Terdzo-CI-015: Difference between revisions
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
m Text replacement - "2007-2016" to "2007-2018" |
||
| Line 5: | Line 5: | ||
|fulltitletib=ཡང་གཏེར་ཕག་མོ་དཀར་མོའི་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་དབང་བསྐུར་གྱི་ལག་ལེན་དྲན་ཐོར་བཀོད་པ་ཡེ་ཤེས་གསལ་བའི་རྒྱན་ | |fulltitletib=ཡང་གཏེར་ཕག་མོ་དཀར་མོའི་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་དབང་བསྐུར་གྱི་ལག་ལེན་དྲན་ཐོར་བཀོད་པ་ཡེ་ཤེས་གསལ་བའི་རྒྱན་ | ||
|fulltitle=yang gter phag mo dkar mo'i thugs tig ye shes 'khor lo'i dbang bskur gyi lag len dran thor bkod pa ye shes gsal ba'i rgyan | |fulltitle=yang gter phag mo dkar mo'i thugs tig ye shes 'khor lo'i dbang bskur gyi lag len dran thor bkod pa ye shes gsal ba'i rgyan | ||
|citation=[['jam mgon kong sprul]]. yang gter phag mo dkar mo'i thugs tig ye shes 'khor lo'i dbang bskur gyi lag len dran thor bkod pa ye shes gsal ba'i rgyan. In Rin chen gter mdzod chen mo pod so lnga pa (The Great Treasury of Rediscovered Teachings Volume 35) by 'jam mgon kong sprul, 595-605. New Delhi: Shechen Publications, 2007- | |citation=[['jam mgon kong sprul]]. yang gter phag mo dkar mo'i thugs tig ye shes 'khor lo'i dbang bskur gyi lag len dran thor bkod pa ye shes gsal ba'i rgyan. In Rin chen gter mdzod chen mo pod so lnga pa (The Great Treasury of Rediscovered Teachings Volume 35) by 'jam mgon kong sprul, 595-605. New Delhi: Shechen Publications, 2007-2018. | ||
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | ||
|collectiontitletib=རིན་ཆེན་གཏེར་མཛོད་ | |collectiontitletib=རིན་ཆེན་གཏེར་མཛོད་ | ||
Revision as of 01:36, 7 November 2018
ཡང་གཏེར་ཕག་མོ་དཀར་མོའི་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་དབང་བསྐུར་གྱི་ལག་ལེན་དྲན་ཐོར་བཀོད་པ་ཡེ་ཤེས་གསལ་བའི་རྒྱན་
by ([['jam mgon kong sprul|]])
revealed by ([[gar dbang las 'phro gling pa|]], [['jam dbyangs mkhyen brtse'i dbang po|]])
in cycle ཕག་དཀར་ཡེ་ཤེས་འཁོར་ལོ་གསང་ཆེན་ཐུགས་ཏིག་ (Phag dkar ye shes 'khor lo gsang chen thugs tig)
Volume 35 (ཅི) / Pages 595-605 / Folios 1a1 to 6a4
Tibetan Text
༄༅། །ཡང་གཏེར་ཕག་མོ་དཀར་མོའི་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་དབང་བསྐུར་གྱི་ལག་ལེན་དྲན་ཐོར་བཀོད་པ་ཡེ་ཤེས་གསལ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་ར་བེ། ཡེ་ཤེས་མཆོག་སྦྱིན་ཤེས་རབ་ཕ་རོལ་ཕྱིན། །སྟོན་ཟླའི་མདངས་འཛིན་རྣལ་འབྱོར་མ་དཔལ་ཞབས། སྤྱི་བོར་མཆོད་ནས་ཐུགས་ཏིག་ཟབ་མོ་ཡི། །སྨིན་བྱེད་འབོགས་པའི་ཟིན་ཐོ་ཉུང་ངུར་དགོད། །ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཆེན་པོ་ཕག་དཀར་ཡེ་ཤེས་འཁོར་ལོའི་དབང་བསྐུར་ཡན་ལག་དང་བཅས་པའི་ཚུལ་ལ། ཐོག་མར་གཤོམ་གྱི་རིམ་པ་ནི། སྟེགས་བུར་བདུད་རྩི་ལྔའི་ཆུས་ཆག་ཆག་གདབ་པ་ལ། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་གྲི་གུག་འཁོར་ལོས་མཚན་པའམ་ཧྲཱིཿཡིག་དཀར་པོ་གང་རུང་བྲི། མཐའ་སྐོར་དུར་ཁྲོད་བརྒྱད་དང་རྡོར་རྭ་མེ་རིས་བསྐོར་བ་དགོད། མ་འབྱོར་ན་མཎྜལ་བདུད་རྩིས་བརླན་པ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད། དེའི་དབུས་སུ་མཉྫིའི་སྟེང་དུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿ གྲྭ་བཞིར་དགའ་བ་འཁྱིལ་བས་མཚན་པ་བྲིས་ལ་བཀབ། གཙོ་མོའི་སྐུ་དང་། ཐོད་ཕྲེང་། ཁ་ཊྭཱཾ་ག །སྒྲུབ་པོད། སྣ་ཚོགས་རྡོ་རྗེ་དང་བདུད་རྩི་བཅས་ཕྱོགས་མཚམས་གང་བདེར་བཞག །གཡས་སུ་འདི་ཉིད་ཀྱི་སྒོ་ནས་སྔར་བསྒྲུབས་པའི་བདུད་རྩི་རིལ་བུ་ཡོད་ན་རབ། མེད་ན་ཆོས་སྨན་ནམ་རིལ་བུ་གང་འཛོམ་ཕོ་མོའི་ཐོད་པ་ཁ་སྦྱོར་དུ་བཅུག་ལ་དར་སྣས་དྲིལ་དབུ་རྒྱན་དང་རྡོར་དྲིལ་བཅིངས་པ་བཀོད། གཡོན་དུ་མར་མེ་གསལ་བ། མདུན་དུ་ཐོད་པ་མཚན་ལྡན་དུ་གཞུང་གསལ་ཚེ་རིལ་བླུགས་ལ་དར་དམར་གྱིས་ཁ་བཅད་པ་དང་ཚེ་ཆང་བཞག །སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད། གཏོར་འབུལ་དང་ཚོགས་ཀྱི་ལོངས་སྤྱོད་སོགས་ཕྲིན་ལས་དང་དབང་གི་སྐབས་སུ་མཁོ་བ་སྤྱི་མཐུན་རྣམས་ཀྱང་ཚོགས་པར་བྱ། འབྱོར་ན་སྐོང་ཆོག་གི་མཆོད་རྫས་མར་མེ་སོགས་བརྒྱ་རྩ་ཅི་འབྱོར་དུ་བཤམ་མོ། །གཉིས་པ་དབང་དོན་སྒྲུབ་ཅིང་མཆོད་པ་ནི། ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། དཀར་གཏོར་དང་བགེགས་གཏོར་སྤྱི་འགྲོ་གཏང་། གཏེར་གཞུང་གི་དབུ་ནས་ཚོགས་གསག་འཕྲོས། འོག་ནས་འབྱུང་བའི་རྡོར་སེམས་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་སྦྱར། གོང་གི་འཕྲོས་བགེགས་བསྐྲད་སྲུང་མཚམས་ནས་བརྩམ་བདག་བསྐྱེད་མཆོད་བསྟོད་ཡན་དང་། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་བར་བཏང་ནས་མཆོད་བསྟོད་བདག་བསྐྱེད་ལྟར་བྱ། དེ་ནས་མདུན་བསྐྱེད་ཚོགས་མཆོད་ཆོ་ག་ལས་འབྱུང་བ་ལྟར། ཧཱུྃ་ཞེས་བརྗོད་པས་སོགས་ནས་བསྐྱེད་ཆོག་བདག་བསྐྱེད་ལྟར་བསྐྱར་ལ། དབང་བསྐུར་རྒྱས་གདབ་ཀྱི་སྔགས་བར་སོང་ནས། ཚོགས་མཆོད་ལྟར་ཕྱི་ནང་གསང་བ་རྨད་བྱུང་བསྟོད་པའི་མཆོད་པ་རྣམས་དང་། མདུན་བསྐྱེད་ཀྱི་བཟླས་པའི་མཆོད་པ་ཅི་འགྲུབ། ཏིང་ངེ་འཛིན་གྱི་མཆོད་པ་གྲུབ་མཚམས། ལྔ་པ་ལས་ཚོགས་ཀྱི་ས་བཅད་ལྔ་པ་རྡོ་རྗེའི་ཚེ་སྒྲུབ་པ་ལྟར། བདག་མདུན་གྱི་ཐུགས་ཀར་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་སོགས་ནས། ལྟེ་བར་ཧྲཱིཿས་མཚན་པ་ཞེས་པའི་ཚེ་རྟེན་གསལ་གདབ། རང་གི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་སོགས་སྤྲོ་བསྡུའི་དམིགས་པ་བྱས་ལ་སྒྲུབ་སྔགས་ཚེ་ཤམ་ཅན་བཟླ། མཆོད་བསྟོད་མདོར་བསྡུས་དང་མདའ་དར་གཡབ་ལ་ཚེ་འགུགས་གཏང་། དེ་ནས་ལས་ཚོགས་བཅུ་གསུམ་པ་སྨན་སྒྲུབ་ཀྱི་གཞུང་བཞིན། ཁྲོལ་བུ། ཕྱེ་མ། ལྡེ་གུ །རིལ་བུའི་སྒྲུབ་པ་དཀྱུས་བཞིན་འགྲུབ་ན་ལེགས་ཀྱང་མི་ལྕོགས་ན་འདི་སྐབས་བསྒྲུབས་ཟིན་པའི་རིལ་བུ་ལ་བརྟེན་པའི་དབང་དུ་བྱས་ཏེ། མཆོད་ཁ་གསོས་ལ་བྱིན་བརླབས། སྨན་ཐོད་བསང་སྦྱང་། སྟོང་པའི་ངང་ལས་རང་བྱུང་པདྨ་བྷནྡྷའི་གཞལ་མེད་ཁང་སོགས་རིལ་སྒྲུབ་དང་རློན་སྒྲུབ་གོང་འོག་ཏུ་གསལ་བ་ལྟར་ལྷ་བསྐྱེད། སྤྱན་འདྲེན་ནས་མཆོད་བསྟོད་བར་ལས་གཞུང་བསྲང་། ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་ཞིང༔ སོགས་ཀྱིས་ཐུགས་དམ་བསྐུལ། རིལ་སྒྲུབ་ལྟར་བཟླས་དམིགས་དང་། བཟླས་པ་ཅི་འགྲུབ་མཐར། དངོས་གྲུབ་དབང་དུ་བྱེད་པའི་ཛཔ྄་བཟླ་ཞིང་དངོས་གྲུབ་བླང་། གོང་གི་ས་བཅད་བཞི་པ་ལྟར་གཏོར་མ་འབུལ། བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་གང་འགྲུབ་བྱ། དེ་ནས་ལས་ཚོགས་བཅུ་གཉིས་པ་ཉམས་ཆག་སྐོང་བའི་ལས་རིམ་ལས་གསུངས་པའི། ཕྱག་འཚལ། ཡིག་བརྒྱ། ལྟ་བའི་ཀློང་བཤགས། ཐུན་མོང་བཤགས་པ་དུས་གསུམ་བདེ་གཤེགས་ལྟ་བུ། སྨན་གཏོར་རཀྟའི་སྐོང་བ་རྣམས་གཏེར་ཁ་གསར་རྙིང་ལས་འབྱུང་བ་སྤྱི་འགྲོ་གང་རུང་ངམ། གྲུབ་ཐོབ་ཐུགས་ཏིག་ལས་འབྱུང་བ་ཉིད་གཏང་། མར་མེའི་སྐོང་བ་གཞུང་གསལ། ཧཱུྃ༔ སྣང་བ་སྣོད་ཀྱི་སོགས་སྨོན་ལམ་ཡན་ཚང་མ་སྦྱར། དེ་ནས་གོང་གི་མཆོད་བསྟོད་ཀྱི་འཕྲོས་སུ་འབྱུང་བ་ལྟར་ཚོགས་བྱིན་བརླབས། ཚོགས་ཕུད་ཆ་གསུམ་ཕུལ་ལ་ཡིག་བརྒྱ་བརྗོད། བདག་འཇུག་རྫོགས་པར་བླང་གྲུབ་ན་ལེགས། མི་འགྲུབ་ན་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པའི་གནང་བ་ཞུ། གསུམ་པ་དབང་བསྐུར་བ་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་སྤྱི་འགྲེ་གཏང་། མཚམས་བཅད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་གང་འོས་དང་ཁྱད་པར་འདིར་སྐབས་སུ་བབས་པའི་འཆད་བྱ། གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་མ་རྒྱུད་ཐམས་ཅད་ཀྱི་ཡང་ཟབ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་རྒྱུད་དང་སྒྲུབ་ཐབས་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་རྣམས་ཀྱི་གྲུབ་པའི་སློབ་དཔོན་སོ་སོའི་བཀའ་སྲོལ་ལས་རིགས་མི་འདྲ་བ་ཇི་སྙེད་ཅིག་བྱོན་ཅིང་ཐམས་ཅད་ཀྱང་བྱིན་རླབས་གྱི་གཟི་བྱིན་ལྡན་ཞིང་སྐལ་པ་དང་འཚམ་པའི་ལས་དང་དངོས་གྲུབ་འགྲུབ་པ་ཤ་སྟག་བྱོན་པ་ལས། ཕག་མོ་དཀར་མོ་འདི་ཉིད་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པ་ལ་གཞན་ལས་ཆེས་ཟབ་ཅིང་། ཁྱད་པར་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་ཚུད་པའི་གསང་བ་ཆེན་པོའི་རྒྱུད་ལུང་གི་དགོངས་པ་ཟབ་མོ་བདེ་བླག་ཏུ་རྟོགས་པའི་བློ་གྲོས་ཀྱི་སྣང་བ་ཆགས་ཐོགས་མེད་པ་སྩོལ་བར་མཛད་པ་སྟེ། དེ་ལྟ་བུའི་སྒྲུབ་ཐབས་ས་སྟེང་དུ་དཀོན་ལ་ཁྱད་པར་འཕགས་པ་འདི་ཉིད་ཀྱི་ལོ་རྒྱུས་ཀྱང་རྩ་བ་རྡོ་རྗེའི་གསུང་ལས་འབྱུང་བ་ནི་འདི་ལྟ་སྟེ། རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ལམ་གྱི་རིམ་པ་སོགས་གཞུང་གི་གཤམ་ནས་འབྱུང་བ་ཚང་བ་བརྗོད། རང་གཞན་འབྲེལ་ཚད་དོན་དུ་འགྱུར༔ ཞེས་གསུངས་པ་ལྟར། རྒྱལ་དབང་པདྨཱ་ཀ་རའི་ཐུགས་བཅུད་ཟབ་མོ་འདི་ཉིད་གངས་ཅན་གྱི་སྐལ་ལྡན་རྗེ་འབངས་རྣམས་ལ་བཀའ་དྲིན་དུ་བསྩལ་ཏེ་མ་འོངས་པའི་དོན་དུ་རྒྱས་འབྲིང་བསྡུས་པ་སྙིང་པོའི་གདམས་སྐོར་བཞིར་ཕྱེས་ནས་གཏེར་གནས་སོ་སོར་སྦས་པ་ཕྱིས་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་བཏོན། དེ་དག་གི་ནང་ནས་ཟབ་མོ་བསྡུས་པ་རྨད་དུ་བྱུང་བའི་གསང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་འདི། ལོ་ཆུང་དཀོན་མཆོག་འོད་ཀྱི་སྐྱེ་མཐའ་ཨེ་སྤེལ་ལྕོགས་གར་དབང་ལས་འཕྲོ་གླིང་པས། རབ་བྱུང་དགུ་པའི་མཐར་ཡར་ཀླུང་ཤེལ་བྲག་པདྨ་བརྩེགས་པ་ནས་མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། གསང་བའི་ཐུགས་དམ་དུ་མཛད། སླར་ཤོག་སེར་ལུང་བྱང་