Terdzo-DI-050: Difference between revisions

From Rinchen Terdzö
m (Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 ")
No edit summary
 
Line 16: Line 16:
|terma=Yes
|terma=Yes
|rtzcategory=Mahayoga
|rtzcategory=Mahayoga
|deity=rten gsum
|cycle=smin lugs rab gnas cho ga dge legs 'dod 'jo
|cycle=smin lugs rab gnas cho ga dge legs 'dod 'jo
|cycletib=སྨིན་ལུགས་རབ་གནས་ཆོ་ག་དགེ་ལེགས་འདོད་འཇོ
|cycletib=སྨིན་ལུགས་རབ་གནས་ཆོ་ག་དགེ་ལེགས་འདོད་འཇོ

Latest revision as of 16:38, 8 January 2019

རབ་གནས་དགེ་ལེགས་འདོད་འཇོའི་ཡོན་བདག་བསྒོ་བའི་སྟོང་ཐུན་ཉེར་མཁོ་

rab gnas dge legs 'dod 'jo'i yon bdag bsgo ba'i stong thun nyer mkho

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  སྨིན་ལུགས་རབ་གནས་ཆོ་ག་དགེ་ལེགས་འདོད་འཇོ (Smin lugs rab gnas cho ga dge legs 'dod 'jo)
Volume 41 (དི) / Pages 911-934 / Folios 1a1 to 12b3

[edit]

༄༅། །རབ་གནས་དགེ་ལེགས་འདོད་འཇོའི་ཡོན་བདག་བསྒོ་བའི་སྟོང་ཐུན་ཉེར་མཁོ་བཞུགས་སོ། ། ན་མོ་བུདྡྷ་ཡ། རབ་ཏུ་གནས་པའི་མཐའ་རྒྱས་ཀྱི་ཆོ་ག་ལས་ཡོན་བདག་བསྒོ་བའི་མཚམས་སྦྱོར་གྱི་བཤད་པ་ཅུང་ཟད་ཙམ་སྤྲོ་ན། ཐོག་མར་དཀོན་མཆོག་གསུམ་གྱི་ཤིས་བརྗོད་ཀྱི་ཚིགས་གཅད་སོགས་འབྲེལ་ཆགས་ཀྱི་བཤད་པ་ཅི་རིགས་སྔོན་དུ་གཏོང་བའམ། མེད་ཀྱང་རུང་བ་ལས། དེ་ཡང་འདི་ལྟར་སྦྱིན་པའི་བདག་པོས་ལྷག་པའི་བསམ་པ་དང་སྦྱོར་བ་རྣམ་པར་དག་པས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཕུན་སུམ་ཚོགས་པར་བསྒྲུབས་ནས། རབ་ཏུ་གནས་པར་གསོལ་བ་འདི་ནི་དགེ་ལེགས་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་གསུངས་པ་ལྟར། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་བསྟེན་པར་བྱ་བའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་ལ། དེ་ཡང་ཟབ་མོའི་གནས་ལ་བློ་མཆོག་ཏུ་གྱུར་པ་རྣམས་ལ་ནི། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་རང་རིག་པའི་ངོ་བོར་ཡེ་ནས་ལྷུན་གྲུབ་ཏུ་གནས་པར་རྟོགས་པ་སྟེ། སྒྱུ་འཕྲུལ་མེ་ལོང་ལས། རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། སྡོང་པོ་བརྒྱན་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་དཔའ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། མགོན་པོ་བྱམས་པས་ཀྱང་། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་གསུངས་ཤིང་། དེ་ལྟ་བུའི་དོན་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་པ་རྣམས་ཀྱི་ངོར། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འཇུག་པ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པ་རྣམས། ཚོགས་གཉིས་མངོན་པར་འདུ་བྱ་བའི་རྟེན་དུ་མདུན་བཞག་གི་དཀོན་མཆོག་གསུམ་ཞེས་གྲགས་པ་ལ། ཐར་འདོད་རྣམས་ཀྱིས་བརྟེན་པར་བྱ་དགོས་པ་ཁོ་ན་ཡིན་ལ། ཚུལ་དེ་ལ་དགོངས་ནས་དཀོན་མཆོག་གསུམ་གྱི་རྟེན་བརྟེན་པར་བཅས་པ་སྒྲུབ་ཚུལ་དང་། སྒྲུབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་མདོ་རྒྱུད་དུ་མར་གསུངས་པ་ཡིན་ཏེ། ལུང་རྣམ་འབྱེད་ལས་ཀྱང་། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །ཞེས་སོགས་རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཙོ་བོ་ཡང་དགེ་འདུན་གྱི་སྡེ་དང་། དེར་གཙུག་ལག་ཁང་དང་། སྐུ་གཟུགས་དང་། གླེགས་བམ་དང་། མཆོད་རྟེན་བཞེངས་པ་རྣམས་ཡིན་པར་གསུངས་ཤིང་། མདོ་སྡེ་གཞན་ལས་ཀྱང་། ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དུ་མ་ལ་ལོ་གྲངས་དཔག་ཏུ་མེད་པར་ཡོ་བྱད་ཀྱིས་བསྙེན་བཀུར་བྱས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་བ་རིང་བསྲེལ་གྱི་སྙིང་པོ་ཅན་ཞིག་འཇིམ་པ་ལས་བསྒྲུབ་པ་བསོད་ནམས་ལྷག་པར་གསུངས་པ་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་ཀྱང་། ཐུབ་པའི་མཆོད་རྟེན་བྱེད་དམ་བྱེད་བཅུག་པ། །མྱ་ངན་འཇོམས་ཤིང་ལུས་ཀུན་གྲིམས་པ་དང་། །རིན་ཆེན་མཛོད་མང་འཇིག་རྟེན་གཙོར་འགྱུར་ཞིང་། །མི་དེ་དགྲ་ཡི་ཕྱོགས་ལས་རྒྱལ་བར་འགྱུར། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་དང་། །ལྷ་ཡུལ་ས་སྟེང་མི་ཡིས་ངེས་པར་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་དང་། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་ཐོབ་ནས། །ཐ་མར་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་དང་བྲལ་སངས་རྒྱས་གོ་འཕང་ཐོབ། །ཅེས་དང་། དམ་ཆོས་པད་དཀར་ལས། ལ་ལས་དེ་ཉིད་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ན། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་། སྒྱུ་འཕྲུལ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨྲོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར་བསྒྲུབས་པའི་རྟེན་དེ་ཡང་། ཞལ་བསྲོ་བ་དང་། མངའ་དབུལ་བ་དང་། བྱིན་གྱིས་བརླབ་པ་ཞེས་བྱ་བའི་བརྡས་དགེ་ཞིང་བཀྲ་ཤིས་པར་སྒྲུབ་པའི་ཆོ་ག་འདི་ལ། པྲ་ཏིཥྛ་བི་དྷི། ཞེས་པས། པྲ་ནི་དོན་ལྷག་པོར་སྟོན་པའི་ཚིག་ཕྲད། ཏིཥྛ་ནི་བརྟན་པའམ་ཡུན་རིང་དུ་གནས་པ། བི་དྷི་ནི་ཆོ་ག་སྟེ་རབ་གནས་ཀྱི་ཆོ་ག་འདི་ཉིད་ཀྱི་དབང་དུ་བྱས་ན། ཤེས་བྱེད་ཀྱི་གཞི་བཤད་པ་དང་། བཤད་པའི་ཆོ་ག་ཇི་ལྟར་སྒྲུབ་པའི་ཚུལ་གཉིས་སུ་གནས་པ་ལས། དང་པོ་ལ་བདུན་ཏེ། རབ་གནས་ཀྱི་རང་བཞིན། གནས་བྱའི་རྟེན། གནས་པའི་དགོས་པ། གནས་བྱེད་ཀྱི་སློབ་དཔོན། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས། གང་བྱ་བའི་ཆོ་གའོ། །དང་པོ་རང་བཞིན་ནི། སློབ་དཔོན་ཆེན་པོས་བདེ་འདུས་རབ་གནས་སུ། བྱ་དགོས་མི་དགོས་གཉིས་སུ་བསྟན༔ ཞེས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་གནས་ལུགས་རྟོགས་པ་ཤེས་རབ་ཅན་གྱི་དབང་དུ་བྱས་ནས། སྔ་མ་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན༔ གང་ཞིག་གང་གིས་གང་དུ་བརླབ༔ གདོད་ནས་མ་སྐྱེས་སྐྱེ་མེད་ལ༔ ཅི་འདྲ་ཅི་འདྲར་རབ་ཏུ་གནས༔ ཆོས་རྣམས་འོད་གསལ་སྐྱེ་མེད་དུ༔ རྟོགས་པར་ལྡན་པས་མཆོད་གནས་རྣམས༔ རབ་ཏུ་གནས་པ་མི་དགོས་སོ༔ ཞེས་དང་། ཡང་སྐུ་གཟུགས་ཀྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ཅན་གྱི་དབང་དུ་བྱས་ན། སྔ་མ་ལས། ཡང་ན་སྟོང་ཉིད་མ་རྟོགས་ཀྱང༔ སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས༔ སངས་རྒྱས་རྣམ་འཕྲུལ་བྱིན་རླབས་ལས༔ བྱུང་སྟེ་མིན་ན་མི་འབྱུང་བར༔ རྟོགས་ཏེ་ཤིན་ཏུ་དད་ལྡན་ན༔ རབ་ཏུ་གནས་པ་མི་དགོས་སོ༔ ཞེས་པས་དེ་ལྟ་བུའི་དོན་གཉིས་པོ་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་བ་རྣམས་ཚོགས་གཉིས་ཀྱི་གནས་ལ་འགོད་པའི་ཆེད་དུ་རབ་གནས་ཀྱི་ཆོ་ག་དགོས་པར་བསྟན་པ་ནི། འཇིག་རྟེན་ཐ་སྙད་ལ་གནས་ཏེ༔ ཀུན་རྫོབ་དོན་དུ་བསྟན་པ་ཡིན༔ ཞེས་དྲང་ངེས་ཀྱི་དབྱེ་བས་གསུངས་པ་བཞིན། རབ་གནས་ཀྱི་རྟོག་པ་ལས་ཀྱང་། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པར་རབ་ཏུ་བཏགས། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་ནི། རྟེན་གང་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བསྡུས་ནས་དགེ་ཞིང་བཀྲ་ཤིས་པའི་དོན་ཅན་དུ་བྱེད་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྟོག་པ་ལས། རྒྱལ་བའི་སྐུ་གཟུགས་བཞེངས་ནས་ནི། །གུས་པས་རྒྱལ་བ་ལྟར་མཆོད་བྱ། །ཐུབ་པས་དེ་ལྟར་གཟིགས་ནས་ནི། །ཡིད་ཅན་རྣམས་ལ་སྐྱོབ་པར་མཛད། །ཅེས་དང་། ངོ་བོའི་མན་ངག་ལས་ཀྱང། རྟེན་མཐོང་ན་ཡང་འདི་དག་ནི། །བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །སྙམ་དུ་དད་ཅིང་གུས་པར་བྱ། །ཞེས་གསུངས་སོ། །གལྤོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་བརླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་གསུངས་པ་བཞིན་ནོ། །སྒྲ་དོན་ནི། །སུ་པྲ་ཏིཥྛ་བི་དྷི་ཞེས་པའི་སྒྲ་ལས་བཟང་པོར་བསྒྲུབ་པ་དང་། ཡུན་རིང་དུ་གནས་པར་བྱེད་པའི་ཆོ་ག་སྟེ། རྟེན་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་དུ་བསྒྲུབས་པས་བཟང་པོ་དང་། འཁོར་བ་ཇི་སྲིད་དུ་གནས་པར་བྱེད་པས་ཡུན་རིང་བའོ། །དེ་གཉིས་ཀྱང་ཡེ་ཤེས་པ་དགུག་གཞུག་དང་བརྟན་བཞུགས་དང་འབྲེལ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་ཞེས་བྱ་སྟེ། ཡང་། སུ་རབ། པྲ་ཏི་སོ་སོ། ཥྛ་གནས་པ་སྟེ། རྟེན་སོ་སོའི་བདག་ཉིད་དུ་གནས་པ་ལ་ཡང་བགྲང་དུ་རུང་ངོ་། །རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གང་ལ་གནས་བྱའི་རྟེན་ནི། རྟོག་པ་ལས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་ཀྱིས་མཚོན་པ། གཟུགས་སྐུའི་རྟེན་དེ་བཞིན་གཤེགས་པ་ཞི་ཁྲོའི་སྣང་བརྙན་དང་། གསུང་གི་རྟེན་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་གསུང་རབ་གླེགས་བམ། ཐུགས་རྟེན་ནི་ཆོས་སྐུའི་རྟེན་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་མཆོད་རྟེན་བརྒྱད་ལ་སོགས་པ་རྣམས་དང་། གཞན་ཡང་གཙུག་ལག་ཁང་དང་། རྒྱན་དང་ཕྱག་མཚན་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་དག་ཀྱང་དབྱིབས་དང་རྒྱན་ལ་སོགས་པ་སོ་སོའི་མཚན་ཉིད་དང་ལྡན་པར་ཚད་ལ་ཕེབས་པར་བྱ་དགོས་པ་ནི། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་གནས་པའི་དགོས་པ་ནི། སྐྱོན་ཡོན་གྱི་ཡོན་ཆ་ལས་གཉིས་ཏེ། དང་པོ་རབ་གནས་མ་བྱས་པའི་སྐྱོན་ནི། རྟེན་དེ་ཡང་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ནའང་མི་ཤིས་པ་དང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ཏེ། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབ་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། །གཉིས་པ་རབ་གནས་བྱས་པའི་ཡོན་ཏན་ནི། སྔར་བཤད་པའི་སྐྱོན་རྣམས་མི་འབྱུང་བ་དང་། རྟེན་དེ་ཉིད་མཆོད་པ་ལས་བསོད་ནམས་འཕེལ་ཞིང་རྒྱུད་བྱིན་གྱིས་བརླབ་པ་སོགས་དོན་ཆེན་པོར་འགྱུར་བ་ཡིན་ཏེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། སྐུ་གསུང་ཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་གནས་བྱེད་ཀྱི་སློབ་དཔོན་ནི། ཐེག་པ་གསུམ་གྱི་བསླབ་པས་རྒྱུད་སྦྱངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་དག་པ། ཕྱི་ནང་གི་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་བ། རབ་གནས་ཀྱི་ཆོ་ག་ལ་མཐོང་རྒྱུད་ཕྱིན་ཆད་ཀྱིས་མཁས་པས་དོན་མཐུན་དུ་ལག་ཏུ་ལོངས་པ་སྟེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་འོ། །ཞེས་པའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་གདན་དང་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། ཁ་སྦྱོར་དབྱེ་བའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོགས་ཀྱིས་མཚོན་པའང་། དགེ་སློང། དགེ་ཚུལ། ཁྱིམ་ན་གནས་པ་རྣམས་རིམ་བཞིན་རབ་