད་ཀྱི་བྱང་འདྲེན་པ་ལྟ་བུ་བདག་གིས་བྱས་ཏེ། ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་བརྗོད། སེམས་གུས་པའི་སྒོ་ནས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བར་མོས་ནས། ན་མོ། བདག་སོགས་འགྲོ་ཀུན་མ་བརྗོད། ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱང། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་བསྟིམ་པའམ། གདན་ཐོག་གཅིག་ཏུ་ཉམས་ལེན་བྱེད་པ་ལྟ་བུའི་ཚེ་སྐྱབས་ཡུལ་མ་བསྡུས་པར་སེམས་བསྐྱེད་ཀྱི་དཔང་པོའི་ཚུལ་དུ་བྱས་ཀྱང་རུང་ངོ་། །གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་ངན་དང་སྡུག་བསྔལ་གྱིས་ཁྱབ། ལས་ངན་སྡུག་བསྔལ་གྱིས་ཁྱབ་པའི་སེམས་ཅན་དེ་དག་ཐམས་ཅད་ཡང་ནས་ཡང་དུ་ཕ་མར་བྱས་པའི་དྲིན་ཅན་ཤ་སྟག་ཡིན། ཕ་མར་བྱས་རེས་བཞིན་དུ་ད་ལྟའི་ཕ་མ་བཞིན་ཕན་ཚད་མེད་པར་བཏགས། གནོད་པའི་སྒོ་དུ་མ་ནས་བསྐྱབས་ཏེ་རང་གི་སྲོག་ལྟར་ལེགས་པར་བསྐྱངས་པའི་དྲིན་ཅན་མ་རྒན་འགྲོ་བ་འདི་དག །བདེ་བ་འདོད་ཀྱང་སྡུག་བསྔལ་བསྒྲུབས་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བའི་སྨྱོན་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། སྙིང་རྗེ་ནས་བཞག་པས་མི་ཕན་པས། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ལ་མྱུར་དུ་འགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་རྩ་བ་གསུམ་གཅིག་ཏུ་དྲིལ་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། གཞན་དོན་རྫོགས་པའི་སངས་རྒྱས་སོགས་བརྗོད། མཐར་ཚོགས་ཞིང་ཐམས་ཅད་རང་ལ་ཐིམ་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་འོད་གསལ་རྫོགས་རིམ་གྱི་ཁྲིད་དོ། །དང་པོ་ལ་གཉིས། བསྒྲུབ་གཞི་བཀོད་པ་དཀྱིལ་འཁོར་གསལ་གདབ་པ་དང་། སྒྲུབ་ཆོས་མི་གཡོ་བ་ཏིང་ངེ་འཛིན་གྱི་གསལ་སྣང་ལ་བསླབ་པའོ། །དང་པོ་ལ་གསུམ། གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། ལམ་དམ་ཚིག་གི་དཀྱིལ་འཁོར་བསྒོམ་པ། འབྲས་བུ་ཡེ་ཤེས་ཀྱི་འཁོར་ལོ་དབྱེར་མེད་དུ་བྱ་བའོ། །དང་པོ་ལ་གསུམ། སྟོང་ཆེན། ཀུན་སྣང་། རྒྱུ་ཏིང་གསུམ་ལས། དང་པོ་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་དེ་ཁོ་ན་ཉིད་ཀྱི་དབྱིངས་སྟོང་པ་ཆེན་པོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་ནི་དེ་བཞིན་ཉིད་དམ་སྟོང་ཆེན་གྱི་ཏིང་ངེ་འཛིན་ཏེ། འདིས་མར་འཆི་སྲིད་སྦྱོང་ཞིང་དག་པར་བྱེད། ཡར་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་བསྒྲིག །བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ན་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །འདིར་ཡང་འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་ཞེས་གཞི་འབྲས་སྦྲེལ་མའི་ང་རྒྱལ་ཡང་བྱ་སྟེ། འོག་མ་རྣམས་ལའང་འགྲེ་ཤེས་པར་བྱའོ། །གཉིས་པ་ཀུན་སྣང་ནི། ཆུ་ལས་རླབས་གཡོས་པ་ལྟར་དེ་བཞིན་ཉིད་ཀྱི་ངང་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་པའི་ཆོས་སྐུ་ཆེན་པོར་གནས་པ་ལ་དེ་ལྟར་མ་རྟོགས་པའི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་སར་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པའམ་ཀུན་ཏུ་སྣང་བའོ། །འདིས་བར་དོ་སྦྱོང་ཞིང་། འབྲས་བུ་ལོངས་སྐུ་རྫོགས་པའི་རྟེན་འབྲེལ་བསྒྲིག །འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་ངོ་། །གསུམ་པ་ནི། སྟོང་ཆེན་དེ་བཞིན་ཉིད་ལས་སྙིང་རྗེའི་མཚམས་སྦྱར་ཏེ་རིག་པའི་གདངས་ཕྱག་རྒྱ་གཅིག་པ་རྒྱུ་ཡི་ཡི་གེ་ཧྲཱིཿདཀར་པོ་སྤྲིན་བྲལ་གྱི་མཁའ་ལ་ཟླ་བ་ལྟར་དཀར་ཐོལ་གྱིས་གསལ་བ་དེ་ལས་འོད་ཟེར་ལྔ་ལྡན་དུ་འབར་བ་ནམ་མཁའ་ལས་འཇའ་ཤར་བ་ལྟར་བསྒོམ་མོ། །འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་བསྒྲིག །རྫོགས་རིམ་ཡེ་ཤེས་ཀྱི་ལྷ་སྐུར་བཞེངས་པའི་གཞི་འདིང་ངོ་། །གཉིས་པ་ལམ་དམ་ཚིག་གི་དཀྱིལ་འཁོར་བསྒོམ་པ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་རྒྱུའི་ས་བོན་ལས་འོད་ཟེར་འཕྲོས་པས་མ་དག་སྣོད་བཅུད་ཀྱི་སྣང་ཞེན་ཐམས་ཅད་སྦྱངས་ཏེ་འོད་གསལ་གཉུག་མའི་ངང་ལས། དག་པ་ཡེ་ཤེས་ཀྱི་རང་སྣང་འབའ་ཞིག་ལས་གྲུབ་པའི་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྡོ་རྗེ་སྲུང་བའི་འཁོར་ལོ་དང་བཅས་པ་ཐམས་ཅད་གསལ་བཏབ། གཞལ་ཡས་ཁང་དེའི་དབུས་སུ་པདྨ་དང་ཉི་མ་ཟླ་བའི་གདན་དང་བཅས་པ་བསྒོམ་པའོ། །གཉིས་པ་ལྷ་བསྒོམ་པ་ལ། ལྷ་བསྐྱེད་པ་དངོས་དང་། གནས་གསུམ་བྱིན་གྱིས་བརླབ་པའོ། །དང་པོ་གདན་གྱི་སྟེང་དུ་ཧྲཱིཿཡིག་བབས་པ་ལས་འོད་འཕྲོས། འཕགས་པ་མཆོད། བྱིན་རླབས་བསྡུས། སེམས་ཅན་གྱི་སྒྲིབ་པ་སྦྱང་། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བླ་མ་ཀུན་འདུས་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་པ། ཞལ་ཞི་བ་ལ་སྤྱན་ཧུར་བག་ཏུ་གཟིགས་པ་སོགས་ཅུང་ཟད་ཁྲོ་བའི་ཉམས་དང་ལྡན་ཅིང་མཛེས་པ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། དེའི་སྟེང་དུ་ཕོད་ཆེན་ནམ་སྔགས་བེར་མཐིང་ག །དེའི་སྟེང་དུ་ཆོས་གོས་རྣམ་གསུམ། དེའི་སྟེང་དུ་ཟ་འོག་བེར་ཕྱམ་དབང་གི་མདོག་ཅན་གསོལ་བ། དབུ་ལ་རབ་མཛེས་ཤ་བའི་སྙན་ཞུས་བརྗིད་པ། ཕྱག་གཡས་པས་སྡིགས་མཛུབ་དང་བཅས་པའི་གསེར་གྱི་རྡོ་རྗེ་ནམ་མཁར་འཕྱར་ཐབས་སུ་འཛིན་པ། སྡིགས་མཛུབ་ཀྱི་རྩེ་ལས་བླ་མ་དྲག་པོ་ཧེ་རུ་ཀ་སྐུ་མདོག་དམར་པོ་སྐུ་ལ་ཡེ་ཤེས་ཀྱི་མེ་ལྕེའི་ཕྲེང་བ་རབ་ཏུ་འཁྲུགས་པ། ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་དང་། གཡོན་པས་སྡིག་པའི་མགུལ་ནས་སྡོམ་པ་ཁྲོ་བོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པ། འཁོར་དྲག་པོ་རིགས་བཞི་དང་བཅས་པ་ལས་སྤྲུལ་པའི་སྤྲིན་ཕུང་རབ་འབྱམས་མུ་མེད་དུ་འཕྲོ་བ་གསལ་བཏབ། དེ་ལྟར་སྐུ་བརྡ་རྟགས་ཀྱི་རྣམ་པ་སྤྱི་དང་། ཁྱད་པར་དྲག་པོ་སྡེ་ལྔ་འཕྲོ་བ་ནི་བུམ་པའི་དབང་རྫོགས་པའི་བརྡ་དང་། གསང་བའི་དབང་རྫོགས་པའི་བརྡར། ཕྱག་གཡོན་པ་མཉམ་གཞག་གི་སྟེང་ན་མཚན་ལྡན་གྱི་ཀ་པཱ་ལ་བདུད་རྩིས་གང་བའི་ནང་ན་འཆི་བ་མེད་པའི་མཆོག་སྩོལ་བའི་ཚེ་བུམ་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཀྱིས་གཏམས་པ། དེ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་ག་ལྔ་ལྡན་དུ་འཕྲོ་ཞིང་། དེ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོ་ཞིང་སྡུད་པས་སྲིད་དང་ཞི་བའི་ཚེ་བཅུད་འགུགས་པ། ཤེར་དབང་རྫོགས་པའི་བརྡར་གྲུ་མོར་གསང་ཡུམ་མནྡ་ར་བ་ཁ་ཊཱཾ་གི་རྣམ་པར་སྦས་པའི་བརྡ་ཐབས་ཀྱིས་དགའ་བཞིའི་ཡེ་ཤེས་རྩོལ་བ་མེད་པར་འདྲེན་པ། དབང་བཞི་པའི་ཡེ་ཤེས་རྫོགས་པའི་བརྡར་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་གཟི་བྱིན་མཆོག་ཏུ་འབར་ཞིང་སྤྱན་ཧུར་བག་གཟིགས་པ། ཐབས་ཤེས་ཀྱི་ཞབས་གཉིས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། འཇའ་ཟེར་ཐིག་ལེའི་འོད་ཕུང་ཆེན་པོ་འཁྱིལ་བའི་ཀློང་ན། སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་ཅིང་། འཁོར་འདས་ཡོངས་ཀྱི་བདག་ཉིད་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲོ་ཞིང་སྡུད་པའི་སྤྱི་དཔལ་ཆེན་པོར་གསལ་བའི་དབུ་གཙུག་ཏུ། རིགས་བདག་མགོན་པོ་འོད་དཔག་ཏུ་མེད་པ། སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་མཉམ་གཞག་གི་སྟེང་ན་བཻཌཱུརྻའི་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པར་བསྒོམ། བདག་ཉིད་ཀྱི་ཐུགས་ཀར་རབ་ཏུ་རྒྱས་པའི་པདྨ་དང་ཉི་མའི་དབུས་སུ་ཡི་དམ་མ་ལུས་པ་ཡོངས་སུ་འདུས་པའི་བདག་ཉིད་དབང་ཆེན་རྟ་མཆོག་སྐུ་མདོག་དམར་སྨུག་གར་དགུའི་ཉམས་ཀྱིས་བརྗིད་པ། ཕྱག་གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཡོངས་སུ་རྫོགས་པ། མེ་དཔུང་འབར་བའི་དབུས་ན་བདུད་བཞིའི་གདན་ལ་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། དེའི་པང་དུ་སྦྱོར་བའི་ཡུམ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་འདུས་པའི་གཙོ་མོ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ་བདེ་བའི་ལང་ཚོ་རྒྱས་པ་ཡབ་ཀྱི་སྤྱི་བོར་རྟ་གདོང་དང་ཡུམ་གྱི་སྤྱི་བོར་ཕག་ཞལ་བཞད་པ་གསལ་བཏབ། བདག་ཉིད་ཀྱི་སྐུ་ལས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་ཞིང་། ཆོས་སྲུང་ནོར་ལྷ་གཏེར་བདག་ཐམས་ཅད་བྲན་བཞིན་དུ་འདུ་བ་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་གདོད་ནས་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པ་ཉེ་བར་སད་པས་སྣང་སྲིད་གཞིར་བཞེངས་ཀྱི་ལྷར་གསལ་བའོ། །དེ་ལྟར་རྟེན་དང་བརྟེན་པའི་འཁོར་ལོ་གསལ་གདབ་པ་དེས་སྦྱང་བྱ་སྣོད་བཅུད་ཀྱི་སྣང་ཞེན་མ་དག་པ་དག་པར་བྱེད་ཅིང་། འབྲས་དུས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པར་འགྲུབ་པ་དང་། ལམ་དུས་སུ་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་སྨིན་བྱེད་དུ་འགྲོ་བ་ཡིན་ལ་རྒྱས་པར་སྦྱོར་འདོད་ན་གཞན་དུ་ཤེས་པར་བྱའོ། །གཉིས་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། སྐུ་ཕྱག་རྒྱ་ཆེན་པོའི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོས་མཚན་པ་གསལ་བཏབ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་བཏབ་པར་བསམ། གསུམ་པ་འབྲས་བུ་ཡེ་ཤེས་ཀྱི་འཁོར་ལོ་དབྱེར་མེད་དུ་བྱ་བ་ལ་དངོས་དང་། ཞར་བྱུང་ངོ་། །དང་པོ་ཏིང་འཛིན་སྔགས་ཕྱག་རྒྱ་བསྐུལ་ཚིག་དང་བཅས་པ་སྟེ་གསང་སྔགས་ལུང་གི་སྒོ་བཞིས་སྤྱན་དྲང་ཞིང་བསྟིམས་ནས་བཞུགས་སུ་གསོལ་བའོ། །དེ་ལ་གསང་སྔགས་ལུང་གི་སྒོ་བཞི་ནི། ཇི་སྐད་དུ། མཚོན་པ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ །དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ །ཞེས་གསུངས་པ་ལྟར། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཐམས་ཅད་ཡེ་ཤེས་སེམས་དཔའི་རྣམ་པར་མདུན་གྱི་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿཞེས་བརྗོད་ཅིང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་ཐུགས་དམ་བསྐུལ་བའི་ཚིག་ཧཱུྃ་ཧྲཱིཿ པདྨ་འོད་དང་སོགས་སྔགས་བཅས་པས་སྤྱན་དྲང་བ། ཛཿཞེས་པས་མདུན་དུ་འདུས། ཧཱུྃ་ཞེས་པས་རང་དང་ཐིམ་ལ་ཁད་དུ་གྱུར། བཾ་ཞེས་པས་རང་དང་རོ་གཅིག་ཏུ་ཞུགས། ཧོཿཞེས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་དབྱེར་མེད་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་བྱ། དེ་ལྟར་དམ་ཡེ་དབྱེར་མེད་དུ་བྱས་པ་མི་འབྲལ་བར་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱིཿ ཕྱི་སྣོད་དག་པ་རབ་འབྱམས་སོགས་ཀྱི་ཚིག་གིས་གསལ་བཏབ་བོ། །གཉིས་པ་ཞར་བྱུང་དུ་སྤྲོ་ན། ཕྱག་འཚལ་བའི་བསྙེན་བཀུར་སྔོན་དུ་འགྲོ་བས། མཆོད་པ་གནས་སུ་སྟོབ་ཅིང་། ཆེ་བའི་ཡོན་ཏན་བསྟོད་པས་མཇུག་བསྡུ་བ་གསུམ་བྱ་སྟེ། དང་པོ་རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བརྡ་ཡིས་ཕྱག་ཨ་ཏི་པཱུ་ཧོཿཞེས་འཚལ་ཞིང་པྲ་ཏི་ཙྪ་ཧོཿཞེས་པའི་དོན་གྱི་ཕྱག་ལེན་བཏབ་སྟེ་ལྷ་མོ་རྣམས་རང་ལ་ཐིམ་པར་བསམ། དངོས་སུ་འབྱོར་པ་དང་ཡིད་སྤྲུལ་ལྷ་མོ་རྣམས་ཀྱིས་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ་སྨན་རག་གཏོར་མ་དང་། ཡུམ་ཕྱག་རྒྱ་མ་དང་གསང་བའི་དབང་པོ་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོས་མཆོད་པས་དགྱེས་པ་བསྐྱེད་ཅིང་ལྷ་མོ་རྣམས་གནས་སོ་སོར་ཐིམ་པར་བསམ། ཡི་དམ་རྩ་བ་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་བཞིན་རྡོ་རྗེའི་གླུ་ཡིས་བསྟོད་པར་བྱའོ། །དེ་དག་རྣམས་ཀྱང་སོ་སོར་དག་རྫོགས་སྨིན་པའི་ཚུལ་སྦྱར་ཏེ་ཉམས་སུ་བླང་བར་བྱའོ། །གཉིས་པ་སྒྲུབ་ཆོས་མི་གཡོ་བ་ཏིང་ངེ་འཛིན་གྱི་གསལ་སྣང་ལ་བསླབ་པ་ལ་གསུམ། རྣམ་པ་གསལ་བ་ལ་བསླབ་པ། ང་རྒྱལ་ལ་བསླབ་པ། དག་དྲན་ལ་བསླབ་པའོ། །དང་པོ་ཐ་མལ་མ་དག་པའི་སྣང་བ་རགས་པ་