ལྟར་ལྡབ་གཏེར་དུ་བཞུགས་པ། དེང་སང་གདུལ་བྱའི་དུས་ལ་བབས་པ་ན་གཏེར་སྟོན་དེ་ཉིད་དང་ཐུགས་རྒྱུད་གཅིག་པ་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཆོས་བདག་ཡེ་ཤེས་མཁའ་འགྲོས་ཤོག་སེར་དངོས་སུ་ཕུལ། གཏེར་སྟོན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་སྨིན་གྲོལ་གདམས་པས་བྱིན་གྱིས་བརླབས་ཤིང་ཆོས་སྒོ་དབྱེ་བའི་གདམས་པ་བསྩལ་པ་ལྟར། རབ་ཚེས་ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་སྟེ་བདག་ཅག་ལ་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་པ་སྟེ། ཆོས་འདིའི་ཆེ་བའི་ཡོན་ཏན་དང་ཐོབ་པའི་ཕན་ཡོན་ཡང་། གཞུང་ལས། རྡོ་རྗེ་སྟོང་ཉིད་ནམ་མཁའི་དཀྱིལ༔ སོགས་གཏེར་གཞུང་མཇུག་ལྟར་ནས། འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ཞེས་བསྔགས་པར་མཛད་པ་འདི་ཉིད་ལ་སྔོན་བྱོན་གཏེར་ཁ་བཞིའི་བརྒྱུད་པའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདུ་བ་སྟེ། དེ་ལྟ་བུའི་རིམ་པའང་། ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་ཕག་མོ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཀྱི་དབང་མོ། ཨོ་རྒྱན་པདྨ་བཛྲ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། མངའ་བདག་རྗེ་འབངས་འདུས་པ། སྤྲུལ་པའི་གཏེར་སྟོན་ཁྱུང་པོ་དཔལ་དགེ །སྤྲུལ་སྐུ་བདེ་ཆེན་གླིང་པ། མཆོག་ལྡན་མདོ་སྔགས་གླིང་པ། གར་དབང་ལས་འཕྲོ་གླིང་པ། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལ་ཐུགས་རྗེས་དགོངས་ནས་བཀའ་དྲིན་དུ་བསྩལ་པ་སྟེ་དེ་ལྟ་བུའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྩ་བ་དང་ཡན་ལག་གཉིས་ལས་ཐོག་མར་རྩ་བའི་དབང་བསྐུར་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་མཎྜལ་འབུལ་གཞུག །ས་བཅད་དྲུག་པ་དབང་ལེའུ་ལྟར་གསོལ་བ་གདབ། མིག་དར་མེ་ཏོག་གཏད། སྒྲུབ་ཐབས་ཀྱི་དབུ་ནས་འབྱུང་བའི་ཚོགས་གསོག་གིས་རྒྱུད་སྦྱང་། སྔགས་ལུགས་རྡོ་རྗེ་ཟླ་བའི་སེམས་བསྐྱེད་སྤྱི་མཐུན་ནས་བརྩམ་གཞུང་གསལ་མཐར་ཆགས་སུ་གཏང་། བུམ་དབང་གི་རྟོགས་པ་བརྗོད་པ་ཡན་གྲུབ་ནས། ཁྲིད་དང་སྦྲེལ་ཏེ། དེ་དག་རྣམས་ཀྱིས་ལུས་སྨིན་པར་བྱེད་པ་བུམ་པའི་དབང་འཁོར་དང་བཅས་པ་གྲུབ་ནས། དེའི་རྗེས་འབྲེལ་དུ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྟོན་པ་ལ། དང་པོ་སྐུ་བསྐྱེད་རིམ་ཕྱག་རྒྱའི་སྒྲུབ་ཐབས་ནི༔ སོགས་དབུ་ནས་བརྩམ་སྟེ་རིམ་པར་གསལ་ཞིང་དག་ལ་གོ་བརྡ་འཕྲོད་ངེས་སུ་བཀླག །རྡོར་སེམས་དང་བླ་མའི་རྣལ་འབྱོར་སྐབས་སུ་འོག་གི་ཐུགས་རྫོགས་རིམ་གྱི་སྐབས་སུ་འབྱུང་བ་ཉིད་འདིར་ཡར་བླངས་ལ། གསུང་བཟླས་པ་ཉེ་བར་བསྙེན་པའི་རྣལ་འབྱོར་རོ༔ བར་སོང་ནས་དབང་གཞུང་ལས་གསང་དབང་བསྐུར། དེས་ངག་སྨིན་པར་བྱེད་པ་གསང་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་ལ་སྔོན་འགྲོ་གོང་དུ་སོང་། དངོས་གཞི་ལ་བཞི༔ བཀོད་པ་རྩའི་རྣལ་འབྱོར༔ སོགས་ནས། མི་ཤིགས་པ་ནཱ་དའི་སྒྲ་དབྱངས་ལ་དབང་སྒྱུར་བར་འགྱུར་རོ༔ ཡན་སོང་ནས་དབང་གཞུང་ལས་ཤེར་དབང་བསྐུར། དེས་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐིག་ལེའི་རྣལ་འབྱོར་ནི༔ སོགས་ནས། མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་གནས་ལུགས་ལ་དབང་སྒྱུར་བར་འགྱུར་རོ༔ ཡན་བརྗོད། དེ་ནས་དབང་གཞུང་ལྟར་བཞི་པ་བསྐུར། དེས་སྒོ་གསུམ་སྨིན་པར་བྱེད་པ་དབང་བཞི་པ་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། བཞི་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི༔ སོགས་ནས། ཐུགས་འོད་གསལ་རྫོགས་རིམ་དེ་ཁོ་ན་ཉིད་སྒྲུབ་པའི་རྣལ་འབྱོར་བསྟན་ཟིན་ཏོ༔ བར་གྱིས་གྲུབ། དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་ཁྲིད་དང་བཅས་པ་ལེགས་པར་གྲུབ། གཉིས་པ་སྨིན་པར་སློབ་པའི་དབང་དུ་བྱས་ནས་མཐའ་རྟེན་ཡན་ལག་གི་དབང་བསྐུར་བ་ལ་གསུམ་ལས། ཐུན་མོང་དུ་གཅེས་པ་ཉམས་ཆག་སྐོང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ། བཅུ་གཉིས་པ་སྐོང་བའི་ལས་རིམ་ལྟར། གསོལ་གདབ་དང་། རྒྱུད་སྦྱོང་སྔར་ལྟར་རམ། རྡོ་རྗེ་སློབ་དཔོན་གང་རུང་། གཞི་དགོད་པ་ནས། འོད་གསལ་ཡེ་ཤེས་མངོན་གྱུར་བསམ༔ བར། ཧོ༔ གསང་མཆོག་རྡོ་རྗེ་བཙུན་མོའི་སོགས་གོང་དུ་ཡོད་པའི་མར་མེ་སྨོན་ལམ་དཔོན་སློབ་ལྷན་ཅིག་པས་བརྗོད། བཀྲ་ཤིས་དང་། དེས་ནི་དབང་བཞིའི་སོགས་ནས། མྱུར་དུ་འགྲུབ་པའི་སྐལ་པ་ཅན་དུ་འགྱུར་བ་ཡིན་ནོ། །ཞེས་རྟོགས་པ་བརྗོད། མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བདུད་རྩི་སྨན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། བཅུ་གསུམ་པ་སྨན་སྒྲུབ་ལྟར། གསོལ་བ་གདབ། རྒྱུད་སྦྱོང་གང་འོས། ཡེ་ཤེས་དབབ་པ་མདོར་བསྡུས། བདུད་རྩིའི་དབང་བསྐུར་ཡོངས་རྫོགས། བཀྲ་ཤིས། ཕན་ཡོན་བརྗོད་པ་བཅས་སོང་ནས། མཐའ་རྒྱས་བཀྲ་ཤིས་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ལྔ་པ་རྡོ་རྗེའི་ཚེ་བསྒྲུབ་པ་ལས་འབྱུང་བ་ལྟར་སྙིང་གར་ཚེ་རྟེན་གསལ་གདབ། ཚེ་བཅུད་བསྡུ་བའི་དམིགས་པ་སྤོད་ལ་མདའ་དར་གཡབ་ཅིང་ཚེ་འགུགས་གྱེར། ཚེའི་སྒྲུབ་རྫས་གནས་གསུམ་དུ་བཞག་ལ་དབང་བསྐུར། ཚེ་རིལ་ཆང་སྦྱིན། འཆི་མེད་རྡོ་རྗེ་ཕག་མོ་དང་སྐལ་པ་མཉམ་པར་གྱུར། བར་སོང་ནས་གོང་གི །དེ་ལྟར་བསྡུས་པའི་སོགས་དམིགས་པ་དང་ཚིག་བཅད་ཀྱིས་ཚེ་མི་འགྱུར་བའི་རྒྱས་གདབ་ལ། མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེ་ལྟར་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་རྣམས་རྒྱས་པར་གྲུབ་ནས། སྨིན་གྲོལ་ཐམས་ཅད་ཀྱི་སྲོག་དམ་ཚིག་རྣམ་པར་དག་པའི་ཚུལ་དུ་བསྒྲུབ་དགོས་ཏེ། དེའང་རྒྱུད་ལས༔ རྡོ་རྗེ་ཕག་མོའི་དམ་ཚིག་ནི༔ སོགས་ལེའུ་བདུན་པ་ལྟར། འདི་ནི་མཆོག་གི་དམ་ཚིག་ཡིན༔ ཅེས་གསུངས་པས་མཚོན་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གིས་བསྡུས་པ་མཐའ་དག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རྣམས་སྤྱི་ལྟར་བྱ། དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ། ཚོགས་མཆོད་ཀྱི་འཕྲོས་ལས་འབྱུང་བ་ལྟར་ལྷག་མ་གཏང་། ཤིས་བརྗོད་ཀྱི་གླུ་བླང་། གཏང་རག་མཆོད་བསྟོད་སྒྲུབ་ཐབས་ལྟར་བྱ། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ། རང་ཡང་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷ་སྐུར་ལྡང་། བསྔོ་སྨོན་ཤིས་བརྗོད་བྱས་པས་འགྲུབ་བོ། །ཡེ་ཤེས་སྣང་བའི་ཟླ་ཟེར་སྙིང་ལ་ཞུགས། །རྨོངས་པའི་མུན་བསལ་བློ་གྲོས་ཀུནྡ་བཞད། །བདེ་ཆེན་བཅུད་ཀྱིས་བརྟས་པའི་རྡོ་རྗེའི་ལུས། །མཁའ་སྤྱོད་གྲོང་དུ་དགའ་བའི་གར་བསྒྱུར་ཤོག །ཅེས་གཏེར་གཞུང་ཉིད་བཀླག་ཆོག་ལྟ་བུ་ཤིན་ཏུ་ཁ་གསལ་ཡང་རང་འདྲའི་བློ་དམན་གྱིས་ལག་ལེན་བྱེད་པའི་སྐབས་སུ་ལམ་སྟོན་སྒོ་འབྱེད་ཙམ་དུ་མཁོ་བར་བསམས་ནས། རྩིས་མེད་ཀྱི་རྣལ་འབྱོར་སྤྱོད་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཤྲཱི་དེ་བི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
Footnotes
Other Information
- RTZ Volume 35
- 'jam mgon kong sprul
- Rin chen gter mdzod
- Rin chen gter mdzod Shechen Edition
- Phag dkar ye shes 'khor lo gsang chen thugs tig
- Gar dbang las 'phro gling pa
- 'jam dbyangs mkhyen brtse'i dbang po
- Tibetan Texts
- Tibetan Publications
- Rdo rje phag mo dkar mo
- Phag dkar
- Notes - zin bris
- Revelations - gter ma
- Empowerment Rituals - dbang cho ga
- Mahayoga