འབྲིང་ཐ་མར་བྱས་པས་སོ། །ལྔ་པ་གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་ཏེ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང་། གལྤོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོགས་ཀྱིས་མཚོན་ཏེ་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་བཤད་པ་བཞིན་ནོ། །དྲུག་པ་གང་གི་ཚེ་བྱ་བའི་དུས་ནི། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་བདག་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པ་ལྟར་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་པས་རིག་བྱེད་ཀྱི་གཞུང་གཞན་ལས་ཀྱང་ཤེས་པར་བྱ་བ་ཉིད་དེ། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚེས་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། གཞན་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་པའང་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། གཞན་དུ་ན། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་མཚོན་ནོ། །བདུན་པ་གང་ཞིག་བྱ་བའི་ཆོ་ག་ནི། རྟེན་འབྲེལ་རབ་གནས་སུ་གྲགས་པ་དང་། བསླབ་བཏུས་ལས། སངས་རྒྱས་སྲས་བཅས་དད་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་སུ་གསོལ་ཏེ་ཕྱག་མཆོད་དང་ཤིས་བརྗོད་བྱེད་པ་མདོ་ལུགས་སུ་གྲགས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་དང་། ཁྱད་པར་རྣལ་འབྱོར་ཆེན་པོའི་རྒྱུད་མདོ་སྒྱུ་དང་སྒྲུབ་སྡེ་རྣམས་སུ་གསུངས་པའི་དོན་པཎ་གྲུབ་ཤིང་རྟ་ཆེན་པོར་གྲུབ་པ་རྣམས་ཀྱིས་ཇི་ལྟར་བཀྲལ་བ་བཞིན། སྙིང་པོར་དྲིལ་བའི་ཆོ་ག་རྣམ་པར་དག་པ་ཉིད་ཀྱིས་བྱ་དགོས་ཏེ། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་དང་། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོགས་གསུངས་པ་བཞིན། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་དང་། གསང་བའི་སྙིང་པོ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་གསུངས་པ་ཉིད་ཀྱང་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་ལ་བསྙེན་པ་དང་རབ་གནས་ཀྱི་ཆོ་ག་གཉིས་ཀྱི། དང་པོ་བསྙེན་པ་ནི། གཞིའི་བསྙེན་པ་དང་ཉེ་བའི་བསྙེན་པ་གཉིས་ཏེ། སློབ་དཔོན་ཆེན་པོས། ལན་གསུམ་གཞན་གྱིས་གསོལ་བཏབ་པས༔ ཡིད་འོང་གནས་སུ་འདུག་ནས་ནི༔ བསྙེན་པ་རྣམ་གཉིས་མཐར་ཕྱིན་པས༔ ཞེས་གསུངས་པ་ལྟར་རུང་མཐུན་ཙམ་སོང་བའི་དབང་དུ་བྱས་ནས། གཉིས་པ་རབ་གནས་ཀྱི་ཆོ་ག་དངོས་ལ་རྒྱས་འབྲིང་བསྡུས་པའི་རྣམ་གཞག་འགའ་ཞིག་ཡོད་པ་ལས། འདིར་བསྡུས་པ་ཉིན་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་གཞིར་བྱས་པ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་དུ་གནས་པ་ཡིན་ལ། དང་པོ་སྦྱོར་བ་ལ་ཡང་ཡོ་བྱད་ཀྱི་གཤོམ་དང་། བདག་གི་རྣལ་འབྱོར་དང་། ལྷ་བུམ་དང་། ཁྲུས་བུམ་བསྒྲུབ་པ་རྣམས་སྔོན་དུ་འགྲོ་བས། རབ་ཏུ་གནས་པའི་ཆོ་ག་དངོས་ལ། ཐོག་མར་བགེགས་སྦྱོང་བ་ལ། གཏོར་མ་བྱིན་ཏེ་ཞི་བས་སྦྱང་བ་དང་། རྫས་ཞི་བ་དང་སྔགས་དྲག་པོ་སྟེ་ཕྱེད་མས་སྦྱང་བ་དང་། རྡོ་རྗེའི་ཁྲོ་བོའི་སྙེམ་པས་སྤྲུལ་པའི་ཕོ་ཉ་དང་བཅས་པས་སྡིགས་ཤིང་ཚར་གཅོད་པ་དྲག་པོའི་སྒོ་ནས་སྦྱང་བ་རྣམས་ཀྱིས་བགེགས་བསལ་ནས། ཟན་ཆངས་སོགས་རྫས་བཞི་སྔགས་དང་བཅས་པས་མི་ཤིས་པ་སྦྱང་བ་དང་། ཏིལ་དང་མེ་ཆུའི་སྦྱོར་བས་སྡིག་པ་སྦྱང་བ་རྣམས་དང་། དེ་རྗེས་ཁྲུས་ཀྱི་ཆོ་ག་ལ་དམན་མཆོག་གཉིས་སུ་ཡོད་པ་ལས་སྔ་མ་ནི། སློབ་དཔོན་ཆེན་པོས། ཐ་མལ་པ་ཡིས་བྱས་པ་ཡི༔ དྲི་མ་ངན་པ་བསལ་བའི་ཕྱིར༔ ཞེས་གསུངས་པ་ལྟར་སྦྱང་གཞི་དེ་ལ་སྦྱང་བྱ་བཟོ་བོ་ལ་སོགས་པའི་མི་གཙང་བའི་དྲི་མ། སྦྱོང་བྱེད་བུམ་ཆུ་ལ་སོགས་པ། སྦྱོང་བ་པོ་སློབ་དཔོན་རྗེས་འབྲང་དང་བཅས་པས། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་བྱེད་པ་ཡིན་ཏེ། སློབ་མའི་ཚོགས་དང་བཅས་པ་ཡིས༔ སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ༔ ཞེས་པ་ལྟར་ཁྲུས་ཆལ་བསྐུ་མཉེ་དྲིལ་ཕྱིས་ཁྲུས་གསོལ་དབྱེ་བ་རྣམས་ཀྱིས་དག་པར་བྱས་ནས། དྲི་དང་གོས་རྒྱན་སྲི་ཞུའི་ཚུལ་དུ་བསྒྲུབས་པ་རྣམས་ནི་ཉེས་ཚོགས་བསལ་བའི་རིམ་པའོ། །དངོས་གཞི་ཡོན་ཏན་མངོན་པར་སྒྲུབ་པའི་ཚུལ་ལ། འདུས་པ་ཆེན་པོའི་མདོར་གསུངས་པ་དང་སློབ་དཔོན་ཤཱནྟིཾ་གརྦྷས་སཱཙྪ་སྒྲུབ་པའི་ཆོ་གར་བཤད་པ་ལྟར་གསོལ་བ་གདབ་ཅིང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། རྟེན་དམ་ཚིག་པར་བསྐྱེད་པ་ནི། ས་མ་ཡ་ཞེས་པ་ལ་འཇུག་ཅིང་། ས་མཱ་ཏའི་སྒྲ་འགྲོ་བ་དང་འདུ་བ་ལ་སྦྱོར་དུ་ཡོད་པས་ཡེ་ཤེས་སེམས་དཔའ་གང་དུ་འདུ་བའི་དམ་ཚིག་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །ཇི་ལྟར་བསྐྱེད་ན། རིམ་གསུམ་ལས། དེ་ནས་ལྷ་རུ་བསྐྱེད་པ་ཡང་། །བདེ་གཤེགས་འདུས་པའི་ལྷར་བསྐྱེད་དེ། །ཅེས་གཞུང་གང་ལ་བརྟེན་པ་དེར་བསྐྱེད་པ་དང་། སུ་པྲ་ཏི་ཞེས་སོ་སོའི་སྒྲས་གནས་བྱའི་རྟེན་སོ་སོའི་རྣམ་པ་ཅན་དུ་བསྒོམ་པར་གསུངས་མོད། བློ་དམན་གྱིས་རྟེན་མང་པོའི་ཁྱད་པར་བྱེ་བྲག་ཕྱེད་པ་གསལ་ཐེབས་པར་དཀའ་བའི་ཕྱིར་རིགས་སོ་སོའི་བསྡུ་ཚུལ་ནི། གལྤོ་ལས། གཟུགས་སྐུའི་རྟེན་གྱི་སྐུ་གསུང་ཐུགས། །ལུགས་མ་རི་མོ་ལ་སོགས་པ། །སྤྱིར་ན་རྣམ་པར་སྣང་མཛད་གཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པུསྟི་གླེགས་བམ་ལ་སོགས་གསུང་། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་དྲིལ་བུ་ལ་སོགས་ཀུན། །མི་བསྐྱོད་རྡོ་རྗེ་འཛིན་པ་འམ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། །ཞེས་གསུངས་པ་ལྟར། སྤྱིར་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔར་བསྒོམས་པས་གྲུབ་ཀྱང་། རིགས་ཀྱི་སྡེ་ཚན་རྣམས་འབྱེད་པའི་ཕྱིར་དེ་བཞིན་གཤེགས་པ་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ལུགས་བཞིན་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་རྟེན་དམ་ཚིག་པར་བསྒོམས་ནས། དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་ནི། ལྷ་ཡི་དཀྱིལ་འཁོར་རབ་བསྐྱེད་ནས། །ཡེ་ཤེས་དཀྱིལ་འཁོར་དགུག་པར་བྱ། །ཞེས་གསུངས་པ་ལྟར། རྟེན་དེ་ཉིད་ཡེ་ཤེས་སེམས་དཔའི་བདག་ཉིད་ཅན་དུ་བྱས་པས་མཆོག་ཏུ་བསྒྲུབ་པའི་ཕྱིར། དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པ་སོགས་བྱས་ནས། དེ་ཉིད་ཕྱག་རྒྱ་བཞིས་དམ་ཚིག་པ་ལ་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་པས་དམ་ཡེ་ཆུ་དང་འོ་མ་བཞིན་དབྱེར་མེད་པར་བྱས་ནས། སླར་ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རྟེན་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོར་རྒྱས་བཏབ་པ་ལས་འདའ་བར་མི་བསྐྱོད་པས་རབ་ཏུ་གནས་པའི་དོན་གྱི་སྙིང་པོ་གྲུབ་པར་བྱས་པ་ཡིན་ཏེ། མཉམ་སྦྱོར་ལས། རྒྱ་འདི་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཤིན་ཏུ་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་ཐམས་ཅད་འདུ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རྟེན་དེ་ལ་དབང་བསྐུར་བ་ནི་མཆོག་གི་ཁྲུས་སུ་འགྱུར་བ་ཡིན་ཏེ། ཨ་བྷི་ཥིཉྩ་ཞེས་པ་མངོན་པར་གཏོར་བའམ། ཆུས་བརླན་པར་བྱས་པ་དང་། དངོས་སུ་དྲི་མ་དག་པར་བྱེད་པ་ཙམ་ལ་འཇུག་ཅིང་། བརྒྱུད་ནས་གོ་འཕང་གི་ཆོས་ཐོབ་པར་བྱེད་ཅིང་དབང་བསྒྱུར་བའི་ནུས་པ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ན་དབང་སྟེ། ཇི་ལྟར་བསྐུར་ན། གལྤོ་ལས། རིག་པའི་དབང་ལྔ་བསྐུར་བར་བྱ། །ཞེས་སོགས་དབང་བཞི་རྫོགས་པར་བསྐུར་བར་གསུངས་པ་བཞིན་བསྒྲུབས་པ་དང་། རིམ་གསུམ་ལས། རང་གི་སྙིང་གའི་ས་བོན་ལས། །འོད་འཕྲོས་འོག་མིན་ལྷ་ཚོགས་བསྐུལ། །དེ་རྣམས་བྱོན་ནས་ཐུགས་ཀ་ནས། །ལྷ་མོ་དཔག་མེད་འཐོན་ནས་ནི། །མཆོད་པ་རོལ་མོ་བུམ་པར་བཅས། །བཀྲ་ཤིས་སྒྲ་དང་བཅས་པ་ཡིས། །དབང་ནི་བསྐུར་བར་བསམ་པར་བྱ། །ཞེས་དང་། དེ་ལྟར་རྟེན་ལ་དབང་བསྐུར་བར་བྱེད་པས་སྦྱང་གཞི་གདུལ་བྱའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ། སྦྱང་བྱ་འཁོར་བའི་གཉིས་སྣང་ས་བོན་དང་བཅས་པ། སྦྱོང་བྱེད་བུམ་པ་ལ་སོགས་དབང་གི་རྒྱ་རྟགས་ལ་བརྟེན་ནས་རིགས་ལྔ་ཡེ་ཤེས་ལྔའི་བྱང་སེམས་ཀྱི་ཆུ་རྒྱུན་གྱི་བདག་པོ་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་གི་ལྷ་རྣམས། སྦྱངས་འབྲས་གཟུང་ཡུལ་གྱི་རྟེན་དང་། འཛིན་བྱེད་བདག་གི་ཆོས་ཉིད་དང་དབྱེར་མེད་པ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་པར་གནས་པས་མཆོག་གི་གནས་ལ་སྦྱོར་བ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཇི་ལྟར་གླིང་བཞིའི་དབང་ཕྱུག་གིས། །འཁོར་ལོས་སྒྱུར་བར་དབང་བསྐུར་བ། །དེ་བཞིན་སྔགས་པས་ངོ་མཚར་དང་། །བཀྲ་ཤིས་ཀྱིས་ནི་དབང་བསྐུར་རོ། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་ལྟར་དབང་བསྐུར་པས་གོ་འཕང་གི་ཆོས་ལ་དབང་ཐོབ་པར་གྱུར་པ་དེ་ལ་མངའ་གསོལ་བའི་ཕྱིར་མཆོད་པ་དང་བསྟོད་པས་དགྱེས་པ་བསྐྱེད་པ་ནི་དབང་གི་རྗེས་འབྲེལ་ལོ། །དེ་ནས་སྤྱན་སོགས་དབྱེ་བ་ནི། རྒྱུད་ལས། དེར་ནི་གསེར་གྱི་རང་བཞིན་གྱི། །ཐུར་མས་སྤྱན་ནི་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་སྤྱན་སོགས་དབྱེ་བས་སེམས་ཅན་རྣམས་ཀྱི་མ་རིག་པའི་ལིང་ཐོག་སོགས་སྒྲིབ་བྱེད་རྣམས་བསལ་ནས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་སོགས་སྒྲིབ་མེད་དུ་འཇུག་པའི་ཕྱིར་རྟེན་ཡེ་ཤེས་ཀྱི་ལྷ་དང་སྐལ་བ་མཉམ་པར་སྤྱོད་པའི་རྟེན་འབྲེལ་ཡང་། སྐྱེ་མཆེད་དེ་དག་ལ་ལྟོས་ཏེ་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་ཡུལ་འདོད་ཡོན་ལ་སྤྱོད་ཡུལ་མཚུངས་པར་བྱ་བའི་ཕྱིར་དབང་པོའི་སྒོ་རྣམས་བསལ་བར་བྱས་པའོ། །དེ་ནས་རྟེན་བསྒྱུར་ནི། རིམ་གསུམ་དུ། སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ལྷ་དེ་དེར་བསྒྱུར་བསམ། །སྔགས་དང་ཕྱག་རྒྱ་སེ་གོལ་གྱིས། །སྐུ་གྱུར་གདུལ་བྱའི་ངོ་གང་ལ། །གང་གིས་འདུལ་བ་དེར་བསམ་ཞིང་། །ཞེས་གསུངས་པ་ལྟར། སྔར་རྟེན་བསྐྱེད་ཀྱི་སྐབས་རིགས་ལྔ་གང་དུ་བསྒོམས་པ་དེ་སྐབས་འདིར་ཇི་ལྟར་གནས་བྱའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ། སོ་སོའི་རྣམ་པ་གང་ཡིན་པ་དེར་བསྒྱུར་པའང་དེ་དང་དེའི་ཕྲིན་ལས་གདུལ་བྱའི་ཡུལ་ལ་ཇི་ལྟར་འཇུག་པ་བཞིན་དུ་བྱེད་པ་རྣམས་ཀྱིས་ཡོན་ཏན་མངོན་པར་བསྒྲུབ་པའི་ཆོ་གའོ། །དེ་ལྟར་རྟེན་བསྒྲུབས་པ་བཞིན་དུ་བསྒྱུར་པ་དེ་ལ་མངའ་དབུལ་བ་ནི། འཇིག་རྟེན་ན་རྒྱལ་བུ་རྒྱལ་སར་དབང་བསྐུར་པ་དེ་ལ་འཁོར་འབངས་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཡོ་བྱད་ཀྱིས་མངའ་གསོལ་བ་བཞིན་དུ་འདིར་ཡང་། སྤྱིར་ཆུ་གཉིས་ཉེར་སྤྱོད་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ཀྱིས་མཆོད་ཅིང་བསྟོད་པས་མངའ་དབུལ་བ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་དང་འབྲེལ་བ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱིས་མངའ་དབུལ་བ་དང་། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