ལྡོག་པའི་ཕྱིར་ལྷ་སྐུའི་སྣང་ཞེན་ལ་བསླབ་པའི་ཚུལ་ནི། རྫིང་བུ་གསལ་དྭངས་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་སྐུ་ཡོངས་རྫོགས་ལམ་ཙམ་གསལ་བ་དམིགས་ཡུལ་དུ་བྱིང་རྒོད་ཀྱི་སྐྱོན་མེད་པར་རྩེ་གཅིག་ཏུ་བསྒོམས་པས་སྤྱི་རྣམ་རིག་པའི་གསལ་སྣང་བྱུང་ན། སྤྱིའི་གསལ་སྣང་མ་ཤོར་བའི་ངང་ནས་སྤྱན་སོགས་ནས་ཞབས་ཀྱི་བར་སྐུའི་ཆ་ཤས་དང་། དབུ་ཞྭའི་རྒོད་ལྡེམ་ནས་གདན་ཁྲིའི་བར་རྒྱན་གྱི་ཆ་ཤས་རེ་རེ་ཞིང་གསལ་བཏབ་ཀྱིན་བསྒོམས་པས་དེ་དང་དེ་རེ་རེ་ལའང་སེམས་ཟིན་ཏེ་སོ་སོའི་གསལ་སྣང་ཁྱད་པར་ཅན་མ་འདྲེས་པར་ཕྲ་ཞིབ་མ་སྐྱེས་ཀྱི་བར་དུ་འབད་པས་བསྒོམ་ཞིང་། སོ་སོའི་གསལ་སྣང་སྐྱེས་པ་དང་། མེ་ལོང་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་གཅིག་ཅར་དུ་གསལ་ཞིང་། དེར་སེམས་ཟིན་པ་ན་སྤྱི་བོའི་བླ་མ། ཡི་དམ་ཞི་དྲག་སོགས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་ལ་མ་འདྲེས་པ་སྐད་ཅིག་གཅིག་ཅར་དུ་སྤྱན་གྱི་དཀར་ནག་དང་བ་སྤུའི་བུ་ག་ཚུན་ཆོད་ཀྱང་མ་འདྲེས་པར་གསལ་ཐེབས་ཤིང་། དེ་ཡང་ཅི་ཙམ་གྱི་བར་དུ་འཇོག་ནུས་པ་བྱུང་ན་གསལ་བ་ཐ་མ་ཡིད་ཀྱི་ཡུལ་དུ་གསལ་བ་ཞེས་བྱ་ལ། དེ་ཡང་ཆེར་གོམས་པ་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་ནང་དུ་རླུང་ཟིན་པ་ན་ཕྱི་རོལ་དུ་རྟགས་བཅུ་འཆར་བ་ལྟ་བུའི་ཚུལ་དུ་ཕྱི་རོལ་དབང་པོའི་ཡུལ་དུ་ལྷ་སྐུ་ཕྱག་རྒྱའི་རྣམ་པར་ཤར་བ་ནི་གསལ་བ་འབྲིང་དབང་པོའི་ཡུལ་དུ་ཤར་བ་ཞེས་བྱའོ། །དེ་ལས་ཀྱང་གོམས་པ་ན་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་པའི་ཚེ། གཞན་ཕལ་གྱིས་ཀྱང་ལྷར་མཐོང་ནུས་པ་གསལ་བ་རབ་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་བྱའོ། །གཉིས་པ་ང་རྒྱལ་ལ་བསླབ་པ་ནི། ཐ་མལ་གྱི་ཞེན་པ་ལྡོག་པའི་ཕྱིར་ཏེ། བསྐྱེད་པའི་གནས་སྐབས་དེ་དག་ཐམས་ཅད་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་གུ་རུ་རྡོ་རྗེ་ཐོད་ཕྲེང་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་ཞིང་ལྷ་སྐུ་རང་གི་རིག་རྩལ་ལས་གཞན་དུ་མ་གྲུབ་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་བསྒོམ་སྟེ། དེའང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་བ་ཡིན་ནོ། །གསུམ་པ་དག་དྲན་ལ་བསླབ་པ་ནི། ལྷ་སྐུའི་གསལ་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་བསླབ་པ་སྟེ། དེའང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ལ་གཟུང་འཛིན་གྱི་མཚན་མ་མི་སྣང་ཡང་འགྲོ་བ་འདུལ་བའི་ཕྱིར་དེ་དང་མཐུན་པའི་ཕྱག་རྒྱའི་རྣམ་པ་སྒྱུ་མ་ལྟ་བུར་མ་འགགས་པར་སྟོན་པ་སྟེ། གཞི་དུས་སུ་གདོད་མ་རང་བྱུང་གི་ཡེ་ཤེས་ལ་ཉེས་སྐྱོན་གྱིས་གོས་མ་མྱོང་བ་དང་། འབྲས་དུས་སུ་རང་བྱུང་གི་ཡེ་ཤེས་དེ་རྣམ་འགྱུར་གློ་བུར་གྱི་སྒྲིབ་པ་ཀུན་ལས་གྲོལ་བའི་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ལ་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པའི་ཡོན་ཏན་རྣམས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ངོ་བོར་ཤར་བ་ལས། ཐ་མལ་གྱི་སྣང་ཞེན་རང་མཚན་པ་རྡུལ་ཙམ་མེད་པའི་གཞི་འབྲས་སྦྲེལ་བའི་དག་པ་ཁྱད་པར་ཅན་ལ་མོས་པ་ཤུགས་དྲག་ཏུ་བཞག་པར་བྱ་བ་དང་། བྱེ་བྲག་ཏུ་གཞི་དུས་སུ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་དང་། འབྲས་དུས་སུ་སྐུ་དང་ཡེ་ཤེས་རོ་གཅིག་པས་ཞལ་གཅིག །གཞི་དུས་སུ་གདོད་མའི་ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང་ལྡོག་ཆ་ནས་བདེན་པ་གཉིས་དང། འབྲས་དུས་སུ་ཚོགས་གཉིས་མཐར་ཕྱིན་པའམ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མངའ་བའི་ཕྱག་གཉིས་ལ་སོགས་པས་མཚོན་ནས་ལྷ་སྐུ་རྒྱན་ཆས་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་དག་པ་དྲན་པར་བྱའོ། །དེ་ལྟ་བུའི་ཚུལ་དུ་གསལ་གདབ་ཅིང་ཏིང་ངེ་འཛིན་གྱི་རྩལ་སྦྱང་ཕྱིར་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་ལྷ་སྟོང་གསུམ་གྱི་ཚད་ཙམ་བསྒོམ་པ་དང་། དེ་ལས་གོ་ལྡོག་པ་སོགས་ཆེ་ཆུང་མ་ངེས་པ་ལ་རྩལ་སྦྱངས་པས་གཞལ་ཡས་ཡུངས་འབྲུ་ཙམ་པ་ཆེར་མ་སོང་ཞིང་། ལྷ་སྟོང་གསུམ་ཙམ་བསྒོམ་པ་ཆུང་དུ་མ་སོང་ཡང་དོག་པ་དང་མི་འཚམ་བའི་སྐྱོན་མེད་པ་སོགས། ཅི་ལྟར་བསྒོམས་ཀྱང་བདེ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྣང་བ་ཐམས་ཅད་ལྷ་སྐུའི་རོལ་པར་སྤྲོ་བ་སོགས་རྩལ་སྣང་གོང་འཕེལ་གྱི་བོགས་དབྱུང་བས། མ་དག་པའི་ལས་སྣང་འདི་ཐམས་ཅད་དག་པ་ལྷ་སྐུར་བསྒྱུར་བའི་ཏིང་ངེ་འཛིན་ལ་འབད་པར་བྱའོ། །དེ་ལྟར་ལྷར་གསལ་བའི་ཏིང་ངེ་འཛིན་དེ་དག་བྱིང་རྒོད་ཀྱི་གེགས་བསལ་ཏེ་ལེགས་པར་བསྒྲུབས་པའི་ལྷར་སྣང་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་སྤངས་པའི་ཕ་རོལ་ན་ལྷ་མེད་པས་ལྷར་སྣང་དང་རླུང་སེམས་དབྱེར་མེད་ཀྱི་ངང་ནས་སྐྱོང་ལ་ཐབས་དེ་ཁོ་ན་ཉིད་དང་གསལ་བ་སྐུ་ཡི་རྣམ་པ་གཉིས་སུ་མེད་པའི་སྐུ་ཐུགས་ཟུང་འཇུག་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་པའི་ཚུལ་ལ་མཁས་པར་བྱའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ་གཉིས། རྩ་གསུམ་སྤྱི་དྲིལ་དང་སོ་སོའི་ཛཔ྄་དགོངས་སོ། །དང་པོ་རྟ་མགྲིན་གྱི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱང་བ། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་བསྣམས་པའི་འདབ་མ་སྙན་གྱི་ཐད་སོར་ཁ་ཕྱེ་བ། དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པ་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། དེ་ཡི་ཐུགས་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ཀློང་དུ་ཐུགས་སྲོག་ཏིང་འཛིན་སེམས་དཔའ་འམ་ཧྲཱིཿདཀར་པོའི་མཐར་རྩ་གསུམ་སྤྱི་དྲིལ་གྱི་སྔགས་ཉེར་གཅིག་པ་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་འབུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་རང་ལ་བསྡུས། འགྲོ་བ་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། འོད་ཟེར་རྣམས་ཚུར་འདུས་བདག་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་ཐོབ། སྣང་སྲིད་ཐམས་ཅད་སྣང་བ་ལྷའི་སྐུ། གྲགས་པ་སྔགས། དྲན་རྟོག་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་དམིགས་ནས་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་སོགས་བཟླའོ། །དེ་ལ་སྐབས་འདིར་བསྒྲུབ་བྱའི་ལྷ་རྩ་གསུམ་སྤྱི་ལ་དམིགས་པ་དང་། བསྒོམ་བྱའི་ཏིང་འཛིན་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བ་དང་། བཟླ་བྱའི་སྔགས་ཀྱང་སྤྱི་དྲིལ་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བ་ཡིན་ཏེ། ཨོཾ་ཨཱཿཧཱུྃ་ཞེས་སྐུ་གསུང་ཐུགས་ཀྱི་ཡི་གེས་དབུ་དྲངས་ཏེ། བཛྲ་རྡོ་རྗེ། གུ་རུ་བླ་མ། པདྨ་ཞེས་རྒྱ་སྐད་སོར་བཞག་གི་མཚན། དེ་རྣམས་ཀྱི་བླ་མ་དང་། དེ་ཝ་ཞེས་ལྷ་ཡི་དམ་ལ་འཇུག་པ། ཨོ་རྒྱན་མཁའ་འགྲོའི་བརྡར་དྷེ་ཝ་ཞེས་ཡི་དམ། ཌཱ་ཀི་ནཱི་ཞེས་པ་མཁའ་འགྲོ་སྟེ། དེ་ཡང་མཁའ་འགྲོའི་བརྡར་དྷཱ་ཀི་ནཱི་ཞེས་སུ་སོང་བའོ། །དེ་ལྟར་རྩ་བ་གསུམ་ལ་བོས་ཤིང་ཐུགས་དམ་བསྐུལ་ནས་དོན་དུ་གང་གཉེར་ན། སརྦ་སིདྡྷི་ཞེས་དངོས་གྲུབ་ཐམས་ཅད། ཕ་ལ་དོན་འགྱུར་གྱི་བཟང་པོ། དེ་དག་སྩོལ་ཅིག་ཅེས་བསྐུལ་བའི་དོན་དུ་ཧཱུྃ་སྦྱར་བའོ། །དེ་བསྙེན་སྒྲུབ་ལས་གསུམ་དང་སྦྱར་ན། བླ་མ་ཡན་ཆོད་བསྙེན་པ། ཡི་དམ་མཁའ་འགྲོ་སྒྲུབ་པ། དངོས་གྲུབ་བསྐུལ་བ་ལས་སྔགས་སོ། །གཉིས་པ་བྱེ་བྲག་གི་བཟླས་པ་ལའང་། བསྙེན་སྒྲུབ་གཉིས་ལས་དང་པོ་ལ། རིགས་བདག་ལ་བསྟེན་ནས་བདག་དོན་བྱིན་རླབས་བསྡུ་བ། སྙིང་གའི་ཡེ་ཤེས་སེམས་དཔའ་ལ་བསྟེན་ནས་གཞན་དོན་ཕྲིན་ལས་མཁའ་ཁྱབ་ཀྱི་བཟླས་པ་གཉིས། དང་པོ་ལའང་བསྒོམ་དོན་དང་། སྔགས་དོན་གཉིས་ལས། དང་པོ་རིགས་བདག་གི་ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་པོའི་མཐར་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