Terdzo-'A-040: Difference between revisions

From Rinchen Terdzö
No edit summary
m (Text replacement - "2007-2016" to "2007-2018")
Line 5: Line 5:
|fulltitletib=ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་
|fulltitletib=ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་
|fulltitle=thugs rje chen po ngan song rang grol gyi dbang bskur cho ga 'grigs chags su bkod pa zla ba rgyas pa'i 'dzum zer
|fulltitle=thugs rje chen po ngan song rang grol gyi dbang bskur cho ga 'grigs chags su bkod pa zla ba rgyas pa'i 'dzum zer
|citation=[['jam mgon kong sprul]]. thugs rje chen po ngan song rang grol gyi dbang bskur cho ga 'grigs chags su bkod pa zla ba rgyas pa'i 'dzum zer. In Rin chen gter mdzod chen mo pod nyer gsum pa (The Great Treasury of Rediscovered Teachings Volume 23) by 'jam mgon kong sprul, 829-863. New Delhi: Shechen Publications, 2007-2016.
|citation=[['jam mgon kong sprul]]. thugs rje chen po ngan song rang grol gyi dbang bskur cho ga 'grigs chags su bkod pa zla ba rgyas pa'i 'dzum zer. In Rin chen gter mdzod chen mo pod nyer gsum pa (The Great Treasury of Rediscovered Teachings Volume 23) by 'jam mgon kong sprul, 829-863. New Delhi: Shechen Publications, 2007-2018.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་

Revision as of 00:02, 7 November 2018

ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་

thugs rje chen po ngan song rang grol gyi dbang bskur cho ga 'grigs chags su bkod pa zla ba rgyas pa'i 'dzum zer

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇའ་ཚོན་སྙིང་པོ་ (Jatsön Nyingpo)
in cycle  ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ (Thugs rje chen po ngan song rang grol)
Volume 23 (འ) / Pages 829-863 / Folios 1a1 to 18a5

[edit]

༄༅། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཎི་པདྨ་དྷཱ་རཱ་ཡ། ཟླ་གཞོན་བྱེ་བའི་མདངས་ཀྱིས་མི་བསྒྲུན་ཅིང་། །རབ་དཀར་ཐུགས་རྗེ་བདུད་རྩིའི་བསིལ་རྒྱུན་གྱིས། །འགྲོ་དྲུག་སྙིང་གི་ཚ་གདུང་སེལ་མཛད་པ། །འཕགས་མཆོག་སྤྱན་རས་ཡངས་པས་རྟག་གཟིགས་གསོལ། །གསར་རྙིང་གདམས་ངག་རྒྱ་མཚོ་ལས། །བོད་ཀྱི་ཡབ་ཆོས་བདུད་རྩིའི་ཐིགས། །འདི་ཉིད་ཁོ་ན་གནད་ཟབ་ཕྱིར། །ལྗོངས་འདིའི་སྐྱེ་དགུའི་སྐལ་པར་ལོངས། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ནི། གནས་ཁང་གཙང་མར་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་གཙང་མ་ལ། དཀྱིལ་འཁོར་སྒོ་ཁྱམས་རྟ་བབས་ཁོར་ཡུག་སོགས་ཞི་བ་སྤྱི་མཐུན་ལས། ལྟེ་བ་དཀར་པོའི་མཐར་པདྨ་འདབ་བཞི་ཕྱོགས་མདོག་མཐིང་སེར་དམར་ལྗང་དང་། དེ་རྒྱབ་འདབ་མ་བཅུ་གཉིས་མཛེས་ཚོན་ལ་མུ་ཁྱུད་འོད་ཟེར་ལྔ་ལྡན་གྱིས་བསྐོར་བའི་རྡུལ་ཚོན་ནམ་རས་བྲིས་གང་འབྱོར་བྱ། མ་འབྱོར་ན་མཎྜལ་ལ་འབྲས་དཀར་གྱི་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ་དང་། མཐའ་སྐོར་དུ་བཅུ་གཉིས། དེ་མཐར་ཕྱོགས་བཞིར་སྒོ་བཞི་དང་། བར་ཁྱམས་སུ་ཐུབ་པ་དྲུག་དང་། སངས་རྒྱས་སྟོང་གི་མཚོན་བྱེད་དང་བཅས་གང་ཤོང་ཙམ་བཀོད་པའི་སྟེང་ལྡིང་ཁྲིའི་ཁར་བུམ་པ་དཀར་པོ་བ་དཀར་མོའི་འོ་མ་དང་བུམ་རྫས་ཉེར་ལྔས་སུམ་གཉིས་བཀང་པ་མགུལ་ཆིངས་དཀར་པོ། ཁ་རྒྱན་གྱི་གསེབ་ཏུ་སེང་ལྡེང་གི་ཕུར་བུ་སོར་བཞི་པ་ལ་རྟ་སྔགས་བྲིས་པ་དཔལ་རྟ་མགྲིན་གྱིས་བར་ཆད་སྲུང་བར་དམིགས་ལ་བཅུགས་ཏེ་བཞུགས། དེའི་ཤར་དུ་གཙོ་འཁོར་གྱི་སྐུ་བརྙན་ཚང་མའི་ཙཀླི་དང་མེ་ལོང་། ལྷོར་དབུ་རྒྱན་རིགས་ལྔ། ནུབ་ཏུ་ཐོད་པ་བདུད་རྩིས་གང་བའི་ཁ་གཅོད་མེ་ལོང་སིནྡྷུ་རས་བྱུགས་ཆོས་འབྱུང་བྲིས་པའི་སྟེང་དུ་གསང་དབང་གི་རྫས་བྱང་སེམས་དཀར་དམར་ཅུ་གང་གུར་གུམ་ཀ་ར་བུ་རམ་རྣམས་སྦྱར་བའི་རིལ་བུ་སློབ་མའི་གྲངས་མཉམ་དང་། བྱང་དུ་རྡོ་རྗེ་དྲིལ་བུ། མཚམས་རྣམས་སུ་ཡི་གེ་དྲུག་མའི་འབྲུ་ཐ་དད་བྲིས་པའི་ཙཀ་ལི་དང་ཤེལ་ཕྲེང་། ཆོས་དབྱུག་སྦ་དཀར་ཚིགས་གསུམ། རྗེས་གནང་གི་ཡོ་བྱད་གདུགས་དང་དུང་དཀར་འཁོར་ལོ་སྤྱི་བླུགས། ཆོས་བཀའ་འདི་ཉིད་ཀྱི་པོ་ཏི་སོགས་བཞག །ཤར་སྒོར་ལས་བུམ་མགུལ་ཆིངས་དམར་པོ་ཅན་གྱི་ཁ་རྒྱན་ལ་རྟ་མགྲིན་གྱི་སྐུའམ་ཧྲཱིཿདམར་བྲིས་པའི་བུམ་ནང་དུ་དྲི་བཟང་གི་ཆུ་ལ་ཡུངས་དཀར་བཏབ་པས་བཀང་ལ་བཤམས་ཤིང་། དཀྱིལ་འཁོར་གྱི་མདུན་དུ་ཟླུམ་གཏོར་དཀར་པོ་ཁ་ཟས་བཟང་དགུས་བརྒྱན་པ་དང་གཏེར་སྲུང་གཏོར་མ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། རྒྱལ་མཚན་འཕན་སོགས་དཀྱིལ་འཁོར་ཡོ་བྱད་ཡོད་ན་བག་དྲོ་མཛེས་བརྗིད་དང་ལྡན་པར་བཀོད། ཕྲིན་ལས་ལ་མཁོ་བའི་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཀྱང་འདུ་བྱ་ལ། དེ་ནས་དབང་དོན་བདག་མདུན་སྒྲུབ་པ་ནི། སྔོན་འགྲོ་དཀར་གཏོར། སྐྱབས་སེམས་ནས་བརྩམ། ལས་བྱང་ལྟར་མཐར་ཆགས་སུ་གཏང་ཞིང་། བློ་རབ་ཀྱིས་སྣང་སྲིད་དཀྱིལ་འཁོར་གཅིག་རྫོགས་སུ་བསྒོམ་པར་གསུངས་པས་བདག་མདུན་གྱི་སྤྲོས་པ་མི་དགོས་ལ། རྟོགས་པ་ཀློང་དུ་མ་གྱུར་པའི་དབང་པོ་ཐ་མས་རྣམ་པ་འཆར་བདེ་བའི་ཕྱིར་བདག་མདུན་བུམ་གསུམ་སོ་སོར་དཀྱིལ་འཁོར་ཆ་གསུམ་ཚིག་རིས་གཅིག་གིས་བསྒོམ། དེ་ཙམ་ཡང་མི་གསལ་ན། བདག་བསྐྱེད་ནམ་མཁའི་རྒྱལ་པོ་གཙོ་རྐྱང་། མདུན་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས། བུམ་བསྐྱེད་བསྙེན་པའི་མཐར་སྐད་ཅིག་གིས་མོས་བསྐྱེད་གསལ་འདེབས་སྤྱི་ལྟར་བྱས་ཀྱང་ཆོག །གང་ལྟར་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་ཀྱི་བར་སོང་ནས། སྤྲོ་བསྡུ་གསལ་བཏབ་ལ་གཟུངས་རིང་དང་ཡིག་དྲུག་ཅི་ནུས་བཟླ། བུམ་པར་སྔར་གསལ་མ་ཐེབས་ན་སྐབས་འདིར་གཟུངས་ཐག་བླངས་ལ་བཟླས་དམིགས་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང༔ རྟ་མགྲིན་དམར་པོ་བེ་ཅོན་དང༔ ཐོ་བ་གདེངས་ཤིང་དུར་ཁྲོད་ཆས༔ ཞབས་གཉིས་འདོར་ཐབས་དབུ་ཡི་གཙུག །རྟ་ཞལ་དམ་ཡེ་དབྱེར་མེད་གསལ༔ བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་ཅི་ནུས་བཟླ། མཐར་སྔགས་བཟླས་པའི་ཡུངས་དཀར་བླུགས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྲུངས་ཤིག །ཅེས་ཕྲིན་ལས་བཅོལ། དབང་རྫས་གཞན་རྣམས་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས་ཅོད་པན་ལ་སོགས་པའི་དབང་རྫས་རྣམས་ལ་ཐིམ་པར་གྱུར་པར་དམིགས་ནས་ཡིག་དྲུག་ཅི་ནུས་བཟླ། ཀ་པཱ་ལའི་བདུད་རྩི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པའི་སྨན་གྱི་བཅུད་ལེན་འཆི་མེད་ཀྱི་རང་བཞིན་དུ་གྱུར་པར་མོས་ལ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླ། མེ་ལོང་གི་དམ་རྫས་བདུད་རྩི་དཀར་དམར་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྒྱ་རྩ་བཟླས་ལ་ཡིག་འབྲུ་བཞིའི་རྣམ་པར་མོས་ལ་བྱིན་བརླབ། དེ་ནས་ལས་བྱང་ལྟར་མཆོད་བསྟོད་གཏོར་འབུལ་རྣམས་དང་། སྲུང་མའི་གཏོར་འབུལ་སྒེར་དུ་སྤྲོ་ནའང་འདིར་བྱ། ནུས་ཤིང་སྤྲོ་ན་སློབ་མའི་བྱ་བ་དངོས་གཞི་མཐའ་དག་བདག་འཇུག་ཏུ་བླང་། མི་ནུས་ན། མདུན་བསྐྱེད་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདག་ལ་ཐིམ་པ་ཙམ་གྱིས་འགྱུར་མེད་སྐུ །འགག་མེད་གསུང་། འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་རང་ལ་ཐིམ་སྟེ་མཁྱེན་རྟོགས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པར་མོས་པའམ། ཡང་ན། ལས་བྱང་ལྟར་དངོས་གྲུབ་ལེན་ཆོག་བརྗོད་ལ་བུམ་པ་སོགས་གནས་གསུམ་དུ་གཏུགས། དེ་ནས་སློབ་མ་ལ་དབང་བསྐུར་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་ལྔ་ཡོད་པའི་ཐོག་མར་ཁྲུས་བྱ་བ་ནི། ལས་རྡོར་གྱིས་སྒོ་དྲུང་དུ། ཇི་ལྟར་བལྟམས་པ་སོགས་བརྗོད་ལ་ལས་བུམ་གྱིས་ཁྲུས་བྱ། གཉིས་པ་བགེགས་བསྐྲད་པ་ནི། ནང་དུ་འཇུག་པ་དང་། བགེགས་གཏོར་བྱིན་རླབས་བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་བྱ་བ་ལས། དེང་འདིར་དཀྱིལ་འཁོར་བསྒྲུབ་པས་ཞེས་པར། དེང་འདིར་དབང་བསྐུར་བསྒྲུབ་པས་ཞེས་ཁ་བསྒྱུར། གསུམ་པ་གསོལ་བ་གདབ་པ་ནི། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི། འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། དེ་ལ་འཕགས་མཆོག་འདི་ནི་སངས་རྒྱས་སྲས་དང་བཅས་པ་གང་ལས་འཁྲུངས་པའི་རྩ་བ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་ཡིན་པས། རྣམ་ཐར་ཡོངས་སུ་རྫོགས་པ་སངས་རྒྱས་རྡོ་རྗེའི་ལྗགས་ཀྱིས་བསྐལ་པ་བརྒྱར་ཡང་ཆ་ཤས་ཙམ་བརྗོད་པར་མི་ནུས་པར་གསུངས་ཀྱང་ཚུར་མཐོང་གདུལ་བྱ་ཕྱོགས་རེ་བའི་སྣང་ཚུལ་གྱི་དབང་དུ་བྱས་ན། བདེ་བ་ཅན་གྱི་ཞིང་ཁམས་སུ་རྒྱལ་སྲས་ས་བཅུ་པའི་ཚུལ་བཟུང་ནས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རྒྱ་མཚོ་ལ་དབང་བསྒྱུར་ཞིང་གང་ལ་གང་འདུལ་གྱི་ཕྲིན་ལས་རབ་འབྱམས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་གནས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོས་བསྒྲལ་ཏེ་འཁོར་བ་དོང་ནས་སྤྲུགས་པའི་མཛད་པ་ནམ་ཡང་རྒྱུན་ཆད་མི་མངའ་བ་ལ། ཁྱད་པར་རྒྱལ་བས་ཞབས་ཀྱིས་མ་གཅགས་པའི་གངས་ཅན་མུན་པའི་ལྗོངས་འདི་སྟོན་པ་ཐུགས་རྗེ་ཅན་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་སྐབས་སུ། འཕགས་པ་ཉིད་ལ་བྱིན་གྱིས་བརླབས་ཤིང་བཀའ་བསྒོས་པ་ལྟར་གདུལ་བྱའི་ཞིང་དུ་བདག་གིར་བཞེས་ཏེ་ཐོག་མར་མི་དང་ནོར་གྱི་ས་བོན་བསྐྲུན། རིམ་གྱིས་བསྟན་པའི་གཞི་མ་ཁྱིམ་བདག །བསྟན་པ་སྐྱོང་བའི་རྒྱལ་བློན། བསྟན་འཛིན་གྱི་མཁས་གྲུབ་བཤེས་གཉེན་རྣལ་འབྱོར་ཕོ་མོ་མཐའ་ཡས་པ་སྙིགས་མའི་མཐར་ཡང་རྒྱུན་ཆད་མེད་པར་སྤྲུལ་པ་དང་། རྒྱུད་བྱིན་གྱིས་བརླབས་ཤིང་འཕགས་ཡུལ་ལས་ཀྱང་ལྷག་པའི་རྒྱལ་བསྟན་ཉིན་མོར་བརྡལ་བའི་ཞིང་དུ་མཛད་པ་ལས། ལྷ་ཐོ་རི་སྙན་ཤལ་གྱིས་བསྟན་པའི་དབུ་བརྙེས་པའི་རྗེས་ཐོག་ཏུ་འཕགས་པ་ཉིད་མི་རྗེ་སྲོང་བཙན་སྒམ་པོའི་སྐུར་བསྟན་ནས་བོད་ཁམས་སུ་དགེ་བ་བཅུའི་ཁྲིམས་བཅས། མཐའ་དབུས་ཀྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དམ་པའི་ཆོས་བསྒྱུར་པའི་སྲོལ་བཏོད། སྤྱན་རས་གཟིགས་ཀྱི་གདམས་སྐོར་མཐའ་ཡས་པ་གསུངས་ནས་སྐལ་ལྡན་རྣམས་རྣམ་གྲོལ་གྱི་གོ་འཕང་ལ་བཀོད། གདམས་སྐོར་ཕལ་ཆེར་དང་བཀའ་ཆེམས་རྣམས་མ་འོངས་པའི་དོན་དུ་གཏེར་དུ་སྦས། གདུང་རབས་ལྔ་ན་འཇམ་དབྱངས་སྤྲུལ་པའི་དབོན་སྲས་འབྱུང་བར་ལུང་བསྟན་པའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་འཕགས་ཡུལ་ནས་འོད་དཔག་མེད་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་གཙོས་པཎ་ཆེན་བརྒྱ་རྩ་བརྒྱད་སྤྱན་དྲངས། མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པའི་རྗེས་སུ་ཉི་མ་ཤར་བ་ལྟར་མཐའ་དབུས་མེད་པར་དར་ཞིང་རྒྱས་པར་མཛད་པའི་སྐབས་ཤིག །ལྷ་སའི་གཙུག་ལག་ཁང་དུ་ཇོ་བོ་བཅུ་གཅིག་ཞལ་དང་སྤྲུལ་པའི་ཆོས་རྒྱལ་ཐ་མི་དད་པས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གདམས་པ་འདི་ཉིད་ཀྱི་བཀའ་གཏད་ནས་མ་འོངས་སྙིགས་མཐའི་སེམས་ཅན་གྱི་དོན་དུ་ཟབ་མོའི་གཏེར་དུ་གཞུག་པར་གྱིས་ཤིག་པའི་ཞལ་གདམས་གཏད་རྒྱ་ནན་ཆགས་གནང་བ་ལྟར། སློབ་དཔོན་གྱིས་ཀྱང་རྒྱལ་པོའི་གསུངས་བཞིན་ཆོས་བཀའ་རྩ་བ་ཡན་ལག་མ་བུ་ཆ་ལག་ཚང་བར་ཤོག་སེར་ལ་བཀོད་ནས་ཕྱག་རྒྱས་བཏབ་པ་དང་། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤའི་རིལ་བུ་ལ་གུ་རུ་ཉིད་ཀྱིས་མ་ཎིའི་སྒྲུབ་པ་མཛད་པའི་དམ་རྫས། འཆི་མེད་ཚེ་ཆུ་བུམ་ཆུང་དང་བཅས་པ་རྣམས་ལྷན་ཅིག །དབུས་རི་ནག་པོའི་མར་སྣ། ཤར་ཕྱོགས་ཀོང་ཡུལ་གྱི་སའི་ལྟེ་བ། བོད་སྲིན་མོ་གན་རྐྱལ་འདྲ་བའི་གྲུ་མོ་གནོན་ཕྱིར། སྤྲུལ་པའི་ཆོས་རྒྱལ་ཉིད་ཀྱིས་བཞེངས་པའི་གཙུག་ལག་བུ་ཆུ་ལྷ་ཁང་དུ་གྲགས་པར་ཇོ་བོ་བཅུ་གཅིག་ཞལ་གྱི་སྐུ་བརྙན་གྱི་དྲུང་དུ་གཏེར་དུ་གཏམས་ནས། ཉང་བན་ཏིང་འཛིན་བཟང་པོའི་སྨོན་ལམ་གྱི་མཐུ་ལས་སྤྲུལ་པའི་སྐྱེས་ཆེན་གྱིས་འཐོན་ཏེ་དུས་མཐའི་འགྲོ་བ་ངན་སོང་གི་གཏིང་རྡོ་རྣམས་འདྲེན་ནུས་པར་བདེན་སྟོབས་སྨོན་ལམ་གྱིས་མཚམས་སྦྱར་བར་མཛད་པ་ལྟར། བྱང་སེམས་ནམ་མཁའི་སྙིང་པོ་དང་ཉང་བན་ཤའི་སྤྱན་ལྡན་སོགས་ཀྱི་ཐུགས་རྗེའི་རོལ་གར་རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་གཙུག་རྒྱན་ཨོ་རྒྱན་ལས་འཕྲོ་གླིང་པས་སྤྱན་དྲངས་ཏེ། ལུང་ནས་བསྟན་པའི་ཆོས་བདག་སྐྱེས་ཆེན་རྣམས་ཀྱིས་ཐོག་དྲངས་པའི་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། འགོད་པར་འགྱུར་བ་སྟེ། ལུང་བྱང་ལས། ཐུགས་རྗེ་ཆེན་པོའི་ཆོས་འདི་ཡི༔ ཆོས་བདག་བྱང་ཆུབ་སེམས་དཔའ་བཅུ༔ མཁའ་སྤྱོད་གནས་སུ་ངེས་པར་སྐྱེ༔ འགྲོ་བ་མང་པོ་དེ་རུ་ཁྲིད༔ སྐལ་ལྡན་རིགས་བདག་བརྒྱད་པོ་ནི༔ མ་ངེས་འཁྲུལ་ཞིག་རང་གྲོལ་འགྱུར༔ གཞན་ཡང་ཆོས་འདིའི་དབང་སྐལ་ནི༔ བརྒྱ་དང་ཉེར་གཅིག་གྲུབ་ཐོབ་འགྱུར༔ སྟོང་དང་ཉེར་ལྔ་ཕྱིར་མི་ལྡོག༔ ཁྲི་དང་འབུམ་ནི་ས་གནས་ཐོབ༔ བྱེ་བ་ཕྲག་ནི་འཁོར་བ་གྲོལ༔ དུང་ཕྱུར་ཙམ་ནི་ལས་འབྲེལ་ཐོབ༔ བྱང་སེམས་དཀྱིལ་འཁོར་གཅིག་ཏུ་འདྲེས༔ ཏ་ལའི་གཞལ་མེད་གསལ་སྟོང་ཁང༔ ཡེ་གྲོལ་ཆེན་པོའི་འོད་གང་འཁྱིལ༔ སྣང་སེམས་དབྱེར་མེད་འཇའ་འོད་འགྱུར༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གི་ངེས་པས། དཀྱིལ་འཁོར་འདིར་ཞུགས་པའང་འབྲེལ་ཐོབ་དུང་ཕྱུར་གྱི་ནང་དུ་ངེས་པར་འདུ་བ་ཡིན་པས་དད་སྤྲོ་སྐྱེད་ལ་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ༔ འདུན་པའི་རྩེ་ལ་རབ་ཏུ་གནས༔ ཞེས་པ་ལྟར་འདུན་པ་དང་སྣང་བ་དག་དགོས་པས། བདག་རྡོ་རྗེ་སློབ་དཔོན་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུའི་བཀོད་པའི་སྒྱུ་འཕྲུལ་དུ་མོས་པར་མཛོད་ལ། ཐལ་མོ་སྦྱར་ཞིང་དད་གུས་ཀྱི་ཤུགས་བསྐྱེད་པའི་ངོས་ནས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། སློབ་དཔོན་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་ལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱོད་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་བར་འདོད་པ་དེ་ལེགས་སོ༔ དེ་ལྟར་ན་དུས་དེ་རིང་ནས་བཟུང་སྟེ་སྐྱབས་སུ་འགྲོ་ཞིང་སྡོམ་པ་བཟུང་བ་དང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་གྱིས་ཤིག༔ ཅེས་གནང་བ་སྦྱིན། བཞི་པ་སྐྱབས་སེམས་སྡོམ་བཟུང་ནི། བླ་མ་དང་དཀྱིལ་འཁོར་བ་དབྱེར་མེད་པ་འཕགས་མཆོག་ཐུགས་རྗེ་ཆེན་པོ་གཙོ་འཁོར་སྤྲུལ་པ་དང་བཅས་པ་རྣམས་ཕྱི་ལྟར་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ངོ་བོ། ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་རང་བཞིན། གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཐུགས་རྗེའི་རྣམ་རོལ་དུ་བཞུགས་པའི་སྤྱན་སྔར། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བ་ཁོ་ན་དོན་དུ་གཉེར་བའི་བློས་སྐྱབས་སེམས་སྡོམ་བཟུང་གི་ཆོ་ག་འདི་དག་ལན་གསུམ་དུ་རྗེས་ཟློས་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བ་ཡིས༔ དུས་ཚོད་འདི་ནས་བཟུང་ནས་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ གུས་པས་ཡང་དག་བཟུང་བར་བགྱི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པ་གསུམ༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར༔ སྨོན་པའི་སེམས་དང་འཇུག་པའི་སེམས༔ དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ བདེ་གཤེགས་སྐུ་ཡི་རིགས་མཆོག་དང༔ རྡོ་རྗེའི་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ རིགས་འདུས་ཐུགས་རྗེ་ཆེན་པོ་ཡི༔ དམ་ཚིག་རྗེས་སུ་བཟུང་བར་བགྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ དབང་བསྐུར་མཆོག་དེ་བདག་ལ་སྩོལ༔ ལན་གསུམ། དེ་དག་གིས་ཕྱི་ནང་གསང་བའི་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་སྤྱི་དང་རིགས་ལྔའི་དམ་ཚིག་ཁྱད་པར་བ་རྣམས་ལེགས་པར་བཟུང་གྲུབ་པ་ལགས་པས་དེང་ཕྱིན་ཆད་དེ་དག་གི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་སློབ་དགོས་པ་ལགས། ལྔ་པ་བྱིན་དབབ་པ་ནི། དེ་རྣམས་ཀྱིས་ཁྱེད་ཅག་གི་རྒྱུད་ལ་དབང་གི་ཡེ་ཤེས་སྐྱེ་བའི་ཡུལ་དང་སྣོད་དུ་རུང་བར་སྒྲུབ་པའི་ཐབས་ཀྱི་རིམ་པ་ཡིན་ལ། དབང་གི་དངོས་གཞིའི་རྩ་བ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་རྩེ་གཅིག་ཏུ་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་ཁྱེད་རང་གང་དུ་གནས་པའི་གོ་སར་པདྨ་དཀར་པོ་དང་ཟླ་བའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་གྱི་ལས་སྒྲིབ་སྡུག་བསྔལ་བསལ། ཚུར་འདུས་ཧྲཱིཿལ་ཐིམ་ནས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་གངས་ལ་ཉི་མ་ཤར་བའི་མདངས་བཞིན་དཀར་ལ་འཚེར་བ། ཞལ་བཅུ་གཅིག་ལས་འོག་མ་གསུམ་དཀར་ཞིང་མཛེས་པ། དེའི་སྟེང་ཞལ་གསུམ་སེར་ཞིང་བཞད་པ། དེའི་སྟེང་གཉིས་དམར་ལ་ཁྲོ་འཛུམ། དེ་སྟེང་གཉིས་མཐིང་ནག་ཁྲོས་པ། དེའི་རྩེ་མོར་འོད་དཔག་མེད་པ་སྤྲུལ་སྐུའི་ཞལ་དམར་སེར་འཛུམ་མདངས་ཅན་གྱིས་མཚན་པར་གསལ། རྩ་བའི་ཕྱག་བཅུའི་ཐོག་མ་གཉིས་ཐུགས་ཀར་ཐལ་སྦྱར། དེ་འོག་ཕྱག་གཡས་གཡོན་ཤེལ་ཕྲེང་པད་དཀར། དེ་འོག་གཉིས་འཁོར་ལོ་སྤྱི་བླུགས། དེ་འོག་གཉིས་མཆོག་སྦྱིན་དང་རིན་ཆེན། དེ་འོག་གཉིས་སངས་རྒྱས་སྤྲུལ་པའི་སྐུ་དང་ཐབས་ཤེས་ཀྱི་མདའ་གཞུ་བསྣམས་པ། དེའི་ཡན་ལག་གི་ཕྱག་སོ་བརྒྱད་ཀྱི་གཡས་པ་བཅུ་དགུ་པོས་རིམ་པ་ལྟར། རིན་པོ་ཆེ། ཞགས་པ། ལྷུང་བཟེད། རལ་གྲི །རྡོ་རྗེ། རྒྱ་གྲམ། ནོར་བུ་མེ་ཤེལ། གཞུ། ལྕུག་མ། རྔ་ཡབ། ཕུབ། བུམ་པ། དགྲ་སཏྭ། ཕྲེང་བ། པད་སྔོན། སྤྱི་བླུགས། ཉི་མ། པདྨ་དཀར་པོ། སྙེ་མ་རྣམས་དང་། གཡོན་གྱི་བཅུ་དགུས། སྤྲིན་དཀར། སྤྱི་བླུགས། གསེར་གྱི་པདྨ། རལ་གྲི །དུང་དཀར། ཐོད་དབྱུག །ཕྲེང་བ། དྲིལ་བུ། རྡོ་རྗེ། ལྕགས་ཀྱུ། མཁར་གསིལ། སྤྲུལ་པའི་སྐུ་གཟུགས། གཞལ་ཡས་ཁང་། གླེགས་བམ། འཁོར་ལོ། སྐུ་གཟུགས། ཤིང་ཐོག །པདྨ་དམར་པོ། རིན་ཆེན་ཟུར་བརྒྱད་པ་རྣམས་འཛིན་པ། ཉིང་ལག་གི་ཕྱག་སྟོང་རྩ་གཉིས་ནི་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐིལ་ན་ཡེ་ཤེས་ཀྱི་སྤྱན་རེ་རེས་མཚན་པ་ཅན། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་བཀབ་པ། ཕྱག་ཞབས་རྣམས་ལ་སྦྲུལ་གྱིས་དཀྲིས་ནས་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་ཅིང་། དར་དམར་མཐིང་གི་ཤམ་ཐབས་དང་། དར་ཟབ་ཁ་དོག་སྣ་ཚོགས་པའི་སྟོད་གཡོགས་དང་སྐ་རགས་དར་དཔྱང་འཕུར་བ། འཇའ་འོད་ལྔ་ལྡན་གྱི་ཀློང་ན་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེའི་འོག་ཏུ་པདྨ་འདབ་མ་དྲུག་པའི་ལྟེ་བར་ཧྲཱིཿཡིག་དཀར་པོ་དང་འདབ་མ་རྣམས་ལ་ཡི་གེ་དྲུག་མའི་འབྲུ་རེ་རེ་དང་བཅས་པ་གསལ་ཐོབ་ཅིག །བདག་མདུན་གྱི་ཐུགས་ཀའི་འོད་ཟེར་དང་། ཁྱེད་རང་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ཧྲཱིཿདང་བཅས་པ་རྣམས་ལས་ཀྱང་ཚད་མེད་པ་རྣམ་པ་བཞི་དང་དད་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འཕགས་མཆོག་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་པ་ནམ་མཁའི་དབྱིངས་གང་བར་བྱོན་ནས་ཁྱེད་རང་རྣམས་ལ་མཚོ་ལ་ཁ་བ་བབས་པ་ལྟར་རྒྱུན་མི་ཆད་པར་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །འབེབ་པའི་སྤོས་དུད་དང་རོལ་མོའི་སྒྲ་སྦྱར་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་རྗེ་ཆེན་པོ་འདིར་གཤེགས་ཤིག༔ མི་ཕམ་མགོན་པོ་འདིར་གཤེགས་ཤིག༔ སྤྱན་རས་གཟིགས་དབང་འདིར་གཤེགས་ཤིག༔ འཇིག་རྟེན་དབང་ཕྱུག་འདིར་གཤེགས་ཤིག༔ རྗེ་འགྲོ་བའི་སྐྱབས་ལ་བྱོན་ཙ་ན༔ སྐུ་གསལ་ལེ་གཟི་བརྗིད་མ་ཆུང་ཞིག༔ གསུང་མ་ཎིའི་སྒྲ་དབྱངས་མ་ཆུང་ཞིག༔ ཐུགས་ཞི་བའི་བྱིན་རླབས་མ་ཆུང་ཞིག༔ རྗེ་འགྲོ་བའི་མགོན་པོ་བྱོན་ཙམ་ན༔ དགོངས་པ་མཁའ་ལྟར་ཡངས་པ་ལ༔ གྲྭ་ཚོགས་ཀྱི་སྐར་ཚོགས་ཤིགས་སེ་ཤིག༔ བྱིན་རླབས་ཀྱི་སྤྲིན་དཔུང་ཐིབས་སེ་ཐིབ༔ ཐུགས་རྗེའི་ཉི་འོད་ཏ་ལ་ལ༔ ཉམས་ཀྱི་འཇའ་ཚོན་ཝ་ལ་ལ༔ བདེན་པའི་འབྲུག་སྒྲ་འུ་རུ་རུ༔ སྙིང་རྗེའི་གློག་དམར་ཆེམས་སེ་ཆེམ༔ གཟི་བརྗིད་ཀྱི་སེར་ཆེན་ཤ་ར་ར༔ བྱམས་པའི་ཆར་ཆེན་སི་ལི་ལི༔ ང་རྒྱལ་གྱི་ཐ་རྒོད་ཞིང་ས་ལ༔ ཉམས་ཀྱི་ཆུ་བོ་བྲེངས་སེ་བྲེང༔ དུག་ལྔ་ཡི་མེ་ཆེན་འབར་བ་ཡི༔ སྡུག་བསྔལ་གྱི་ཚད་པ་ཉ་ལ་ལ༔ ཀུན་གཞིའི་ཞིང་ས་གཤིན་པོ་ལ༔ གདམས་ངག་གི་ས་བོན་ཐོ་རོ་རོ༔ ཐོས་བསམ་གྱི་རོལ་ནག་བྲེངས་སེ་བྲེང༔ བྱང་ཆུབ་ཀྱི་མྱུ་གུ་རོངས་སེ་རོང༔ སྐུ་གསུམ་གྱི་འབྲས་བུ་ཤ་ར་ར༔ ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ༔ འགྲོ་བའི་དོན་ལ་ཐུགས་རྗེས་གཟིགས༔ འདིར་བྱོན་མོས་ལྡན་བྱིན་གྱིས་རློབས༔ མོས་པས་རྗེ་ཡི་མཚན་བརྗོད་ན༔ རྗེ་འགྲོ་བའི་མགོན་པོ་སྤྱན་རས་གཟིགས༔ ཕོངས་པ་རྣམས་ལ་ཐུགས་རྗེས་གཟིགས༔ སྡུག་བསྔལ་གྱི་ཚད་པ་བསལ་དུ་གསོལ༔ རྒྱལ་བའི་གསུང་གིས་བསླུས་པ་མེད༔ རྗེ་ཡི་ཐུགས་རྗེས་མི་གཟིགས་སམ༔ ཞི་བའི་ཐུགས་རྗེས་འདིར་གཤེགས་ཤིག༔ བདེ་གཤེགས་དགོངས་པའི་བྱིན་རླབས་ཀྱིས༔ འགྲོ་བའི་སྡུག་བསྔལ་ཞི་བར་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཡང་ཡང་བརྗོད་ལ་བྱིན་དབབ། ཕེབ་པའི་རྟགས་བྱུང་ནས་རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ཅིང་མེ་ཏོག་འཐོར་ལ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །ཀཱ་ཡ་བཱ་ཀ་ཙིཏྟ་ས་མ་ཡ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་དྲུག །བུམ་དབང་གིས་ལུས། གསང་དབང་གིས་ངག །ཤེར་དབང་གིས་ཡིད་སྨིན་པར་བྱ་བ་དང་། ཕྱི་ལྷ་དབང་ལུས། ནང་ཆོས་དབང་ངག །གསང་བ་རིག་པའི་རྩལ་དབང་སེམས་ལ་བསྐུར་བའོ། །དེ་དག་གིས་དབང་གི་གཞི་འགོད་པ་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་ཕུལ། དབང་བསྐུར་དངོས་ལ་རྣམ་པ་དྲུག་ཏུ་ཡོད་པའི་དང་པོ་ཕྱི་བུམ་པའི་དབང་གིས་ལུས་སྨིན་པར་བྱ་བ་ལ། མཚོན་བྱེད་རྟགས་ཀྱི་བུམ་པ་ནི་ལུས་དབང་རྒྱལ་བའི་དཀྱིལ་འཁོར། མཚོན་བྱ་དོན་གྱི་བུམ་པ་ནི་སེམས་ཉིད་ཐིག་ལེ་ཉག་གཅིག་ཡིན་ལ། སྐབས་འདིར་ནི་མཚོན་པ་བརྡའི་བུམ་པ་སྟེ། དེའང་བུམ་པ་ཟླུམ་པོར་བྱུང་བ་ནི་ཆོས་སྐུ་སྤྲོས་དང་བྲལ་བའི་བརྡ་དང་། བུམ་རྒྱན་སྣ་ཚོགས་ལྡན་པ་ནི་ལོངས་སྐུ་མཚན་དཔེ་རྫོགས་པ་དང་། བུམ་ཆུ་རྫས་དང་བཅས་པ་ནི་སྤྲུལ་སྐུས་འགྲོ་དོན་མཛད་པར་མཚོན་པ་ཡིན་ཏེ། དེ་ལྟ་བུའི་བུམ་པ་མཚན་ཉིད་དང་ལྡན་པ་འདི་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་མ་ལུས་པའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པའི་བྱིན་རླབས་ཀྱི་ཟ་མ་ཏོག་ཏུ་གྱུར་པ་འདི་ཁྱེད་ཅག་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བབས་པས་ཁྱོད་ཀྱི་ཚངས་བུག་ཏུ་ཞུགས་ནས་ལུས་ཐམས་ཅད་མེར་གྱིས་གང་ཞིང་། ལས་དང་ཉོན་མོངས་ཀྱི་སྒྲིབ་པ་མཐའ་དག་བྱང་ཞིང་འཕགས་པའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་དང་ངེས་ཤེས་སྐྱེད་པར་ཞུ། རྣམ་བུམ་ཐོགས་ལ། ཧྲཱི༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པའི་གནས༔ གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་བག་ཆགས་སྒྲིབ་བྱང་ནས༔ ལྷ་ཡི་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་མགོར་བཞག་ལ་བུམ་ཆུ་སྦྱིན། དེའི་རྗེས་འབྲེལ་དུ་གཙོ་བོའི་སྐུ་ལས་རང་འདྲ་བའི་སྐུ་ཞིག་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཧྲཱི༔ བདེ་གཤེགས་འདུས་པ་ལྷ་ཡི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ རིགས་འདུས་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མ་ཧཱ་ཀཱ་རུ་ཎི་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཞེས་སྤྱི་གཙུག་ཏུ་བསྐུར་ཞིང་། མེ་ཏོག་འཐོར་ལ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུ༔ སངས་རྒྱས་ཀུན་འདུས་དབང་མཆོག་འདི༔ དེ་རིང་ཁྱོད་ལ་བསྐུར་བ་ཡིས༔ ཐུགས་རྗེ་མཆོག་གི་བཀྲ་ཤིས་ཤོག༔ དེ་ལྟར་ལྷ་དབང་ལུས་ལ་བསྐུར་པས་ཐ་མལ་གྱི་ལུས་ངག་ཡིད་གསུམ་དག་ནས། རྒྱལ་བའི་སྐུ་གསུང་ཐུགས་སུ་འགྲུབ་པའི་ངེས་ཤེས་མཛོད་ཅིག །དེའི་རྗེས་འབྲེལ་དུ་ཁམས་གསུམ་འཁོར་བའི་གཞི་རྩ་བཅད་ནས་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་གྲོལ་བར་བྱ་ཕྱིར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ལ། དབང་རྫས་རྣམས་ངོ་བོ་ཐུགས་རྗེ་ཆེན་པོ་རང་བཞིན་རྒྱལ་བ་རིགས་ལྔ་པོ་རྣམས་དབང་རྫས་ལྔའི་ཚུལ་གྱིས་དབང་བསྐུར་བའི་མོས་པ་མཛོད། སླར་རྣམ་བུམ་དཔྲལ་བར་བཞག་ཅིང་ཁྲུས་བྱས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་ཁྲུས་གསོལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་དབང་བསྐུར་བས༔ ཞེ་སྡང་རྣམ་པར་དག་པ་ཡི༔ མེ་ལོང་ཡེ་ཤེས་དབང་ཐོབ་ནས༔ ཐོགས་པ་མེད་པའི་བཀྲ་ཤིས་ཤོག༔ ཤིས་བརྗོད་རྣམས་ལ་མེ་ཏོག་འཐོར་བ་འགྲེའོ། །དེ་ལྟར་བུམ་པས་དབང་བསྐུར་པས་ཀུན་གཞིའི་རྣམ་ཤེས་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས། དབང་རྟགས་སུ་སངས་རྒྱས་མི་བསྐྱོད་པ་དཔྲལ་བའི་སྟེང་དུ་བཞུགས་པར་མོས་ཤིག །དབུ་རྒྱན་རྣ་ལྟག་གཡས་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་དབང་བསྐུར་བས༔ ང་རྒྱལ་རྣམ་པར་དག་པ་ཡི༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ནས༔ ཡོན་ཏན་རྫོགས་པའི་བཀྲ་ཤིས་ཤོག༔ རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་པས། ཉོན་ཡིད་རྣམ་ཤེས་གནས་སུ་དག་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་རྣ་བ་གཡས་པའི་སྟེང་དུ་བཞུགས་པར་མོས་ཤིག །རྡོ་རྗེ་ལྟག་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ པདྨ་རིགས་ཀྱི་དབང་བསྐུར་བས༔ འདོད་ཆགས་རྣམ་པར་དག་པ་ཡི༔ སོར་རྟོག་ཡེ་ཤེས་དབང་ཐོབ་ནས༔ ཤེས་རབ་མཆོག་གི་བཀྲ་ཤིས་ཤོག༔ རྡོ་རྗེས་དབང་བསྐུར་པས་ཡིད་ཀྱི་རྣམ་ཤེས་གནས་སུ་དག་ནས། སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་སྣང་བ་མཐའ་ཡས་ལྟག་པའི་སྟེང་དུ་བཞུགས་པར་མོས་ཤིག །དྲིལ་བུ་རྣ་ལྟག་གཡོན་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷརྨ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་དབང་བསྐུར་བས༔ ཕྲག་དོག་རྣམ་པར་དག་པ་ཡི༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ནས༔ ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ དྲིལ་བུས་དབང་བསྐུར་པས་སྒོ་ལྔའི་རྣམ་ཤེས་གནས་སུ་དག་ནས། བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་དོན་ཡོད་གྲུབ་པ་རྣ་ལྟག་གཡོན་གྱི་སྟེང་དུ་བཞུགས་པར་མོས་ཤིག །མེ་ཏོག་ཅོད་པན་སྤྱི་བོའི་གཙུག་ཏུ་བཞག་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ༔ བུདྡྷ་ནཱམ་ཨ་བྷི་ཥིཉྩ་མཱཾ༔ ཀྱེ། འགྲོ་འདུལ་ཐུགས་རྗེའི་དབང་ཕྱུག་ཅེས་བྱའོ། །ཞེས་གསང་མཚན་བཏགས། ཧཱུྃ༔ བདེ་གཤེགས་རིགས་ཀྱི་དབང་བསྐུར་བས༔ གཏི་མུག་རྣམ་པར་དག་པ་ཡི༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ནས༔ ཏིང་འཛིན་མཆོག་གི་བཀྲ་ཤིས་ཤོག༔ ཅོད་པན་མིང་གི་དབང་བསྐུར་པས་ཀུན་གཞིའི་རྣམ་ཤེས་གནས་སུ་དག་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་རྣམ་པར་སྣང་མཛད་སྤྱི་བོར་བཞུགས་པར་མོས་ཤིག །དབང་དེ་རྣམས་ཀྱིས་མ་རིག་པ་ལྔ་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེས། རིགས་ལྔ་ལམ་དུ་བྱེད་པས་རིག་པའི་དབང་ཞེས་བྱ་བའོ། །དེ་ལྟར་བུམ་དབང་གིས་ལུས་སྨིན་པས་ལུས་སྒྲིབ་དག་ཅིང་ལུས་ལྷར་བསྒོམ་པ་ལ་དབང་། མཐར་ཐུག་གི་འབྲས་བུ་སྤྲུལ་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་གསང་དབང་ནི། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་བདུད་རྩིའི་རིལ་བུ་དང་བཅས་པ་ཐོགས་ནས། ནང་གསང་བའི་དབང་གིས་ངག་སྨིན་པར་བྱ་བ་ལ། མཚོན་བྱེད་བརྡའི་གསང་དབང་ཐབས་ཤེས་བྱང་ཆུབ་སེམས་ཀྱི་རྫས་མཆོག་བདུད་རྩིའི་རིལ་བུས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་གནས་བཞིར་རེག་ཅིང་ལྕེ་ཐོག་ཏུ་བྱིན་པ་ལ་བརྟེན་ནས། འཐོབ་བྱའི་དོན་གྱི་དབང་ནི། རྡོ་རྗེ་སློབ་དཔོན་གྱི་སྐུའི་གནས་བཞི་ནས་འོད་འཕྲོས་ཁྱེད་ཀྱི་གནས་བཞིར་ཕོག་པས། རྩ་འདབ་འཁོར་ལོ་བཞི་བྱིན་གྱིས་བརླབས་ཤིང་རྒྱལ་བའི་སྐུ་བཞི་འགྲུབ་པའི་ས་བོན་རྒྱུད་ལ་ཐེབས་པའི་མོས་པ་མཛོད་ཅིག །ཧཱུྃ༔ བྱང་སེམས་དཀར་དམར་ཐབས་དང་ཤེས་རབ་ཀྱི༔ བཅུད་ཆེན་བདུད་རྩིའི་རོ་མཆོག་བདེ་བ་སྐྱེད༔ ཡབ་ཡུམ་གཉིས་མེད་སྙོམས་འཇུག་བྱང་སེམས་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྗགས་ལ་བདུད་རྩིའི་རོ་མཆོག་མྱང་གྱུར་ནས༔ ལུས་ངག་ཡིད་ཀྱི་བདེ་བ་སྐྱེ་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་དེ། བླ་མས་མཐེབ་སྲིན་གྱིས་རིལ་བུ་རེ་བླངས་ལ། སློབ་མ་རེ་རེ་བཞིན་གྱི་སྤྱི་མགྲིན་སྙིང་ལྟེར་དབང་བསྐུར་ནས་རིལ་བུ་ཟར་གཞུག་ལ། དེ་ལྟར་རིལ་བུའི་རོ་ཞིམ་པར་མྱང་བ་ནི་བདེ་བ། ཞིམ་ཞིང་བདེ་བའི་ཚོར་བ་འགག་མེད་ཀྱི་རང་བཞིན་ནི་གསལ་བ། གསལ་ཞིང་ཚོར་མཁན་དངོས་པོ་ལ་ཨ་འཐས་སུ་མ་གྲུབ་པའི་ངོ་བོ་ནི་མི་རྟོག་པ། བདེ་གསལ་མི་རྟོག་གསུམ་ཡང་རིག་ཐོག་ཏུ་དབྱེར་མེད་པས་ན་ཟུང་འཇུག་གི་ཡེ་ཤེས་ཏེ་དེ་ལྟར་ངོ་ཤེས་པར་མཛོད་ཅིག །དེས་ཟབ་མོ་གསང་བའི་དབང་ཐོབ་པས་ངག་སྨིན། ངག་སྒྲིབ་དག་ཅིང་སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ཤེར་དབང་ནི། ཐོད་པའི་བདུད་རྩི་ཐོགས་ལ། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྨིན་པར་བྱེད་པ་ལ། དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་མཉམ་སྦྱོར་གྱི་བདེ་བའི་ཡེ་ཤེས་བདུད་རྩིའི་ཚུལ་དུ་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བསྟིམས་པས་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་བར་མོས་ཤིག །ཧཱུྃ༔ ཐབས་ཤེས་དབྱེར་མེད་བདེ་བའི་བཅུད༔ ཕྱག་རྒྱ་བཞི་ལྡན་ཆོས་ཀྱི་དབྱིངས༔ དགའ་བཞིའི་ཡེ་ཤེས་ཁྱད་པར་ཆེ༔ ཟག་མེད་བདེ་ཆེན་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བོ་དྷི་ཙིཏྟ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པ་སྙིང་གར་གཏུག་ཅིང་བདུད་རྩི་ཧུབ་གསུམ་འཐུང་དུ་གཞུག །ཐབས་དེ་ལ་བརྟེན་ནས་ཁྱེད་རང་གི་རྩ་ཁམས་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་བཞུགས་པ་རྣམས། ཕྱག་རྒྱ་བཞི་ལྡན་གྱིས་སྙོམས་འཇུག་མཛད་པས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིར་རིམ་གྱིས་བབས་ཏེ་དགའ་བ་བཞི་ལུགས་འབྱུང་ལུགས་བཟློག་སྤེལ་མར་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྒྱུད་སྨིན་པས། ཉོན་མོངས་པའི་སྒྲིབ་པ་དག་ཅིང་ཐབས་ལམ་ཟབ་མོ་བསྒོམ་པ་ལ་དབང་། འབྲས་བུ་བདེ་བ་ཆེན་པོའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །བཞི་པ་ཕྱི་ལྷ་དབང་ལུས་ལ་སྐུར་བ་ནི། ཤིན་ཏུ་བསྡུ་ན་ལྷ་དབང་གོང་དུ་སོང་བས་ཀྱང་འཐུས། ཕྱི་སྒྲུབ་ཁོ་ན་ལ་སྐབས་འདིར་དེ་ཙམ་བསྐུར་ཡང་ཆོག་མོད། འཇའ་ཚོན་རང་ལུགས་ཆོས་བཀའ་རྫོགས་ཤིང་ཙཀ་ལི་འཛོམ་པའི་དབང་དུ་བྱས་ཏེ་གཏེར་གཞུང་ལྷ་དབང་ཚང་བར་བཀོད་པ་ལ། ཐོག་མར་ཕྱི་སྒྲུབ་ཀྱི་ཙཀ་ལི་རྣམས་རིམ་པར་ཐོགས་ལ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་དུ་སྒྲུབ་པར་བྱེད་པའི་སླད་དུ་ཐོག་མར་ཕྱི་ལྷ་དབང་ལུས་ལ་བསྐུར་ནས་ལུས་ལྷ་རུ་བྱིན་གྱིས་རློབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ་སོའི་སྐུ་ལས་རང་འདྲའི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་སོ་སོ་ལ་ཐིམ་པ་ཙམ་གྱིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འཕགས་པ་ཐུགས་རྗེའི་བདག་པོ་གཙོ་འཁོར་གྱི་ངོ་བོར་གྱུར་པའི་ངེས་ཤེས་སྐྱེད་མཛོད་ཅིག །ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་མཆོག་གཙོ་བོས་དབང་བསྐུར་བས༔ ཉོན་མོངས་བག་ཆགས་དངོས་འཛིན་བྲལ༔ ཡེ་ཤེས་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ རྒྱལ་ཡུམ་ཡི་གེ་དྲུག་མ་མཁའ་དབྱིངས་ལྟར༔ སྲས་མཆོག་ནོར་བུ་འཛིན་པ་རིག་མདངས་འོད༔ སྲས་མོ་རིག་སྔགས་འཛིན་མ་སྟོང་གསལ་ཆེ༔ སངས་རྒྱས་སྣང་བ་མཐའ་ཡས་རིགས་འདུས་གཙོ༔ ཡབ་ཡུམ་སྲས་དང་བཅས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བུདྡྷ་དྷརྨ་སངྒྷཱ་ཡ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་རིགས་དྲུག་ཕ༔ ལྷ་ཚོགས་ཀུན་གྱི་གཙོ་མོ་རིགས་དྲུག་མ༔ རྒྱལ་བ་རིགས་དྲུག་ཡབ་ཡུམ་སྐུ་སྐྱོད་ལ༔ ཁམས་གསུམ་རྒྱུད་དྲུག་བག་ཆགས་སྡུག་བསྔལ་བྱང༔ རིགས་ཀུན་མཉམ་ཉིད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿཧཱུྃ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དོན་དམ་སེམས་ལ་འཁོར་འདས་གཉིས་མེད་ཀྱང༔ མ་རྟོགས་དབང་གིས་ཆགས་སྡང་གཟུང་འཛིན་བྱུང༔ མ་རིག་དུག་ལྔས་རིགས་དྲུག་འཁྱམས་པ་ལ༔ བཅོམ་ལྡན་ཐུབ་དྲུག་བྱིན་རླབས་དུས་ལ་བབས༔ སྡུག་བསྔལ་ལམ་དྲུག་སྡོམ་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀྲེཾ་བྲེཾ་ཀྲུཾ་ཀྵཾ་སྲུཾ་ཡེ་སརྦ་ན་ར་ཀ་ག་ཏེ་ཡེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཐོག་མེད་དུས་ནས་བྱང་ཆུབ་ཐུགས་བསྐྱེད་དེ༔ ཚོགས་གཉིས་ཡོངས་རྫོགས་དགོངས་པ་མཐར་ཕྱིན་པས༔ འགྲོ་བའི་དོན་མཛད་ཡང་ནས་ཡང་དུ་བྱོན༔ དུས་གསུམ་སེམས་ཅན་ལས་དབང་འཁྱམས་པ་ལ༔ བསྐལ་བཟང་སངས་རྒྱས་སྟོང་རྩའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ བདག་གཞན་མ་རིག་ཉོན་མོངས་བར་ཆད་བསལ༔ བརྟུལ་ཞུགས་ནུས་པའི་དག་སྣང་དངོས་གྲུབ་སྟེར༔ ལུས་དང་གྲིབ་མ་བཞིན་དུ་སྐྱོབ་མཛད་པའི༔ དཔལ་མགོན་ཕོ་རྒྱུད་མོ་རྒྱུད་སྲུང་མའི་ཚོགས༔ དད་ལྡན་བུ་ཡི་བར་ཆད་ཞི་བར་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནང་སྒྲུབ་གཙོ་བོ་རྩ་ཕྱག་བརྒྱད་པའི་སྐུ་རྟེན་གྱི་བསྐུར་ཚིག་ནི་གོང་མ་ལྟར་བྱ་བའམ་བསྡུ་ན། གཙོ་འཁོར་ལྷན་ཅིག་པའི་ཚིག་འདིར་ཡང་ཚང་བས་ན་རིམ་པ་བཞིན་བསྐུར་བར་བྱ་སྟེ། ཧྲཱི༔ དཀྱིལ་འཁོར་མ་ལུས་རིགས་འདུས་སྤྱན་རས་གཟིགས༔ འཇམ་དབྱངས་མི་གཡོ་སྒྲོལ་མ་ཛམྦྷ་ལ༔ འཆད་རྩོད་རྩོམ་པའི་བྱིན་རླབས་ཐུགས་རྗེས་ནི༔ བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ འགྲོ་མགོན་དུས་གསུམ་སངས་རྒྱས་མར་མེ་མཛད༔ ཤཱཀ་ཐུབ་བྱམས་པ་པདྨ་ཐོད་ཕྲེང་རྩལ༔ མཁྱེན་བརྩེ་ནུས་ལྡན་འགྲོ་བའི་སྐྱབས་གནས་རྣམས༔ མི་མངོན་དབྱིངས་ནས་སྒྱུ་མར་སྐུར་བཞེངས་ལ༔ དུས་གསུམ་སངས་རྒྱས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་དྷརྨ་ཨེ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དཀྱིལ་འཁོར་སྒོ་བཞིར་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུ་སྒོ་མ་བཞི་པོ་ནི༔ རིགས་དྲུག་ལམ་དགག་ཐར་པའི་གནས་སུ་འདྲེན༔ ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་མཛད་པའི༔ སྒོ་མ་ཆེན་མོ་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ གསང་སྒྲུབ་གཙོ་བོའི་བསྐུར་ཚིག་ཕྱི་སྒྲུབ་ལྟར་བྱ། འཁོར་ལ། ཧྲཱི༔ རྣམ་སྣང་དཀར་པོ་ཕྱག་ན་ཤེལ་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་སྤྱི་བོའི་གཙུག་ཏུ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྣང་མཐའ་དམར་པོ་བྱེ་རུའི་བུམ་པ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་མགྲིན་པའི་གནས་སུ་དབང་བསྐུར་བས༔ འགག་མེད་གསུང་གི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ མི་བསྐྱོད་མཐིང་ག་ཕྱག་ན་མཐིང་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་སྙིང་གའི་གནས་སུ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ རིན་འབྱུང་སེར་པོ་ཕྱག་ན་གསེར་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་ལྟེ་བའི་གནས་སུ་དབང་བསྐུར་བས༔ ཡོན་ཏན་རེ་བ་སྐོང་བའི་དབང་ཐོབ་ཤོག༔ ཨོཾ་ཏྲཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དོན་གྲུབ་ལྗང་གུ་ཕྱག་ན་གཡུ་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་གསང་བའི་གནས་སུ་དབང་བསྐུར་བས༔ ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ མ་དག་ཕུང་པོ་ལྔ་པོ་དག་པའི་ཆུ༔ འཕགས་པ་རིགས་ལྔ་ཡབ་ཡུམ་དབང་བསྐུར་བས༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ དེང་འདིར་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཌཱ་ཀི་ནཱི་སིདྡྷི་སྭཱ་ཧཱ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྔོན་ཆད་རང་སེམས་རང་དབང་མ་ཐོབ་པས༔ ཁམས་གསུམ་རྒྱུད་དྲུག་འཁྱམས་ཤིང་ལས་འབྲས་སྨིན༔ དེང་འདིར་དབང་ཆེན་འབར་བ་རིགས་བཞི་ཡི༔ སྐུ་བཞི་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས༔ འཁོར་འདས་རང་དབང་འདུ་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྔོན་ཆད་མ་རིག་དབང་གིས་ལུས་མང་བླངས༔ མངལ་དང་སྒོང་དང་དྲོད་གཤེར་བརྫུས་ཏེ་སྐྱེས༔ གཟུང་འཛིན་ལས་ལུས་སྡུག་བསྔལ་མྱོང་བས་ན༔ སྒོ་མ་བཞི་ཡི་ཐུགས་རྗེའི་ཕྱག་རྒྱ་བཞིས༔ དེང་ནས་སྐྱེ་གནས་བཞི་པོའི་སྒོ་ཆོད་ཅིག༔ ཛཿཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་ཨཱ༔ འདིར་དེ་བཞིན་ཉིད་སྒྲུབ། ཕྱག་བཞི་པ། ཕྱག་གཉིས་པ། རྟ་མགྲིན། གསང་ཡེ་རྣམས་ཀྱང་གཙོ་བོའི་བསྐུར་ཚིག་ཁ་བསྒྱུར་ནས་བསྐུར་བར་གསུངས་པ་ལྟར་སྤྲོ་ན་བྱ་ཆོག་ཅིང་དཀྱུས་སུ་འདི་ཙམ་མོ། །དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་ཐོབ་པས་གནས་སྐབས་སུ་བར་ཆད་འགལ་རྐྱེན་མཐའ་དག་ཞི་ཞིང་སྲུང་བ་དང་། ཡི་དམ་ལྷའི་བསྐྱེད་རིམ་བསྒོམ་པ་གང་ལ་ཡང་རང་བྱན་ཚུད་ནས་འགྲུབ་སླ་ཞིང་བྱིན་རླབས་མྱུར་དུ་འཇུག་པར་འགྱུར་ལ། མཐར་ཐུག་ལུས་མིར་སྣང་རུང་སེམས་ཡི་དམ་ལྷར་སྨིན་ཏེ་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ཐོབ་ནས་འགྲོ་བའི་དོན་རྒྱ་ཆེར་སྤྱོད་པར་འགྱུར་བ་ཡིན་ནོ། །ལྔ་པ་ནང་ཆོས་དབང་ངག་ལ་སྐུར་བ་ལ་རྒྱས་བསྡུས་གཉིས་ལས། དང་པོ་ནི་ཡིག་དྲུག་སོ་སོའི་ཙཀ་ལི་ཐོགས་ཏེ། ནང་སྔགས་དབང་ངག་ལ་བསྐུར་ནས་ངག་སྔགས་སུ་བྱིན་གྱིས་རླབས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་དྲུག་པ་ལྟེ་བར་ཧྲཱིཿཡིག་དཀར་པོས་མཚན་པ་གཅིག་གསལ་བ་ལ། སློབ་དཔོན་གཙོ་བོར་གསལ་བའི་ཐུགས་ཀ་ནས་ཡི་གེ་དྲུག་པའི་སྔགས་ཕྲེང་ཤེལ་དཀར་གྱི་ཕྲེང་བ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གའི་པད་འདབ་སྟེང་དུ་འཁོད་པ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། རྒྱལ་བའི་ཐུགས་རྗེ་ནུས་པ་མཐའ་དག་བསྡུས་ནས་ཁྱེད་རང་རྣམས་ལ་ཐིམ། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པ་ཙམ་གྱིས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ། སྟོང་ཁམས་ཐམས་ཅད་ཡིག་དྲུག་གི་སྔགས་སྒྲས་འུར་དིར་དུ་གྱུར་པའི་མོས་པ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ༔ སངས་རྒྱས་ཀུན་གྱིས་བསྔགས་གྱུར་པའི༔ དམ་ཆོས་མ་ལུས་བསྡུས་པའི་བཅུད༔ འགྲོ་བ་ཀུན་གྱི་དཔལ་དུ་ཤར༔ ཡི་གེ་དྲུག་པའི་དབང་ཞིག་བསྐུར༔ སངས་རྒྱས་ཀུན་གྱི་སྙིང་པོའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བགྱི༔ སངས་རྒྱས་ཐམས་ཅད་བསྡུས་ནས་ནི༔ རིག་སྔགས་རྒྱལ་པོའི་དབང་འདི་བསྐུར༔ ཨོཾ་ནི་སྦྱིན་པའི་ཕ་རོལ་ཕྱིན༔ སེར་སྣ་མེད་པའི་བཅོམ་ལྡན་འདས༔ སངས་རྒྱས་ཀུན་འདུས་ཆོས་ཀྱི་སྐུ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མ་ནི་བཟོད་པའི་ཕ་རོལ་ཕྱིན། ཁྲོ་བ་མེད་པའི་བཅོམ་ལྡན་འདས༔ བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས༔ དབང་སྐུར་བྱིན་གྱིསྎ ཎི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན༔ ཉོན་མོངས་སྐྱོན་བྲལ་བཅོམ་ལྡན་འདས༔ སྐུ་གསུམ་ལྷུན་གྲུབ་སྤྲུལ་པའི་སྐུ༔ དབང་སྐུར་བྱིན་གྱིསྎ པད་ནི་བསམ་གཏན་ཕ་རོལ་ཕྱིན༔ རྣམ་གཡེང་མེད་པའི་བཅོམ་ལྡན་འདས༔ ཤེས་བྱ་ཐམས་ཅད་མཁྱེན་པའི་སྐུ༔ དབང་སྐུར་བྱིན་གྱིསྎ མེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན༔ ལེ་ལོ་མེད་པའི་བཅོམ་ལྡན་འདས༔ མཁྱེན་བརྩེས་འགྲོ་བ་ཁྱབ་པའི་གསུང༔ དབང་སྐུར་བྱིན་གྱིསྎ ཧཱུྃ་ནི་ཤེས་རབ་ཕ་རོལ་ཕྱིན༔ ཕྲིན་ལས་ཀུན་འདུས་བཅོམ་ལྡན་འདས༔ མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཐུགས༔ དབང་སྐུར་བྱིན་གྱིསྎ གསུང་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སངས་རྒྱས་ཀུན་གྱིས་བྱིན་བརླབས་པས༔ ཆོས་ཀྱི་སྙིང་པོ་བླ་ན་མེད༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་འཛབ་དབྱངས་དང་བཅས་སྔགས་བྱང་མགྲིན་པར་བཞག །གཉིས་པ་བསྡུས་པ་ནི་ཡིག་དྲུག་གཅིག་བསྡུས་ཐོགས་ལ། ཧྲཱིཿ ཡི་གེ་འབྲུ་དྲུག་སྤྲུལ་སྐུ་ཆོ་འཕྲུལ་དྲུག༔ འགྲོ་དྲུག་སྐྱེ་སྒོ་གཅོད་ཅིང་སྒྲིབ་པ་སྦྱོང༔ ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་བག་ཆགས་ཀུན་བྱང་ནས༔ ཐུགས་རྗེ་ཆེན་པོའི་གསུང་དང་དབྱེར་མེད་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རྒྱས་བསྡུས་གཉིས་ཀར་མཐར་ཤེལ་ཕྲེང་ལག་ཏུ་གཏད་ལ་ཡིག་དྲུག་ལན་བདུན་བཟླས་སུ་བཅུག་པ་ནི་བཟླས་ལུང་འབོགས་པའོ། །ཕན་ཡོན་བཤད་པ་ནི། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ མ་ནི་ཐུགས་རྗེ་ཀུན་ལ་ཁྱབ༔ ཎི་ཡིས་འགྲོ་བ་འདྲེན་པར་བྱེད༔ པད་ཀྱིས་སྡུག་བསྔལ་ཐམས་ཅད་ཞི༔ མེ་ཡིས་སྡིག་སྒྲིབ་སྲེག་པར་བྱེད༔ ཧཱུྃ་གིས་ཡོན་ཏན་ཐམས་ཅད་སྡུད༔ ཡི་གེ་དྲུག་པའི་བྱིན་རླབས་ཀྱིས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ནི༔ ཐར་པའི་ལམ་ལ་འཁོད་པར་འགྱུར༔ རྒྱལ་བ་ཀུན་གྱིས་བྱིན་བརླབས་པ༔ ཡང་སྙིང་འདུས་པའི་སྙིང་པོ་འདི༔ ཕན་བདེ་ཀུན་གྱི་འབྱུང་གནས་ཡིན༔ དངོས་གྲུབ་ཀུན་གྱི་རྩ་བ་ཡིན༔ མཐོ་རིས་བགྲོད་པའི་སྐས་ཀ་ཡིན༔ ངན་སོང་བཀག་པའི་སྒོ་མོ་ཡིན༔ འཁོར་བ་སྒྲོལ་བའི་གྲུ་རྫིང་ཡིན༔ མུན་པ་སེལ་བའི་སྒྲོན་མེ་ཡིན༔ དུག་ལྔ་འཇོམས་པའི་དཔའ་བོ་ཡིན༔ སྡིག་སྒྲིབ་སྲེག་པའི་མེ་དཔུངཡིན༔ སྡུག་བསྔལ་བརྡུང་བའི་ཐོ་བ་ཡིན༔ མདོ་རྒྱུད་བསྟན་བཅོས་དུ་མ་དང༔ ཐོས་བསམ་སྒོམ་གསུམ་ཐམས་ཅད་ཀྱི༔ སྙིང་པོ་གཅིག་ཏུ་བསྡུས་པའི་བཅུད༔ གཅིག་ཆོག་རྒྱལ་པོ་རིན་པོ་ཆེ༔ ཡི་གེ་དྲུག་པ་འདི་ཟློས་ཤིག༔ ཅེས་སྤྲུལ་པའི་རྒྱལ་པོ་དང་གུ་རུ་དབྱེར་མེད་པའི་རྡོ་རྗེའི་གསུང་ཐུགས་ལ་ངེས་པས་ཡི་གེ་དྲུག་མའི་བཟླས་པ་ལ་བརྩོན་པར་ཞུ། དེ་ལྟར་སྔགས་ཀྱི་དབང་ཐོབ་པས་གནས་སྐབས་ངག་བྱིན་གྱིས་བརླབས་པས་བཟླས་བརྗོད་གང་བྱས་འབུམ་འགྱུར་དུ་འཕེལ་བས་མཐུ་ནུས་མྱུར་དུ་འབྱུང་བ་དང་། མཐར་ཐུག་སངས་རྒྱས་རྣམས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཆོས་སྒོ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་འགྱུར་བ་ཡིན་ནོ། །དྲུག་པ་གསང་བ་རྩལ་དབང་སེམས་ལ་སྐུར་བ་ནི། ཆོས་དབྱུག་སྦ་དཀར་ཚིགས་གསུམ་པ་ཐོགས་ལ། གསང་བ་རྩལ་དབང་སེམས་ལ་བསྐུར་ནས་ཉོན་མོངས་པ་ཡེ་ཤེས་སུ་ངོ་སྤྲོད་པ་ལ་སྦ་དཀར་ཚིགས་པ་གསུམ་པའི་བརྡས་མཚོན་པ་ཡིན་པས་བརྡའི་དོན་འདི་བཞིན་དུ་གོ་བར་གྱིས་ཤིག །དེའང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྟགས་སུ་ཁ་དོག་དཀར་པོ། མ་བཅོས་རང་བྱུང་གི་རྟགས་སུ་གཅིག་པུར་སྐྱེས་པ། སྐུ་གསུམ་རང་ཤར་གྱི་རྟགས་སུ་ཚིགས་པ་གསུམ་དང་ལྡན་པ་སྟེ། དཔེ་འདི་ཇི་ལྟ་བར་རང་གི་སེམས་གདོད་མ་ནས་རྣམ་པར་དག་ཅིང་འཕོ་འགྱུར་མེད་པ། སུས་ཀྱང་མ་བྱས་ཤིང་རང་བྱུང་བ། སྐུ་གསུམ་ཡེ་ཤེས་ལྔ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཚང་ཞིང་རྫོགས་པ་ཡིན་ཏེ། དེ་ཉིད་གང་ཡིན་ན་ད་ལྟའི་ཤེས་པ་རྗེན་པ་བཅོས་སླད་མ་བྱས་པའི་རང་ངོ་འདི་ཉིད་ཡིན་ཏེ། འདིའི་རང་ངོ་རིག་མ་རིག་གི་ཁྱད་པར་ལས་འཁོར་འདས་སོ་མཚམས་གྱེས་པ་ཡིན་ནོ། །སེམས་ཉིད་རང་དབང་ཐོབ་པ་ལས་གཞན་པའི་དབང་བསྐུར་དུ་མེད་དོ། །བསྐུར་དུ་མེད་པའི་དབང་མཆོག་འདི་ནི་རིག་པ་རྩལ་གྱི་དབང་དམ་པ་ཡིན་པས་ངོ་ཤེས་པརམཛོད་ཅིག །ཅེས་བརྗོད་ཅིང་ཆོས་དབྱུག་སློབ་མའི་སྙིང་གར་གཏད་ལ། རང་བྱུང་ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྣ་ཚོགས་འཆར་བ་རིག་པའི་རྩལ་ཡིན་ཏེ༔ དབང་པོ་ཚོགས་དྲུག་ཡུལ་དྲུག་དབྱིངས་ན་གསལ༔ ཉོན་མོངས་དྲུག་ནི་སྐུ་དྲུག་ཡེ་ཤེས་དྲུག༔ རང་ཤར་རང་གྲོལ་ཆོས་ཉིད་རོལ་པའི་ངང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཀྱེ། རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་ཉོན་མོངས་པ་དྲུག་སྤང་དུ་མེད་དོ༔ ཡེ་ཤེས་དྲུག་དང་སྐུ་དྲུག་རང་བྱུང་དུ་ཤར་ཞིང་རང་བྱུང་དུ་གྲོལ་བ་ཡིན་ནོ༔ འདི་ལྟར་དབང་ཐམས་ཅད་ཀྱི་མེས་པོ་རིག་པ་རྩལ་གྱི་དབང་ཐོབ་པས་ནི་དབང་ཐམས་ཅད་དུས་གཅིག་ལ་ཐོབ་པ་ཡིན་ནོ༔ དབང་ཡང་དག་པ་དེ་གང་ལ་བྱ་ཞེ་ན༔ དེ་ཡང་སངས་རྒྱས་དང་སེམས་ཅན་ནི་རིག་མ་རིག་ལས་བྱུང་སྟེ༔ མ་རིག་ན་འཁོར་བ་ངན་སོང་ཡིན་ཞིང༔ རིག་ན་སངས་རྒྱས་ཡིན་ཕྱིར༔ རང་རིག་པ་བྱང་ཆུབ་ཀྱི་སེམས་ནི༔ ནངས་རྟོགས་ན་ནངས་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས༔ བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱི་རང་ངོ་ལ་ནི་སངས་རྒྱས་པ་ལྟར་སྣང་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱང་མ་གྲུབ༔ ངན་སོང་དུ་འགྲོ་བ་ལྟར་སྣང་ཡང་ངན་སོང་གི་ངོ་བོ་ཉིད་ཀྱང་མ་གྲུབ་སྟེ༔ བདེ་སྡུག་ཇི་ལྟར་སྣང་ཡང་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལ་བྲི་བ་དང་གང་བ་མེད་དོ༔ འོ་ན་དེ་ལྟ་བུའི་དབང་དེ་སློབ་དཔོན་གང་གིས་སློབ་མ་གང་ལ་བསྐུར་ན༔ བླ་མ་རང་སེམས་སུ་རྟོགས་པ་གཅིག་གིས༔ སློབ་མ་ཡེ་ཤེས་ཀྱི་ཆ་ལ་གཏོགས་པ་ལ་བསྐུར་ཏེ༔ སྣང་སྲིད་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་གི་གཟུགས་བརྙན་རང་བྱུང་གི་དཀྱིལ་འཁོར་ཡིན་ཏེ༔ དེ་ལྟ་བུའི་དཀྱིལ་འཁོར་མཐོང་བར་འདོད་པ་ནི་གདོང་གཡོགས་གྲོལ་བ་ཡིན་ནོ༔ རང་རིག་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉག་གཅིག་སྟོང་གསལ་ཆེན་པོ་མཐོང་བ་ནི་མིག་ཕྱེ་བའོ༔ རང་རིག་པ་ཆོས་ཀྱི་སྐུར་ཡིད་ཆེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་མཇལ་བའོ༔ དེའི་ངང་ལས་རང་སེམས་ཆོས་ཀྱི་སྐུ་ལས་མི་འགྱུར་བ་ནི་དཀྱིལ་འཁོར་དུ་ཞུགས་པའོ༔ རང་རིག་ཆོས་སྐུར་བརྟན་པ་ཐོབ་ཅིང་མངོན་དུ་གྱུར་པ་ནི་དབང་དང་དངོས་གྲུབ་ཐོབ་པ་ཡིན་ནོ༔ དེ་ལྟར་རིག་པ་རྩལ་གྱི་དབང་ཐོབ་པས། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དང་ཤེས་སྒྲིབ་དག །འབྲས་བུ་ཆོས་ཀྱི་སྐུ་ཐོབ། ལམ་གྱི་མཆོག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྐལ་པ་ཅན་དུ་གྱུར་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ། རྗེས་གནང་། ངོ་སྤྲོད། དམ་ཚིག་བཟུང་བ་ལ་སོགས་པའོ། །དང་པོ་རང་དོན་དུ་རྗེས་སུ་གནང་བ་ནི། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་དུས་ད་ནས་བཟུང་སྟེ་མཐར་ཐུག་བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུས་ནམ་དུའང༔ ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་འཁོར་ལོ། སེམས་ཆོས་ཉིད་ཀྱི་རོལ་པ་ལས་སྐད་ཅིག་ཀྱང་མི་འབྲལ་བ་ལ་འབད་པར་གྱིས་ཤིག །དེས་ནི་ཚེ་འདིར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འགྲུབ་ངེས་པ་ཡིན་ནོ༔ གཉིས་པ་གཞན་དོན་རྗེས་གནང་ནི། སློབ་མ་གཞན་དོན་ནུས་པ་ལ་གདན་ཁྲི་བཤམ་པ་སོགས་ལག་ལེན་ལྟར་བྱ། སྤྱི་ལ་ཡིད་ཀྱིས་དམིགས་ཤིང་། གདུགས་སོགས་ཚིག་དང་བསྟུན་ཅིང་གཏད་ལ། ཁྱེད་རང་རྣམས་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་དཀྱིལ་འཁོར་གཙོ་མཆོག་ཐུགས་རྗེ་ཆེན་པོའི་གཟུགས་ཀྱིས་འཁོད་པའི་སྟེང་དུ་གདུགས་ཕུབ། ཕྱག་ཏུ་ཆོས་དུང་སོགས་གཏད། མཆོད་པའི་བྱེ་བྲག་གིས་མཐའ་བསྐོར་ཏེ་མངའ་གསོལ་བར་མོས་ཤིག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས༔ འགྲོ་བའི་སྡུག་བསྔལ་སྐྱོབ་པར་གྱིས༔ ཆོས་ཀྱི་དུང་ནི་བླ་མེད་མཆོག༔ དྲི་མེད་ཀུན་ཏུ་གང་བར་གྱིས༔ འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས༔ སྙིང་རྗེ་ཆེན་པོ་བློ་ཡི་མཆོག༔ བདུད་རྩིའི་ཆུ་རྒྱུན་དབབ་པར་གྱིས༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཉོན་མོངས་སྐྱོན་གྱིས་མ་གོས་གྱིས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ སེམས་ཅན་དོན་ཀུན་སྒྲུབ་པར་གྱིས༔ རྡོ་རྗེ་འཛིན་པ་སློབ་དཔོན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བསྐུར་ཞིང་མེ་ཏོག་འཐོར། ཆོས་བཀའ་ཡོངས་རྫོགས་ཀྱི་གླེགས་བམ་ན་བཟས་དྲིལ་བ་ལག་ཏུ་གཏད་ལ། རིགས་ཀྱི་བུ་ཁྱོད་ཀྱིས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་འདི་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་སྟོབས་བསྐྱེད་ནས་སྒྲུབས་ཤིག༔ ཤོད་ཅིག༔ སྟོན་ཅིག༔ འགྲོ་དོན་རྒྱ་ཆེན་པོ་གྱིས་ཤིག༔ ཅེས་དང་དབྱངས་གསལ་རྟེན་སྙིང་བརྗོད་དོ། །གཉིས་པ་དབང་གི་ངོ་སྤྲོད་ནི། རྒྱས་པར་སྤྲོ་ན་གཏེར་གཞུང་ཉིད་བླངས་ལ་འདིར་མཐར་ཆགས་སུ་བཀླག །སྐབས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། མི་སྤྲོ་ན་ཆད་པའི་སྐྱོན་ཡང་མེད་དོ། །གསུམ་པ་དམ་ཚིག་བཟུང་བ་ནི། མཐར་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་ལས་འགྲོ་གླིང་པའི་ཟབ་གཏེར་གངས་ཅན་ལྗོངས་ཀྱི་ལྷ་སྐལ་ཡབ་ཆོས་ཁྱད་པར་དུ་གྱུར་པ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ངན་སོང་རང་གྲོལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་ཡིན་པས་བྱང་ཆུབ་སེམས་དཔའི་སྤྱོད་པས་གཞན་དོན་རླབས་པོ་ཆེ་སྒྲུབ་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་ཚུལ་བཞིན་དུ་སློབ་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་མཆོད་བྱིན་དབབ་ནས་ཤིས་བརྗོད་བར་བྱས་པས་འགྲུབ་བོ། །སྟོང་ཉིད་མཁའ་ལ་སྙིང་རྗེའི་འཛུམ་ཟེར་བཞད། །འཁོར་བ་ངན་སོང་སྡུག་བསྔལ་གསུམ་གྱི་མུན། །འཕགས་མཆོག་དགོངས་པའི་ཀློང་དུ་རང་གྲོལ་ནས། །སྲིད་ཞི་མཉམ་ཉིད་ཐིག་ལེ་གཅིག་གྱུར་ཤོག །ཅེས་གྲུབ་དབང་རྒོད་ཕུག་པ་ཆེན་པོའི་གསུང་རབ་ཚིག་ཚོགས་མང་བས་དབང་བསྐུར་མཁན་པོ་ཚར་སྐྱེན་འདོད་པ་རྣམས་ཀྱིས་ངལ་གསོར་བཞུགས་སུ་གསོལ་བར་སྣང་བས། རང་མཉམ་ལ་ཁྱེར་བདེར་དམིགས་ནས་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་འཕགས་པའི་བཞུགས་གནས་དཔལ་རི་གླང་ཆེན་འགྱིང་འདྲའི་ནགས་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).