བ་ཞེས་པ་ལྷའི་ཟས་སུ་གྲགས་པས་མངའ་དབུལ་བ་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བ་རྣམས་ལ་མངའ་འབུལ་རྣམ་པ་བཞིར་གྲགས་པས་མངའ་གསོལ་བ་སྟེ། དེ་དག་ནི་ཕུན་ཚོགས་སྤེལ་བའི་ཆོ་གའོ། །དེ་ལྟར་རྟེན་དེ་གདུལ་བྱའི་དཔལ་མགོན་དུ་བརྟན་པར་བཞུགས་སུ་གསོལ་བ་ནི། གལྤོར། འཇིག་རྟེན་མ་སྟོངས་བར་དུ་ནི། །སེམས་ཅན་ལུས་ངག་སྒྲིབ་སྦྱོང་ཕྱིར། །དོན་མཛད་ཆོས་ཀྱི་འཁོར་ལོ་བསྐོར། །བཞུགས་པར་གསོལ་བ་གདབ་པར་བྱ། །ཞེས་པ་ལྟར་འཁོར་བ་ཇི་སྲིད་བར་རྟེན་དེ་ལ་གནས་པར་བཞུགས་སུ་གསོལ་བ་ཉིད་ཀྱིས་རབ་གནས་ཞེས་པའི་བརྡ་དང་འབྲེལ་ཞིང་བརྟན་པར་བྱིན་གྱིས་བརླབ་པ་ནི། རང་གི་དམ་ཚིག་བཞིན་དུ་རྟེན་དེ་ལ་གནས་པ་དང། མི་གནས་པའི་དབང་མེད་པར་སྔགས་དང་ཕྱག་རྒྱས་འཆིང་བར་བྱེད་པ་སྟེ། ཕྱག་རྡོར་དབང་བསྐུར་ལས། འཇམ་དཔལ་གསང་སྔགས་ཀྱི་ཆོས་ཉིད་སྟོན་ཏེ། དེས་ཚིག་གི་རྣམ་པ་བསྟན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ་རྟེན་པའི་ཆོས་ཉིད་བྱ་བ་ནུས་པར་གྱུར་པ་ལ་ལྟོས། དཔེར་ན་གཙུབ་སྟན་རྟེན་ནས་སུ། །གཙུབ་ཤིང་གཙུབས་པར་བྱས་པ་ཡིས། །མེ་ཡི་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། །གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་འདོད་པའི། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ཞེས་དང་། རྣམ་སྣང་སྒྱུ་དྲྭ་ལས། གང་ཞིག་བཅིངས་པ་ཙམ་གྱིས་སུ། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །འདི་ན་ལུས་ནི་བྱིན་བརླབས་ཏེ། །རང་གི་གཟུགས་སུ་རྣམ་བསྒོམས་ན། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨྲོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །དེ་དག་ནི་ཕུན་ཚོགས་སྤེལ་བར་བྱེད་པ་སྟེ་དངོས་གཞིའི་ཆོ་གའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། རིམ་གསུམ་ལས། དེ་ནས་མཆོད་པ་མཎྜལ་དང་། །གཏོར་མ་རྒྱ་ཆེར་ཕུལ་བྱས་ལ། །ཆོས་ཀྱི་སྲུང་མ་སྤྱན་དྲངས་ཏེ། །མཆོད་ཅིང་གཏོར་མ་ཕུལ་ནས་ནི། །སྐུ་ལ་སོགས་པ་རབ་གནས་དེའི། །སྲུང་མར་བཀའ་བསྒོ་གཏད་པར་བྱ། །དེ་ནས་བཀྲ་ཤིས་གླུ་གར་དང་། །རོལ་མོའི་སྒྲ་དང་བཅས་པ་ཡིས། །བསྐོར་ཞིང་བརྟན་པར་བཞུགས་སུ་གསོལ། །ཞེས་སོགས་གསུངས་པ་ལྟར། ཡི་དམ་དང་ཆོས་སྐྱོང་སོགས་འཇིག་རྟེན་ལས་འདས་པ་རྣམས་དང་། ཕྱོགས་སྐྱོང་དང་འབྱུང་པོ་སོགས་འཇིག་རྟེན་པ་རྣམས་ལ་གཏོར་མ་སོ་སོའི་ཆོ་ག་བཞིན་དུ་ཕུལ། རྟེན་ཡེ་ཤེས་པའི་ངོ་བོར་བསྒྲུབས་པ་དེ་ཉིད་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་ཡུལ། བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྲུང་ཞིང་མཆོད་པ་པོ་མི་སྣང་བ་ལྷ་ལ་གཏོད་པ་དང་། སྣང་བ་མི་ལ་གཏོད་པ་གཉིས་ལས། དང་པོ་ནི། རྒྱལ་བའི་བསྟན་པའི་བཀའ་སྲུང་མཐུ་སྟོབས་ཀྱི་དབང་ཕྱུག་ཆོས་སྐྱོང་བའི་སྲུང་མ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་མཆོད་གཏོར་ཕུལ། མཐུ་སྐྱེད་དམ་ཚིག་བསྒྲགས་ནས་རྟེན་འདི་ཉིད་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྲུང་ཞིང་སྐྱོང་བར་མཛོད་ཅེས་གཉེར་དུ་གཏད་ཅིང་། དེ་ནས་གོང་གི་གནས་བྱེད་རྩ་བའི་ལྷ་ཚོགས་རྣམས་ལ་མཆོད་ཅིང་བསྟོད་ནས་རྟེན་བསྲུང་ཞིང་སྐྱོང་བར་གསོལ་བ་འདེབས་པ་དང་། ནོངས་པ་འཆགས་པ་སོགས་སོང་གྲུབ། ད་རེས་འདིར་སྣང་བ་མི་ལ་གཏོད་པ་ཡོན་བདག་བསྒོ་བ་ཞེས་བྱ་བ་དེའི་སྐབས་སུ་བབས་པ་ཡིན་ཏེ། རིམ་གསུམ་དུ། ཡོན་བདག་མདུན་དུ་བཀུག་ནས་ནི། །རབ་གནས་ལྷ་ལ་མཆོད་པ་ཡི། །རྗེས་སུ་གནང་བ་སྦྱིན་པར་བྱ། །ཞེས་གསུངས་པ་སྟེ། དེ་ཡང་། ཇི་ལྟར་ཞེ་ན། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །ཞེས་སོགས་ནས། ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་བསྒོས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་དང་དུ་བླངས་པའི་ཚུལ་དུ། འདི་ལྟར་བཤམས་པའི་མཆོད་པ་འདིས་མཚོན་ཏེ་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ། ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་སུ་སྤེལ་པ། འདུས་པའི་ཚོགས་དང་ལྷན་ཅིག་པས་ཞལ་བསྲོའི་ཚུལ་དུ་འབུལ་བར་མཛོད། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སོགས་ཀྱིས་ཕུལ་ལ། དེ་ལྟར་ཞལ་བསྲོའི་མཆོད་པ་ཕུལ་ནས་བཀྲ་ཤིས་པའི་སྟན་ལ་འཁོད་པའི་མོས་པ་མཛོད། བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད་པ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་སོགས་ཀྱི་མཐར། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་བཀྲ་ཤིས་པར་བྱེད་པ་ལ། བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག་སོགས་དྲག་སྔགས་སྤོས་རོལ་ཚམ་རྔམ་གྱིས་བསྐྲད་ནས། ཡོན་བདག་ལས་སྔགས་དང་བུམ་ཆུས་བསངས་ནས། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འམ་སྐབས་སུ་བབས་པའི་ལྷར་བསྐྱེད་ནས། བཀྲ་ཤིས་ཀྱི་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་སོགས་རང་རང་གི་བྱེད་ལས་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམས་ནས། ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། མེ་ལོང་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་། ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད། མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །སོགས་བརྗོད། དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གྷི་ཝཾ། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ། བྲམ་ཟེ་ཀུཎྜ་ལཱིས་རྩྭ་དཱུརྦ། ཤིང་གི་ལྷ་མོས་ཤིང་ཐོག་བིལྦ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ། ས་ཡི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བ་སོགས་སྟོང་ཐུན་གྱི་མཐར་མཐུན་འགྱུར་དང་། ཚིགས་གཅད་སོ་སོའི་མཐར་རོལ་མོ་དང་བཅས་པས་མེ་ཏོག་འཐོར་ཞིང་རྫས་རྣམས་རྟེན་ལ་འབུལ་ཚུལ་བྱས་ནས་དེར་འཁོད་ཐམས་ཅད་ལ་རེག་ཅིང་ཡོན་བདག་ལ་གཏད། དེ་བཞིན་དུ་རིན་ཆེན་བདུན་ཡང་གཏོད་པར་སྤྲོ་ན། གང་ཡང་བསོད་ནམས་ཆེན་པོའི་དཔལ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་བྱུང་བ་ན་དེ་ཉིད་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་དབང་བསྐུར་བའི་ཡོ་བྱད་ཐུན་མོང་མ་ཡིན་པ་ནི་རིན་པོ་ཆེ་སྣ་བདུན་ཡིན་ལ། དེ་ཡང་འཁོར་ལོ་ལ་སོགས་པ་བདུན་རེ་རེ་ལ་ཡང་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་བདུན་དང་། རྫུ་འཕྲུལ་གྱི་ཡོན་ཏན་བདུན་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཡོན་ཏན་བདུན་དང་། ཆོས་ཀྱི་ཡོན་ཏན་བདུན་རྣམས་དང་ལྡན་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་དགེ་ལེགས་ཆེན་པོའི་དཔལ་གྱིས་དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་། བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱི་རྫས་ལ་བརྟེན་ནས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་པའི་མཐར། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སོགས་ཚིགས་སུ་གཅད་པ་རོལ་མོའི་སྒྲ་དང་བཅས་པས་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་བྱའོ། །ཞེས་པའང་བཛྲཱ་ཀྵ་རས་སོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).