། སྲིད་དང་ཞི་བའི་ཚེ་བཅུད་དང་དཔལ་ཡོན་ཐམས་ཅད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བཀུག་ནས་ཕྱག་གི་ཚེ་བུམ་དུ་ཞུགས་པ་གང་བའི་ཚུལ་གྱིས་ལུད་དེ་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བའི་ཚུལ་གྱིས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ་བཟླའོ། །གཉིས་པ་ནི། ཨོཾ་ཞེས་བཀྲ་ཤིས་ཤིང་བདེ་ལེགས་སུ་བྱེད་པའི་ཡི་གེས་གོ་དྲངས་ཏེ། ཨ་མཱ་ར་ཎི་ཞེས་ཨ་ཐུང་དགག་པའི་སྒྲ་ཡིན་ཞིང་། མཱ་ར་ཡ་འཆི་བ་ལ་འཇུག་པས་སྒྲ་སྦྱར་ན་མི་འཆི་བའམ། འཆི་མེད་ཅེས་བཅོམ་ལྡན་འདས་ཉིད་ལ་བོས་ནས། ཛཱི་ཝནྟི། འཚོ་བ། སྭཱ་ཧཱ། གཞི་ཚུགས། ཞེས་སམ། སུ་ལེགས་པ་ནི་སྦྱིན་པའི་སྒྲར་སོང་ན་ལེགས་པ་བྱིན་ཅིག་ཅེས་བྱ་བར་འགྱུར་རོ། །གཉིས་པ་ལའང་བསྒོམ་དོན་དང་སྔགས་དོན་གཉིས་ལས། དང་པོ། ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྤྱི་དྲིལ་གྱི་སྔགས་མི་དམིགས་པར་བྱས་པའི་ཚབ་ཏུ་ཡི་གེ་དྲུག་པས་བསྐོར་བ་ལས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། དེ་དག་ཐམས་ཅད་མ་ལུས་པ་རྒྱལ་བ་རིགས་དྲུག་སོ་སོའི་ངོ་བོར་གནས་གྱུར་པར་བསམ་ལ་བཟླའོ། །གཉིས་པ་སྔགས་དོན། ཨོཾ་འགོ་འདྲེན། མ་ཎི་ནོར་བུ། པདྨེ། པདྨ་ཅན། ཧཱུྃ་ཐུགས་དམ་བསྐུལ་བ་སྟེ། དེ་ཡང་ནོར་བུ་པདྨ་ཞེས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དང་། པདྨ་དཀར་པོའི་ཕྱག་མཚན་ཅན་ཞེས་དྲང་དོན་ནམ། ངེས་དོན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་སོགས་བཤད་པ་མང་པོ་གཞུང་གཞན་ནས་འབྱུང་བ་ལྟར་རོ། །གཉིས་པ་སྒྲུབ་པ་ལ་ཞི་བ་དང་ཁྲོ་བོ་གཉིས་ལས། དང་པོ་ལ་བསྒོམ་དོན་དང་སྔགས་དོན་གཉིས། དང་པོ། ཡེ་ཤེས་སེམས་དཔའི་ཐུགས་ཀར་མ་ཎིའི་ཚབ་ཏུ་བཛྲ་གུ་རུ་གསལ་བཏབ་པ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད། བྱིན་རླབས་བསྡུས། སེམས་ཅན་གྱི་སྒྲིབ་པ་སྦྱངས་ནས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་བསམས་ལ་སྔགས་བཟླ། གཉིས་པ་སྔགས་དོན། ཨོཾ་ཨཱཿཧཱུྃ་ཞེས་སྐུ་གསུང་ཐུགས་སམ་སྐུ་གསུམ་གྱི་ས་བོན་གྱིས་དབུ་དྲངས་ནས། བཛྲ་ནི་རྡོ་རྗེ་ཞེས་ཆོས་སྐུ་གསང་བ་འདུས་པ་སྟེ། རྡོ་རྗེ་མི་ཕྱེད་པའི་དོན་ཡིན་པས་ཆོས་སྐུ་སྤྲོས་བྲལ་མཚན་རྟོག་གིས་མི་ཕྱེད་པ་བསྟན་ནོ། །གུ་རུ་ནི་བླ་མ་སྟེ། གུ་རུའི་སྒྲ་ལྕི་བ་ལ་འཇུག་པས། ཁ་སྦྱོར་བདུན་ལྡན་ཡོན་ཏན་བླ་ན་མེད་པས་ཡོངས་སུ་གང་བ་ལྟར་ལྕི་བ་ལོངས་སྐུ་ཐོད་ཕྲེང་སྡེ་ལྔ་བསྟན། པདྨ་ནི། རྒྱ་སྐད་བོད་དུའང་སོར་བཞག་པ་སྟེ། གསུང་རྡོ་རྗེ་མ་ཆགས་པ་སྐྱོན་བྲལ་པདྨའི་རིགས་སུ་སྟོན་པའི་སྤྲུལ་སྐུ་པདྨ་འབྱུང་གནས་སོ། །དེ་ལྟ་བུའི་སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོ་རང་བྱུང་པདྨ་ཐོད་ཕྲེང་དེ་ལ་བོས་ནས་ཅི་ཞིག་དོན་དུ་གཉེར་ན། སིདྡྷི་ཞེས་མཆོག་ཐུན་གྱི་དངོས་གྲུབ། ཧཱུྃ་ཞེས་པ་བསྐུལ་བའི་སྔགས་ཡིན་པས་དོན་གྱིས་སྩོལ་ཅིག་ཅེས་པར་འགྱུར་རོ། །རྡོ་རྗེའི་སྔགས་འདི་ནི་སྔགས་ཐམས་ཅད་ཀྱི་རྒྱལ་པོ་སྟེ་འདིར་སྒྲ་ཐད་དྲངས་ཙམ་དུ་བཤད་པ་ལས། གཞན་དུ་ཕྱི་ནང་གསང་བ་དེ་ཁོ་ནའི་བཤད་ཚུལ་མཐའ་དག་པ་སོ་སོའི་སྐྱེ་བོའི་བློའི་ར་བ་ལས་བརྒལ་བའོ། །གཉིས་པ་དྲག་པོ་ལ་ཡང་། བསྒོམ་དོན་དང་གོ་དོན་གཉིས། དང་པོ། རང་གིས་སྔགས་བཟླས་པའི་རྐྱེན་གྱིས་དྲག་པོ་སྡེ་ལྔའི་ཐུགས་དམ་བསྐུལ། སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་མཚོན་ཆས་བར་ཆད་དགྲ་བགེགས་དམ་སྲི་གདུག་པ་ཅན་ཐམས་ཅད་ཚར་བཅད། སྲོག་སྙིང་འཕྲོག །དབང་དུ་བསྡུས། བྲན་དུ་བཀོལ། ཞི་བས་གདུལ་དུ་མི་འཚལ་བ་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་བསྲེགས་པར་བསམས་ལ་བཟླའོ། །གཉིས་པ། འབྲུ་གསུམ་གྱིས་ཐོག་དྲངས་ནས། ཨར྄་ཙིག་ཁྲོས་པ། ནིར྄་ཙིག་ཤིན་ཏུ་ཁྲོས་པ་སྟེ། དེ་བཞིན་གཤེགས་པའི་བརྡའོ། །སྒྲ་པ་ཁ་ཅིག་སྒྲ་བསྒྲུབས་ནས་འོད་ཟེར་མེ་ལྕེའི་ཕྲེང་བ་ཅན་དུའང་བསྒྱུར། བྷ་ག་ཝ་ཏེ། བཅོམ་ལྡན་འདས། ན་མོ་ཕྱག་འཚལ་བ་སྟེ། སྒྲ་བསྡོམསན་ཁྲོས་པ་ཤིན་ཏུ་ཁྲོས་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའོ། །ཧཱུྃ་ཧཱུྃ་ཞེས་ཐུགས་དམ་དྲག་ཏུ་བསྐུལ་བ་དང་། ཕཊ྄་ཅེས་ལས་ལ་བསྐུལ་བའོ། །གསུམ་པ་ལས་སྦྱོར་ལའང་མཆོག་གི་ལས་སྦྱོར་དང་ཕལ་པ་གཉིས། དང་པོ་ལ་བསྒོམ་དོན་དང་སྔགས་དོན་གཉིས། དང་པོ། ཡུམ་གྱིས་ཡབ་བསྐུལ་བ་ཞེས་བྱ་བ་སྦྱོར་ཡུམ་རྡོ་རྗེ་ཕག་མོའི་ཐུགས་སྲོག་བཾཿལས་ཡབ་ཀྱི་སྔགས་ཕྲེང་བྱུང་། ཡུམ་གྱི་ཞལ་ནས་ཐོན། ཡབ་ཀྱི་ཞལ་དུ་ཞུགས་ཤིང་ཐུགས་སྲོག་ལ་ཐིམ་པས། བདེ་བ་ཆེན་པོའི་ཡེ་ཤེས་བཟོད་དུ་མེད་པར་འབར། སླར་ཡང་ཡབ་ཀྱི་ཐུགས་སྲོག་ལས་བརྡོལ་བའི་ཚུལ་གྱིས་བྱུང་། ཡབ་ཀྱི་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་མཁར་བརྒྱུད་དེ་ཐུགས་སྲོག་ལ་ཐིམ། དེ་ལྟར་བར་མ་ཆད་པ་མགལ་མེ་ལྟར་འཁོར་བའི་འོད་དང་བདེ་བའི་རྩལ་གྱིས་སྣང་སྲིད་ཐམས་ཅད་རྡོ་རྗེ་གསུམ་གྱི་རོལ་པ་དེ་ཡང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་འབའ་ཞིག་གི་རང་བཞིན་དུ་ཤེས་པར་བསམས་ལ་བཟླ། གཉིས་པ་བཟླ་བྱའི་སྔགས། ཨོཾ་ཞེས་འགོ་འདྲེན་པའི་སྔགས། ཧྲཱིཿརྒྱུ་མ་ནོར་བ་རྩ་བའི་སྔགས། བཛྲ་ཀྲོ་དྷ་ཁྲོ་བོ། ཧ་ཡ་རྟ། གྲཱྀ་ཝ་མགྲིན་པ་སྟེ། རྡོ་རྗེ་ཁྲོ་བོ་རྟ་མགྲིན་ཞེས་བསྐྱེད་པ་རྐྱེན་གྱི་སྔགས། དེའི་ཐ་མར་ཐུགས་དམ་བསྐུལ་ཞིང་དྲག་ཏུ་བསྐུལ་བའི་ཕྱིར་ཧཱུྃ་ཕཊ྄་ཅེས་སྦྱར་བས་བཟླས་པ་ལས་ཀྱི་སྔགས་སུའང་གྲུབ་པའོ། །དེའི་གཤམ་དུ་ར་ཙ་ཧྲི་ཡ། དཔའ་བོ་སྡེ་བཞིའི་སྲོག །སརྦ་སིདྡྷི་དངོས་གྲུབ་ཐམས་ཅད། ཧཱུྃ་ཐུགས་དམ་བསྐུལ་ཕྱིར་དོན་དུ་སྩོལ་ཅེས་པར་འགྱུར་རོ། །གཉིས་པ་ཕལ་པའི་ལས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ། ལས་བཞི་ཐུན་མོང་དུ་བསྒྲུབ་པ་ཡབ་ཀྱིས་ཡུམ་བསྐུལ་བ་ལ། བསྒོམ་དོན་དང་སྔགས་དོན་གཉིས་ལས། དང་པོ། ཡབ་རྟ་མགྲིན་གྱི་ཐུགས་ཀའི་ཧྲཱིཿལས་ཡུམ་གྱི་སྔགས་ཕྲེང་རྒྱུད་མར་བྱུང་། མཁའ་གསང་གི་ལམ་བརྒྱུད་དེ་ཡུམ་གྱི་ཐུགས་སྲོག་ལ་ཐིམ་པས་དགྱེས་པ་བསྐྱེད། སླར་ཡང་ཡུམ་གྱི་ཐུགས་སྲོག་ལས་བྱུང་ནས་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ལ་ཐིམ། དེ་ལྟར་བར་མེད་དུ་འཁོར་བའི་སྦྱོར་མཚམས་ནས་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞིས་སྲིད་གསུམ་གང་། དཀར་མོས་ཞི་བ་སོགས་ལས་བཞི་རྩོལ་མེད་དུ་བསྒྲུབ་པར་བསམ། གཉིས་པ་བཟླ་བྱའི་སྔགས། ཨོཾ་ཞེས་པས་ཐོག་དྲངས། བཾ་རྒྱུའི་སྔགས། བཛྲ་བྷ་ར་ཧཱེ་རྡོ་རྗེ་ཕག་མོ། ཀྲོ་དྷི་ཀཱ་ལི་ཁྲོ་མོ་ནག་མོ་ཞེས་དང་། དེའི་མཐར་ཐུགས་དམ་བསྐུལ་བའི་སྔགས་ཧཱུྃ་ཕཊ་དང་། ཧ་རི་ནི་ས་རིགས་བཞིའི་མཁའ་འགྲོའི་སྲོག་སྔགས། སརྦ་སིདྡྷི་དངོས་གྲུབ་ཐམས་ཅད། ཧཱུྃ་སྩོལ་བར་བསྐུལ་བའོ། །གཉིས་པ་ལ། ཚར་གཅོད་པ་དང་། རྗེས་སུ་འཛིན་པ་གཉིས། དང་པོ་ལ། བསྒོམ་དོན་དང་། སྔགས་དོན་གཉིས། དང་པོ། རྒྱལ་པོ་ཆེན་པོས་ལས་བྱེད་རྣམས་ལ་བཀའ་བསྒོ་བ་ལྟར། རང་ཉིད་གཙོ་བོའི་ཞལ་ནས་ཤཱ་ས་ནའི་སྒྲ་བསྒྲགས་པས། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་རབ་འབྱམས་ཁྲོམ་ཚོགས་པ་ལྟ་བུ་རྣམས་ཀྱིས་དམིགས་བྱ་འགུགས་བསྒྲལ་བརླག་པའི་ཕྲིན་ལས་མཛད་པར་བསམ། སྔགས་དོན། ཨོཾ་གྱིས་འགོ་དྲངས་ནས། མ་ཧཱ་ཀཱ་ལ་ནག་པོ་ཆེན་པོ་སོགས་གཞུང་གཞན་ལྟར་ཤེས་པར་བྱའོ། །གཉིས་པ་ཐུན་མོང་གི་ལས་ཐམས་ཅད་ཀྱི་གཙོ་བོའམ་རྟེན་དུ་གྱུར་པ་ཚེ་སྒྲུབ་པའི་སྒོ་ནས་རང་ངམ་གཞན་ལ་ཕན་འདོགས་པར་བྱེད་པ་ལ། བསྒོམ་བྱའི་དམིགས་པ་བསྟན་པ་དང་། བཟླ་བྱའི་སྔགས་དོན་བཤད་པ་གཉིས། དང་པོ་རང་ཉིད་ཀྱི་ཕྱག་གི་ཐོད་པ་ཚེ་ལྷ་ཡུམ་གྱི་ངོ་བོ། བུམ་པ་ཡབ་ཀྱི་ངོ་བོ། དེ་གཉིས་ལས་ལྷ་མོ་མགྱོགས་མ་སེར་དཀར་དམར་ལྗང་མཐིང་ག་ཕྱག་གཡས་མདའ་དར་གཡོན་བུམ་པ་ཅན། ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས། དང་པོ། རང་གི་ཚེ་ཆད་ཉམས་ཡར་བརྐུས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ལྟར་བསྡུས་ཏེ་སྤྱི་བོ་ནས་ལུས་ལ་བསྟིམ། གཉིས་པ་ཁྱབ་བྱ་ས་ཆུ་མེ་རླུང་བཞི་དང་། ཁྱབ་བྱེད་ནམ་མཁའ་སྟེ་ཕྱི་སྣོད་འབྱུང་བའི་བཅུད་དང་དཔལ་ཡོན་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་བསྡུས་ཏེ་ལུས་ལ་གཞུག །གསུམ་པ་ནང་བཅུད་འགྲོ་བའི་ཚེ་དཔལ་འོད་ཟེར་གྱི་རྣམ་པར་བསྡུ་ཞིང་བསྟིམ། བཞི་པ་སྲས་བཅས་རྒྱལ་བའི་བྱིན་རླབས་འཇའ་འོད་ཐིག་ལེ་སྐུ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པས་རང་ལ་དབྱེར་མེད་པར་སིབ་སིབ་ཏུ་ཐིམ་པས་རྡོ་རྗེའི་ཚེ་ལ་དབང་འབྱོར་བར་བསམས་ལ་བཟླའོ། །གཉིས་པ་སྔགས་དོན། ཨོཾ་གྱིས་འགོ་དྲངས་ནས། བཛྲ་གུ་རུ་པདྨ་རྡོ་རྗེའི་བླ་མ་པདྨ་ཞེས་དང་། སིདྡྷི་དངོས་གྲུབ། ཨཱ་ཡུ་ཥེ་ཚེ། ཧཱུྃ་ཡེ་ཤེས་ཀྱི་ཚེ་ཡི་ས་བོན། ནྲྀ་འཇིག་རྟེན་པའི་ཚེ་སྲོག་རྟེན། ཛཿཞེས་ཚེ་བཅུད་དེ་རྣམས་འགུགས་པའོ། །དེ་ལྟར་བཟླས་དམིགས་ཀྱི་རིམ་པ་ཅུང་ཟད་བཤད་ནས། གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ། མཚན་བཅས་མཚན་མེད་གཉིས། དང་པོ། གཞུང་ལས། ལུས་གནད་བསྲངས་སོགས་གསུངས་པ་ལྟར། རང་རྡོ་རྗེ་ཐོད་ཕྲེང་གི་སྐུ་རྐྱང་པ་ཙམ་དུ་གསལ་བའི་སྟོང་ར་འོད་ཀྱི་རང་བཞིན་གྱི་དབུས་སུ། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བཏབ་ལ་རླུང་རོ་བསལ། གྲུ་གཡོན་གྱི་ཁ་ཊྭཱཾ་མནྡཱ་རའི་ངོ་བོ་ལས་འོད་དམར་སེར་བདེ་བ་ཆེན་པོའི་རྣམ་པར་བྱུང་། རང་གི་སྣ་བུག་ནས་ཞུགས། ལྟེ་བའི་གཏུམ་མོ་ཨ་ཤད་ཀྱི་རྣམ་པ་ཅན་ལ་རེག་པས་མེ་འབར། མེ་ལྕེ་ཇེ་ཆེར་སོང་བས་སྤྱི་བོའི་ཧཾ་ཞུ་བའི་འབར་འཛག་གིས་དྲངས་པའི་བདེ་བ་ལ་སེམས་གཏད་ནས་དམིགས་པ་དང་སྦྱར་བའི་བུམ་ཅན་ཇི་ནུས་སུ་འཛིན་པའོ། །གཉིས་པ་མཚན་མེད་ནི། གཞུང་ལས། རིག་པ་འཛིན་མེད་དུ་འཇོག་ཞེས་པས་སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རིག་སྟོང་ཟུང་འཇུག་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་གཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ལ། ལྷ་སྐུ་འོད་གསལ་དུ་བསྡུ་བ་དང་། དེ་ལས་ལྡང་བའི་རྣལ་འབྱོར་གཉིས། དང་པོ། ཐུན་མཐར་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་རང་ལ། རང་ཡེ་ཤེས་སེམས་དཔའ། ཡེ་ཤེས་སེམས་དཔའ་འམ་ཐུགས་སྲོག །ཐུགས་སྲོག །ཐིག་ལེ། ཐིག་ལེ་ནཱ་ད་ཤིན་ཏུ་ཕྲ་བ་སུམ་འཁྱོག་ལ་ཐིམ། མཐར་ནཱ་ད་ཡང་ནམ་མཁའ་ལ་གློག་ཡལ་བ་ལྟར་སྐྱེ་མེད་ཀྱི་ངང་དུ་ཐིམ། དེ་ལྟར་བློས་གསར་དུ་བྱས་པའི་སྟོང་པ་དང་། རང་གི་སེམས་གདོད་མའི་སྟོང་པ་ཆེན་པོ་སྐྱེ་འགག་གནས་གསུམ་དང་བྲལ་བ་གཅིག་ཏུ་བསྲེས་ལ་མཉམ་པར་གཞག །ཐུན་ལས་ལྡང་བ་ན་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཟུང་འཇུག་གི་དབྱིངས་ལས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་བཞེངས་ནས་སྣང་གྲགས་རྟོག་ཚོགས་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ལ། དགེ་བསྔོ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །དེ་ལྟར་བརྩོན་པས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ནི་ངེས་པའོ། །འདིར་སྨྲས་པ། གཏེར་འབྱིན་རྒྱུ་སྐར་ཕྲེང་བ་ཡི། །དང་པོར་གྱུར་པའི་ཟབ་གཏེར་གཟུགས། །སླར་ཡང་དུས་ཀྱི་ཐ་མར་ནི། །འདྲེན་མཆོག་ཐུགས་ཀྱི་རྒྱ་མཚོར་གསལ། །ཚུལ་དེའི་རྨད་བྱུང་རྟེན་འབྱུང་གིས། །བསྟན་དང་འགྲོ་བའི་མངའ་ཐང་དཔལ། །རྫོགས་ལྡན་སླར་ཡང་བོས་པ་བཞིན། །སྐལ་བཟང་རྣམས་ཀྱི་དཔྱིད་དུ་གནས། །ཞེས་ཟབ་གསང་རྩ་བ་གསུམ་དྲིལ་ཏེ་སྒྲུབ་པའི་ཟབ་ཁྲིད་སྙིང་པོར་བསྡུས་པ་འདིའང་༧ཁྱབ་བདག་རྡོ་རྗེ་འཆང་ཉིད་ཀྱིས་ཞལ་ཁྲིད་གནད་སྨིན་དུ་བསྩལ་ཅིང་། དཀྱུས་ཀྱི་ས་བཅད་པའི་དཔེ་ཐོ་གནང་ནས་ཟིན་བྲིས་གྱིས་ཤིག་པའི་བཀའ་ཡི་གནང་བ་རྗེས་སུ་ཐོབ་པ་ལ་བརྟེན་ནས་ཞལ་གྱི་བདུད་རྩིས་འཚོ་བའི་སྐལ་བཟང་ཐོབ་པ་མི་ཕམ་འཇམ་དབྱངས་རྒྱ་མཚོས་རང་བཟོ་སྤངས་ཏེ་བྲིས་པས་ལམ་དོན་གཉེར་གྱི་སྐལ་ལྡན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །དགེའོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).