Terdzo-LI-014: Difference between revisions

From Rinchen Terdzö
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
Line 47: Line 47:
ཨཱོྃ་སྭསྟི། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཅེས་བྱ་བ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ལ་གུས་པར་ཕྱག་འཚལ་ལོ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་ཏུ་བཟང་། །ཐུན་མོང་འགྲོ་ངོར་མི་ཡི་ཚུལ་བཟུང་ནས། །རྣམ་མང་གདུལ་དཀའ་འདུལ་བའི་ཕྲིན་ལས་ཅན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མར་འདུད། །ཟབ་མོའི་ལམ་གྱི་སྨིན་གྲོལ་བདུད་རྩིའི་རྒྱུན། །རིམ་པར་བརྒྱུད་ནས་སྐལ་བཟང་གདུལ་བྱ་ལ། །སྩོལ་མཛད་དྲུག་ལྡན་བརྒྱུད་པའི་ཁྱད་པར་སོགས། །སངས་རྒྱས་ཉག་གཅིག་ཕྲེང་བར་བྱོན་རྣམས་རྒྱལ། །སེམས་ཉིད་ཀ་ནས་དག་པའི་གཞི་དབྱིངས་སུ། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྩལ། །དབྱེར་མེད་ཟུང་འཇུག་སྤྲོས་བྲལ་འདུས་མ་བྱས། །རང་རིག་གདོད་མའི་མགོན་པོ་རྒྱལ་གྱུར་ཅིག །ཐེག་དགུའི་རྩེ་རྒྱལ་བཀའ་གསང་རྫོགས་པ་ཆེ། །མཁའ་འགྲོའི་སྙིང་ཐིག་ཡང་ཟབ་སྙིང་པོའི་ལམ། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་དོ་ཟླ་མེད། །སྐལ་བཟང་མགྲོན་པོ་རྣམས་ལ་འདིར་གསལ་བྱ།  །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག །ཐེག་པ་ཐམས་ཅད་ཀྱི་ཡང་སྙིང་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་མན་ངག་གི་སྡེའི་ཡང་རྩེ། ཚེ་གཅིག་ལུས་གཅིག་ལ་སྐུ་བཞིའི་འབྲས་བུ་ཐོབ་པར་ནུས་པའི་མྱུར་ལམ་ཁྱད་པར་ཅན་དཔལ་མཁའ་འགྲོ་སྙིང་ཐིག་ཅེས་ཡོངས་སུ་གྲགས་པའི་གདམས་ངག་སྟོན་པ་ལ་གཉིས་ཏེ། འཆད་ཡུལ་སློབ་མ་བརྟག་ཅིང་མཐུན་རྐྱེན་གྱི་གཞི་གཟུང་བ་དང་། འཆད་བྱ་གདམས་ངག་གི་ཁྲིད་ཚུལ་སྟོན་པ་གཉིས། དང་པོ་ནི། རྒྱུད་དང་མན་ངག་གི་གཞུང་ཐམས་ཅད་ནས་གསུངས་ཀྱང་། མདོར་བསྡུ་ན། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་གསུངས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དང་བའི་དད་པ། བསྒྲུབ་བྱའི་འབྲས་བུ་ལ་ཆེས་དུངས་པ་འདོད་པའི་དད་པ། དེའི་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་མེད་པ་ཡིད་ཆེས་ཀྱི་དད་པ། ཉི་ཚེའི་རྐྱེན་གྱིས་མི་འཕྲོག་པས་མཐར་ཐུག་པའི་དད་པ་སྟེ་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཞུམ་པ་མེད་པའི་བློ་སྟོབས་ཆེ་ཞིང་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱི་དམ་བཅའ་བརྟན་པས་ཉམས་རྟོགས་སྐྱེ་སླ་བ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་གོལ་ས་ཆོད་པ། ཟས་གོས་སོགས་སྲིད་པའི་བདེ་བ་ལ་འཛིན་ཆགས་ཀྱི་ཞེན་པ་ལོག་པས་ཚེ་འདིའི་འཁྲི་བ་ཆོད་པ། བླ་མ་དང་ལྷ་ལ་བློ་རྩེ་གཅིག་པའི་ཕུ་དུད་ཆེ་བས་བྱིན་རླབས་ངང་གིས་འཇུག་པ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་པ། ཆགས་སྡང་སོགས་ཐ་མལ་གྱི་རྣམ་པར་རྟོག་པ་ལ་མི་འཇུག་པས་སེམས་གཡེང་བ་མེད་པར་བརྟན་པ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའི་སྡོམ་པ་དང་ལྡན་པ། གནས་ལུགས་ཀྱི་དོན་སྒོམ་ཞིང་སྒྲུབ་པ་ལ་སྐྱོ་དུབ་མེད་པའི་བརྩོན་པ་དང་ལྡན་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པ་ནི་ཟབ་མོའི་ལམ་འདིའི་སྣོད་དུ་གསུངས་པའི་ཕྱིར། དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ཉིད། འཆད་ཡུལ་དུ་གཟུང་ངོ་། །མཚན་ཉིད་དེ་ལྡན་གྱི་སློབ་མ་དེས་གང་དུ་སྒྲུབ་པའི་གནས་ནི། ཀློང་གསལ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱ་བའི་གནས། །ཞེས་གསུངས་པས། གནས་རང་བཞིན་གྱིས་ཤིས་ཤིང་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་ཉུང་བ། དགྲ་རྐུན་གྱི་འཇིགས་པ་སོགས་མེད་ཅིང་ས་ཆུ་འཕྲོད་པས་བསམ་གཏན་ངང་གིས་འཕེལ་བ་བརྟེན་པར་བྱའོ། །གང་གི་ཚེ་བྱ་བའི་དུས་ནི། དེ་ཉིད་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས་པས། དུས་དེར་བསིལ་དྲོད་སྙོམས་པས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང་མངོན་སུམ་གྱི་ཡེ་ཤེས་འཆར་སླ་བ་དང་ངོ་སྤྲོད་བདེ་བའི་དབང་དུ་བྱས་པའོ། །བསྟེན་པའི་གྲོགས་ནི། དེ་ཉིད་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་བློ་བརྟན་ཁོག་ཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་གསུངས་པས། ཟབ་ལམ་གྱི་སྒོམ་ཉམས་ཅན་ནམ། མིན་ནའང་ཞི་དུལ་ལྡན་ཞིང་དམ་ཚིག་གཙང་བ། དག་སྣང་འབྱོངས་ཤིང་ཉོན་མོངས་པ་ཤས་ཆུང་བ། བརྩེ་སེམས་དང་ལྡན་པས་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་བསྟེན་ནོ། །ཡོ་བྱད་ཀྱི་ཁྱད་པར་ནི། དེ་ཉིད་ལས། མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་གསུངས་པས། བླ་མ་ལ་འབུལ་རྒྱུའི་དབང་ཡོན། མཁའ་འགྲོ་མཆོད་པའི་གཏོར་ཚོགས་ཀྱི་རྒྱུ། ཁམས་དང་མཐུན་པའི་བཟའ་བཏུང་གི་རྫས་སོགས་ཁ་ན་མ་ཐོ་བ་མེད་ཅིང་དེ་དག་གི་ཆེད་དུ་བྲེལ་མི་དགོས་པ་ཚོགས་པར་བྱའོ།། ༈ །།གཉིས་པ་འཆད་པར་བྱ་བ་གདམས་ངག་གི་ཁྲིད་ཚུལ་བསྟན་པ་ལ་བཞི་སྟེ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱ་བ། གདམས་ངག་གི་སྒོ་ནས་ཉམས་ལེན་བསྟན་པ། རྩིས་ཆེ་བར་བཀའ་རྒྱས་བཏབ་པའོ། །དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་གསུངས་ཤིང་། ཇི་ལྟར་འཆད་ན། བཏགས་གྲོལ་སྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་རླབས་ཀྱིས་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རང་བྱུང་དགའ་རབ་ཐུགས་ལ་ཤར། །སིཾ་ཧ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པས། དེ་ཡང་གདོད་མའི་དབྱིངས་སུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་དག་སྤྲོས་པ་དང་བྲལ་བའི་ངང་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་རྩལ་ཞི་ཁྲོའི་དཀྱིལ་འཁོར་གྲངས་མེད་པ་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་གསུམ་མཉམ་ཉིད་ཆེན་པོར་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔས་འོག་མིན་གྱི་ཞིང་མཐའ་དབུས་མེད་པར་རིག་པ་འཛིན་པ་དང་མཁའ་འགྲོ་རང་གི་རྣམ་པར་འཕྲུལ་པ་ལས་རང་སྣང་བ་བསམ་གྱིས་མི་ཁྱབ་པ་ལ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་འགག་མེད་རང་ཤར་སྒྲ་བརྙན་ལྟ་བུར་གསུངས་པ་ནི་རྒྱལ་བ་ཉིད་ཀྱིས་ཉིད་ལ་བརྒྱུད་པའི་དབང་དུ་བྱས་པས་དགོངས་བརྒྱུད་དོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པས་བཤད་ཅིང་བཀའི་བསྡུ་བ་པོ་ཡང་དེ་འོ། །དེ་ནས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་རིག་འཛིན་ཤྲཱི་སིཾ་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བཤད། དེས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བ་བརྡ་དང་བརྡའི་སྒོ་ནས་བསྟན་པ་ནི་བརྡ་བརྒྱུད་དོ། །དེ་ཉིད་ཀྱིས་གཞོ་སྟོད་ཏི་སྒྲོའི་བྲག་དཀར་དུ་མཁར་ཆེན་བཟའ་མཚོ་རྒྱལ་ལ་ལྔ་ལྡན་ཡེ་ཤེས་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས་ཤིང་། སློབ་དཔོན་ཡབ་ཡུམ་གྱི་ཐུགས་ཀྱི་དགོངས་པ་ཟབ་གསལ་མཚོན་བྱ་དོན་གྱི་ཡེ་ཤེས་སྐལ་ལྡན་ཆོས་ཀྱི་བདག་པོ་ལ་བྱིན་རླབས་འཕོ་བ་སྨོན་ལམ་དབང་བསྐུར་གྱི་རྒྱས་བཏབ། མཚོན་བྱེད་བརྡའི་ཚིག་བརྒྱུད་ཡི་གེར་བཀོད་དེ་མཁའ་འགྲོ་གཏེར་བདག་རྣམས་ལ་གཉེར་དུ་གཏད་ནས་དྭགས་ལུང་ཕྲ་མོ་བྲག་ལ་གཏེར་དུ་སྦས་པ། དུས་ཕྱིས་ལྔ་བཅུ་ཁ་རལ་གྱི་ཚེ་སྨོན་ལམ་ལས་ཀྱི་འཕྲོ་སད་པ་སྐལ་ལྡན་༧པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་པ་མཁའ་འགྲོ་སྙིང་ཐིག་རྩ་བའི་སྐོར་རྣམས། ཤོའི་རྒྱལ་སྲས་ལེགས་པ་དང་ཆོས་རྒྱལ་རིན་ཆེན་གླིང་པ་སོགས་ལ་བཀའ་བབས་པ་དང་། གཏེར་ལུང་ལྟར་གཏེར་སྟོན་ཉིད་བར་ཆད་རྐྱེན་དབང་གིས་དངོས་ཀྱི་འགྲོ་དོན་འཕྲོ་ཅན་དུ་གྱུར་པ་ལས། དེའི་ཕྱི་མ་ལོངས་སྐུའི་ཞིང་ཉུལ་བར་ལུང་བསྟན་པ་ལྟར་ཡེ་ཤེས་ཀྱི་སྐུ་ཅན་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་མཆིམས་ཕུ་རི་མོ་ཅན་དུ་ཨོ་རྒྱན་ཡབ་ཡུམ་གྱིས་དངོས་སུ་བྱིན་གྱིས་བརླབས་ནས་གསུངས་པའི་དོན། ཡང་ཏིག་ཡིད་བཞིན་ནོར་བུ་ཞེས་སྙིང་ཐིག་རྩ་བའི་ཟབ་གནད་གསལ་བྱེད་མན་ངག་ཏུ་བསྡེབས་པ་གུ་རུ་ཡེ་ཤེས་རབ་འབྱམས་དང་བདེ་ལེགས་རྒྱ་མཚོ་སོགས་ལ་བཀའ་བབས་པ་སྟེ། བརྒྱུད་པའི་ཁྱད་པར་དྲུག་ལས་འོངས་པའི་ཆོས་ཚུལ་འདི་ནི། སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་གཞན་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་པའི་དོན། རྒྱུད་བཅུ་བདུན་དགོངས་འགྲེལ་དང་བཅས་པ་རྣམས་ཀྱིས་གསལ་པོར་བསྟན་ཅིང་། ཁྱད་པར་བཏགས་གྲོལ་སྙིང་པོའི་རྒྱུད་དྲུག་དང་སངས་རྒྱས་ཀྱི་འདས་རྗེས་གསུམ། དེའི་མན་ངག་ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱིས་མཛད་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་ཚིག་གཅིག་དང་དབྱངས་གཅིག་གིས་བསྟན་པའི་ལམ་མཆོག་ཕུལ་དུ་གྱུར་པ། རྫོགས་པ་ཆེན་པོ་ཟབ་གསང་མཁའ་འགྲོ་སྙིང་ཐིག་ཅེས་བྱ་བ། མཚོན་བྱེད་ཀྱི་བརྡ་ལ་བརྟེན་ནས་མཚོན་བྱ་དོན་གྱི་གནས་ལུགས་བདེ་བླག་ཏུ་རྟོགས་པར་བྱེད་པ་སྐལ་བཟང་ལས་འཕྲོ་ཅན་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པའོ། །དེ་ལྟར་ཡང་སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲས་བུའི་ཚུལ་དུ་སྨིན་པ་ཡིས། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་གསུངས་པ་བཞིན་ནོ།། ༈ །།གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ལ་དབང་དངོས་དང་དམ་ཚིག་བསྟན་པའོ། །དང་པོ་ནི། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་དང་། དེ་ནས་རིག་པའི་རྩལ་དབང་བསྐུར། །ཞེས་གསུངས་པས། སེམས་ཅན་གྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་རྫོགས་སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུ་དང་ཡེ་ཤེས་སྒྲུབ་པ་ལ། རྒྱུའི་ཐེག་པར་དཀའ་སྤྱད་སོགས་ཐབས་བུལ་ཞིང་ཚེགས་ཆེ་བ་བརྩོན་པ་ཆེན་པོས་བསྒྲུབ་དགོས་པ་དེ་ཉིད། འདིར་དུས་དང་དཀའ་སྤྱད་ལ་མ་ལྟོས་པར་ཐབས་མྱུར་ཞིང་ཚེགས་ཆུང་ངུས་འགྲུབ་པར་འགྱུར་བ་དང་། དེ་ཡང་རྣམ་སྨིན་འཁོར་བའི་སྒོ་གསུམ་ཡེ་ཤེས་ཀྱི་ཁམས་བཞི་ལ་རྡོ་རྗེ་བཞིའི་རིགས་གནས་པ་དེ་སྐུ་བཞིའི་བདག་ཉིད་དུ་སྒྲུབ་པ་ལ་དབང་བསྐུར་བའི་བྱེད་པས། ཚེ་འདི་ཉིད་ལ་སོགས་པར་རྫོགས་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཡང་སློབ་མའི་ལུས་སོགས་རྒྱུ་རྣམ་སྨིན་གྱི་ཁམས་བཞི་པོ་དེ་ཉིད་ལ། འབྲས་བུ་རྡོ་རྗེ་བཞིར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གཉུག་མའི་ཁམས་བཞིའི་ཡོན་ཏན་སད་པར་བྱས་པ་ལས་རྒྱུ་ཡི་རིགས་འདྲ་མ་བོར་བར་སངས་རྒྱས་ཀྱི་རྡོ་རྗེ་བཞི་མངོན་དུ་བྱེད་པར་འགྱུར་ཏེ། འབྲས་བུ་ཉིད་ཀྱི་རྒྱུ་ལ་རྒྱས་བཏབ་པས་འབྲས་བུར་བྱས་པ་དང་། རྒྱུ་ཉིད་ཀྱང་རྒྱུའི་ངོ་བོ་མ་གཏང་བར་འབྲས་བུ་སད་པར་བྱེད་པའི་ཕྱིར་སྨིན་བྱེད་ཅེས་བྱའོ། ཁྱད་པར་འདིར་ནི་སྣང་སྲིད་ཡེ་དག་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་རིག་སྤྲོས་བྲལ་རྫོགས་པ་ཆེན་པོར་དབང་བསྐུར་བས་དེའི་དོན་གཅེར་མཐོང་རང་གྲོལ་དུ་ངོ་འཕྲོད་པས་རིག་པའི་རྩལ་དབང་ཞེས་བྱའོ། །དེ་ཡང་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོའི་གནས་ལ་གནས་པས། སློབ་མ་སྐལ་བ་དང་དབང་པོ་དང་ལམ་གྱི་འཇུག་པ་དང་འཚམ་པར་ཐུན་མོང་དང་ཐུན་མོང་མིན་པའི་དཀྱིལ་འཁོར་དུ་བཅུག་ནས། ལམ་དང་འབྲས་བུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་བྱང་ཆུབ་ཀྱི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་བའི་ནུས་རུང་དུ་སྨིན་པར་བྱེད་པ་ནི་སྨིན་བྱེད་ཀྱི་དབང་ངམ་རྒྱུའི་དབང་དུ་གྲགས་པའོ། །དེ་ཐོབ་ནས་ས་དང་ལམ་གྱིས་མཚོན་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་ན་འཕར་བར་བྱེད་པའི་ཆེད་དུ་དབང་བསྐུར་བ་ནི། ལམ་གྱི་དབང་ངམ་གྲོལ་བྱེད་ཀྱི་ཐབས་སུ་འཇོག་པ་ཡིན་ནོ། །གཉིས་པ་དམ་ཚིག་བསྟན་པ་ནི། ཐལ་འགྱུར་ལས། དབང་བརྟན་པ་ཡི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། །ཞེས་པས་བསྲུང་བྱའི་དོན་ལས་མི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་སྟེ། དབྱེ་ན་རྩ་བ་དང་ཡན་ལག་གི་དམ་ཚིག་ཇི་སྙེད་པ་རྣམས་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདའ་བར་མི་སྤྱོད་པ་ཉིད་ཡིན་ཞིང་། མདོར་ན་བསྲུང་བྱའི་གྲངས་དང་དམིགས་སུ་མ་གྲུབ་པ་ཡེ་བསྲུངས་བཅིང་སྡོམ་མེད་པ་ནི་དམ་ཚིག་གི་དམ་པ་སྟེ། ཡེ་ནས་བསྲུང་མེད་ཆེན་པོ་ལ། །བསྲུང་མཚམས་རིམ་པར་བཀོད་པ་མེད། །ཅེས་དང་། བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། །ཅེས་གསུངས་པ་བཞིན་ནོ།། ༈ །།གསུམ་པ་གདམས་ངག་གི་སྒོ་ནས་ཉམས་སུ་ལེན་པ་ལ། བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་བསྟན་པ་དང་གསུམ་ལས། དང་པོ་ལ་ཟབ་ལམ་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད། ཟབ་ལམ་སྒོམ་པ་དངོས་ལ་འཇུག་པ་དངོས་གཞིའི་ཁྲིད་གཉིས་ཀྱི། དང་པོ་ལ་ཡང་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པའོ། །དང་པོ་ལའང་སྔོན་འགྲོའི་ཆིངས་སྤྱིར་བཤད་པ་དང་། དམིགས་རིམ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། །ཞེས་དང་། རྒྱུད་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་གསུངས་པས། མི་རྟག་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་དངོས་བསྟན་དུ་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། དེ་ཡང་ཐེག་ཆེན་གྱི་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཞིང་། དེ་རྒྱུད་ལ་སྐྱེས་ན་ཐེག་ཆེན་པ་རྣལ་མར་འགྱུར་བས་དེའི་མི་མཐུན་ཕྱོགས་བསལ་ནས་མཐུན་ཕྱོགས་སྒྲུབ་པ་ལ་ཐོག་མར་ཚེ་འདིའི་མངོན་ཞེན་ཟློག་པ་གལ་ཆེ་བས། ཚེ་རིང་དུ་མི་གནས་པའི་འཆི་བ་དྲན་པ་དང་། ཤི་བའི་འོག་ཏུ་ངན་འགྲོར་སྐྱེ་བའི་ཉེས་དམིགས་བསམ་ནས། སྲིད་པའི་ཕུན་ཚོགས་ལ་སྲེད་པའི་བློ་ཡང་འཁོར་བ་མཐའ་དག་གི་ཉེས་དམིགས་ཤེས་པས་སྤངས་ཏེ་ཐར་པ་ལ་ཡིད་ཕྱོགས་པར་བྱ་ཞིང་། དེ་ནས་རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་ཡང་སྤངས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་རིམ་པ་བཞིན་བསླབ་པར་བྱ་དགོས་ཏེ་ཐེག་ཆེན་ཐུན་མོང་གི་ལམ་ཡིན་པའི་ཕྱིར་རོ། །དེ་ཡང་བླ་མ་སོ་སོའི་ཕྱག་བཞེས་ཁྲིད་ཚུལ་མི་འདྲ་བའི་དབང་གིས། མི་རྟག་པ་སྒོམ་པ་ནས་མགོ་གཟུང་སྟེ་དངོས་བསྟན་ལྟར་རྐང་གྲངས་གསུམ་དུ་བསྡུ་བ་དང་། འགའ་ཞིག་དལ་འབྱོར་རྙེད་དཀའ་ནས་མགོ་འཛིན་པ་སོགས་ཡོད་ཀྱང་དོན་གྱི་གནད་གཅིག་སྟེ། དེ་ཁ་མི་རྟག་པ་སྒོམ་པའི་གཞི་ཡིན་པ་དང་། མི་རྟག་པ་བསྒོམས་པས་འཁོར་བའི་ཉེས་དམིགས་ཤེས་པ་དང་། དེ་ཤེས་པས་ལས་འབྲས་ཀྱི་བླང་དོར་ལ་མཁས་པ་དང་། རྒྱུ་དེ་དག་ལས་སྐྱབས་འགྲོ་དང་སེམས་བསྐྱེད་ཡང་དག་པ་སྐྱེ་བར་འགྱུར་བའི་ཕྱིར། ལས་དང་པོ་པ་རྣམས་ལ་ཁྲིད་ཚུལ་དེ་ལྟར་བྱས་ན་ལམ་གྱི་གོ་རིམ་རྣམ་པ་གསལ་བ་དང་། ཐེག་ཆེན་གྱི་ཁྲིད་ཚུལ་སྤྱི་ཁྱབ་དང་མཐུན་ཞིང་རྩ་བའི་དགོངས་པ་ལས་ཀྱང་མི་འདའ་བའི་ཕྱིར་ལེགས་པར་ཡང་འགྱུར་མོད། དེ་ལྟར་བྱེད་ན་ཁྲིད་ཡིག་ནང་མཐུན་གཞན་ནས་ལེན་པའམ་སྤྱི་ཁྱབ་སྔོན་འགྲོའི་ཆོས་བཤད་ཟུར་དུ་བཀོད་པ་ལས་ཀྱང་ཤེས་པར་བྱའོ། །གཉིས་པ་དམིགས་རིམ་བྱེ་བྲག་ཏུ་སྒོམ་པའི་ཚུལ་ལ་དྲུག་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་ནས། ངག་གནད་རླུང་རོ་ལན་གསུམ་ཕྱིར་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། སེམས་གནད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བྱ་སྙམ་པས་སྤྱི་བོར་བླ་མ་བསྒོམས་ནས་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ། དེ་ནི་ཐུན་ཐམས་ཅད་ཀྱི་མགོར་བྱ་སྟེ། གཞུང་གི་རྩིས་འགོས་མ་བསྡུས་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་ཡིན་ནོ། །གཉིས་པ་མི་རྟག་པ་སྒོམ་ཚུལ་ནི། དེ་ཡང་འོ་སྐོལ་རྣམས་ཀྱིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱོང་དུ་ཟིན་ཀྱང་། ད་དུང་སྡུག་བསྔལ་གྱི་མཐའ་རྟོགས་པ་དཀའ་བར་འདུག །དེས་ན་ད་རེས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདིར་གཏན་གྱི་འདུན་མ་འགྲུབ་པ་ཞིག་ཅི་ནས་བྱ་དགོས། དེ་ཡང་སང་བྱ་གནངས་བྱ་སྙམ་པའི་ལེ་ལོས་ཕྱི་བཤོལ་དུ་འཇོག་མི་ཁོམ། མི་ལུས་ཐོབ་ཀྱང་མི་རྟག་པར་མྱུར་དུ་འཇིག་སྟེ། ངེས་པར་འཆི་བ་ལ་ཐེ་ཚོམ་མེད་པ་མངོན་སུམ་གྱིས་གྲུབ། ནམ་འཆིའི་ཆ་མེད་དེ་འཆི་བ་གློ་བུར་བཅར་ཕོག་ཏུ་འོང་། འཆི་བའི་རྐྱེན་མང་ནད་གདོན་འདིས་མི་འཆི་བྱ་བ་མེད། འཆི་བ་ལ་ཕན་པ་དམ་པའི་ཆོས་མ་གཏོགས་གཞན་མེད། དེས་ན་བརྩིགས་པའི་ཁང་ཁྱིམ། བསགས་པའི་ལོངས་སྤྱོད། མཛའ་བའི་གཉེན་གྲོགས་སོགས་གང་གིས་ཀྱང་མི་སྟོངས་བར་ལས་ཁོ་ན་བདག་གིར་བྱས་ནས་འགྲོ་དགོས། དེའི་ཕྱིར་ཕྱི་ནམ་ཟླ་དུས་བཞིའི་འགྱུར་བ་དབྱར་དགུན་སྟོན་དཔྱིད་ལོ་ཟླ་ཞག་དང་ཟ་མ་སྐད་ཅིག་ཡུད་ཙམ་གྱིས་ཀྱང་མི་རྟག་པར་འགྱུར་བ་བཞིན་དུ་རང་ཉིད་ཀྱང་འཆི་བ་ལ་ཇེ་ཉེར་སོང་ཞིང་ངེས་པར་འཆི་བར་ཐག་ཆོད། ནང་སྐྱེ་འགྲོའི་འགྱུར་བ་ཡང་དགྲ་གཉེན་བར་མའི་འགྲོ་བ་བསམ་གྱིས་མི་ཁྱབ་པ་དེ་ཙམ་ཞིག་ཤི་བ་མཐོང་ཞིང་ཐོས་པས་ཀྱང་རང་ཉིད་ནམ་འཆིའི་ཆ་མེད་པར་གཏན་ལ་ཕེབས། གསང་བ་རང་ཉིད་སྐྱེས་ནས་ད་ལྟའི་བར་གྱི་ལུས་ཀྱི་འགྱུར་བ་སེམས་ཀྱི་འཆར་སྒོ་བྱ་བྱེད་སྤྱོད་ལམ་ཐམས་ཅད་ཀྱང་སྐད་ཅིག་སྐད་ཅིག་གིས་མི་རྟག་པར་འགྱུར་བའི་རྣམ་འགྱུར་ཐམས་ཅད་དྲན་པར་བྱ་སྟེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་ལུས་འདི་འཇིག་ཅིང་འབྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་ལ་འཆི་བའི་ཆོས་ཅན་ཏེ། །ཐང་ཅིག་ཡུད་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །ཞེས་པའི་ཚུལ་བསམ་ནས་སང་གི་བྱ་བ་དང་ཚེ་ཕྱི་མ་གང་སྔ་མི་ཤེས་པར་འདུག །དེས་ན་ད་ལྟ་རང་དབང་ཡོད་དུས་ཕྱི་བཤོལ་མེད་པར་ཆོས་ལ་འབད་པར་བྱ་དགོས་ཏེ། ཀླུ་སྒྲུབ་ཀྱིས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཟློག་སླད་བགྱི་བ་གཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར། ཚེ་འདིའི་ཕུན་ཚོགས་ཐམས་ཅད་གཉིད་འཐུམས་གཅིག་གི་རྨི་ལམ་གྱི་བདེ་བ་ལྟར་ཤེས་པས་ཡིད་ཕྱུང་སྟེ། དེ་རིང་ཉིད་ནས་འཆི་ཚིས་ཚགས་སུ་ཚུད་པ་བྱ་དགོས། ཤི་ནས་སྐྱེ་བ་མི་ལེན་ན་དེར་ཟད་དེ། སྐྱེ་བ་ལེན་དགོས། དེ་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས། གལ་ཏེ་ངན་འགྲོར་སྐྱེས་ན་ངན་སོང་གསུམ་ནི་བཟོད་དཀའི་སྡུག་བསྔལ་དོས་དྲགས་ཤིང་སྙུགས་རིང་། བདེ་འགྲོར་སྐྱེས་ན་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་བར་མེད་དུ་མནར་བས། འཁོར་བའི་གནས་མཐོ་དམའ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་ཕོངས་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར་བྱེད་དགོས། དེ་ལས་ཐར་བར་བྱེད་པའི་ཐབས་ཀྱང་ལས་འབྲས་ཀྱི་བླང་དོར་མ་ནོར་བ་ལ་རག་ལས་ཏེ། རྒྱུ་དགེ་སྡིག་གཉིས་ལས་འབྲས་བུ་བདེ་བ་དང་སྡུག་བསྔལ་སོ་སོར་སྨིན་པར་ངེས་པས། མི་དགེ་བ་བཅུ་སོགས་མི་དགེ་བ་ཕྲ་མོ་ཙམ་ཡང་སྲོག་དང་བསྡོས་ནས་སྤོང་ཞིང་། དགེ་བ་བཅུ་སོགས་དགེ་བའི་ལས་ཕྲ་མོ་ཡང་ཅི་ནུས་སུ་སྒྲུབ་པ་དང་། ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་ཀྱང་དགེ་བའི་ལམ་སྲོལ་དུ་ཅི་ཚུད་ལ་འབད་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་བ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་དགེ་བ་དག །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་དེ་དང་རྗེས་འབྲེལ་སྐྱབས་འགྲོ་ནི། དཔེར་ན་ནག་ཅན་བཙོན་དོང་དུ་ཆུད་པ་ཆད་ལས་སྣ་ཚོགས་ཀྱིས་བར་མེད་དུ་བཅད་པས་ཉམ་ཐག་ཅིང་མཐར་གསོད་པར་ཡང་ཉིན་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་བས་འཇིགས་སྐྲག་གི་སྡུག་བསྔལ་བཟོད་དཀའ་བས་ཉེན་པ་ན། དེ་ལས་སྐྱོབ་ནུས་པའི་རམ་ཟླ་ཅི་རྙེད་ཕ་འབོད་མ་འབོད་བྱེད་པ་བཞིན་དུ། རང་ཅག་རྣམས་ཀྱང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་དགེ་བའི་ལས་འབྲས་ཀྱིས་རེ་ཞིག་བདེ་འགྲོར་སྐྱེས་ཀྱང་། སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པའི་གོ་འཕང་མ་ཐོབ་ན་སྔར་བྱས་ཀྱི་དགེ་བའི་འཕེན་པ་ཟད་ནས། སླར་ཡང་ངན་སོང་དུ་ལྷུང་སྟེ་ཡུན་རིང་ལ་དོས་དྲགས་པའི་སྡུག་བསྔལ་མི་བཟོད་པ་སྣ་ཚོགས་མྱང་དགོས་པར་འདུག །སྡུག་བསྔལ་དེ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད་ཅིང་། དེ་ཡང་རང་ལ་དངོས་སུ་སྣང་བའི་སངས་རྒྱས་ནི་བླ་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་ཕྱིར། དེས་ན་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་སྟེ་ལུས་སེམས་རྣལ་དུ་ཕབ་ནས། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ། དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་སུ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ། རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གའི་དབུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། གཡས་ཀྱི་ཡལ་གར་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས། གཡོན་གྱི་ཡལ་གར་ཤ་རིའི་བུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས་རྣམས་དང་། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་རྣམས་གླེགས་བམ་བརྩེགས་པའི་རྣམ་པ་ཅན་དང་། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བར་མེད་དུ་གང་བ། ཐམས་ཅད་ཀྱང་རང་ཉིད་ལ་དགྱེས་ཤིང་བརྩེ་བའི་ཚུལ་དུ་བཞུགས་པར་བསམ་ཞིང་། དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་མོས་གུས་ཀྱི་གདུང་ཤུགས་དྲགས་པོས། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དྲག་པོ་ལས་བསྐྱབ་ཏུ་གསོལ་སྙམ་པའི་བསམ་པ་རྩེ་གཅིག་པས་ངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱས་ནས་ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས། མཐར་སྐྱབས་ཡུལ་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ་ཞིང་། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དགེ་བ་བསྔོ། ཉལ་བའི་ཚེ་སྐྱབས་ཡུལ་མ་བསྡུས་པ་དེ་ཉིད་ལ་མགོ་ཕྱོགས་ནས་མོས་གུས་རྩེ་གཅིག་པ་གཉིད་དང་བསྲེ་བར་བྱ་ཞིང་། སྐྱབས་འགྲོའི་ཕན་ཡོན་དང་བསླབ་བྱ་གོ་དོན་རྣམས་ཀྱང་ཉན་པ་པོའི་བློ་དང་འཚམ་པར་ཅི་རིགས་པ་བཤད་དོ། །བཞི་པ་སྙིང་རྗེ་བྱང་སེམས་སྒོམ་པ་ནི། རྟེན་སྙིང་རྗེ་དང་། བརྟེན་པ་བྱང་ཆུབ་ཀྱི་སེམས་ལས། དང་པོ་ནི། ཕྱོགས་བཅུའི་ནམ་མཁའ་ལ་ཇི་ལྟར་གཞལ་ཡང་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཀྱིས་བདག་གི་མ་མ་བྱས་པ་ནི་གཅིག་ཀྱང་མེད་དེ། བདག་གི་སྐྱེ་བ་ལ་གྲངས་མེད་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་བདག་གི་མ་བྱས་པ་ལ་ཡང་གྲངས་དང་མཐའ་མེད། མ་བྱས་རེས་བཞིན་ཚེ་འདིའི་མས་ཇི་ལྟར་བསྐྱངས་པ་བཞིན་དུ་གནོད་པ་ཐམས་ཅད་ལས་བསྐྱབས། བརྩེ་བའི་སེམས་ཀྱིས་ནི་བཟུང་། བྱམས་པའི་སྤྱོད་ལམ་གྱིས་བསྐྱངས་ནས་མཐའ་དང་ཚད་མེད་པའི་ཕན་སྒོ་དུ་མ་ནས་བཏགས་པའི་དྲིན་ཅན་གྱི་མ་ཤ་སྟག་ཡིན་པ་ལ། ད་ལྟའི་མ་དང་སྐྱེ་བ་གཞན་གྱི་མ་ཞེས་ཉེ་རིང་རིས་སུ་གཅོད་པ་ཅི་ལ་རིགས། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་རྨོངས་ཤིང་ཐབས་ལ་མི་མཁས་པས། སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ཅི་རིགས་པ་ལ་རྟག་ཏུ་སྤྱོད་ཅིང་མནར་བས་ཉམ་ཐག་པར་གྱུར་པའི་རྣམ་འགྱུར་ཡིད་ལ་དྲན་པས་བཟོད་དུ་མེད་པའི་སྙིང་རྗེ་མཆི་མ་འཁྲུག་པ་ཙམ་གྱིས་བློ་བསྐུལ་ནས། གཉིས་པ་བརྟེན་པ་བྱང་སེམས་ནི། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་འདི་དག་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ཡིད་དཀྲུགས་པས་སྨྱོ། བླང་དོར་ལ་བལྟ་བའི་མིག་དང་བྲལ། དགེ་བའི་བཤེས་ཀྱི་ལོང་ཁྲིད་ནི་མེད། ཉེས་སྤྱོད་ཀྱིས་བརྡེག་འཆོས་པས་འཁོར་བ་དང་ངན་སོང་གི་གཡང་སར་ལྷུང་པ་འདི་རྣམས་ཡལ་བར་བོར་ན་དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད། དེས་ན་འདི་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་ཐར་པའི་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ལྷག་བསམ་རྩེ་གཅིག་པས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བརྗོད་ཅིང་དོན་བསམ་པ་ནན་ཏན་དུ་བྱས་པའི་མཐར། དོན་དམ་བྱང་སེམས་ཀྱི་མཚན་ཉིད་སེམས་བསྐྱེད་ཡུལ་སྐྱེད་པ་པོ་སྐྱེད་པའི་ཀུན་སློང་གསུམ་ཀ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་རྒྱས་བཏབ་ནས་དགེ་བ་བསྔོ་ཞིང་། འདིར་ཡང་བསླབ་བྱ་ཕན་ཡོན་གོ་དོན་སོགས་སྐབས་དང་སྦྱར་ཏེ་བཤད་དོ། །ལྔ་པ་རྡོར་སེམས་སྒོམ་བཟླས་ནི། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱང་དགོས། དེ་སྦྱོང་བའི་མཆོག་ནི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྣལ་འབྱོར་དུ་བྱ་བ་ཡིན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་གཉིས་སྔར་བཞིན་དྲན་པའི་ངང་ལས།  རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ཉམས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་ཡུམ་རྡོ་རྗེ་སྙེམས་མ་དཀར་དམར་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བར་བསམ་ལ། དེ་ཡང་དཀོན་མཆོག་སྐྱབས་སུ་བཟུང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་ཉེས་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞི་པོ་ཚང་བའི་བསམ་སྦྱོར་དང་ལྡན་པའི་ངང་ནས། ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་གཏད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པའི་མོས་གུས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ནས་ཡི་གེ་བརྒྱ་པ་དང་། ཨཱོྃ་བཛྲ་སཏྭ་ཧཱུྃ། ཞེས་བཟླས་པས་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟ་བུ་བབས། སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བདག་གི་ཚངས་བུག་ཏུ་ཞུགས་པས་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུད་ཁུ་ལ་སོགས་པའི་རྣམ་པས་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པར་བསམ་ཞིང་སྔགས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སུ་བཟླས་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ལུས་ཀྱི་ནང་འཁོར་ལོ་བཞིའི་གནས་རྣམས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས་པར་བསམ་ཞིང་། རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པར་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་བ་རང་ལ་བསྟིམ། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ལ་བློ་བཞག་ནས། མཐར་བདེ་སྟོང་བརྗོད་བྲལ་གྱི་ངང་ལ་མཉམ་པར་གཞག །དེ་ཡང་སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེད་ཐབས། སྦྱོང་མཁན་སྒྲུབ་པ་པོ་མ་གྲུབ་པ་སྟེ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་ནི་སྡིག་སྦྱོང་གི་མཆོག་གོ །མཐར་དགེ་བ་བསྔོ། འདི་ཉིད་སྡིག་པ་དག་པའི་མཚན་མ་མ་མཐོང་གི་བར་དུ་བྱའོ། །དྲུག་པ་བླ་མའི་རྣལ་འབྱོར་ནི། ཟབ་མོའི་ལམ་གྱི་མཐུན་རྐྱེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཏེ། ལམ་འདིའི་རྟེན་འབྲེལ་གྱི་གནད་ཐམས་ཅད་འདི་ནས་བསྒྲིག་དགོས་པའི་ཕྱིར་རོ། །དེ་ལ་ཚོགས་གསག་པ་དང་གསོལ་བ་གདབ་པ་གཉིས་ལས། དང་པོ་ནི། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་རྩ་བའི་བླ་མ་བརྒྱུད་པའི་བླ་མ་ཀུན་འདུས་ཀྱི་ངོ་བོ་དེ་ཉིད། རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་རོལ་པ། སྐུ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་རྫོགས་ཤིང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ། འོད་ཟེར་རྣམ་ལྔ་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ་སྟེ་སྔར་བས་ཀྱང་གཟི་མདངས་འབར་བར་བསམ་སྟེ། བླ་མ་བདེ་གཤེགས་འདུས་པའི་སྐུ། དཀོན་མཆོག་གསུམ་གྱི་རང་བཞིན་ཉིད། །ཅེས་དང་། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །ཅེས་གསུངས་པ་ལྟར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས། དེ་ཉིད་ཚོགས་ཞིང་དུ་བྱས་ཏེ་སྐུ་གསུམ་གྱི་མཎྜལ་འབུལ་བ་ལས། དང་པོ་སྤྲུལ་སྐུའི་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་བཟུང་སྟེ། བ་བྱུང་དང་དྲི་བཟང་གི་ཆུས་བྱུག་ཅིང་། མེ་ཏོག་དང་བཅས་པས་གཡོན་དུ་བསྐོར་ལ། ཨཱོྃ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད་པས་གསེར་གྱི་ས་གཞིར་བསམ། ཨཱོྃ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་ལྕགས་རི་མུ་ཁྱུད། མེ་ཏོག་གི་ཚོམ་བུ་རིམ་བཞིན་དགོད་པས། དབུས་སུ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་གྱི་གཡས་གཡོན་དུ་ལུས་དང་ལུས་འཕགས་སོགས་གླིང་ཕྲན་རྣམས་དང་། གླིང་རྣམས་ཀྱི་ནང་གི་ཤར་སོགས་ཕྱོགས་བཞིར། གླང་པོ། བློན་པོ། རྟ་མཆོག །བཙུན་མོ་རྣམས་དང་། མེ་སོགས་མཚམས་བཞིར། དམག་དཔོན། འཁོར་ལོ། ནོར་བུ། གཏེར་ཆེན་པོ་རྣམས་དང་། རི་རབ་ཀྱི་ཤར་དུ་ཉི་མ། ནུབ་ཏུ་ཟླ་བ་རྣམས་ཀྱི་ཚོམ་བུ་བཀོད་པ་སོ་སོའི་རྣམ་པ་གསལ་བ། ལྷ་མིའི་འདོད་ཡོན་མ་ཚང་བ་མེད་པས་གང་བ་དང་། བདག་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་ཐམས་ཅད་ཕུལ་བར་བསམ་ཞིང་། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཚོམ་བུ་གསོ་བ་དང་སེམས་ཀྱིས་གསལ་འདེབས་པ་རྣམས་སུམ་ཕྲུགས་སུ་བྱའོ། །དེ་ལྟར་ཚོམ་བུ་ཉེར་གསུམ་མའི་ལུགས་སུ་བྱས་པ་ནི་མཎྜལ་སྟོན་བྱེད་ཀྱི་རྩ་བའི་གཞུང་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། ཚོམ་བུ་སོ་བདུན་མ་དེང་སང་ཡོངས་གྲགས་ཀྱི་ལག་ལེན་ལྟར་བྱས་ཀྱང་འགལ་བར་མི་སེམས་སོ། །གཉིས་པ་ལོངས་སྐུའི་ནི། ཚོམ་བུ་དགུ་བཀོད་ལ། འོག་མིན་རྣམ་དག་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་སྒེག་སོགས་འདོད་ཡོན་གྱི་ལྷ་མོས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་སྤྲོ་བར་དམིགས་ཏེ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་སྔར་བཞིན་སུམ་ཕྲུགས་སུ་འབུལ་ལོ། །གསུམ་པ་ཆོས་སྐུའི་ནི། ཚོམ་བུ་ལྔ་བཀོད་ལ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་རང་བཞིན་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་སྣང་ཆ་ཡེ་ཤེས་ཀྱི་རང་འོད་དུ་འཚེར་བ་འཁོར་འདས་རོ་མཉམ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པའི་དགོངས་པ་བསྐྱང་ཞིང་། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ཏེ་འབུལ་ལོ། །སྤྲོ་ཞིང་ནུས་ན་ཕྱི་ནང་གསང་བའི་མཆོད་པའི་ཁྱད་པར་ཇི་སྙེད་པས་ཀྱང་མཆོད་པར་བྱའོ། །གཉིས་པ་གསོལ་བ་གདབ་པ་ནི། བླ་མ་དེ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས། སྐྱོན་རྟོག་གི་བློ་ངན་སྤངས་ཏེ་ཡོན་ཏན་རྗེས་སུ་དྲན་པས་དད་པའི་བློ་སྣ་དྲངས་ཏེ། ཚད་མེད་པའི་དད་པ་དང་མོས་གུས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ནས་བླ་བརྒྱུད་ཀྱི་གསོལ་འདེབས་ལོགས་ན་ཡོད་པ་ལྟར་བྱ་ཞིང་། བསྡུ་ན་བླ་མ་སྐུ་བཞིའི་གསོལ་འདེབས་ཙམ་དང་། ཁྱད་པར་ཨཱོྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཨཱཿཧཱུྃ། ཞེས་ཅི་ནུས་སུ་བཟླ་ཞིང་། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་བླ་མའི་རང་བཞིན། སྒྲ་གྲགས་སྔགས་ཀྱི་རང་སྒྲ། དྲན་རྟོག་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བར་བྱས་ནས་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པ་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དགྱེས་ཤིང་འཛུམ་པའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་རིམ་པར་ཞུགས་ཤིང་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་སྦྱངས། དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་ཞིང་། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་སྤྱི་བོར་བྱོན། ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་སྟོང་ཟུང་འཇུག་གི་ངང་ལ་ཅི་གནས་སུ་མཉམ་གཞག་བྱ་ཞིང་དགེ་བ་བསྔོ། དེ་ལྟར་བྱིན་རླབས་ཀྱི་ནུས་པ་ཐོབ་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ། །དེ་དག་ནི་མདོ་དང་སྔགས་གཉིས་ཀའི་སྔོན་འགྲོ་ཐུན་མོང་བའི་དབང་དུ་བྱས་པའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པ་ལ་གསུམ་སྟེ། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ། རྣལ་དུ་དབབ་པའོ། །དང་པོ་ལ་རུ་ཤན་དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་ལོ། །དང་པོ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་གནས་སྐབས་གློ་བུར་འཁྲུལ་པའི་སྣང་ཞེན་གྱིས་བསྒྲིབས་པས། ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་རིགས་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད། སྡུག་བསྔལ་གྱི་མྱོང་ཚུལ་གྲངས་ཀྱིས་མི་ཆོད་པ་ཞིག་བྱས་ཀྱང་དོན་མེད་པ་འབའ་ཞིག་ཏུ་སོང་མོད། ད་དུང་ཟིན་མེད་ཀྱི་ལས་ལ་ཞེན་ཅིང་ཆགས་པས་ཅི་ཞིག་བྱ། དེས་ན་ད་རེས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། ཇི་ལྟར་དབྱེ་ན། འཁོར་བའི་ལས་སྣང་དང་རྣམ་པ་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་རྟོགས་ནས་ཕྱིན་ཆད་འཛིན་ཞེན་ལས་གྲོལ་བར་འགྱུར་བའི་ཕྱིར། གསང་སྔགས་ཐུན་མོང་པ་ལས་ཀྱང་། རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་སོགས་གསུངས་པ་དང་ཡང་གནད་གཅིག་གོ །གཉིས་པ་ཇི་ལྟར་དབྱེ་ཚུལ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ཞེས་སོགས་གསུངས་པ་ལྟར། རི་ངོགས་ལུང་སྟོང་སོགས་མིའི་འགྲོ་འོང་མེད་པའི་གནས་དབེན་པར་སོང་སྟེ། གཞི་བདག་ལ་གཏོར་མ་སྦྱིན་ནས། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་སོགས་རིགས་དྲུག་གི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང་། ལུས་ཀྱིས་འཕྱོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེའི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགག་མེད་དུ་སྤྱད་པས་ངལ་དུབ་འགྱུ་བ་སྤུན་དག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་ལྟ་ཞིང་ངལ་གསོ། ཡང་ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར་དང་། ངག་གསུང་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་བྱས་ལ་རྗེས་ཤེས་ཀྱི་རང་ངོ་བསྐྱང་ངོ་། །དེ་ལྟར་བྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ཆགས་ཞེན་དགག་སྒྲུབ་མེད་པ་དང་། ངག་བླ་མའི་གདམས་ངག་གི་ཚིག་དོན་ལ་སྒོམ་བྱུང་གི་ཤེས་རབ་འཆར་བ་དང་། སེམས་གསལ་སྟོང་འགག་མེད་བདེ་བའི་ཉམས་རྩོལ་མེད་དུ་འཆར་བ་རྣམས་མ་བྱུང་གི་བར་དུ་སྦྱང་ངོ་། །དེ་དག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་པའོ། །གཞུང་རྩ་བར་ལུས་ངག་ཡིད་གསུམ་རུ་ཤན་སོ་སོར་དབྱེ་བ་དང་སྒོ་གསུམ་གྱི་སྔོན་འགྲོ་སྤེལ་ནས་བྱེད་པར་གསུངས་ཀྱང་། རུ་ཤན་དབྱེ་བ་ཁོ་ན་སུམ་ཕྲུགས་སུ་བྱས་ན་ཉམས་ལེན་གནད་འདྲིལ་ཞིང་ཆུན་ཆེ་བར་དགོངས་ནས་བཤད་མ་ཐག་པ་ཉིད་བླ་མ་རྣམས་ཀྱི་ཕྱག་ལེན་ལ་མཛད་དོ། །གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ལ་དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་གསུངས་པས། ཕྱི་ལྟར་རུ་ཤན་དབྱེས་པས་ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་ཀྱང་། ནང་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་ན་ཞེ་སྡང་སོགས་ཉོན་མོངས་པའི་ཀུན་སློང་གིས་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས། དེ་དང་དེའི་ནུས་པ་སད་པར་བྱས་ཏེ་འབྲས་བུ་རིགས་དྲུག་གི་འཁོར་རྒྱུད་ཆོད་པར་མི་འགྱུར་བས་དེ་ཆོད་པར་བྱ་བའི་ཕྱིར་རོ། །གཉིས་པ་ཇི་ལྟར་དབྱེ་ཚུལ་ནི། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པ་དང་། ས་བོན་གནས་ཚུལ་ནི། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། །ཞེས་པས་སྦྱང་གཞི་འགྲོ་བ་རྣམས་ཀྱི་ལུས་ཀྱི་གནས་དྲུག་ཏུ། སྦྱང་བྱ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་དྲུག་གི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པ། རྣམ་པ་སོལ་དོང་དུ་དུ་བ་ཕྱུར་བ་ལྟར་བསམ་ཞིང་། སྦྱོང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་རྣམ་པ་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམ་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨཱོྃ་ཨཱཿཧཱུྃ་འབུམ་ཚོ་བདུན་དབྱངས་སྙན་པོས་བཟླ་འོ། །དེས་སྡིག་པ་དག་པའི་རྟགས་དངོས་སམ་རྨི་ལམ་ཅི་རིགས་པར་འབྱུང་ཞིང་ལུས་ངག་ཡིད་གསུམ་ཐ་མལ་གྱི་འཛིན་ཞེན་དག །ལུས་བདེ་ངག་དག་སེམས་གསལ་སྟོང་མི་རྟོག་པའི་ཉམས་མ་ཤར་གྱི་བར་དུ་འབད་པར་བྱ་སྟེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། །གསུམ་པོ་འཁོར་བར་ལྡོག་པ་མེད། །ཅེས་དང་། དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་གསུངས་པས་རྒྱུ་ས་བོན་ཟད་ན་དེས་བསྐྱེད་ཀྱི་འབྲས་བུ་མི་འབྱུང་བ་བཞིན་ནོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པ་འོ། །ཞེས་གསུངས་པས། དེ་ཡང་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དྭངས་སྙིགས་ཕྱེད་པར་འགྱུར་བའི་ཕྱིར། རྐང་མཐིལ་གཉིས་སྦྱར། སོར་མོ་བཅུ་ས་ལ་བཙུགས། པུས་མོ་ཕྱིར་བརྒྱང་། རྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱང་། མགྲིན་པ་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་ཤུགས་ཕྱུང་ནས་བསྒྲིམས་ཏེ་རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས་པར་འགྱུར་རོ། །དེའི་ཚེ་ལུས་རང་བབས་སུ་ཁྲེས་སེ་སྐྱུར་ལ་སེམས་རྟོག་མེད་ཀྱི་རང་ངོ་བསྐྱང་ངོ་། །དེ་ཡང་རྡོ་རྗེའི་ཡར་རྩེ་གསུམ་གྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་མར་རྩེ་སྐུ་གསུམ། རྐེད་པ་གཅིག་ཏུ་འདྲིལ་བ་ལམ་དབྱེར་མི་ཕྱེད་པ་མཚོན་པའོ། །དེའི་དགོས་པ་ནི་གསུམ་སྟེ། ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ།  །གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེས་གསུངས་པའི་དང་པོ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་ལུས་གནད་ཆོས་བདུན་བཅས་ཏེ། སྙིང་གར་ཧཱུྃ་སྔོན་པོ་ཞིག་བསྒོམས་པ་གསལ་སྣང་ཐོན་པར་བྱས་ནས་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་ཧཱུྃ་གི་གླུ་སྙན་ལ་རིང་བར་བླངས་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡས་ནས་ཐོན། ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབས་པའོ། །དེས་ནི་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །ཡང་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་རླུང་གཟུང་། ལུས་ཧཱུྃ་གིས་གང་བར་རྩོལ་མེད་དུ་འཆར་ཞིང་མི་བདེ་བ་སྙམ་བྱེད་པ་ནི་རྒྱས་ཐེབས་པའོ། །དེས་ནི་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། སྙིང་གའི་ཧཱུྃ་ཡིག་སྔར་ལྟར་གསལ་བ་ལས་ཧཱུྃ་དྲག་པོ་ངར་དང་ལྡན་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ་ཡུལ་ཆེ་ཆུང་གང་ལ་སྤྲོ་བ་དེ་དང་འཚམ་པ་མང་པོ་ཐོལ་ཐོལ་བྱུང་བས། ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་། སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་ལས་སང་སེང་དངོས་མེད་དུ་དག་པར་འཆར་བ་ནི་རྩལ་འབྱོངས་པའོ། །དེས་ནི་སྣང་བ་བདེན་མེད་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སྔར་ལྟར་ཧཱུྃ་བརྗོད་པས་ཧཱུྃ་ཡིག་མཚན་ཉིད་བཞི་ལྡན་དེས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཐལ་བྱུང་དུ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་། ལུས་ཀྱི་ཤ་ཁོལ་བུར་འཕར་ཞིང་ན་བ་དང་། ལུས་ཆུ་ཟླ་ལྟར་རང་བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ནི་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་བཙུགས་ཏེ། ངག་གི་ཧཱུྃ་སྙན་ཞིང་རིང་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་དུ་བྱུང་། དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་དང་དར་ཅིག་ཀློད་ལ་ངལ་གསོ། ཡང་རིམ་བཞིན་བཤིགས་ནས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུྃ་ལ་རྫོགས་པར་བསྟིམས་ནས་ངལ་གསོ། དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལ་སྦྱངས་པ་བཞིན་ལམ་དུ་ལོངས་པས། རྣམ་རྟོག་གི་ངར་ཞི་ནས་སེམས་ཤིན་སྦྱངས་ཐོབ་སྟེ་དམིགས་པ་གང་དུའང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དོན་ནོ། །བཞི་པ་ལམ་དུ་འཇུག་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལ་མདུན་ན་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་སྟེ་འཁྱོག་མཚམས་སུ་ཅུང་ཟད་ངལ་གསོ་ཞིང་། རྒྱང་རིང་པོའི་མཐའ་ཚད་མེད་པའི་ཕ་རོལ་དུ་སོང་བར་བསམ་ཞིང་ཧཱུྃ་རིང་པོར་བརྗོད་ལ་རང་བབས་སུ་ངལ་གསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནས་པ་ལ་ངལ་གསོ། དེས་ཐོག་མར་དགའ་བ་དང་སྐྱོ་བ་ལ་སོགས་པའི་ཉམས་མཐོ་དམའ་ཅན་དུ་སྐྱེ་ཞིང་། མཐར་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་འཆར་རོ། །དེས་ནི་ལུས་ངག་ཡིད་གསུམ་ཡང་དག་པའི་ལམ་སྲོལ་དུ་ཆུག་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེ་གསལ་མི་རྟོག་པའི་ཉམས་བོགས་ཆོད་དུ་སྐྱེ་བས་དེའི་རང་ངོ་བསྐྱང་། དེ་དག་གི་དགོས་པ་ནི་གསུམ་སྟེ། ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ།  །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པས། དང་པོ་བྱུང་ས་ལ་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་སོགས་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིགས་ནས་བཙལ་བས་ཨི་རྙེད། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་ཤས་ནས་བཙལ་ནས་རྙེད་དམ། གལ་ཏེ་སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཨི་རྙེད། མདོར་ན་བཙལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་སེམས་ལ་ཚུར་བལྟས་པས་ངོ་བོ་ངོས་གཟུང་ཐམས་ཅད་དང་བྲལ་བའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད་ཅིང་བསྐྱར་རོ། །གཉིས་པ་གནས་ས་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད་པས་དེ་དག་གང་དུ་ཡང་མ་གྲུབ་ན། རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པས་ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པ་འགྲོ་ས་ལ་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུ་ཡང་འགྲོ་བའི་ཡུལ་མེད། ཡུལ་ཅན་གྱི་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་གཟུང་ཐམས་ཅད་དང་བྲལ་བས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོང་དང་བྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་དག་གི་དགོས་པ་ནི་གསུམ་སྟེ། ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གཉིས་སུ་མེད་པར་འགྱུར་བའོ། །དེ་ལྟར་ཡང་ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པར་མཐར་ཐུག་གི །དགོས་པ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དང་། ཡང་བཤད་མ་ཐག་པའི་དགོས་པ་སྔ་མ་གཉིས་ཐུན་མོང་དང་། ཕྱི་མ་མཆོག་ཏུ་བྱས་ནས་གཉིས་སུ་ཡང་བཤད་དེ། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་རྣལ་དུ་དབབ་པ་ལ་གཉིས། རྣལ་དབབ་དངོས་དང་། སོར་འཇུག་པའོ། །དང་པོ་ལ་རྣལ་དུ་དབབ་དགོས་པར་བསྟན་པ་དང་། ཇི་ལྟར་དབབ་པའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པ། །དེ་དག་གྲོལ་ཕྱིར་རྣལ་དུ་དབབ། །ཅེས་གསུངས་པས། དེ་ཡང་འཁོར་བའི་ཆོས་སྤང་བྱའི་རྣམ་རྟོག་དང་། གཉེན་པོའི་ཆོས་དགེ་བའི་རྣམ་རྟོག་གང་ཤར་ཡང་རྣམ་པ་གང་གསལ་བ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་རྣམ་པར་རྟོག་པ་གནས་འགྱུར་ནས་རྣམ་པར་མི་རྟོག་པར་འགྱུར་ཏེ། དཔེར་ན་ཆུ་བསྙོགས་མ་ཅན་དེ་ཉིད་གཡོ་མེད་དུ་བཞག་པས་དྭངས་པར་འགྱུར་བ་བཞིན་ནོ། །དེ་ཡང་ཐོག་མར་རྟོག་པ་ནན་གྱིས་བཀག་ན་སེམས་མི་གནས་པའི་ཁར་སླར་གེགས་སུ་འགྲོ་ཞིང་ཏིང་ངེ་འཛིན་སྐྱེ་དཀའ་བར་དགོངས་ནས། མདོ་སྡེ་རྒྱན་ལས་ཀྱང་། གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ཡིས་རྣམ་གྲོལ་འགྱུར་ངེས་ན། །དེ་ཡིས་དེ་དག་ལས་ངེས་འབྱུང་། །ཞེས་དང་། བརྟག་གཉིས་ལས། ཆགས་པས་འཇིག་རྟེན་འཆིང་གྱུར་ན། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་ཐབས་ལ་མཁས་པར་གསུངས་པ་དང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་འགྲུབ། །དེ་ལྟ་བས་ན་དམིགས་པ་དང་། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་དབུས་མཐའ་ལས་ཀྱང་གསུངས་པ་བཞིན་ཏེ། དེ་ལྟར་སྔར་བཤད་པའི་འཁོར་འདས་རུ་ཤན་དབྱེ་བ་སོགས་ཐ་མལ་གྱི་སྣང་བ་བག་ཆགས་ཀྱི་ཞེན་སྣང་རགས་པ་བློ་ལ་འཆར་བདེ་བ་རྣམས་དང་། དེ་ནས་ནང་གི་ཤན་འབྱེད་དང་རྒྱས་གདབ་རྩལ་སྦྱོང་སོགས་ཕྲ་བ་རྣམས་ལ་རིམ་གྱིས་བསྡུས་པས་དབང་ཤེས་གཞན་དུ་མི་གཡེང་བར་འཆིང་ཞིང་། དེས་ཡིད་ཤེས་ཚོགས་དྲུག་གཅིག་ཏུ་འདུ་ཞིང་ཡུལ་གཞན་ལ་འཕྲོ་བའི་སེམས་ཉེ་བར་ཞི་བར་བྱེད། དེ་ནས་ཆོས་འདུས་མ་བྱས་པ་དང་འབྲེལ་བ་ཡུལ་དྲུག་དམིགས་པའི་རྟེན་དེ་ཡང་ཡིད་ལ་མི་བྱེད་པར་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚན་མ་གང་ལ་ཡང་མི་རྟོག་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའི་དོན་དང་། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་པའི་ཕྱིར་རྣལ་དུ་དབབ་པའོ། །གཉིས་པ་ཇི་ལྟར་དབབ་ཚུལ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་དང་། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་པས། བདེ་བའི་མལ་དུ་ལུས་སེམས་སྐྱིལ་ལམ། ཙོག་པུ་སོགས་གང་བདེ་རང་བབས་སུ་བསྒུལ་བསྐྱོད་མེད་པར་བཞག །ངག་སྨྲ་བརྗོད་ལྟ་ཅི་རླུང་ལ་ཡང་བཟོ་བཅོས་མེད་པར་བཞག །སེམས་མི་དགེ་བ་དང་ལུང་མ་བསྟན་དུ་མ་ཟད་དགེ་བའི་རྣམ་པར་རྟོག་པ་ཙམ་ཡང་བཏང་ནས་རང་བབས་སུ་འཇོག་སྟེ། ཆུ་མ་བསྙོག་ན་དྭངས་པ་ལྟར་སྒོ་གསུམ་གཞི་ཐོག་ཏུ་དྭངས་པར་འགྱུར་བས་བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ནོ། །དེ་ལྟར་ཡང་ཤེར་ཕྱིན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་པ་དང་ཡང་གནད་གཅིག་གོ །དེས་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུག་ཅིང་ནད་རྐྱེན་མི་འབྱུང་བ་དང་རང་བཞིན་གྱིས་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་དུ་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ། །གཉིས་པ་སོར་གཞུག་ལ་དགོས་པ་བསྟན་པ་དང་། གཞུག་པའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་འཇུག །ཅེས་གསུངས་པས། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་བར་མ་དང་རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་པ་ལ་བསླབ་པར་བྱ་བ་ཡིན་ཏེ། རལ་གྲིའི་འཕྲུལ་འཁོར་ཤེས་པར་འདོད་པས་དང་པོར་ཤིང་གི་རལ་གྲི་ལ་བསླབ་པ་བཞིན་ནོ། །གཉིས་པ་གཞུག་ཚུལ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་གསུངས་པས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ལུས་གནད་ཆོས་བདུན་ལྡན་གྱིས་མི་གཡོ། ངག་མི་སྨྲ་བས་རླུང་གི་འགྲོ་འོང་རང་ཤུགས་སུ་དལ་བར་བཞག །མིག་སྣ་རྩེའི་ནམ་མཁའ་ལ་ཧྲིག་གེ་གཏད་ནས། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལས་མི་སྤྲོ་མི་སྡུད་པར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོས་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ་པར་བྱ་སྟེ། ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། གཞན་སྔར་ལྟར་ལས་མིག་བར་སྣང་ལ་ཧྲིག་གིས་བསྒྱུར་ནས་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་གསལ་ལ་མ་འགགས་པར་ཤར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པར་བྱ་སྟེ། བོ་དྷི་སཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བ་ཉིད་ལ་ལངས་ཏེ་གོམ་པ་གྱ་ཚོམས་སུ་དོར། མིག་གཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་ཞེས་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་རྩལ་སྦྱངས་པས། རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ་པར་བྱ་སྟེ། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་ཡང་། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་གསུངས་པས། ཉན་ཐོས་ཀྱིས་སྒོ་གསུམ་རང་བཞིན་དུ་གནས་པར་བྱེད། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོས་བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་ཅིང་། དེ་དག་ལས་གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་ལ་སྲོལ་དུ་འཇུག་པ་ཡིན་ནོ། །འདས་རྗེས་དོན་ཁྲིད་ལས་སྔོན་འགྲོ་གཞན་རྣམས་སྔར་ལྟར་བྱས་ནས། རྣལ་དབབ་སོར་གཞུག་དངོས་གཞིའི་ཁོངས་སུ་བསྡུས་ཏེ་གསུངས་པ་ནི་སེམས་བཞག་ཐབས་ཀྱི་རྩ་བ་ལྟ་བུ་ཡིན་པས་སྐབས་སུ་བབས་པར་འགྱུར་མོད། འདིར་ནི་ཁྲིད་གཞུང་གཞན་རྣམས་དང་མཚུངས་པར་བྱས་སོ། །དེ་ལྟར་སྒོམ་པའི་ཚེ་ཡིད་སྤྲོ་ཞིང་འཇུག་ན་གེགས་ཆུང་ལ་བོགས་ཆེ་བས་བསྒོམ། སུན་ཅིང་མི་སྤྲོ་ན་བསྒོམས་ཀྱང་གེགས་སུ་འགྱུར་ཏེ་རྟ་གདོང་འདྲོག་ཅན་བཞིན་ཕྱིས་སྒོམ་གྱིས་སྣ་སུན་ནས་ངན་ལང་དུ་འགྲོ་བས་ཅུང་ཟད་ངལ་གསོས་ནས་རིམ་གྱིས་གོམས་པ་ལ་འཇུག་པར་བྱའོ།། །།དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ། ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་ཀྱི་ལམ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་གཉིས། དང་པོ་ལ་གཉིས། གནས་ལུགས་གཏན་ལ་འབེབ་པ་དང་། རིག་པའི་རང་ངོ་སྤྲད་པའོ། །དང་པོ་ལ་གསུམ་སྟེ། འདས་རྗེས་དོན་ཁྲིད་ལས། དང་པོར་རྟོག་པ་རྩད་གཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག །ཅེས་གསུངས་པས། དང་པོར་རྩད་གཅད་པ་ནི། བྱ་བྱེད་ཐམས་ཅད་ཀྱི་གཞི་ལུས་ངག་ཡིད་གསུམ་པོ་ལས་འཁོར་བར་འཁྱམས་མཁན་དང་སངས་རྒྱས་སུ་འགྱུར་བ་པོ་དེ་གང་། བདེ་སྡུག་གི་རྟེན་དང་དགག་སྒྲུབ་བྱེད་པ་པོ་དེ་སུ། སྐྱེ་བ་སྔ་ཕྱི་རྒྱུད་འཕེན་དང་འཁོར་མཁན་དེ་ལུས་ངག་ཡིད་གསུམ་སོ་སོ་བས་སམ། ཚོགས་པ་གཅིག་པས་བྱེད་བརྟགས་ཤིང་དཔྱད་པས། དེ་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཐག་ཆོད་པ་ནི་རྐུན་པོ་ངོས་ཟིན་པ་ལྟ་བུ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །ཞེས་དང་། གསང་བའི་སྙིང་པོ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་དང་། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོགས་གསུངས་པའང་དོན་འདི་ལ་དགོངས་པའོ། །གཉིས་པ་མཚང་བཙལ་བ་ནི། དེ་ལྟར་འཁོར་འདས་ཐམས་ཅད་ཀྱི་རྩ་བ་སེམས་འདིས་ཡུལ་ཐམས་ཅད་ལ་བདག་ཏུ་འཛིན་ཅིང་། ང་ཞེས་ཞེན་པར་བྱེད་ན། དེ་དང་འབྲེལ་པ་ཅན་གྱི་ལུས་དང་ངག་གཉིས་པོའང་གཅིག་གམ་ཐ་དད། གཅིག་ན་ལུས་ངག་མཐོང་ཐོས་སུ་གྲུབ་པ་བཞིན་སེམས་ཀྱང་མཐོང་ཐོས་སུ་ཅིར་མི་འགྱུར། སེམས་མཐོང་ཐོས་སུ་མི་དམིགས་པ་བཞིན་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་མོད། དེ་དག་སོ་སོར་ཐ་དད་ན། ལུས་རྡུལ་ཕྲན་ཆ་མེད། ངག་རྗེས་མེད་རང་ཡལ། སེམས་བྱ་ལམ་རྗེས་མེད་དུ་སོང་རྗེས། གཅིག་དང་ཐ་དད་གང་དུ་ཡང་གྲུབ་པ་མེད་པའི་མཚང་རིག་པ་སྟེ། དེའང་ཡུལ་དང་ཡུལ་ཅན་སྐྱེ་འགག་དང་རྟག་ཆད་ལ་སོགས་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བ། ཅི་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཧྲིག་གེ་བ། ཇི་ལྟ་བ་བཞིན་བརྗོད་པའི་ཡུལ་ལས་འདས་པ་ཉིད་འཁྲུལ་མ་འཁྲུལ་གྱི་མཚན་མ་ལས་གདོད་ནས་གྲོལ་བའི་ཕྱིར། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་གསུངས་པ་ལྟར་རོ། །གསུམ་པ་གནས་ལུགས་ལ་བརྟག་པ་ནི། དེ་ལྟར་གཞིའི་མཚང་མ་རྙེད་ཀྱང་བདག་མེད་པ་ལ་བདག་ཏུ་འཛིན་པའི་སེམས་ཀྱི་ངོ་བོ་འདི་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐར་གང་དུ་འགྲོ། དེ་ཡང་ཇི་ལྟར་བྱུང་། ཇི་ལྟར་གནས། ཇི་ལྟར་འགག་སོགས་ལ་བརྟགས་ཤིང་དཔྱད་པས། དེ་དག་གང་དུ་ཡང་མ་གྲུབ་པས་ལྟ་བྱེད་ཀྱི་གཉེན་པོས་སླེབ་ཚེ་བལྟ་བྱའི་ཡུལ་ཉིད་རང་བཞིན་སྟོང་པ་རྩ་བྲལ་དུ་དག་པས་སྡོང་པོ་རྩ་བ་བཅད་ན་ལོ་འདབ་ངང་གིས་བསྐམ་པ་བཞིན། ལྟ་བྱེད་ཀྱི་རིག་པ་ཉིད་ཀྱང་འདི་ཞེས་མི་མཚོན་པ་སོ་སོ་རང་རིག་གི་ངོ་བོ་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར། དེའི་ཚེ་གནས་ན་གནས་པའི་ངོ་བོ་ལ་བལྟ་ཞིང་། འཕྲོ་ན་འཕྲོ་བའི་ངོ་བོ་ལ་བལྟས་པས་རིག་བྱ་རིག་བྱེད་དང་བྲལ་བའི་རང་རྩལ་འགག་མེད་ཀྱི་རིག་པ་རང་བབས་སུ་བསྐྱངས་པས་ཡེ་སྟོང་ཀ་དག་གི་གནས་ལུགས་མངོན་དུ་གྱུར་པ་སྟེ། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་དང་། གཞན་ཡང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་དོན་མངོན་གྱུར་རང་སར་གྲོལ། །ཞེས་གསུངས་པ་བཞིན་ནོ། །འོ་ན་བྱུང་གནས་འགྲོ་གསུམ་ལ་བརྟག་པ་སྔར་ཡང་བྱུང་བས་སོ་སྙམ་ན། སྔ་མ་ནི་ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབ་བྱེད་ཡིན་ལ། འདིར་ནི་ཡུལ་ཅན་ལ་བརྟགས་ནས་ངོ་བོའི་ཐོག་ཏུ་འབེབ་པ་ཡིན་ནོ་ཞེས་༧ཆོས་རྗེ་ཀུན་མཁྱེན་ཆེན་པོས་གསུངས་པ་ལྟར། སྔ་མ་ནི་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབ་པ་དང་། ཕྱི་མ་ནི་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་པ་ཡིན་ནོ།  །གཉིས་པ་དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ། བྱིན་རླབས་འཕོ་བའི་ཐབས་ཀྱིས་ངོ་སྤྲོད་པ། གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་པ་དང་གསུམ་མོ། །དང་པོ་ནི། ཚོགས་གཏོར་རྒྱ་ཆེར་བཤམས་པས་མཆོད་ཅིང་གསོལ་བ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། ལུས་གནད་བཅས་ཏེ། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱས་ནས། སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་རིམ་ཕོག་ལ། དེ་ཡང་། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱིས་བློ་གཏད་ལིངས་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་རློབས་ཤིག །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ཅིག་བྱས་ལ། བླ་མས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕབ་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་ཀློད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར། དེའི་ངང་ལ་ལྷོད་ཀྱིས་ཀློད་པས་རིག་མདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་གཞག་མེད་པར་རང་བབས་སུ་བསྐྱང་དུ་གཞུག་གོ །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་བླ་མ་རྣམས་ཀྱི་ཕྱག་བཞེས་ཉམས་མྱོང་བོགས་ཆོད་དུ་སྐྱེ་བ་ལ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་ནི། དོན་ཁྲིད་ལས། དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར། སྟོང་པ་སྣང་བར། སྣང་སྟོང་གཉིས་མེད་དུ། གཉིས་མེད་རང་གྲོལ་དུ། དུག་ལྔ་རང་གྲོལ་དུ། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་དོ། །ཞེས་རྣམ་གྲངས་བདུན་དུ་གསུངས་པ་ལས། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། སྒོ་གསུམ་རང་བབས་སུ་བཞག་པ་ལས། སྣང་གྲགས་ཀྱི་ཆོས་གང་ཡང་རུང་བ་ཞིག་ཡིད་ལ་ཝལ་གྱིས་འཆར་དུ་བཅུག་ནས། འདི་ལྟར་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་རང་གི་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས་ཕྱི་རོལ་ན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། གཞི་གཅིག་ལའང་རིགས་དྲུག་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་མེད་ཐ་དད་དུ་སྣང་བ་དང་། སྐྱེས་བུ་གཅིག་ཉིད་ཀྱང་རྣམ་རྟོག་ཐ་དད་པས་དགྲ་གཉེན་དུ་མ་ངེས་པའི་ཕྱིར། སེམས་ལ་རྣམ་རྟོག་ཇི་ལྟར་ཤར་ཡང་སེམས་ཉིད་ལས་མི་གཡོ་ཞིང་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཕྱིར་རྣམ་རྟོག་སེམས་སུ་ཐག་ཆོད་པ་སྟེ། དེ་ཡང་སེམས་ཀྱི་ངོ་བོ་ནི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ན། མཚན་ཉིད་མཚོན་པར་བྱེད་པ་རྣམ་རྟོག་ལམ་མེར་འཆར་བ་འདི་ལས་ཅི་ཞིག །ཀློང་གསལ་ལས། སེམས་ཀྱི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོགས་པ་མེད། །ཅེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི། སེམས་དེ་ཡང་། ཡོད་མེད་སྐྱེ་འགག་རྟག་ཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་ཅིང་། སྤྲོས་པ་ཐམས་ཅད་དང་བྲལ་བས་འདི་ཞེས་མཚོན་དུ་མེད་པའི་ཕྱིར་སྟོང་པ་ཉིད་དུ་ཐག་ཆོད་པ་སྟེ། རྒྱུད་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤང་རང་གྲོལ་སེར་བུ་འདྲ། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་གཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི། ངོ་བོ་སྟོང་པ་ཉིད་ལས་འགྱུར་བ་མེད་ཀྱང་རང་རྩལ་མ་འགགས་པའི་འཆར་སྒོ་ཅིར་ཡང་སྣང་བའི་ཕྱིར། རྒྱུད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་དང་། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་བ་ཡང་རྒྱུ་རྐྱེན་གཞན་མེད་དེ། སྟོང་ཉིད་ཀྱི་རང་རྩལ་ཆུ་ནང་ཟླ་གཟུགས་བཞིན་སྣང་སྟོང་གཉིས་མེད་སོ་སོ་རང་རིག་གི་ངོ་བོར་གནས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་སྟོང་གཉིས་མེད་རང་བྱུང་གི་རིག་པ་རང་གསལ་ཧྲིག་གེ་བ་སྤྲོས་བྲལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་ན་སྐུ་གསུམ་གྱི་དབྱིངས་སུ་རང་གྲོལ་བ་སྟེ། ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །ཅེས་གསུངས་པ་ལྟར་རོ། །དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི། ཞེ་སྡང་ལ་སོགས་པ་དུག་ལྔའི་རྣམ་པར་རྟོག་པ་གང་ཤར་ཡང་དེ་ཉིད་ཀྱི་ངོ་བོ་ལ་ཆེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་ཞེ་སྡང་མ་སྤང་གསལ་སྟོང་ཡེ་ཤེས་སུ་རང་གྲོལ། དེ་བཞིན་དུ་འདོད་ཆགས་བདེ་སྟོང་དང་། གཏི་མུག་མི་རྟོག་པ། ང་རྒྱལ་དང་ཕྲག་དོག་རང་གསལ་གཉུག་མའི་ངོ་བོ་རྣམས་སུ་འཆར་ཞིང་ཡེ་ཤེས་ལྔའི་ངང་དུ་གྲོལ། དེས་མཚོན་ནས། རྩ་ཉོན་དང་། ཉེ་ཉོན་ཉི་ཤུ་སོགས་མི་དགེ་བའི་རྟོག་པ་གང་སྐྱེས་ཀྱང་ཐམས་ཅད་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་བཞིན་དུ་གཟུགས་ལ་སོགས་པ་ཚོགས་དྲུག་གིས་བསྡུས་པའི་ཡུལ་དང་ཡུལ་ཅན་གྱི་སྣང་བ་དང་། རྟོག་པ་ཕྲ་རག་གང་ཤར་ལ་བལྟས་པས་རང་བཞིན་མེད་པ་ཡེ་སྟོང་རྩ་བྲལ་ཆེན་པོར་རང་གྲོལ་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །མདོར་ན་གང་ཤར་གྱི་རིག་པ་བཅིང་གྲོལ་ལས་འདས་པའི་རང་བཞིན་སྤྲོས་བྲལ་ཀ་དག་གི་དབྱིངས་སུ་རང་གྲོལ་བས། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་གནས་ལུགས་མཐར་ཕྱིན་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ངང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་སྐྱེ་མེད་དུ་རྩད་བཅད་ནས་ངོ་རང་ཐོག་ཏུ་སྤྲོད་པ་དང་། འགག་མེད་དུ་གཏན་ལ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ། གཉིས་མེད་དུ་ཐག་བཅད་ནས་རྩལ་གྲོལ་ཐོག་ཏུ་སྦྱང་བ་ཞེས་གསུངས་པ་རྣམས་ཀྱང་བཤད་མ་ཐག་པའི་དོན་ལས་གཞན་མེད་དོ། །གསུམ་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པ་ལ། རང་གནས་བསམ་གཏན་གྱི་ངང་ལ་ངོ་སྤྲད་པ་དང་། རང་མདངས་ཡེ་ཤེས་ཀྱི་རོལ་པ་ལ་ངོ་སྤྲད་པའོ། །དང་པོ་ནི། རིན་ཆེན་སྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་གསུངས་པས། རི་བོ་ཅོག་གཞག་ལུས་རྣམ་སྣང་གི་ཆོས་བདུན་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་གཞག་མིག་མདའ་གང་ཙམ་གྱི་ཐད་ཀར་མིག་འབྲས་མི་འགུལ་བར་ཧྲིག་གེ་བལྟ། རིག་པ་ཅོག་གཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟའི་ཤེས་པ་གསལ་ལ་ངོས་གཟུང་མེད་པ་རང་བབས་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པར་འཇོག་ཏུ་བཅུག་ལ། ཀྱེ། སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་པར་ལྟོས་ཤིག །དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་པས་སེམས་གསལ་དྭངས་ཀྱི་ངང་ལ་གནས་པ་དེ་ཉིད། ཕཊ྄། ཅེས་ཡེངས་ལ་བོར་བའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་དྭངས་དེ་ཞིག་ཀྱང་། བྱུང་ཚོར་གྱི་རྟོག་པ་དང་དེར་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་གཞི་ཕྱལ་པ་གཅིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ངོ་ཤེས་པར་གྱིས་ཤིག །འདི་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་སུ་ཡང་། རང་རིག་རང་བབས་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱིས་འཆར་ཏེ་འདི་ཁོ་ན་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ་ཡིན་ནོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་ནས་སྤྱོད་ལམ་འཇམ་རྩུབ་བར་མ་རང་ཉམས་དང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་མདངས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླས་པའོ། །དེ་ལྟར་ཡང་ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་རང་མདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ལ་གསུམ་ལས། དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པ་ནི། སྒོ་གསུམ་རང་བབས་སུ་ལྷུག་པར་བཞག་ལ། དགག་སྒྲུབ་ཀྱི་རྟོག་པ་སྣ་ཚོགས་སྤྲོས་ནས་ཆམ་གྱིས་བཞག་པས། རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་གསལ་སྟོང་ལྷན་ཅིག་སྐྱེས་པའི་གདོད་མའི་གནས་ལུགས་ལ་རང་སོར་གནས་པ་རྒྱ་མཚོ་ལ་རླབས་ཞི་བ་དྭངས་ལ་མི་གཡོ་བར་གནས་པ་བཞིན་ཏེ། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་གསུངས་ཤིང་། དེའི་ཚེ་སེམས་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་ཕྱིར། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ཞིང་། །ཞེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་སོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་པའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲད་པ་ནི། སེམས་གསལ་ལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་གང་ཤར་གྱི་སྣང་བའི་སྟེང་དུ་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བསྐྱངས་པས། རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་ལས་མ་གཡོས་པ་ལྟར། གང་ཤར་གྱི་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་མི་གཡོ་བ་སྟེ། ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་ཕྱིར་མ་གྲོལ་བ་ཡང་ཅི། །ཞེས་པ་དང་། ཤར་དུས་ཉིད་ནས་གཉེན་པོ་ལ་མ་ལྟོས་པར་རང་གྲོལ་བ་སྦྲུལ་མདུད་བཞིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཕྲོ་གནས་གཉིས་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་མི་རྟོག་པའི་ངང་ལས་མ་འགགས་པའི་རྣམ་རྟོག་སྣ་ཚོགས་སུ་ཤར་ཡང་། དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་ཤིང་། གནས་པའི་རང་རྩལ་འགག་མེད་དུ་འཕྲོ་བའི་ཕྱིར། འཕྲོ་བ་དང་གནས་པའི་རང་བཞིན་གཉིས་སུ་མེད་པ་རྒྱ་མཚོ་ལས་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་དུ་ཞི་ཞིང་དབྱེར་མི་ཕྱེད་པ་ལྟར། རྣམ་རྟོག་ཇི་ལྟར་ཤར་ཡང་ཐོལ་སྐྱེས་ཐོལ་ནུབ་ཆོས་ཉིད་ཀྱི་ངང་ལས་མི་འདའ་བའི་ཕྱིར་དེ་ལྟར་ཤེས་པར་བྱ་སྟེ། རྨད་བྱུང་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་དང་། དོ་ཧ་ལས་ཀྱང་། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་ཉིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་གསུངས་པ་བཞིན་ཏེ། དེ་ལྟར་ཡང་སེམས་གནས་ན་གདོད་མའི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར། མཉམ་ན་གཉིས་མེད་ཀྱི་ངང་དུ་ཡིན་པས། ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བའི་ཕྱིར་གནས་པ་མི་བསྲིང་། འཕྲོ་བ་མི་དགག །མཉམ་པ་མི་བསྒྲུབ་སྟེ། ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་པས་དགག་སྒྲུབ་བླང་དོར་ལས་འདས་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ལ་ངོ་སྤྲད་པའོ། །ཞེས་ངོ་འཕྲོད་པར་གདབ་ཅིང་། དེ་ཡང་། སྔར་སྐབས་དེ་དང་དེར་བསྒོམ་བྱའི་དོན་ལ་རིག་ཐོག་ཏུ་ཉམས་མྱོང་སྐྱེས་པ་དེ་ཉིད་ངོ་སྤྲོད་བཏབ་པས། གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་ན་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་རིམ་གྱིས་བརྟན་པ་ཐོབ་པར་འགྱུར་ཞིང་། ཡང་དུས་དེར་བསྒོམ་དོན་ལ་མྱོང་བ་མ་སྐྱེས་པར་གོ་ཡུལ་དུ་སོང་ན། སྐབས་འདིར་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས། སྔར་བཤད་པའི་དམིགས་རིམ་རྣམས་སླར་ཡང་འབད་པས་བསྒོམ་ཞིང་། ཕྱིས་ཉམས་མྱོང་སྐྱེ་ཚུལ་གྱི་ཐོག་ཏུ་ངོ་སྤྲོད་སྦྱར་ནས་བསྟན་ཅིང་ཉམས་སུ་བླངས་པས་རིམ་གྱིས་དོན་ལ་མྱོང་བའི་སྣེ་ཟིན་པར་འགྱུར་རོ། །གཞན་ཡང་སྐབས་འདིར་ཤེས་པར་བྱ་བ་ནི། དེ་ལྟར་ལམ་ཉམས་སུ་ལེན་པའི་ཚེ་སྤྱིར་བསམ་གཏན་གྱི་གེགས་ནི། ཇི་སྐད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔ་ཡིན་ནོ། །ཞེས་དང་། དེའི་གཉེན་པོ་ནི། དེ་སྤོང་འདུ་བྱེད་རྣམ་པ་བརྒྱད། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུ་འོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པ་འོ། །ཞེས་རྗེ་བཙུན་བྱམས་པས་གསུངས་པ་ཉིད་འདིར་ཡང་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་། གང་ལ་མཉམ་པར་བཞག་པའི་ཚེ་སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་དང་། ཡང་། རེས་འགའ་ཧ་ཆད་དེ་བ་ལ་གནས་ཤིང་། རེས་མི་གནས་པ་དང་། གནས་ཀྱང་གཏིང་ན་ཡིད་བྱེད་ཕྲ་མོ་མི་ཁེགས་པ་ཞིག་འབྱུང་བས། དེ་གསུམ་ག་ཡང་གནས་པར་རྩོམ་པ་ཡིན་ཞིང་། འོན་ཀྱང་རྟོག་པ་འཕྲོ་བ་བཀག་པས་མི་ཁེགས་པས། དེ་ལ་ཤེས་པ་མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པས། མཐར་རྟོག་པ་མཐུ་རྡུགས་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བས་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིངས་ལས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པ་ལྟར་རོ། །དེ་ཡང་གནས་འགྱུ་ལྟོས་བཞག་ཅན་མ་ཡིན་པ་ཕྱི་ཚོགས་དྲུག་དང་ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་། སྐྱེ་འགག་རྟག་ཆད་ལས་འདས་པའི་ཤེས་པ་རང་རིག་རང་གསལ་གྱི་ངོ་བོ་རྩལ་མདངས་འགག་མེད་ཀྱི་སྣང་བ་གུ་ཡངས་ཆད་དེ་བ། གསལ་ཧྲིག་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་རང་སོ་ཡེངས་མེད་དུ་བསྐྱངས་པ་ལས་གནས་ལུགས་ཀྱི་རྟོགས་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་སྒྲིམ་ཞིང་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས། རིག་པ་ཧུར་བཏོན་པས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། མིག་ཕབ། ཞེ་གཏིང་ནས་ཀློད་ལ་རང་བབས་སུ་འཇོག་གོ །ཡང་། སྐབས་རེར་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་བཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱིས་གོ་ཕྱེ་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་རོ། །དེ་ཡང་ལྟེང་ན་ཞི་ལྷག་སོ་སོར་རྩལ་སྦྱང་། བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་བ་རྩལ་སྦྱོང་བོགས་འདོན་གྱི་གནད་ཡིན་ནོ་ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་ལས་སོ།། །།དོན་གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་ལ་གསུམ་སྟེ། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་གཏང་བ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་སྒོ་གསུམ་གྱི་བྱ་བ་གཏོང་བ་ནི། ཀློང་གསལ་ལས། མངོན་གསུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་གཏང་། །ཞེས་གསུངས་པ་ལས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་སྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་། དེས་ནི་སྒོ་གསུམ་གནས་པ་དང་། བརྟན་པ་དང་། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ།  །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་སྟེ། སྒོ་གསུམ་གྱི་གནད་གཟིར་བ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། དབབ་པའི་དོན་ངོ་སྤྲད་པའོ། །དང་པོ་སྒོ་གསུམ་གྱི་གནད་གཟིར་བ་ནི། ཀློང་གསལ་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ལེགས་པར་བསྟུན། །ཞེས་གསུངས་པ་ལ། དང་པོ་ལུས་ཀྱི་གསུམ་ནི། སྔ་མ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱ་འོ། །ཞེས་གསུངས་ཤིང་། དེ་ཡང་མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཙོག་པུར་རྐང་མཐིལ་སྤྲད་པུས་མོ་ཕྱིར་སྒྱེད། ལག་མཐིལ་སར་བཙུགས་ནས་རོ་སྟོད་བསྲང་། མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་སྨིན་དབྲག་གི་སྟེང་གི་ནམ་མཁའ་ལ་ཧད་པོར་མི་འགུལ་བར་བལྟ་བའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། ཁ་བུབ་ཏུ་པུས་བྲང་སྦྱར་གྲུ་མོ་ས་ལ་བཙུགས་ཏེ། ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིགས་དྲང་པོར་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་གྱིས་ཧྲིག་པོར་བལྟ་བའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ཙོག་པུར་འདུག་པའི་རྐང་པའི་ལོང་བུ་གཤིབས། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། སྒལ་ཚིགས་དྲང་པོར་བསྲངས་ཏེ་མིག་ཅུང་ཟད་ཕབ་ལ་ཟིམ་བུར་བར་སྣང་ལ་གཏད་དོ། །དེ་ལྟར་བྱས་པས་གནས་སྐབས་སུ་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པས། རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་། ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་ངག་གི་གསུམ་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་ཟླ། །ཞེས་གསུངས་པས། དང་པོ་བསླབ་རིམ་ནི། འཁྲུལ་པའི་གཏམ་བཀག་ནས་སྨྲ་གཅད་ཡུན་ཐུང་བ་དང་རིང་བ་ལ་བསླབ། གཉིས་པ་གནས་པ་ནི། ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། གསུམ་པ་བརྟན་ཅིང་ལ་ཟླ་ནི། ལག་གི་བརྡ་ཙམ་ལས་ཅུང་ཟད་ཀྱང་མི་སྨྲ་བར་ལ་ཟླའོ། །དེ་ལྟར་བྱས་པས་གནས་སྐབས་སུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོན་ལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །གསུམ་པ་སེམས་ཀྱི་གསུམ་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་དང་། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས་པས། རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་དབང་པོ་མི་འགྱུར་བ་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པས་དྲག་ཏུ་གཅུན་པས། ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་གིས་འཆར་བར་འགྱུར་རོ། །དེ་ལྟར་ཡང་། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས་ཤིང་། དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །ཞེས་པས་གནད་བཞིའམ་རླུང་རིག་གཉིས་དབྱེར་མེད་བྱས་པས་གསུམ་དུ་ཡང་བཤད་མོད། ས་བཅད་ནི་བཤད་པའི་དབྱེ་བསྡུ་ཙམ་ལས་དོན་གྱི་གནད་གཅིག་པ་ལས། དང་པོ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། ཇི་ལྟར་ན། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས། དེ་ཡང་རིག་པའི་ཡེ་ཤེས་སྙིང་དབུས་ན་བུམ་ནང་གི་མར་མེ་ལྟར་གནས་པའི་ཟེར་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ནང་ནས་མིག་གི་སྒོར་འོད་རྩའི་ལམ་ནས་འཆར་བས་ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་འཁྲིད་སྨྱུག་མ་བསྲང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུར་བྱ་སྟེ། དེ་ལྟར་ཡང་། ཙཀྵུ་ཟིམ་བུས་སཱུརྻར་བལྟ། །ཤར་གྱི་རྒྱ་དཀར་བཞིན་དུ་གསལ། །ཞེས་པས་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་བལྟས་པས་ཕྱིའི་དབྱིངས་མཐོང་། གཡས་གཡོན་གྱི་ཟུར་རམ་ཟིམ་བུས་ཉི་མ་ལ་བལྟས་ན་ནང་གི་དབྱིངས་རིག་མཐོང་། དེ་དབང་པོས་བར་སྣང་ལ་ཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ། །དེ་ཡང་ལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་སྤྲིན་དང་བསིར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེ་ཡང་། ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་དེར་བལྟའོ། །དེ་ལྟར་ཡང་། ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། །ཞེས་དང་། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་བྲལ་ཆུའི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་བའི་དབེན་པའོ། །གསུམ་པ་རླུང་གི་གནད་ནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། །ཅེས་གསུངས་པས། རླུང་དལ་བ་མ་བརྟེན་ན་རླུང་གིས་རིག་པ་སྤུར་ནས་མི་ཟིན་པས། རླུང་སྣ་ནས་མི་གཏོང་བར་མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་དུ་རྒྱུ་བ་སྙོམས་པ་ལས་ཕྱིར་འཛིན་ཅུང་ཟད་ཙམ་བྱ་སྟེ། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འཕུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །བཞི་པ་རིག་པའི་གནད་ནི། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་གཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བརྟེན། །ཞེས་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་བཙོན་དུ་གཟུང་། །ཞེས་གསུངས་པས། ཕྱི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས། ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །ཞེས་གསུངས་པ་ལྟར་དང་། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆར་ཞིང་། དེ་ཡང་། ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་སྨིག་རྒྱུ་ལྟར་འལ་འོལ་མི་གསལ་བ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་ཆེ་རེ་གཏད་ནས་ཡིན་མིན་གྱི་དཔྱད་པ་སོགས་རྣམ་རྟོག་གིས་མ་བསླད་པར་བལྟ་མཁན་གྱི་རིག་པ་དེས། རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང་། ཅི་སྟེ། འོད་གསལ་གྱི་སྣང་བ་མི་གསལ་བའམ། གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ན་དེའི་རྗེས་སུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲང་བར། ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུས་ཁྲིད་པས་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་དུ་ཆེ་རེ་གཏད། བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས་ཕྱི་སྣང་བ་མ་འགགས་ཤིང་། ནང་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པའོ།  །གསུམ་པ་དབབ་དོན་དེ་ཉིད་ངོ་སྤྲད་པ་ལ། ངོ་སྤྲོད་དངོས་དང་། སྤྲོ་བ་བསྐྱེད་པ། རྣལ་འབྱོར་བཞིས་ཉམས་སུ་བླང་བ་དང་གསུམ་ལས། དང་པོ་ནི། ངོ་སྤྲོད་ཀྱི་ཁང་པ་ཕྱོགས་ཕྱེད་པར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ། ཚོགས་གཏོར་བཤམས་པས་མཆོད་ཅིང་གསོལ་བ་གདབ་པ་དང་བྱིན་འབེབ་རྣམས་སྔར་ལྟར་བྱས་ནས། སློབ་མ་སྒོ་གསུམ་གྱི་གནད་འཆིང་དུ་བཅུག །སྔར་བཞིན་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ནས་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། ཀྱེ། སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་། སྔར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁྲེགས་ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ།  དེ་ཡང་། ངོ་སྤྲོད་བྱ་བ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་རྒྱུའི་རྒྱུད་སོགས་སུ་བཤད་པ་དེ། འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད། སྒོ་གསུམ་གྱི་གནད་ཀྱིས་གཞི་གཟུང་། གནད་རྣམ་པ་བཞིས་མཚོན་པར་བྱས་པས། སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་ཡི་གེ་མེད་པ་ལས་གསུངས་པ་ལྟར། རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་ནམ་མཁའ་རྣམ་དག་སྒྲོན་མའི་གདངས་བྱད་བཞིན་དུ་ཤར་བ་ནི་ནམ་མཁའི་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདི་འོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོར་གསལ་ཞིང་དྭངས་པར་སྣང་བ་འདི་འོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདི་འོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པ་འོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདི་དག་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ནི་ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་རང་ཡིན་ནོ། །དེ་ཡང་། ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ཁོ་ན་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་ཉིད་སྙིང་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ཡང་། ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །འདིར་རིག་པའི་ཡེ་ཤེས་ལྔ་ཚན་བདུན་གྱི་ངོ་སྤྲོད་བྱེད་པར་སྤྲོ་ན་གསེར་ཕྲེང་ལས་བྱུང་བ་བཞིན་ཤེས་པར་བྱའོ། །མདོར་ན་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཀྱི་ངོ་བོ་ཀ་ནས་དག་པ་ཁྲེགས་ཆོད་ཀྱི་དོན་ནོ། །རིག་པའི་རང་བཞིན་འོད་གསལ་གྱི་སྣང་བ་ནི་ཐབས་ལྷུན་གྲུབ་ཀྱི་ངོ་བོ་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། རིག་པའི་རང་བཞིན་ཐབས་ཀྱི་སྐུ། འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་པ་དང་། དེ་ལྟར་སྣང་བ་དེ་ཡང་། ཀུན་རྫོབ་སྣང་ཚུལ་འཇིག་པའི་ཆོས་སུ་མེད་དེ། དོན་དམ་འདུས་མ་བྱས་པ་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཉིད་ཡིན་ཏེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནོ། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པ་འོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་བསྒོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞིར་གནས་པའོ། །ཞེས་གསུངས་པས། ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་སྒོམ་པ་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་དོ། །གཉིས་པ་སྤྲོ་བ་བསྐྱེད་པ་ནི། འོ་རིགས་ཀྱི་བུ། འདི་ལྟར་མཐོང་བ་འདི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཌཱ་ཀི་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ཞེས་བྱའོ། །ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ་ཐམས་ཅད་དག་པ་ཞེས་བྱའོ། །ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ། །ལས་དང་སྐལ་བར་ལྡན་པ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ། །རིག་པ་རྩལ་གྱི་དབང་ཐོབ་པ་ཞེས་བྱའོ། །དུས་དེ་རིང་ནས་སངས་རྒྱས་ཀུན་ཏུ་བཟང་པོ་རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ། །ཞེས་བསྔགས་པ་བརྗོད་ལ་སྤྲོ་བ་བསྐྱེད་དོ། །གསུམ་པ་རྣལ་འབྱོར་བཞིས་ཉམས་སུ་བླང་བ་ལ། ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་ལྟ་བ་ནི། འོད་གསལ་གྱི་ངོ་བོ་སྟོང་ཉིད། རང་བཞིན་གསལ་བ། ཐུགས་རྗེ་འགག་མེད་དུ་འཆར་བ་ནི་མཉམ་བཞག་གི་ལྟ་བ། སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་དག་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟར་རྟོགས་པ་ནི་རྗེས་ཐོབ་ཀྱི་ལྟ་བའོ། །གཉིས་པ་སྒོམ་པ་ནི། ལྟ་བ་དེ་ལས་མ་གཡོས་པས་མཉམ་གཞག་ཏུ་གསལ་སྟོང་འཛིན་པ་མེད་པའི་རྣལ་འབྱོར་དང་། རྗེས་ཐོབ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་ལེན་པ་ནི་སྒོམ་པའོ། །གསུམ་པ་སྤྱོད་པ་ནི། བདེ་སྡུག་ཅི་ཤར་ཡང་རང་ཤར་རང་གྲོལ་དུ་ཤེས་ཤིང་། དབང་པོའི་རིམ་པ་དང་འཚམ་པའི་སྤྱོད་པས་ལྟ་སྒོམ་གྱི་བོགས་འདོན་པ་ནི་སྤྱོད་པའོ། །བཞི་པ་འབྲས་བུ་ནི། གོམས་པ་ཀློང་དུ་གྱུར་པས་སྣང་སྟོང་འོད་གསལ་གྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་དང་བྲལ་བའི་གནས་ལུགས་གདིངས་སུ་གྱུར་པ་ནི་འབྲས་བུའོ། །དེ་དག་གི་དོན་ཡང་། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པའོ། །དེ་ལྟར་ངོ་སྤྲད་པས་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་མངོན་སུམ་མཐོང་བའི་གནད་ཀྱིས་ཚེའི་བར་ཆོད་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་འགྱུར་རོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ་གསུམ་སྟེ། སྣང་བཞིའི་འཆར་སྒོ་ངོས་གཟུང་། མཐའ་རྟེན་བཞིའི་གོམས་ཚུལ་བཤད། འབྲས་བུའི་གྲོལ་ཚུལ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་གསུངས་པས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། གོང་དུ་བསྟན་པ་བཞིན་ལུས་ངག་ཡིད་ཀྱི་འཕྲུལ་འཁོར་དང་། སྒོ་ཡུལ་རླུང་རིག་གི་གནད་བཞིས་བཅུན་པས། རྒྱང་ཞགས་ཆུའི་སྒྲོན་མ་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་མདོངས་ལྟ་བུའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པར་བཅིངས་ཏེ་བལྟས་པས། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གིས་སྐྱེས་པའི་ངང་ལ་མི་གཡོ་བར་བཞག་པའི་ཤེས་པ། གསལ་ལ་དྭངས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ། གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ། རིག་པ་དབྱིངས་ཀྱི་ར་བར་ཚུད་པས་ཐིག་ལེ་སུམ་འབྲེལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ཡང་། ཙིཏྟ་རིན་པོ་ཆེའི་སྦུབས་འོད་ལྔ་འདུས་པའི་ཕོ་བྲང་ན། གདོད་མའི་མགོན་པོ་འོད་མི་འགྱུར་བ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་ནང་གསལ་དུ་བཞུགས་པའི་གདངས་སྐུ་དང་ཞིང་ཁམས་ཚད་མེད་པའི་སྣང་བ་ལ་དབང་འབྱོར་པས་འོག་མིན་ཆེན་པོར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པ་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་མཐོང་བས་གནས་སྐབས་ཆོས་ཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་གྲོལ་བར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། ཤེས་ཉམས་ནི་བློའི་འཛིན་ཆ་ཡིན་པས་མི་བརྟན་ཏེ། ཀློང་གསལ་ལས། བློ་ནི་ཀུན་རྫོབ་ཡིན་པར་བཤད། །ཅེས་གསུངས། ནང་དུ་རིག་པ་གྲོལ་བའི་ལམ་རྟགས་ཀྱི་སྣང་ཉམས་ཤར་བ་ནི་བརྟན་ཅིང་མི་བསླུ་བ་སྟེ། དེ་ཡང་གོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས། རིམ་གྱིས་གོམས་པས་དབྱིངས་རིག་སྨིན་མཚམས་ནས་དྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་། གྱེན་འགྲེང་། རྩིབས་ཤར། དྲ་བ། དྲ་ཕྱེད། པདྨ་དང་། མིག་མང་རིས། ཉི་ཟླ་མཁར་ཐབས་ལྟ་བུ་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་། སྲན་མ་ཙམ་དང་། མེ་ལོང་དང་། ཁམ་ཕོར་དང་། བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་ཇེ་ཆེ་དང་། རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་། འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་རྒྱུག་པ་དང་། བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ། སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་ཤར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་གསུངས་སོ། །དེ་ལ་སློབ་དཔོན་བི་མ་ལ་མི་ཏྲ་ནི། དབྱིངས་སྣང་ཟླུམ་འཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་ཉམས་གོང་འཕེལ་གྱི་མཐོང་སྣང་དུ་མཛད་ནས། ལྷ་སྐུ་ཤར་བ་ཕན་ཆད་རིག་པ་ཚད་ཕེབས་སུ་བཞེད་ནའང་། འདི་ནི་སློབ་དཔོན་ཆེན་པོ་པདྨའི་དགོངས་པ་སྟེ། བཏགས་གྲོལ་དོན་ཁྲིད་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ནས་དྲལ་བའི་དུས་ནས་ཐིག་ལེའི་ནང་དུ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེ་ཡང་འདིར་འོད་སྣང་གྱེན་འགྲེང་གི་ཚེ་མིག་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་དང་། གྲུ་གསུམ་ལ་ཐུར་དུ་གཅུན་པར་ཡང་བཤད་དོ། །དེ་ལྟར་གོང་འཕེལ་གྱི་སྣང་བ་མཐོང་བས། གནས་སྐབས་ཉམས་སྣང་གི་ཡོན་ཏན་རྣམས་ཐོབ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་། དབྱིངས་ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་ནམ་མཁའ་གང་བར་འཆར་ཞིང་དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་པར་སྣང་བས། དེ་ནས་མ་བསྒོམ་ཡང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་པས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་པ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་སོ། །དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམ་ཡང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་ལོངས་སྐུའི་ཞིང་ན་སྤྱོད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པས་སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱ་འོ། །ཞེས་གསུངས་པས། གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་ས་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པས། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིའི་གྲོལ་ཚད་བསྟན་པའོ། །དང་པོ་ནི། ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པ་འོ། །ཞེས་པས། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། དེས་སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་ནི་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །དེ་ཡང་། ཐུགས་རྗེའི་རིག་པ་ཕྱིར་གསལ་མེ་ལོང་ལྟ་བུ་ལ་འོད་གསལ་གྱི་སྣང་བ་འགག་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རང་གྲོལ་དུ་བསྐྱངས་པས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་གཟུང་བའོ། །ཞེས་པས། དབྱིངས་རིག་མི་གཡོ་བར་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་རེ་རེ་ལ་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་རྙིས་ཟིན་པ་བཞིན་འཕྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་བྱི་དོར་དང་རྒྱན་གྱི་སྒེག་ཆོས་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཞིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདིང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་ཡ་ང་བ་དང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་དེ་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་སྐད་ཅིག་ལ་ཡལ་འགྲོ་བ་ལྟར་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱི་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། ཕུང་པོའི་སྣང་བ་འགགས་ནས་གདོས་བཅས་སུ་མི་སྣང་བས། སེམས་ཅན་གྱི་དོན་བྱེད་ན་རང་གི་ལག་སོར་ལ་རིག་པ་གཏད་པས་སྣང་བ་དེ་ཀུན་རང་ལོག་སྟེ། སྣང་བྱེད་ཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པས། མི་སོགས་སེམས་ཅན་ལ་རིག་པ་བཅུག་ན་མཚམས་མེད་པ་ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱ་སྟེ། དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལ་གནས་པའི་གནད་ཀྱིས་སོ། །དེའི་ཚེ་བེམ་པོ་ལ་རིག་པ་བཅུག་ཀྱང་འགུལ་ཞིང་སྐད་འབྱིན་ནུས་པ་འོང་ངོ་། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཚམས་མེད་ལྔ་བྱས་པ་ཡང་རང་དང་མཉམ་དུ་འཚང་རྒྱ་སྟེ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །བེམ་པོ་ལའང་ཐོགས་མེད་ཟང་ཐལ་དུ་འགྲོ་ཞིང་མངོན་པར་ཤེས་པ་ཐོགས་མེད་དུ་འཆར་རོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། །ཅེས་པ་དང་། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པས། ཡར་གྱི་གདིང་གཉིས་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདིང་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་ལྷུང་གི་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། གནས་སྐབས་སུ་ཐད་སོའི་དོན་རྣམས་འགྲུབ་ཅིང་། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པར་འགྱུར་བའོ། །དེ་ལྟར་ཡང་། ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་གི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་གྱི་གྲོལ་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་པ་ལྟར། ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཁྱད་པར་གྱི་གྲོལ་ཚུལ་ནི། དེ་ཉིད་ལས། ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས། ཉོན་མོངས་པ་ཕྲ་རགས་དང་འབྱུང་ལུས་ཀྱི་གདོས་པ་ཐམས་ཅད་དག་ནས། ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང་། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །སྒྱུ་འཕྲུལ་ལམ་རིམ་ལས། ལྷག་བཅས་ལྷག་མེད་གོ་ལྡོག་ཏུ་བཤད་པ་ནི། རྣམ་སྨིན་གྱི་ལུས་རྟེན་བོར་ནས་ཟག་མེད་ཀྱི་སྐུ་འགྲུབ་པས་འབྱུང་ལུས་ཀྱི་ལྷག་མ་མེད་པ་ལྷག་མེད་དང་། ལྷག་བཅས་ནི། འབྱུང་ལུས་ཟག་མེད་ཡེ་ཤེས་ཀྱི་སྐུར་གནས་གྱུར་པས་འབྱུང་ལུས་ཀྱི་ལྷག་མ་དང་བཅས་པས་ན་དེ་སྐད་དུ་གྲགས་པའོ།། ༈ །།དོན་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག་ལ་གསུམ་སྟེ། དང་པོ་བར་དོའི་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོ་འོ། །གཉིས་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་འཆིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོ་དང་བཞིའོ། །དང་པོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁ་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་པ་སྟེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ། དོན་བླ་མ་དམ་པ་ལ་བསྟེན་ནས་དེས་བསྟན་པའི་གདམས་ངག་གི་དོན་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་པར་བྱའོ། །དེ་བཞིན་དུ། འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་གོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིང་ཆུད་པའོ། །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་འདི་ལྟར་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུ་འཇུག་པའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་ཀྱང་མུ་གསུམ་དུ་གསུངས་པ་སྟེ་རྒྱས་པར་གཞན་དུ་བཤད་པ་ལས་ཤེས་པར་བྱའོ།། ༈ །།དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་འཚང་རྒྱ་བའི་མན་ངག་ནི། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པས། འདིར་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས། ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བ་བླངས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར་བ་དང་ལུང་ནོད། དབུགས་དབྱུང་བ་ཐོབ་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་གདོད་མའི་ཞིང་ལ་སྐད་ཅིག་གིས་གྲོལ་བ་ཐོབ། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ། ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཟླ་བ་ལས་ཆུ་ཟླ་ལྟར་འགྲོ་བའི་དོན་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་ཆད་པ་ཡིན་ནོ།། ༈ །།བཞི་པ་སྨོན་ལམ་གྱི་མཇུག་བསྡུ་ལ་བརྟེན་ནས་རྩིས་ཆེ་བའི་བཀའ་རྒྱས་བཏབ་པ་ནི། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏིའི་ཐིག་ལེ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འདི་ལྟ་བུའི་གདམས་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་བས་ཀྱང་ཆེས་ཤིན་ཏུ་དཀོན་པས། སྐལ་བ་དང་ལྡན་པའི་སློབ་མ་ཐུན་མོང་མ་ཡིན་པ་དག་ལ་ཤིན་ཏུ་གསང་བའི་བཀའ་རྒྱ་དང་བཅས་ཏེ་སྤེལ་ཞིང་། དེས་ཀྱང་ཉམས་ལེན་ལ་གོམས་འདྲིས་གདིང་དུ་གྱུར་ནས་གཞན་ཕན་གྱི་ཕྲིན་ལས་སྐྱོ་ངལ་མེད་ཅིང་སྤྲོ་བས་སྒྲུབ་པར་གྱིས་ཤིག །ཅེས་དམ་ཚིག་གི་བཀའ་རྒྱ་དང་སྲུང་མ་ལ་གཉེར་དུ་བཅོལ་ནས་རྩིས་ཀྱི་རྒྱས་གདབ་པར་བྱའོ།། །།བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་སྨིན་སློབ་ཏུ་ཁྲིད་པར་འདོད་ན། ཐོག་མར་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས། བུམ་དབང་བསྐུར་ཏེ་རིགས་ལྔ་ཕྱི་ནང་གི་སྒྲུབ་པའི་བསྐྱེད་རིམ་རྣམས་སྟོན། དེ་ནས་གསང་དབང་བསྐུར་ཏེ་གཏུམ་མོའི་ལམ་རྣམས་སྟོན། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ་ཕོ་ཉའི་ལམ་རྣམས་སྟོན། དེ་ནས་ཚིག་དབང་བསྐུར་ཏེ་ཀ་དག་ཁྲེགས་ཆོད་ཀྱི་ལམ་རྣམས་སྟོན། དེ་ནས་རིག་པའི་རྩལ་དབང་བསྐུར་ཏེ་ཐོད་རྒལ་གྱི་ལམ་རྣམས་རིམ་བཞིན་སྟོན། ཡང་ན་དབང་ལྔ་ག་དུས་གཅིག་ཏུ་རྫོགས་པར་བསྐུར་ནས་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་སྔར་གྱི་རིམ་པ་བཞིན་འཆད་དོ། །གང་གི་ཚེ་ཡང་ལམ་དེ་དང་འབྲེལ་བའི་གཞུང་ཕྲན་རྒྱབ་ཆོས་དང་བཅས་པ་རྣམས་སོ་སོའི་སྐབས་སུ་འབྲེལ་བསྡེབས་ཏེ་བསྐྱེད་རྫོགས་ཀྱི་འགྲོས་གཅིག་ཏུ་དྲིལ་ནས་འཆད་པར་འདོད་ན། གཏེར་གཞུང་གི་མན་ངག་རྩ་བ་རྣམས་དང་། དགོངས་འགྲེལ་ཡང་ཏིག་ཡིད་བཞིན་ནོར་བུའི་ལེགས་པར་བཤད་པ་རྣམས་ཀྱི་ཟབ་དོན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སྨར་ཁྲིད་ཀྱི་དབྱེ་བསྡུའི་གནད་རྣམས་ལ་འདྲིས་པར་བྱའོ།།  །།རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཟབ་རྒྱས་ཆོས་ཀྱི་སྙིང་པོ་ཨ་ཏི་ཞེས། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་མན་ངག་གི །མཆོག་གསང་རྩེ་མོ་མཁའ་འགྲོ་སྙིང་ཐིག་ཉིད། །དགོངས་པ་བརྡ་དང་སྙན་བརྒྱུད་ཟབ་མོའི་ལམ། །མཚོན་བྱེད་ཡི་གེས་མཚོན་བྱ་རང་བྱུང་གི །ཡེ་ཤེས་བྱིན་རླབས་གཏད་རྒྱས་སྐད་ཅིག་ལ། །འགྲུབ་བྱེད་ཟབ་གཏེར་གསང་བ་བླ་ན་མེད། །གང་གི་ཟབ་དོན་རྟོགས་དཀའ་གསང་བའི་གནས། །འཕགས་མཆོག་ཁོ་ནའི་ཡེ་ཤེས་སྤྱོད་ཡུལ་ལས། །བློ་རྨོངས་སོ་སྐྱེའི་རྟོག་པས་མཚོན་མིན་ཡང་། །སྐལ་མཉམ་འགྲོ་ལ་ཕན་པར་སྲིད་ན་སྙམ། །དེ་ཕྱིར་རིག་འཛིན་ཌཱ་ཀིའི་ཐུགས་ཀྱི་མཚོར། །སྦས་པའི་ཟབ་དོན་ཡིད་བཞིན་དབང་གི་རྒྱལ། །ཆ་ཙམ་མཚོན་པའི་སྣང་བ་ཕྲ་མོས་ཀྱང་། །ཐར་འདོད་ཡིད་ཀྱི་རེ་བ་སྐོང་མིན་ནམ། ཁྱད་པར་གསང་མཆོག་མཁ༵འ་འགྲོ༵་སྙི༵ང་ཐི༵ག་གི༵ །ཟ༷བ་ལ༷མ་གས༷ལ་བྱེ༷ད་རིན་ཆེན་སྒྲོན་མེ་འདིས། །རྣམ་གྲོལ་སྐུ་གསུམ་ཞིང་ཁམས་མཚོན་ནས་དེར། །འགྲོ་ཀུན་མྱུར་བདེར་ཁྲི༵ད་པ་ཉིད་གྱུར་ཅིག །དེ་ལས་འགྲོ་འདིའི་རང་རྒྱུད་ཀ་དག་གི །གནས་ལུགས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས། །ལྷུན་གྲུབ་སྣང་བཞི་ཆོས་ཟད་འབྲས་བུའི་རྩེར། ཁམས་གསུམ་འོད་སྐུར་གྲོལ་བའི་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཅེས་བྱ་བ་འདི་ནི། གསང་ཆེན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མེ་རག་ཆོས་རྗེ་པདྨ་ཕྲིན་ལས་དབང་ཕྱུག་གིས་གསེར་གྱི་མེ་ཏོག་དང་བཅས་པའི་གསུང་གིས་རིང་མོ་ནས་བསྐུལ་བ་དང་། ཉེ་བར་ལམ་འདི་ལ་སྨོན་ལམ་གྱི་མཐུ་གྲུབ་པའི་དད་འདུན་བློ་གྲོས་ཀྱི་ནོར་ལྡན་རིན་ཆེན་བཀྲ་ཤིས་ཀྱིས་ཕུལ་དུ་བྱུང་བའི་སྐྱེས་ཀྱི་མཎྜལ་དང་བཅས་ཏེ་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཆེད་དུ། བཀའ་གསང་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་གནས་སུ་སྦྱར་པའོ། །སརྦ་མངྒ་ལཾ།། །།

</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 15:23, 29 December 2017

རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་

rdzogs pa chen po mkha' 'gro snying thig gi khrid yig zab lam gsal byed

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  པདྨ་ལས་འབྲེལ་རྩལ་ (Pema Ledrel Tsal)
in cycle  རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་ (Rdzogs pa chen po mkha' 'gro snying thig)
Volume 56 (ལི) / Pages 493-579 / Folios 1a1 to 44a3

[edit]

༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། ། ཨཱོྃ་སྭསྟི། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཅེས་བྱ་བ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ལ་གུས་པར་ཕྱག་འཚལ་ལོ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་ཏུ་བཟང་། །ཐུན་མོང་འགྲོ་ངོར་མི་ཡི་ཚུལ་བཟུང་ནས། །རྣམ་མང་གདུལ་དཀའ་འདུལ་བའི་ཕྲིན་ལས་ཅན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མར་འདུད། །ཟབ་མོའི་ལམ་གྱི་སྨིན་གྲོལ་བདུད་རྩིའི་རྒྱུན། །རིམ་པར་བརྒྱུད་ནས་སྐལ་བཟང་གདུལ་བྱ་ལ། །སྩོལ་མཛད་དྲུག་ལྡན་བརྒྱུད་པའི་ཁྱད་པར་སོགས། །སངས་རྒྱས་ཉག་གཅིག་ཕྲེང་བར་བྱོན་རྣམས་རྒྱལ། །སེམས་ཉིད་ཀ་ནས་དག་པའི་གཞི་དབྱིངས་སུ། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྩལ། །དབྱེར་མེད་ཟུང་འཇུག་སྤྲོས་བྲལ་འདུས་མ་བྱས། །རང་རིག་གདོད་མའི་མགོན་པོ་རྒྱལ་གྱུར་ཅིག །ཐེག་དགུའི་རྩེ་རྒྱལ་བཀའ་གསང་རྫོགས་པ་ཆེ། །མཁའ་འགྲོའི་སྙིང་ཐིག་ཡང་ཟབ་སྙིང་པོའི་ལམ། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་དོ་ཟླ་མེད། །སྐལ་བཟང་མགྲོན་པོ་རྣམས་ལ་འདིར་གསལ་བྱ། །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག །ཐེག་པ་ཐམས་ཅད་ཀྱི་ཡང་སྙིང་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་མན་ངག་གི་སྡེའི་ཡང་རྩེ། ཚེ་གཅིག་ལུས་གཅིག་ལ་སྐུ་བཞིའི་འབྲས་བུ་ཐོབ་པར་ནུས་པའི་མྱུར་ལམ་ཁྱད་པར་ཅན་དཔལ་མཁའ་འགྲོ་སྙིང་ཐིག་ཅེས་ཡོངས་སུ་གྲགས་པའི་གདམས་ངག་སྟོན་པ་ལ་གཉིས་ཏེ། འཆད་ཡུལ་སློབ་མ་བརྟག་ཅིང་མཐུན་རྐྱེན་གྱི་གཞི་གཟུང་བ་དང་། འཆད་བྱ་གདམས་ངག་གི་ཁྲིད་ཚུལ་སྟོན་པ་གཉིས། དང་པོ་ནི། རྒྱུད་དང་མན་ངག་གི་གཞུང་ཐམས་ཅད་ནས་གསུངས་ཀྱང་། མདོར་བསྡུ་ན། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་གསུངས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དང་བའི་དད་པ། བསྒྲུབ་བྱའི་འབྲས་བུ་ལ་ཆེས་དུངས་པ་འདོད་པའི་དད་པ། དེའི་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་མེད་པ་ཡིད་ཆེས་ཀྱི་དད་པ། ཉི་ཚེའི་རྐྱེན་གྱིས་མི་འཕྲོག་པས་མཐར་ཐུག་པའི་དད་པ་སྟེ་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཞུམ་པ་མེད་པའི་བློ་སྟོབས་ཆེ་ཞིང་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱི་དམ་བཅའ་བརྟན་པས་ཉམས་རྟོགས་སྐྱེ་སླ་བ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་གོལ་ས་ཆོད་པ། ཟས་གོས་སོགས་སྲིད་པའི་བདེ་བ་ལ་འཛིན་ཆགས་ཀྱི་ཞེན་པ་ལོག་པས་ཚེ་འདིའི་འཁྲི་བ་ཆོད་པ། བླ་མ་དང་ལྷ་ལ་བློ་རྩེ་གཅིག་པའི་ཕུ་དུད་ཆེ་བས་བྱིན་རླབས་ངང་གིས་འཇུག་པ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་པ། ཆགས་སྡང་སོགས་ཐ་མལ་གྱི་རྣམ་པར་རྟོག་པ་ལ་མི་འཇུག་པས་སེམས་གཡེང་བ་མེད་པར་བརྟན་པ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའི་སྡོམ་པ་དང་ལྡན་པ། གནས་ལུགས་ཀྱི་དོན་སྒོམ་ཞིང་སྒྲུབ་པ་ལ་སྐྱོ་དུབ་མེད་པའི་བརྩོན་པ་དང་ལྡན་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པ་ནི་ཟབ་མོའི་ལམ་འདིའི་སྣོད་དུ་གསུངས་པའི་ཕྱིར། དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ཉིད། འཆད་ཡུལ་དུ་གཟུང་ངོ་། །མཚན་ཉིད་དེ་ལྡན་གྱི་སློབ་མ་དེས་གང་དུ་སྒྲུབ་པའི་གནས་ནི། ཀློང་གསལ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱ་བའི་གནས། །ཞེས་གསུངས་པས། གནས་རང་བཞིན་གྱིས་ཤིས་ཤིང་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་ཉུང་བ། དགྲ་རྐུན་གྱི་འཇིགས་པ་སོགས་མེད་ཅིང་ས་ཆུ་འཕྲོད་པས་བསམ་གཏན་ངང་གིས་འཕེལ་བ་བརྟེན་པར་བྱའོ། །གང་གི་ཚེ་བྱ་བའི་དུས་ནི། དེ་ཉིད་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས་པས། དུས་དེར་བསིལ་དྲོད་སྙོམས་པས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང་མངོན་སུམ་གྱི་ཡེ་ཤེས་འཆར་སླ་བ་དང་ངོ་སྤྲོད་བདེ་བའི་དབང་དུ་བྱས་པའོ། །བསྟེན་པའི་གྲོགས་ནི། དེ་ཉིད་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་བློ་བརྟན་ཁོག་ཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་གསུངས་པས། ཟབ་ལམ་གྱི་སྒོམ་ཉམས་ཅན་ནམ། མིན་ནའང་ཞི་དུལ་ལྡན་ཞིང་དམ་ཚིག་གཙང་བ། དག་སྣང་འབྱོངས་ཤིང་ཉོན་མོངས་པ་ཤས་ཆུང་བ། བརྩེ་སེམས་དང་ལྡན་པས་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་བསྟེན་ནོ། །ཡོ་བྱད་ཀྱི་ཁྱད་པར་ནི། དེ་ཉིད་ལས། མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་གསུངས་པས། བླ་མ་ལ་འབུལ་རྒྱུའི་དབང་ཡོན། མཁའ་འགྲོ་མཆོད་པའི་གཏོར་ཚོགས་ཀྱི་རྒྱུ། ཁམས་དང་མཐུན་པའི་བཟའ་བཏུང་གི་རྫས་སོགས་ཁ་ན་མ་ཐོ་བ་མེད་ཅིང་དེ་དག་གི་ཆེད་དུ་བྲེལ་མི་དགོས་པ་ཚོགས་པར་བྱའོ།། ༈ །།གཉིས་པ་འཆད་པར་བྱ་བ་གདམས་ངག་གི་ཁྲིད་ཚུལ་བསྟན་པ་ལ་བཞི་སྟེ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱ་བ། གདམས་ངག་གི་སྒོ་ནས་ཉམས་ལེན་བསྟན་པ། རྩིས་ཆེ་བར་བཀའ་རྒྱས་བཏབ་པའོ། །དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་གསུངས་ཤིང་། ཇི་ལྟར་འཆད་ན། བཏགས་གྲོལ་སྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་རླབས་ཀྱིས་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རང་བྱུང་དགའ་རབ་ཐུགས་ལ་ཤར། །སིཾ་ཧ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པས། དེ་ཡང་གདོད་མའི་དབྱིངས་སུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་དག་སྤྲོས་པ་དང་བྲལ་བའི་ངང་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་རྩལ་ཞི་ཁྲོའི་དཀྱིལ་འཁོར་གྲངས་མེད་པ་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་གསུམ་མཉམ་ཉིད་ཆེན་པོར་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔས་འོག་མིན་གྱི་ཞིང་མཐའ་དབུས་མེད་པར་རིག་པ་འཛིན་པ་དང་མཁའ་འགྲོ་རང་གི་རྣམ་པར་འཕྲུལ་པ་ལས་རང་སྣང་བ་བསམ་གྱིས་མི་ཁྱབ་པ་ལ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་འགག་མེད་རང་ཤར་སྒྲ་བརྙན་ལྟ་བུར་གསུངས་པ་ནི་རྒྱལ་བ་ཉིད་ཀྱིས་ཉིད་ལ་བརྒྱུད་པའི་དབང་དུ་བྱས་པས་དགོངས་བརྒྱུད་དོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པས་བཤད་ཅིང་བཀའི་བསྡུ་བ་པོ་ཡང་དེ་འོ། །དེ་ནས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་རིག་འཛིན་ཤྲཱི་སིཾ་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བཤད། དེས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བ་བརྡ་དང་བརྡའི་སྒོ་ནས་བསྟན་པ་ནི་བརྡ་བརྒྱུད་དོ། །དེ་ཉིད་ཀྱིས་གཞོ་སྟོད་ཏི་སྒྲོའི་བྲག་དཀར་དུ་མཁར་ཆེན་བཟའ་མཚོ་རྒྱལ་ལ་ལྔ་ལྡན་ཡེ་ཤེས་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས་ཤིང་། སློབ་དཔོན་ཡབ་ཡུམ་གྱི་ཐུགས་ཀྱི་དགོངས་པ་ཟབ་གསལ་མཚོན་བྱ་དོན་གྱི་ཡེ་ཤེས་སྐལ་ལྡན་ཆོས་ཀྱི་བདག་པོ་ལ་བྱིན་རླབས་འཕོ་བ་སྨོན་ལམ་དབང་བསྐུར་གྱི་རྒྱས་བཏབ། མཚོན་བྱེད་བརྡའི་ཚིག་བརྒྱུད་ཡི་གེར་བཀོད་དེ་མཁའ་འགྲོ་གཏེར་བདག་རྣམས་ལ་གཉེར་དུ་གཏད་ནས་དྭགས་ལུང་ཕྲ་མོ་བྲག་ལ་གཏེར་དུ་སྦས་པ། དུས་ཕྱིས་ལྔ་བཅུ་ཁ་རལ་གྱི་ཚེ་སྨོན་ལམ་ལས་ཀྱི་འཕྲོ་སད་པ་སྐལ་ལྡན་༧པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་པ་མཁའ་འགྲོ་སྙིང་ཐིག་རྩ་བའི་སྐོར་རྣམས། ཤོའི་རྒྱལ་སྲས་ལེགས་པ་དང་ཆོས་རྒྱལ་རིན་ཆེན་གླིང་པ་སོགས་ལ་བཀའ་བབས་པ་དང་། གཏེར་ལུང་ལྟར་གཏེར་སྟོན་ཉིད་བར་ཆད་རྐྱེན་དབང་གིས་དངོས་ཀྱི་འགྲོ་དོན་འཕྲོ་ཅན་དུ་གྱུར་པ་ལས། དེའི་ཕྱི་མ་ལོངས་སྐུའི་ཞིང་ཉུལ་བར་ལུང་བསྟན་པ་ལྟར་ཡེ་ཤེས་ཀྱི་སྐུ་ཅན་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་མཆིམས་ཕུ་རི་མོ་ཅན་དུ་ཨོ་རྒྱན་ཡབ་ཡུམ་གྱིས་དངོས་སུ་བྱིན་གྱིས་བརླབས་ནས་གསུངས་པའི་དོན། ཡང་ཏིག་ཡིད་བཞིན་ནོར་བུ་ཞེས་སྙིང་ཐིག་རྩ་བའི་ཟབ་གནད་གསལ་བྱེད་མན་ངག་ཏུ་བསྡེབས་པ་གུ་རུ་ཡེ་ཤེས་རབ་འབྱམས་དང་བདེ་ལེགས་རྒྱ་མཚོ་སོགས་ལ་བཀའ་བབས་པ་སྟེ། བརྒྱུད་པའི་ཁྱད་པར་དྲུག་ལས་འོངས་པའི་ཆོས་ཚུལ་འདི་ནི། སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་གཞན་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་པའི་དོན། རྒྱུད་བཅུ་བདུན་དགོངས་འགྲེལ་དང་བཅས་པ་རྣམས་ཀྱིས་གསལ་པོར་བསྟན་ཅིང་། ཁྱད་པར་བཏགས་གྲོལ་སྙིང་པོའི་རྒྱུད་དྲུག་དང་སངས་རྒྱས་ཀྱི་འདས་རྗེས་གསུམ། དེའི་མན་ངག་ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱིས་མཛད་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་ཚིག་གཅིག་དང་དབྱངས་གཅིག་གིས་བསྟན་པའི་ལམ་མཆོག་ཕུལ་དུ་གྱུར་པ། རྫོགས་པ་ཆེན་པོ་ཟབ་གསང་མཁའ་འགྲོ་སྙིང་ཐིག་ཅེས་བྱ་བ། མཚོན་བྱེད་ཀྱི་བརྡ་ལ་བརྟེན་ནས་མཚོན་བྱ་དོན་གྱི་གནས་ལུགས་བདེ་བླག་ཏུ་རྟོགས་པར་བྱེད་པ་སྐལ་བཟང་ལས་འཕྲོ་ཅན་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པའོ། །དེ་ལྟར་ཡང་སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲས་བུའི་ཚུལ་དུ་སྨིན་པ་ཡིས། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་གསུངས་པ་བཞིན་ནོ།། ༈ །།གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ལ་དབང་དངོས་དང་དམ་ཚིག་བསྟན་པའོ། །དང་པོ་ནི། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་དང་། དེ་ནས་རིག་པའི་རྩལ་དབང་བསྐུར། །ཞེས་གསུངས་པས། སེམས་ཅན་གྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་རྫོགས་སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུ་དང་ཡེ་ཤེས་སྒྲུབ་པ་ལ། རྒྱུའི་ཐེག་པར་དཀའ་སྤྱད་སོགས་ཐབས་བུལ་ཞིང་ཚེགས་ཆེ་བ་བརྩོན་པ་ཆེན་པོས་བསྒྲུབ་དགོས་པ་དེ་ཉིད། འདིར་དུས་དང་དཀའ་སྤྱད་ལ་མ་ལྟོས་པར་ཐབས་མྱུར་ཞིང་ཚེགས་ཆུང་ངུས་འགྲུབ་པར་འགྱུར་བ་དང་། དེ་ཡང་རྣམ་སྨིན་འཁོར་བའི་སྒོ་གསུམ་ཡེ་ཤེས་ཀྱི་ཁམས་བཞི་ལ་རྡོ་རྗེ་བཞིའི་རིགས་གནས་པ་དེ་སྐུ་བཞིའི་བདག་ཉིད་དུ་སྒྲུབ་པ་ལ་དབང་བསྐུར་བའི་བྱེད་པས། ཚེ་འདི་ཉིད་ལ་སོགས་པར་རྫོགས་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཡང་སློབ་མའི་ལུས་སོགས་རྒྱུ་རྣམ་སྨིན་གྱི་ཁམས་བཞི་པོ་དེ་ཉིད་ལ། འབྲས་བུ་རྡོ་རྗེ་བཞིར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གཉུག་མའི་ཁམས་བཞིའི་ཡོན་ཏན་སད་པར་བྱས་པ་ལས་རྒྱུ་ཡི་རིགས་འདྲ་མ་བོར་བར་སངས་རྒྱས་ཀྱི་རྡོ་རྗེ་བཞི་མངོན་དུ་བྱེད་པར་འགྱུར་ཏེ། འབྲས་བུ་ཉིད་ཀྱི་རྒྱུ་ལ་རྒྱས་བཏབ་པས་འབྲས་བུར་བྱས་པ་དང་། རྒྱུ་ཉིད་ཀྱང་རྒྱུའི་ངོ་བོ་མ་གཏང་བར་འབྲས་བུ་སད་པར་བྱེད་པའི་ཕྱིར་སྨིན་བྱེད་ཅེས་བྱའོ། ཁྱད་པར་འདིར་ནི་སྣང་སྲིད་ཡེ་དག་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་རིག་སྤྲོས་བྲལ་རྫོགས་པ་ཆེན་པོར་དབང་བསྐུར་བས་དེའི་དོན་གཅེར་མཐོང་རང་གྲོལ་དུ་ངོ་འཕྲོད་པས་རིག་པའི་རྩལ་དབང་ཞེས་བྱའོ། །དེ་ཡང་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོའི་གནས་ལ་གནས་པས། སློབ་མ་སྐལ་བ་དང་དབང་པོ་དང་ལམ་གྱི་འཇུག་པ་དང་འཚམ་པར་ཐུན་མོང་དང་ཐུན་མོང་མིན་པའི་དཀྱིལ་འཁོར་དུ་བཅུག་ནས། ལམ་དང་འབྲས་བུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་བྱང་ཆུབ་ཀྱི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་བའི་ནུས་རུང་དུ་སྨིན་པར་བྱེད་པ་ནི་སྨིན་བྱེད་ཀྱི་དབང་ངམ་རྒྱུའི་དབང་དུ་གྲགས་པའོ། །དེ་ཐོབ་ནས་ས་དང་ལམ་གྱིས་མཚོན་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་ན་འཕར་བར་བྱེད་པའི་ཆེད་དུ་དབང་བསྐུར་བ་ནི། ལམ་གྱི་དབང་ངམ་གྲོལ་བྱེད་ཀྱི་ཐབས་སུ་འཇོག་པ་ཡིན་ནོ། །གཉིས་པ་དམ་ཚིག་བསྟན་པ་ནི། ཐལ་འགྱུར་ལས། དབང་བརྟན་པ་ཡི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། །ཞེས་པས་བསྲུང་བྱའི་དོན་ལས་མི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་སྟེ། དབྱེ་ན་རྩ་བ་དང་ཡན་ལག་གི་དམ་ཚིག་ཇི་སྙེད་པ་རྣམས་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདའ་བར་མི་སྤྱོད་པ་ཉིད་ཡིན་ཞིང་། མདོར་ན་བསྲུང་བྱའི་གྲངས་དང་དམིགས་སུ་མ་གྲུབ་པ་ཡེ་བསྲུངས་བཅིང་སྡོམ་མེད་པ་ནི་དམ་ཚིག་གི་དམ་པ་སྟེ། ཡེ་ནས་བསྲུང་མེད་ཆེན་པོ་ལ། །བསྲུང་མཚམས་རིམ་པར་བཀོད་པ་མེད། །ཅེས་དང་། བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། །ཅེས་གསུངས་པ་བཞིན་ནོ།། ༈ །།གསུམ་པ་གདམས་ངག་གི་སྒོ་ནས་ཉམས་སུ་ལེན་པ་ལ། བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་བསྟན་པ་དང་གསུམ་ལས། དང་པོ་ལ་ཟབ་ལམ་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད། ཟབ་ལམ་སྒོམ་པ་དངོས་ལ་འཇུག་པ་དངོས་གཞིའི་ཁྲིད་གཉིས་ཀྱི། དང་པོ་ལ་ཡང་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པའོ། །དང་པོ་ལའང་སྔོན་འགྲོའི་ཆིངས་སྤྱིར་བཤད་པ་དང་། དམིགས་རིམ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། །ཞེས་དང་། རྒྱུད་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་གསུངས་པས། མི་རྟག་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་དངོས་བསྟན་དུ་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། དེ་ཡང་ཐེག་ཆེན་གྱི་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཞིང་། དེ་རྒྱུད་ལ་སྐྱེས་ན་ཐེག་ཆེན་པ་རྣལ་མར་འགྱུར་བས་དེའི་མི་མཐུན་ཕྱོགས་བསལ་ནས་མཐུན་ཕྱོགས་སྒྲུབ་པ་ལ་ཐོག་མར་ཚེ་འདིའི་མངོན་ཞེན་ཟློག་པ་གལ་ཆེ་བས། ཚེ་རིང་དུ་མི་གནས་པའི་འཆི་བ་དྲན་པ་དང་། ཤི་བའི་འོག་ཏུ་ངན་འགྲོར་སྐྱེ་བའི་ཉེས་དམིགས་བསམ་ནས། སྲིད་པའི་ཕུན་ཚོགས་ལ་སྲེད་པའི་བློ་ཡང་འཁོར་བ་མཐའ་དག་གི་ཉེས་དམིགས་ཤེས་པས་སྤངས་ཏེ་ཐར་པ་ལ་ཡིད་ཕྱོགས་པར་བྱ་ཞིང་། དེ་ནས་རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་ཡང་སྤངས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་རིམ་པ་བཞིན་བསླབ་པར་བྱ་དགོས་ཏེ་ཐེག་ཆེན་ཐུན་མོང་གི་ལམ་ཡིན་པའི་ཕྱིར་རོ། །དེ་ཡང་བླ་མ་སོ་སོའི་ཕྱག་བཞེས་ཁྲིད་ཚུལ་མི་འདྲ་བའི་དབང་གིས། མི་རྟག་པ་སྒོམ་པ་ནས་མགོ་གཟུང་སྟེ་དངོས་བསྟན་ལྟར་རྐང་གྲངས་གསུམ་དུ་བསྡུ་བ་དང་། འགའ་ཞིག་དལ་འབྱོར་རྙེད་དཀའ་ནས་མགོ་འཛིན་པ་སོགས་ཡོད་ཀྱང་དོན་གྱི་གནད་གཅིག་སྟེ། དེ་ཁ་མི་རྟག་པ་སྒོམ་པའི་གཞི་ཡིན་པ་དང་། མི་རྟག་པ་བསྒོམས་པས་འཁོར་བའི་ཉེས་དམིགས་ཤེས་པ་དང་། དེ་ཤེས་པས་ལས་འབྲས་ཀྱི་བླང་དོར་ལ་མཁས་པ་དང་། རྒྱུ་དེ་དག་ལས་སྐྱབས་འགྲོ་དང་སེམས་བསྐྱེད་ཡང་དག་པ་སྐྱེ་བར་འགྱུར་བའི་ཕྱིར། ལས་དང་པོ་པ་རྣམས་ལ་ཁྲིད་ཚུལ་དེ་ལྟར་བྱས་ན་ལམ་གྱི་གོ་རིམ་རྣམ་པ་གསལ་བ་དང་། ཐེག་ཆེན་གྱི་ཁྲིད་ཚུལ་སྤྱི་ཁྱབ་དང་མཐུན་ཞིང་རྩ་བའི་དགོངས་པ་ལས་ཀྱང་མི་འདའ་བའི་ཕྱིར་ལེགས་པར་ཡང་འགྱུར་མོད། དེ་ལྟར་བྱེད་ན་ཁྲིད་ཡིག་ནང་མཐུན་གཞན་ནས་ལེན་པའམ་སྤྱི་ཁྱབ་སྔོན་འགྲོའི་ཆོས་བཤད་ཟུར་དུ་བཀོད་པ་ལས་ཀྱང་ཤེས་པར་བྱའོ། །གཉིས་པ་དམིགས་རིམ་བྱེ་བྲག་ཏུ་སྒོམ་པའི་ཚུལ་ལ་དྲུག་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་ནས། ངག་གནད་རླུང་རོ་ལན་གསུམ་ཕྱིར་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། སེམས་གནད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བྱ་སྙམ་པས་སྤྱི་བོར་བླ་མ་བསྒོམས་ནས་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ། དེ་ནི་ཐུན་ཐམས་ཅད་ཀྱི་མགོར་བྱ་སྟེ། གཞུང་གི་རྩིས་འགོས་མ་བསྡུས་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་ཡིན་ནོ། །གཉིས་པ་མི་རྟག་པ་སྒོམ་ཚུལ་ནི། དེ་ཡང་འོ་སྐོལ་རྣམས་ཀྱིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱོང་དུ་ཟིན་ཀྱང་། ད་དུང་སྡུག་བསྔལ་གྱི་མཐའ་རྟོགས་པ་དཀའ་བར་འདུག །དེས་ན་ད་རེས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདིར་གཏན་གྱི་འདུན་མ་འགྲུབ་པ་ཞིག་ཅི་ནས་བྱ་དགོས། དེ་ཡང་སང་བྱ་གནངས་བྱ་སྙམ་པའི་ལེ་ལོས་ཕྱི་བཤོལ་དུ་འཇོག་མི་ཁོམ། མི་ལུས་ཐོབ་ཀྱང་མི་རྟག་པར་མྱུར་དུ་འཇིག་སྟེ། ངེས་པར་འཆི་བ་ལ་ཐེ་ཚོམ་མེད་པ་མངོན་སུམ་གྱིས་གྲུབ། ནམ་འཆིའི་ཆ་མེད་དེ་འཆི་བ་གློ་བུར་བཅར་ཕོག་ཏུ་འོང་། འཆི་བའི་རྐྱེན་མང་ནད་གདོན་འདིས་མི་འཆི་བྱ་བ་མེད། འཆི་བ་ལ་ཕན་པ་དམ་པའི་ཆོས་མ་གཏོགས་གཞན་མེད། དེས་ན་བརྩིགས་པའི་ཁང་ཁྱིམ། བསགས་པའི་ལོངས་སྤྱོད། མཛའ་བའི་གཉེན་གྲོགས་སོགས་གང་གིས་ཀྱང་མི་སྟོངས་བར་ལས་ཁོ་ན་བདག་གིར་བྱས་ནས་འགྲོ་དགོས། དེའི་ཕྱིར་ཕྱི་ནམ་ཟླ་དུས་བཞིའི་འགྱུར་བ་དབྱར་དགུན་སྟོན་དཔྱིད་ལོ་ཟླ་ཞག་དང་ཟ་མ་སྐད་ཅིག་ཡུད་ཙམ་གྱིས་ཀྱང་མི་རྟག་པར་འགྱུར་བ་བཞིན་དུ་རང་ཉིད་ཀྱང་འཆི་བ་ལ་ཇེ་ཉེར་སོང་ཞིང་ངེས་པར་འཆི་བར་ཐག་ཆོད། ནང་སྐྱེ་འགྲོའི་འགྱུར་བ་ཡང་དགྲ་གཉེན་བར་མའི་འགྲོ་བ་བསམ་གྱིས་མི་ཁྱབ་པ་དེ་ཙམ་ཞིག་ཤི་བ་མཐོང་ཞིང་ཐོས་པས་ཀྱང་རང་ཉིད་ནམ་འཆིའི་ཆ་མེད་པར་གཏན་ལ་ཕེབས། གསང་བ་རང་ཉིད་སྐྱེས་ནས་ད་ལྟའི་བར་གྱི་ལུས་ཀྱི་འགྱུར་བ་སེམས་ཀྱི་འཆར་སྒོ་བྱ་བྱེད་སྤྱོད་ལམ་ཐམས་ཅད་ཀྱང་སྐད་ཅིག་སྐད་ཅིག་གིས་མི་རྟག་པར་འགྱུར་བའི་རྣམ་འགྱུར་ཐམས་ཅད་དྲན་པར་བྱ་སྟེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་ལུས་འདི་འཇིག་ཅིང་འབྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་ལ་འཆི་བའི་ཆོས་ཅན་ཏེ། །ཐང་ཅིག་ཡུད་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །ཞེས་པའི་ཚུལ་བསམ་ནས་སང་གི་བྱ་བ་དང་ཚེ་ཕྱི་མ་གང་སྔ་མི་ཤེས་པར་འདུག །དེས་ན་ད་ལྟ་རང་དབང་ཡོད་དུས་ཕྱི་བཤོལ་མེད་པར་ཆོས་ལ་འབད་པར་བྱ་དགོས་ཏེ། ཀླུ་སྒྲུབ་ཀྱིས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཟློག་སླད་བགྱི་བ་གཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར། ཚེ་འདིའི་ཕུན་ཚོགས་ཐམས་ཅད་གཉིད་འཐུམས་གཅིག་གི་རྨི་ལམ་གྱི་བདེ་བ་ལྟར་ཤེས་པས་ཡིད་ཕྱུང་སྟེ། དེ་རིང་ཉིད་ནས་འཆི་ཚིས་ཚགས་སུ་ཚུད་པ་བྱ་དགོས། ཤི་ནས་སྐྱེ་བ་མི་ལེན་ན་དེར་ཟད་དེ། སྐྱེ་བ་ལེན་དགོས། དེ་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས། གལ་ཏེ་ངན་འགྲོར་སྐྱེས་ན་ངན་སོང་གསུམ་ནི་བཟོད་དཀའི་སྡུག་བསྔལ་དོས་དྲགས་ཤིང་སྙུགས་རིང་། བདེ་འགྲོར་སྐྱེས་ན་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་བར་མེད་དུ་མནར་བས། འཁོར་བའི་གནས་མཐོ་དམའ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་ཕོངས་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར་བྱེད་དགོས། དེ་ལས་ཐར་བར་བྱེད་པའི་ཐབས་ཀྱང་ལས་འབྲས་ཀྱི་བླང་དོར་མ་ནོར་བ་ལ་རག་ལས་ཏེ། རྒྱུ་དགེ་སྡིག་གཉིས་ལས་འབྲས་བུ་བདེ་བ་དང་སྡུག་བསྔལ་སོ་སོར་སྨིན་པར་ངེས་པས། མི་དགེ་བ་བཅུ་སོགས་མི་དགེ་བ་ཕྲ་མོ་ཙམ་ཡང་སྲོག་དང་བསྡོས་ནས་སྤོང་ཞིང་། དགེ་བ་བཅུ་སོགས་དགེ་བའི་ལས་ཕྲ་མོ་ཡང་ཅི་ནུས་སུ་སྒྲུབ་པ་དང་། ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་ཀྱང་དགེ་བའི་ལམ་སྲོལ་དུ་ཅི་ཚུད་ལ་འབད་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་བ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་དགེ་བ་དག །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་དེ་དང་རྗེས་འབྲེལ་སྐྱབས་འགྲོ་ནི། དཔེར་ན་ནག་ཅན་བཙོན་དོང་དུ་ཆུད་པ་ཆད་ལས་སྣ་ཚོགས་ཀྱིས་བར་མེད་དུ་བཅད་པས་ཉམ་ཐག་ཅིང་མཐར་གསོད་པར་ཡང་ཉིན་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་བས་འཇིགས་སྐྲག་གི་སྡུག་བསྔལ་བཟོད་དཀའ་བས་ཉེན་པ་ན། དེ་ལས་སྐྱོབ་ནུས་པའི་རམ་ཟླ་ཅི་རྙེད་ཕ་འབོད་མ་འབོད་བྱེད་པ་བཞིན་དུ། རང་ཅག་རྣམས་ཀྱང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་དགེ་བའི་ལས་འབྲས་ཀྱིས་རེ་ཞིག་བདེ་འགྲོར་སྐྱེས་ཀྱང་། སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པའི་གོ་འཕང་མ་ཐོབ་ན་སྔར་བྱས་ཀྱི་དགེ་བའི་འཕེན་པ་ཟད་ནས། སླར་ཡང་ངན་སོང་དུ་ལྷུང་སྟེ་ཡུན་རིང་ལ་དོས་དྲགས་པའི་སྡུག་བསྔལ་མི་བཟོད་པ་སྣ་ཚོགས་མྱང་དགོས་པར་འདུག །སྡུག་བསྔལ་དེ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད་ཅིང་། དེ་ཡང་རང་ལ་དངོས་སུ་སྣང་བའི་སངས་རྒྱས་ནི་བླ་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་ཕྱིར། དེས་ན་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་སྟེ་ལུས་སེམས་རྣལ་དུ་ཕབ་ནས། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ། དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་སུ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ། རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གའི་དབུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། གཡས་ཀྱི་ཡལ་གར་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས། གཡོན་གྱི་ཡལ་གར་ཤ་རིའི་བུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས་རྣམས་དང་། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་རྣམས་གླེགས་བམ་བརྩེགས་པའི་རྣམ་པ་ཅན་དང་། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བར་མེད་དུ་གང་བ། ཐམས་ཅད་ཀྱང་རང་ཉིད་ལ་དགྱེས་ཤིང་བརྩེ་བའི་ཚུལ་དུ་བཞུགས་པར་བསམ་ཞིང་། དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་མོས་གུས་ཀྱི་གདུང་ཤུགས་དྲགས་པོས། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དྲག་པོ་ལས་བསྐྱབ་ཏུ་གསོལ་སྙམ་པའི་བསམ་པ་རྩེ་གཅིག་པས་ངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱས་ནས་ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས། མཐར་སྐྱབས་ཡུལ་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ་ཞིང་། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དགེ་བ་བསྔོ། ཉལ་བའི་ཚེ་སྐྱབས་ཡུལ་མ་བསྡུས་པ་དེ་ཉིད་ལ་མགོ་ཕྱོགས་ནས་མོས་གུས་རྩེ་གཅིག་པ་གཉིད་དང་བསྲེ་བར་བྱ་ཞིང་། སྐྱབས་འགྲོའི་ཕན་ཡོན་དང་བསླབ་བྱ་གོ་དོན་རྣམས་ཀྱང་ཉན་པ་པོའི་བློ་དང་འཚམ་པར་ཅི་རིགས་པ་བཤད་དོ། །བཞི་པ་སྙིང་རྗེ་བྱང་སེམས་སྒོམ་པ་ནི། རྟེན་སྙིང་རྗེ་དང་། བརྟེན་པ་བྱང་ཆུབ་ཀྱི་སེམས་ལས། དང་པོ་ནི། ཕྱོགས་བཅུའི་ནམ་མཁའ་ལ་ཇི་ལྟར་གཞལ་ཡང་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཀྱིས་བདག་གི་མ་མ་བྱས་པ་ནི་གཅིག་ཀྱང་མེད་དེ། བདག་གི་སྐྱེ་བ་ལ་གྲངས་མེད་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་བདག་གི་མ་བྱས་པ་ལ་ཡང་གྲངས་དང་མཐའ་མེད། མ་བྱས་རེས་བཞིན་ཚེ་འདིའི་མས་ཇི་ལྟར་བསྐྱངས་པ་བཞིན་དུ་གནོད་པ་ཐམས་ཅད་ལས་བསྐྱབས། བརྩེ་བའི་སེམས་ཀྱིས་ནི་བཟུང་། བྱམས་པའི་སྤྱོད་ལམ་གྱིས་བསྐྱངས་ནས་མཐའ་དང་ཚད་མེད་པའི་ཕན་སྒོ་དུ་མ་ནས་བཏགས་པའི་དྲིན་ཅན་གྱི་མ་ཤ་སྟག་ཡིན་པ་ལ། ད་ལྟའི་མ་དང་སྐྱེ་བ་གཞན་གྱི་མ་ཞེས་ཉེ་རིང་རིས་སུ་གཅོད་པ་ཅི་ལ་རིགས། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་རྨོངས་ཤིང་ཐབས་ལ་མི་མཁས་པས། སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ཅི་རིགས་པ་ལ་རྟག་ཏུ་སྤྱོད་ཅིང་མནར་བས་ཉམ་ཐག་པར་གྱུར་པའི་རྣམ་འགྱུར་ཡིད་ལ་དྲན་པས་བཟོད་དུ་མེད་པའི་སྙིང་རྗེ་མཆི་མ་འཁྲུག་པ་ཙམ་གྱིས་བློ་བསྐུལ་ནས། གཉིས་པ་བརྟེན་པ་བྱང་སེམས་ནི། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་འདི་དག་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ཡིད་དཀྲུགས་པས་སྨྱོ། བླང་དོར་ལ་བལྟ་བའི་མིག་དང་བྲལ། དགེ་བའི་བཤེས་ཀྱི་ལོང་ཁྲིད་ནི་མེད། ཉེས་སྤྱོད་ཀྱིས་བརྡེག་འཆོས་པས་འཁོར་བ་དང་ངན་སོང་གི་གཡང་སར་ལྷུང་པ་འདི་རྣམས་ཡལ་བར་བོར་ན་དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད། དེས་ན་འདི་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་ཐར་པའི་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ལྷག་བསམ་རྩེ་གཅིག་པས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བརྗོད་ཅིང་དོན་བསམ་པ་ནན་ཏན་དུ་བྱས་པའི་མཐར། དོན་དམ་བྱང་སེམས་ཀྱི་མཚན་ཉིད་སེམས་བསྐྱེད་ཡུལ་སྐྱེད་པ་པོ་སྐྱེད་པའི་ཀུན་སློང་གསུམ་ཀ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་རྒྱས་བཏབ་ནས་དགེ་བ་བསྔོ་ཞིང་། འདིར་ཡང་བསླབ་བྱ་ཕན་ཡོན་གོ་དོན་སོགས་སྐབས་དང་སྦྱར་ཏེ་བཤད་དོ། །ལྔ་པ་རྡོར་སེམས་སྒོམ་བཟླས་ནི། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱང་དགོས། དེ་སྦྱོང་བའི་མཆོག་ནི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྣལ་འབྱོར་དུ་བྱ་བ་ཡིན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་གཉིས་སྔར་བཞིན་དྲན་པའི་ངང་ལས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ཉམས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་ཡུམ་རྡོ་རྗེ་སྙེམས་མ་དཀར་དམར་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བར་བསམ་ལ། དེ་ཡང་དཀོན་མཆོག་སྐྱབས་སུ་བཟུང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་ཉེས་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞི་པོ་ཚང་བའི་བསམ་སྦྱོར་དང་ལྡན་པའི་ངང་ནས། ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་གཏད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པའི་མོས་གུས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ནས་ཡི་གེ་བརྒྱ་པ་དང་། ཨཱོྃ་བཛྲ་སཏྭ་ཧཱུྃ། ཞེས་བཟླས་པས་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟ་བུ་བབས། སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བདག་གི་ཚངས་བུག་ཏུ་ཞུགས་པས་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུད་ཁུ་ལ་སོགས་པའི་རྣམ་པས་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པར་བསམ་ཞིང་སྔགས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སུ་བཟླས་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ལུས་ཀྱི་ནང་འཁོར་ལོ་བཞིའི་གནས་རྣམས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས་པར་བསམ་ཞིང་། རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པར་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་བ་རང་ལ་བསྟིམ། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ལ་བློ་བཞག་ནས། མཐར་བདེ་སྟོང་བརྗོད་བྲལ་གྱི་ངང་ལ་མཉམ་པར་གཞག །དེ་ཡང་སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེད་ཐབས། སྦྱོང་མཁན་སྒྲུབ་པ་པོ་མ་གྲུབ་པ་སྟེ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་ནི་སྡིག་སྦྱོང་གི་མཆོག་གོ །མཐར་དགེ་བ་བསྔོ། འདི་ཉིད་སྡིག་པ་དག་པའི་མཚན་མ་མ་མཐོང་གི་བར་དུ་བྱའོ། །དྲུག་པ་བླ་མའི་རྣལ་འབྱོར་ནི། ཟབ་མོའི་ལམ་གྱི་མཐུན་རྐྱེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཏེ། ལམ་འདིའི་རྟེན་འབྲེལ་གྱི་གནད་ཐམས་ཅད་འདི་ནས་བསྒྲིག་དགོས་པའི་ཕྱིར་རོ། །དེ་ལ་ཚོགས་གསག་པ་དང་གསོལ་བ་གདབ་པ་གཉིས་ལས། དང་པོ་ནི། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་རྩ་བའི་བླ་མ་བརྒྱུད་པའི་བླ་མ་ཀུན་འདུས་ཀྱི་ངོ་བོ་དེ་ཉིད། རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་རོལ་པ། སྐུ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་རྫོགས་ཤིང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ། འོད་ཟེར་རྣམ་ལྔ་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ་སྟེ་སྔར་བས་ཀྱང་གཟི་མདངས་འབར་བར་བསམ་སྟེ། བླ་མ་བདེ་གཤེགས་འདུས་པའི་སྐུ། དཀོན་མཆོག་གསུམ་གྱི་རང་བཞིན་ཉིད། །ཅེས་དང་། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །ཅེས་གསུངས་པ་ལྟར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས། དེ་ཉིད་ཚོགས་ཞིང་དུ་བྱས་ཏེ་སྐུ་གསུམ་གྱི་མཎྜལ་འབུལ་བ་ལས། དང་པོ་སྤྲུལ་སྐུའི་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་བཟུང་སྟེ། བ་བྱུང་དང་དྲི་བཟང་གི་ཆུས་བྱུག་ཅིང་། མེ་ཏོག་དང་བཅས་པས་གཡོན་དུ་བསྐོར་ལ། ཨཱོྃ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད་པས་གསེར་གྱི་ས་གཞིར་བསམ། ཨཱོྃ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་ལྕགས་རི་མུ་ཁྱུད། མེ་ཏོག་གི་ཚོམ་བུ་རིམ་བཞིན་དགོད་པས། དབུས་སུ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་གྱི་གཡས་གཡོན་དུ་ལུས་དང་ལུས་འཕགས་སོགས་གླིང་ཕྲན་རྣམས་དང་། གླིང་རྣམས་ཀྱི་ནང་གི་ཤར་སོགས་ཕྱོགས་བཞིར། གླང་པོ། བློན་པོ། རྟ་མཆོག །བཙུན་མོ་རྣམས་དང་། མེ་སོགས་མཚམས་བཞིར། དམག་དཔོན། འཁོར་ལོ། ནོར་བུ། གཏེར་ཆེན་པོ་རྣམས་དང་། རི་རབ་ཀྱི་ཤར་དུ་ཉི་མ། ནུབ་ཏུ་ཟླ་བ་རྣམས་ཀྱི་ཚོམ་བུ་བཀོད་པ་སོ་སོའི་རྣམ་པ་གསལ་བ། ལྷ་མིའི་འདོད་ཡོན་མ་ཚང་བ་མེད་པས་གང་བ་དང་། བདག་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་ཐམས་ཅད་ཕུལ་བར་བསམ་ཞིང་། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཚོམ་བུ་གསོ་བ་དང་སེམས་ཀྱིས་གསལ་འདེབས་པ་རྣམས་སུམ་ཕྲུགས་སུ་བྱའོ། །དེ་ལྟར་ཚོམ་བུ་ཉེར་གསུམ་མའི་ལུགས་སུ་བྱས་པ་ནི་མཎྜལ་སྟོན་བྱེད་ཀྱི་རྩ་བའི་གཞུང་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། ཚོམ་བུ་སོ་བདུན་མ་དེང་སང་ཡོངས་གྲགས་ཀྱི་ལག་ལེན་ལྟར་བྱས་ཀྱང་འགལ་བར་མི་སེམས་སོ། །གཉིས་པ་ལོངས་སྐུའི་ནི། ཚོམ་བུ་དགུ་བཀོད་ལ། འོག་མིན་རྣམ་དག་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་སྒེག་སོགས་འདོད་ཡོན་གྱི་ལྷ་མོས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་སྤྲོ་བར་དམིགས་ཏེ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་སྔར་བཞིན་སུམ་ཕྲུགས་སུ་འབུལ་ལོ། །གསུམ་པ་ཆོས་སྐུའི་ནི། ཚོམ་བུ་ལྔ་བཀོད་ལ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་རང་བཞིན་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་སྣང་ཆ་ཡེ་ཤེས་ཀྱི་རང་འོད་དུ་འཚེར་བ་འཁོར་འདས་རོ་མཉམ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པའི་དགོངས་པ་བསྐྱང་ཞིང་། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ཏེ་འབུལ་ལོ། །སྤྲོ་ཞིང་ནུས་ན་ཕྱི་ནང་གསང་བའི་མཆོད་པའི་ཁྱད་པར་ཇི་སྙེད་པས་ཀྱང་མཆོད་པར་བྱའོ། །གཉིས་པ་གསོལ་བ་གདབ་པ་ནི། བླ་མ་དེ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས། སྐྱོན་རྟོག་གི་བློ་ངན་སྤངས་ཏེ་ཡོན་ཏན་རྗེས་སུ་དྲན་པས་དད་པའི་བློ་སྣ་དྲངས་ཏེ། ཚད་མེད་པའི་དད་པ་དང་མོས་གུས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ནས་བླ་བརྒྱུད་ཀྱི་གསོལ་འདེབས་ལོགས་ན་ཡོད་པ་ལྟར་བྱ་ཞིང་། བསྡུ་ན་བླ་མ་སྐུ་བཞིའི་གསོལ་འདེབས་ཙམ་དང་། ཁྱད་པར་ཨཱོྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཨཱཿཧཱུྃ། ཞེས་ཅི་ནུས་སུ་བཟླ་ཞིང་། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་བླ་མའི་རང་བཞིན། སྒྲ་གྲགས་སྔགས་ཀྱི་རང་སྒྲ། དྲན་རྟོག་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བར་བྱས་ནས་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པ་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དགྱེས་ཤིང་འཛུམ་པའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་རིམ་པར་ཞུགས་ཤིང་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་སྦྱངས། དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་ཞིང་། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་སྤྱི་བོར་བྱོན། ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་སྟོང་ཟུང་འཇུག་གི་ངང་ལ་ཅི་གནས་སུ་མཉམ་གཞག་བྱ་ཞིང་དགེ་བ་བསྔོ། དེ་ལྟར་བྱིན་རླབས་ཀྱི་ནུས་པ་ཐོབ་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ། །དེ་དག་ནི་མདོ་དང་སྔགས་གཉིས་ཀའི་སྔོན་འགྲོ་ཐུན་མོང་བའི་དབང་དུ་བྱས་པའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པ་ལ་གསུམ་སྟེ། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ། རྣལ་དུ་དབབ་པའོ། །དང་པོ་ལ་རུ་ཤན་དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་ལོ། །དང་པོ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་གནས་སྐབས་གློ་བུར་འཁྲུལ་པའི་སྣང་ཞེན་གྱིས་བསྒྲིབས་པས། ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་རིགས་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད། སྡུག་བསྔལ་གྱི་མྱོང་ཚུལ་གྲངས་ཀྱིས་མི་ཆོད་པ་ཞིག་བྱས་ཀྱང་དོན་མེད་པ་འབའ་ཞིག་ཏུ་སོང་མོད། ད་དུང་ཟིན་མེད་ཀྱི་ལས་ལ་ཞེན་ཅིང་ཆགས་པས་ཅི་ཞིག་བྱ། དེས་ན་ད་རེས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། ཇི་ལྟར་དབྱེ་ན། འཁོར་བའི་ལས་སྣང་དང་རྣམ་པ་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་རྟོགས་ནས་ཕྱིན་ཆད་འཛིན་ཞེན་ལས་གྲོལ་བར་འགྱུར་བའི་ཕྱིར། གསང་སྔགས་ཐུན་མོང་པ་ལས་ཀྱང་། རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་སོགས་གསུངས་པ་དང་ཡང་གནད་གཅིག་གོ །གཉིས་པ་ཇི་ལྟར་དབྱེ་ཚུལ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ཞེས་སོགས་གསུངས་པ་ལྟར། རི་ངོགས་ལུང་སྟོང་སོགས་མིའི་འགྲོ་འོང་མེད་པའི་གནས་དབེན་པར་སོང་སྟེ། གཞི་བདག་ལ་གཏོར་མ་སྦྱིན་ནས། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་སོགས་རིགས་དྲུག་གི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང་། ལུས་ཀྱིས་འཕྱོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེའི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགག་མེད་དུ་སྤྱད་པས་ངལ་དུབ་འགྱུ་བ་སྤུན་དག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་ལྟ་ཞིང་ངལ་གསོ། ཡང་ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར་དང་། ངག་གསུང་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་བྱས་ལ་རྗེས་ཤེས་ཀྱི་རང་ངོ་བསྐྱང་ངོ་། །དེ་ལྟར་བྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ཆགས་ཞེན་དགག་སྒྲུབ་མེད་པ་དང་། ངག་བླ་མའི་གདམས་ངག་གི་ཚིག་དོན་ལ་སྒོམ་བྱུང་གི་ཤེས་རབ་འཆར་བ་དང་། སེམས་གསལ་སྟོང་འགག་མེད་བདེ་བའི་ཉམས་རྩོལ་མེད་དུ་འཆར་བ་རྣམས་མ་བྱུང་གི་བར་དུ་སྦྱང་ངོ་། །དེ་དག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་པའོ། །གཞུང་རྩ་བར་ལུས་ངག་ཡིད་གསུམ་རུ་ཤན་སོ་སོར་དབྱེ་བ་དང་སྒོ་གསུམ་གྱི་སྔོན་འགྲོ་སྤེལ་ནས་བྱེད་པར་གསུངས་ཀྱང་། རུ་ཤན་དབྱེ་བ་ཁོ་ན་སུམ་ཕྲུགས་སུ་བྱས་ན་ཉམས་ལེན་གནད་འདྲིལ་ཞིང་ཆུན་ཆེ་བར་དགོངས་ནས་བཤད་མ་ཐག་པ་ཉིད་བླ་མ་རྣམས་ཀྱི་ཕྱག་ལེན་ལ་མཛད་དོ། །གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ལ་དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་གསུངས་པས། ཕྱི་ལྟར་རུ་ཤན་དབྱེས་པས་ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་ཀྱང་། ནང་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་ན་ཞེ་སྡང་སོགས་ཉོན་མོངས་པའི་ཀུན་སློང་གིས་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས། དེ་དང་དེའི་ནུས་པ་སད་པར་བྱས་ཏེ་འབྲས་བུ་རིགས་དྲུག་གི་འཁོར་རྒྱུད་ཆོད་པར་མི་འགྱུར་བས་དེ་ཆོད་པར་བྱ་བའི་ཕྱིར་རོ། །གཉིས་པ་ཇི་ལྟར་དབྱེ་ཚུལ་ནི། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པ་དང་། ས་བོན་གནས་ཚུལ་ནི། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། །ཞེས་པས་སྦྱང་གཞི་འགྲོ་བ་རྣམས་ཀྱི་ལུས་ཀྱི་གནས་དྲུག་ཏུ། སྦྱང་བྱ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་དྲུག་གི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པ། རྣམ་པ་སོལ་དོང་དུ་དུ་བ་ཕྱུར་བ་ལྟར་བསམ་ཞིང་། སྦྱོང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་རྣམ་པ་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམ་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨཱོྃ་ཨཱཿཧཱུྃ་འབུམ་ཚོ་བདུན་དབྱངས་སྙན་པོས་བཟླ་འོ། །དེས་སྡིག་པ་དག་པའི་རྟགས་དངོས་སམ་རྨི་ལམ་ཅི་རིགས་པར་འབྱུང་ཞིང་ལུས་ངག་ཡིད་གསུམ་ཐ་མལ་གྱི་འཛིན་ཞེན་དག །ལུས་བདེ་ངག་དག་སེམས་གསལ་སྟོང་མི་རྟོག་པའི་ཉམས་མ་ཤར་གྱི་བར་དུ་འབད་པར་བྱ་སྟེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། །གསུམ་པོ་འཁོར་བར་ལྡོག་པ་མེད། །ཅེས་དང་། དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་གསུངས་པས་རྒྱུ་ས་བོན་ཟད་ན་དེས་བསྐྱེད་ཀྱི་འབྲས་བུ་མི་འབྱུང་བ་བཞིན་ནོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པ་འོ། །ཞེས་གསུངས་པས། དེ་ཡང་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དྭངས་སྙིགས་ཕྱེད་པར་འགྱུར་བའི་ཕྱིར། རྐང་མཐིལ་གཉིས་སྦྱར། སོར་མོ་བཅུ་ས་ལ་བཙུགས། པུས་མོ་ཕྱིར་བརྒྱང་། རྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱང་། མགྲིན་པ་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་ཤུགས་ཕྱུང་ནས་བསྒྲིམས་ཏེ་རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས་པར་འགྱུར་རོ། །དེའི་ཚེ་ལུས་རང་བབས་སུ་ཁྲེས་སེ་སྐྱུར་ལ་སེམས་རྟོག་མེད་ཀྱི་རང་ངོ་བསྐྱང་ངོ་། །དེ་ཡང་རྡོ་རྗེའི་ཡར་རྩེ་གསུམ་གྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་མར་རྩེ་སྐུ་གསུམ། རྐེད་པ་གཅིག་ཏུ་འདྲིལ་བ་ལམ་དབྱེར་མི་ཕྱེད་པ་མཚོན་པའོ། །དེའི་དགོས་པ་ནི་གསུམ་སྟེ། ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེས་གསུངས་པའི་དང་པོ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་ལུས་གནད་ཆོས་བདུན་བཅས་ཏེ། སྙིང་གར་ཧཱུྃ་སྔོན་པོ་ཞིག་བསྒོམས་པ་གསལ་སྣང་ཐོན་པར་བྱས་ནས་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་ཧཱུྃ་གི་གླུ་སྙན་ལ་རིང་བར་བླངས་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡས་ནས་ཐོན། ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབས་པའོ། །དེས་ནི་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །ཡང་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་རླུང་གཟུང་། ལུས་ཧཱུྃ་གིས་གང་བར་རྩོལ་མེད་དུ་འཆར་ཞིང་མི་བདེ་བ་སྙམ་བྱེད་པ་ནི་རྒྱས་ཐེབས་པའོ། །དེས་ནི་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། སྙིང་གའི་ཧཱུྃ་ཡིག་སྔར་ལྟར་གསལ་བ་ལས་ཧཱུྃ་དྲག་པོ་ངར་དང་ལྡན་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ་ཡུལ་ཆེ་ཆུང་གང་ལ་སྤྲོ་བ་དེ་དང་འཚམ་པ་མང་པོ་ཐོལ་ཐོལ་བྱུང་བས། ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་། སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་ལས་སང་སེང་དངོས་མེད་དུ་དག་པར་འཆར་བ་ནི་རྩལ་འབྱོངས་པའོ། །དེས་ནི་སྣང་བ་བདེན་མེད་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སྔར་ལྟར་ཧཱུྃ་བརྗོད་པས་ཧཱུྃ་ཡིག་མཚན་ཉིད་བཞི་ལྡན་དེས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཐལ་བྱུང་དུ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་། ལུས་ཀྱི་ཤ་ཁོལ་བུར་འཕར་ཞིང་ན་བ་དང་། ལུས་ཆུ་ཟླ་ལྟར་རང་བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ནི་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་བཙུགས་ཏེ། ངག་གི་ཧཱུྃ་སྙན་ཞིང་རིང་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་དུ་བྱུང་། དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་དང་དར་ཅིག་ཀློད་ལ་ངལ་གསོ། ཡང་རིམ་བཞིན་བཤིགས་ནས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུྃ་ལ་རྫོགས་པར་བསྟིམས་ནས་ངལ་གསོ། དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལ་སྦྱངས་པ་བཞིན་ལམ་དུ་ལོངས་པས། རྣམ་རྟོག་གི་ངར་ཞི་ནས་སེམས་ཤིན་སྦྱངས་ཐོབ་སྟེ་དམིགས་པ་གང་དུའང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དོན་ནོ། །བཞི་པ་ལམ་དུ་འཇུག་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལ་མདུན་ན་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་སྟེ་འཁྱོག་མཚམས་སུ་ཅུང་ཟད་ངལ་གསོ་ཞིང་། རྒྱང་རིང་པོའི་མཐའ་ཚད་མེད་པའི་ཕ་རོལ་དུ་སོང་བར་བསམ་ཞིང་ཧཱུྃ་རིང་པོར་བརྗོད་ལ་རང་བབས་སུ་ངལ་གསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནས་པ་ལ་ངལ་གསོ། དེས་ཐོག་མར་དགའ་བ་དང་སྐྱོ་བ་ལ་སོགས་པའི་ཉམས་མཐོ་དམའ་ཅན་དུ་སྐྱེ་ཞིང་། མཐར་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་འཆར་རོ། །དེས་ནི་ལུས་ངག་ཡིད་གསུམ་ཡང་དག་པའི་ལམ་སྲོལ་དུ་ཆུག་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེ་གསལ་མི་རྟོག་པའི་ཉམས་བོགས་ཆོད་དུ་སྐྱེ་བས་དེའི་རང་ངོ་བསྐྱང་། དེ་དག་གི་དགོས་པ་ནི་གསུམ་སྟེ། ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པས། དང་པོ་བྱུང་ས་ལ་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་སོགས་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིགས་ནས་བཙལ་བས་ཨི་རྙེད། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་ཤས་ནས་བཙལ་ནས་རྙེད་དམ། གལ་ཏེ་སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཨི་རྙེད། མདོར་ན་བཙལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་སེམས་ལ་ཚུར་བལྟས་པས་ངོ་བོ་ངོས་གཟུང་ཐམས་ཅད་དང་བྲལ་བའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད་ཅིང་བསྐྱར་རོ། །གཉིས་པ་གནས་ས་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད་པས་དེ་དག་གང་དུ་ཡང་མ་གྲུབ་ན། རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པས་ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པ་འགྲོ་ས་ལ་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུ་ཡང་འགྲོ་བའི་ཡུལ་མེད། ཡུལ་ཅན་གྱི་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་གཟུང་ཐམས་ཅད་དང་བྲལ་བས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོང་དང་བྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་དག་གི་དགོས་པ་ནི་གསུམ་སྟེ། ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གཉིས་སུ་མེད་པར་འགྱུར་བའོ། །དེ་ལྟར་ཡང་ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པར་མཐར་ཐུག་གི །དགོས་པ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དང་། ཡང་བཤད་མ་ཐག་པའི་དགོས་པ་སྔ་མ་གཉིས་ཐུན་མོང་དང་། ཕྱི་མ་མཆོག་ཏུ་བྱས་ནས་གཉིས་སུ་ཡང་བཤད་དེ། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་རྣལ་དུ་དབབ་པ་ལ་གཉིས། རྣལ་དབབ་དངོས་དང་། སོར་འཇུག་པའོ། །དང་པོ་ལ་རྣལ་དུ་དབབ་དགོས་པར་བསྟན་པ་དང་། ཇི་ལྟར་དབབ་པའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པ། །དེ་དག་གྲོལ་ཕྱིར་རྣལ་དུ་དབབ། །ཅེས་གསུངས་པས། དེ་ཡང་འཁོར་བའི་ཆོས་སྤང་བྱའི་རྣམ་རྟོག་དང་། གཉེན་པོའི་ཆོས་དགེ་བའི་རྣམ་རྟོག་གང་ཤར་ཡང་རྣམ་པ་གང་གསལ་བ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་རྣམ་པར་རྟོག་པ་གནས་འགྱུར་ནས་རྣམ་པར་མི་རྟོག་པར་འགྱུར་ཏེ། དཔེར་ན་ཆུ་བསྙོགས་མ་ཅན་དེ་ཉིད་གཡོ་མེད་དུ་བཞག་པས་དྭངས་པར་འགྱུར་བ་བཞིན་ནོ། །དེ་ཡང་ཐོག་མར་རྟོག་པ་ནན་གྱིས་བཀག་ན་སེམས་མི་གནས་པའི་ཁར་སླར་གེགས་སུ་འགྲོ་ཞིང་ཏིང་ངེ་འཛིན་སྐྱེ་དཀའ་བར་དགོངས་ནས། མདོ་སྡེ་རྒྱན་ལས་ཀྱང་། གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ཡིས་རྣམ་གྲོལ་འགྱུར་ངེས་ན། །དེ་ཡིས་དེ་དག་ལས་ངེས་འབྱུང་། །ཞེས་དང་། བརྟག་གཉིས་ལས། ཆགས་པས་འཇིག་རྟེན་འཆིང་གྱུར་ན། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་ཐབས་ལ་མཁས་པར་གསུངས་པ་དང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་འགྲུབ། །དེ་ལྟ་བས་ན་དམིགས་པ་དང་། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་དབུས་མཐའ་ལས་ཀྱང་གསུངས་པ་བཞིན་ཏེ། དེ་ལྟར་སྔར་བཤད་པའི་འཁོར་འདས་རུ་ཤན་དབྱེ་བ་སོགས་ཐ་མལ་གྱི་སྣང་བ་བག་ཆགས་ཀྱི་ཞེན་སྣང་རགས་པ་བློ་ལ་འཆར་བདེ་བ་རྣམས་དང་། དེ་ནས་ནང་གི་ཤན་འབྱེད་དང་རྒྱས་གདབ་རྩལ་སྦྱོང་སོགས་ཕྲ་བ་རྣམས་ལ་རིམ་གྱིས་བསྡུས་པས་དབང་ཤེས་གཞན་དུ་མི་གཡེང་བར་འཆིང་ཞིང་། དེས་ཡིད་ཤེས་ཚོགས་དྲུག་གཅིག་ཏུ་འདུ་ཞིང་ཡུལ་གཞན་ལ་འཕྲོ་བའི་སེམས་ཉེ་བར་ཞི་བར་བྱེད། དེ་ནས་ཆོས་འདུས་མ་བྱས་པ་དང་འབྲེལ་བ་ཡུལ་དྲུག་དམིགས་པའི་རྟེན་དེ་ཡང་ཡིད་ལ་མི་བྱེད་པར་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚན་མ་གང་ལ་ཡང་མི་རྟོག་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའི་དོན་དང་། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་པའི་ཕྱིར་རྣལ་དུ་དབབ་པའོ། །གཉིས་པ་ཇི་ལྟར་དབབ་ཚུལ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་དང་། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་པས། བདེ་བའི་མལ་དུ་ལུས་སེམས་སྐྱིལ་ལམ། ཙོག་པུ་སོགས་གང་བདེ་རང་བབས་སུ་བསྒུལ་བསྐྱོད་མེད་པར་བཞག །ངག་སྨྲ་བརྗོད་ལྟ་ཅི་རླུང་ལ་ཡང་བཟོ་བཅོས་མེད་པར་བཞག །སེམས་མི་དགེ་བ་དང་ལུང་མ་བསྟན་དུ་མ་ཟད་དགེ་བའི་རྣམ་པར་རྟོག་པ་ཙམ་ཡང་བཏང་ནས་རང་བབས་སུ་འཇོག་སྟེ། ཆུ་མ་བསྙོག་ན་དྭངས་པ་ལྟར་སྒོ་གསུམ་གཞི་ཐོག་ཏུ་དྭངས་པར་འགྱུར་བས་བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ནོ། །དེ་ལྟར་ཡང་ཤེར་ཕྱིན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་པ་དང་ཡང་གནད་གཅིག་གོ །དེས་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུག་ཅིང་ནད་རྐྱེན་མི་འབྱུང་བ་དང་རང་བཞིན་གྱིས་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་དུ་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ། །གཉིས་པ་སོར་གཞུག་ལ་དགོས་པ་བསྟན་པ་དང་། གཞུག་པའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་འཇུག །ཅེས་གསུངས་པས། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་བར་མ་དང་རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་པ་ལ་བསླབ་པར་བྱ་བ་ཡིན་ཏེ། རལ་གྲིའི་འཕྲུལ་འཁོར་ཤེས་པར་འདོད་པས་དང་པོར་ཤིང་གི་རལ་གྲི་ལ་བསླབ་པ་བཞིན་ནོ། །གཉིས་པ་གཞུག་ཚུལ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་གསུངས་པས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ལུས་གནད་ཆོས་བདུན་ལྡན་གྱིས་མི་གཡོ། ངག་མི་སྨྲ་བས་རླུང་གི་འགྲོ་འོང་རང་ཤུགས་སུ་དལ་བར་བཞག །མིག་སྣ་རྩེའི་ནམ་མཁའ་ལ་ཧྲིག་གེ་གཏད་ནས། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལས་མི་སྤྲོ་མི་སྡུད་པར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོས་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ་པར་བྱ་སྟེ། ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། གཞན་སྔར་ལྟར་ལས་མིག་བར་སྣང་ལ་ཧྲིག་གིས་བསྒྱུར་ནས་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་གསལ་ལ་མ་འགགས་པར་ཤར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པར་བྱ་སྟེ། བོ་དྷི་སཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བ་ཉིད་ལ་ལངས་ཏེ་གོམ་པ་གྱ་ཚོམས་སུ་དོར། མིག་གཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་ཞེས་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་རྩལ་སྦྱངས་པས། རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ་པར་བྱ་སྟེ། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་ཡང་། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་གསུངས་པས། ཉན་ཐོས་ཀྱིས་སྒོ་གསུམ་རང་བཞིན་དུ་གནས་པར་བྱེད། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོས་བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་ཅིང་། དེ་དག་ལས་གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་ལ་སྲོལ་དུ་འཇུག་པ་ཡིན་ནོ། །འདས་རྗེས་དོན་ཁྲིད་ལས་སྔོན་འགྲོ་གཞན་རྣམས་སྔར་ལྟར་བྱས་ནས། རྣལ་དབབ་སོར་གཞུག་དངོས་གཞིའི་ཁོངས་སུ་བསྡུས་ཏེ་གསུངས་པ་ནི་སེམས་བཞག་ཐབས་ཀྱི་རྩ་བ་ལྟ་བུ་ཡིན་པས་སྐབས་སུ་བབས་པར་འགྱུར་མོད། འདིར་ནི་ཁྲིད་གཞུང་གཞན་རྣམས་དང་མཚུངས་པར་བྱས་སོ། །དེ་ལྟར་སྒོམ་པའི་ཚེ་ཡིད་སྤྲོ་ཞིང་འཇུག་ན་གེགས་ཆུང་ལ་བོགས་ཆེ་བས་བསྒོམ། སུན་ཅིང་མི་སྤྲོ་ན་བསྒོམས་ཀྱང་གེགས་སུ་འགྱུར་ཏེ་རྟ་གདོང་འདྲོག་ཅན་བཞིན་ཕྱིས་སྒོམ་གྱིས་སྣ་སུན་ནས་ངན་ལང་དུ་འགྲོ་བས་ཅུང་ཟད་ངལ་གསོས་ནས་རིམ་གྱིས་གོམས་པ་ལ་འཇུག་པར་བྱའོ།། །།དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ། ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་ཀྱི་ལམ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་གཉིས། དང་པོ་ལ་གཉིས། གནས་ལུགས་གཏན་ལ་འབེབ་པ་དང་། རིག་པའི་རང་ངོ་སྤྲད་པའོ། །དང་པོ་ལ་གསུམ་སྟེ། འདས་རྗེས་དོན་ཁྲིད་ལས། དང་པོར་རྟོག་པ་རྩད་གཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག །ཅེས་གསུངས་པས། དང་པོར་རྩད་གཅད་པ་ནི། བྱ་བྱེད་ཐམས་ཅད་ཀྱི་གཞི་ལུས་ངག་ཡིད་གསུམ་པོ་ལས་འཁོར་བར་འཁྱམས་མཁན་དང་སངས་རྒྱས་སུ་འགྱུར་བ་པོ་དེ་གང་། བདེ་སྡུག་གི་རྟེན་དང་དགག་སྒྲུབ་བྱེད་པ་པོ་དེ་སུ། སྐྱེ་བ་སྔ་ཕྱི་རྒྱུད་འཕེན་དང་འཁོར་མཁན་དེ་ལུས་ངག་ཡིད་གསུམ་སོ་སོ་བས་སམ། ཚོགས་པ་གཅིག་པས་བྱེད་བརྟགས་ཤིང་དཔྱད་པས། དེ་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཐག་ཆོད་པ་ནི་རྐུན་པོ་ངོས་ཟིན་པ་ལྟ་བུ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །ཞེས་དང་། གསང་བའི་སྙིང་པོ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་དང་། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོགས་གསུངས་པའང་དོན་འདི་ལ་དགོངས་པའོ། །གཉིས་པ་མཚང་བཙལ་བ་ནི། དེ་ལྟར་འཁོར་འདས་ཐམས་ཅད་ཀྱི་རྩ་བ་སེམས་འདིས་ཡུལ་ཐམས་ཅད་ལ་བདག་ཏུ་འཛིན་ཅིང་། ང་ཞེས་ཞེན་པར་བྱེད་ན། དེ་དང་འབྲེལ་པ་ཅན་གྱི་ལུས་དང་ངག་གཉིས་པོའང་གཅིག་གམ་ཐ་དད། གཅིག་ན་ལུས་ངག་མཐོང་ཐོས་སུ་གྲུབ་པ་བཞིན་སེམས་ཀྱང་མཐོང་ཐོས་སུ་ཅིར་མི་འགྱུར། སེམས་མཐོང་ཐོས་སུ་མི་དམིགས་པ་བཞིན་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་མོད། དེ་དག་སོ་སོར་ཐ་དད་ན། ལུས་རྡུལ་ཕྲན་ཆ་མེད། ངག་རྗེས་མེད་རང་ཡལ། སེམས་བྱ་ལམ་རྗེས་མེད་དུ་སོང་རྗེས། གཅིག་དང་ཐ་དད་གང་དུ་ཡང་གྲུབ་པ་མེད་པའི་མཚང་རིག་པ་སྟེ། དེའང་ཡུལ་དང་ཡུལ་ཅན་སྐྱེ་འགག་དང་རྟག་ཆད་ལ་སོགས་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བ། ཅི་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཧྲིག་གེ་བ། ཇི་ལྟ་བ་བཞིན་བརྗོད་པའི་ཡུལ་ལས་འདས་པ་ཉིད་འཁྲུལ་མ་འཁྲུལ་གྱི་མཚན་མ་ལས་གདོད་ནས་གྲོལ་བའི་ཕྱིར། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་གསུངས་པ་ལྟར་རོ། །གསུམ་པ་གནས་ལུགས་ལ་བརྟག་པ་ནི། དེ་ལྟར་གཞིའི་མཚང་མ་རྙེད་ཀྱང་བདག་མེད་པ་ལ་བདག་ཏུ་འཛིན་པའི་སེམས་ཀྱི་ངོ་བོ་འདི་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐར་གང་དུ་འགྲོ། དེ་ཡང་ཇི་ལྟར་བྱུང་། ཇི་ལྟར་གནས། ཇི་ལྟར་འགག་སོགས་ལ་བརྟགས་ཤིང་དཔྱད་པས། དེ་དག་གང་དུ་ཡང་མ་གྲུབ་པས་ལྟ་བྱེད་ཀྱི་གཉེན་པོས་སླེབ་ཚེ་བལྟ་བྱའི་ཡུལ་ཉིད་རང་བཞིན་སྟོང་པ་རྩ་བྲལ་དུ་དག་པས་སྡོང་པོ་རྩ་བ་བཅད་ན་ལོ་འདབ་ངང་གིས་བསྐམ་པ་བཞིན། ལྟ་བྱེད་ཀྱི་རིག་པ་ཉིད་ཀྱང་འདི་ཞེས་མི་མཚོན་པ་སོ་སོ་རང་རིག་གི་ངོ་བོ་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར། དེའི་ཚེ་གནས་ན་གནས་པའི་ངོ་བོ་ལ་བལྟ་ཞིང་། འཕྲོ་ན་འཕྲོ་བའི་ངོ་བོ་ལ་བལྟས་པས་རིག་བྱ་རིག་བྱེད་དང་བྲལ་བའི་རང་རྩལ་འགག་མེད་ཀྱི་རིག་པ་རང་བབས་སུ་བསྐྱངས་པས་ཡེ་སྟོང་ཀ་དག་གི་གནས་ལུགས་མངོན་དུ་གྱུར་པ་སྟེ། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་དང་། གཞན་ཡང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་དོན་མངོན་གྱུར་རང་སར་གྲོལ། །ཞེས་གསུངས་པ་བཞིན་ནོ། །འོ་ན་བྱུང་གནས་འགྲོ་གསུམ་ལ་བརྟག་པ་སྔར་ཡང་བྱུང་བས་སོ་སྙམ་ན། སྔ་མ་ནི་ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབ་བྱེད་ཡིན་ལ། འདིར་ནི་ཡུལ་ཅན་ལ་བརྟགས་ནས་ངོ་བོའི་ཐོག་ཏུ་འབེབ་པ་ཡིན་ནོ་ཞེས་༧ཆོས་རྗེ་ཀུན་མཁྱེན་ཆེན་པོས་གསུངས་པ་ལྟར། སྔ་མ་ནི་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབ་པ་དང་། ཕྱི་མ་ནི་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་པ་ཡིན་ནོ། །གཉིས་པ་དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ། བྱིན་རླབས་འཕོ་བའི་ཐབས་ཀྱིས་ངོ་སྤྲོད་པ། གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་པ་དང་གསུམ་མོ། །དང་པོ་ནི། ཚོགས་གཏོར་རྒྱ་ཆེར་བཤམས་པས་མཆོད་ཅིང་གསོལ་བ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། ལུས་གནད་བཅས་ཏེ། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱས་ནས། སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་རིམ་ཕོག་ལ། དེ་ཡང་། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱིས་བློ་གཏད་ལིངས་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་རློབས་ཤིག །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ཅིག་བྱས་ལ། བླ་མས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕབ་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་ཀློད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར། དེའི་ངང་ལ་ལྷོད་ཀྱིས་ཀློད་པས་རིག་མདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་གཞག་མེད་པར་རང་བབས་སུ་བསྐྱང་དུ་གཞུག་གོ །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་བླ་མ་རྣམས་ཀྱི་ཕྱག་བཞེས་ཉམས་མྱོང་བོགས་ཆོད་དུ་སྐྱེ་བ་ལ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་ནི། དོན་ཁྲིད་ལས། དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར། སྟོང་པ་སྣང་བར། སྣང་སྟོང་གཉིས་མེད་དུ། གཉིས་མེད་རང་གྲོལ་དུ། དུག་ལྔ་རང་གྲོལ་དུ། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་དོ། །ཞེས་རྣམ་གྲངས་བདུན་དུ་གསུངས་པ་ལས། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། སྒོ་གསུམ་རང་བབས་སུ་བཞག་པ་ལས། སྣང་གྲགས་ཀྱི་ཆོས་གང་ཡང་རུང་བ་ཞིག་ཡིད་ལ་ཝལ་གྱིས་འཆར་དུ་བཅུག་ནས། འདི་ལྟར་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་རང་གི་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས་ཕྱི་རོལ་ན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། གཞི་གཅིག་ལའང་རིགས་དྲུག་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་མེད་ཐ་དད་དུ་སྣང་བ་དང་། སྐྱེས་བུ་གཅིག་ཉིད་ཀྱང་རྣམ་རྟོག་ཐ་དད་པས་དགྲ་གཉེན་དུ་མ་ངེས་པའི་ཕྱིར། སེམས་ལ་རྣམ་རྟོག་ཇི་ལྟར་ཤར་ཡང་སེམས་ཉིད་ལས་མི་གཡོ་ཞིང་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཕྱིར་རྣམ་རྟོག་སེམས་སུ་ཐག་ཆོད་པ་སྟེ། དེ་ཡང་སེམས་ཀྱི་ངོ་བོ་ནི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ན། མཚན་ཉིད་མཚོན་པར་བྱེད་པ་རྣམ་རྟོག་ལམ་མེར་འཆར་བ་འདི་ལས་ཅི་ཞིག །ཀློང་གསལ་ལས། སེམས་ཀྱི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོགས་པ་མེད། །ཅེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི། སེམས་དེ་ཡང་། ཡོད་མེད་སྐྱེ་འགག་རྟག་ཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་ཅིང་། སྤྲོས་པ་ཐམས་ཅད་དང་བྲལ་བས་འདི་ཞེས་མཚོན་དུ་མེད་པའི་ཕྱིར་སྟོང་པ་ཉིད་དུ་ཐག་ཆོད་པ་སྟེ། རྒྱུད་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤང་རང་གྲོལ་སེར་བུ་འདྲ། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་གཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི། ངོ་བོ་སྟོང་པ་ཉིད་ལས་འགྱུར་བ་མེད་ཀྱང་རང་རྩལ་མ་འགགས་པའི་འཆར་སྒོ་ཅིར་ཡང་སྣང་བའི་ཕྱིར། རྒྱུད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་དང་། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་བ་ཡང་རྒྱུ་རྐྱེན་གཞན་མེད་དེ། སྟོང་ཉིད་ཀྱི་རང་རྩལ་ཆུ་ནང་ཟླ་གཟུགས་བཞིན་སྣང་སྟོང་གཉིས་མེད་སོ་སོ་རང་རིག་གི་ངོ་བོར་གནས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་སྟོང་གཉིས་མེད་རང་བྱུང་གི་རིག་པ་རང་གསལ་ཧྲིག་གེ་བ་སྤྲོས་བྲལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་ན་སྐུ་གསུམ་གྱི་དབྱིངས་སུ་རང་གྲོལ་བ་སྟེ། ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །ཅེས་གསུངས་པ་ལྟར་རོ། །དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི། ཞེ་སྡང་ལ་སོགས་པ་དུག་ལྔའི་རྣམ་པར་རྟོག་པ་གང་ཤར་ཡང་དེ་ཉིད་ཀྱི་ངོ་བོ་ལ་ཆེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་ཞེ་སྡང་མ་སྤང་གསལ་སྟོང་ཡེ་ཤེས་སུ་རང་གྲོལ། དེ་བཞིན་དུ་འདོད་ཆགས་བདེ་སྟོང་དང་། གཏི་མུག་མི་རྟོག་པ། ང་རྒྱལ་དང་ཕྲག་དོག་རང་གསལ་གཉུག་མའི་ངོ་བོ་རྣམས་སུ་འཆར་ཞིང་ཡེ་ཤེས་ལྔའི་ངང་དུ་གྲོལ། དེས་མཚོན་ནས། རྩ་ཉོན་དང་། ཉེ་ཉོན་ཉི་ཤུ་སོགས་མི་དགེ་བའི་རྟོག་པ་གང་སྐྱེས་ཀྱང་ཐམས་ཅད་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་བཞིན་དུ་གཟུགས་ལ་སོགས་པ་ཚོགས་དྲུག་གིས་བསྡུས་པའི་ཡུལ་དང་ཡུལ་ཅན་གྱི་སྣང་བ་དང་། རྟོག་པ་ཕྲ་རག་གང་ཤར་ལ་བལྟས་པས་རང་བཞིན་མེད་པ་ཡེ་སྟོང་རྩ་བྲལ་ཆེན་པོར་རང་གྲོལ་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །མདོར་ན་གང་ཤར་གྱི་རིག་པ་བཅིང་གྲོལ་ལས་འདས་པའི་རང་བཞིན་སྤྲོས་བྲལ་ཀ་དག་གི་དབྱིངས་སུ་རང་གྲོལ་བས། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་གནས་ལུགས་མཐར་ཕྱིན་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ངང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་སྐྱེ་མེད་དུ་རྩད་བཅད་ནས་ངོ་རང་ཐོག་ཏུ་སྤྲོད་པ་དང་། འགག་མེད་དུ་གཏན་ལ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ། གཉིས་མེད་དུ་ཐག་བཅད་ནས་རྩལ་གྲོལ་ཐོག་ཏུ་སྦྱང་བ་ཞེས་གསུངས་པ་རྣམས་ཀྱང་བཤད་མ་ཐག་པའི་དོན་ལས་གཞན་མེད་དོ། །གསུམ་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པ་ལ། རང་གནས་བསམ་གཏན་གྱི་ངང་ལ་ངོ་སྤྲད་པ་དང་། རང་མདངས་ཡེ་ཤེས་ཀྱི་རོལ་པ་ལ་ངོ་སྤྲད་པའོ། །དང་པོ་ནི། རིན་ཆེན་སྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་གསུངས་པས། རི་བོ་ཅོག་གཞག་ལུས་རྣམ་སྣང་གི་ཆོས་བདུན་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་གཞག་མིག་མདའ་གང་ཙམ་གྱི་ཐད་ཀར་མིག་འབྲས་མི་འགུལ་བར་ཧྲིག་གེ་བལྟ། རིག་པ་ཅོག་གཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟའི་ཤེས་པ་གསལ་ལ་ངོས་གཟུང་མེད་པ་རང་བབས་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པར་འཇོག་ཏུ་བཅུག་ལ། ཀྱེ། སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་པར་ལྟོས་ཤིག །དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་པས་སེམས་གསལ་དྭངས་ཀྱི་ངང་ལ་གནས་པ་དེ་ཉིད། ཕཊ྄། ཅེས་ཡེངས་ལ་བོར་བའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་དྭངས་དེ་ཞིག་ཀྱང་། བྱུང་ཚོར་གྱི་རྟོག་པ་དང་དེར་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་གཞི་ཕྱལ་པ་གཅིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ངོ་ཤེས་པར་གྱིས་ཤིག །འདི་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་སུ་ཡང་། རང་རིག་རང་བབས་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱིས་འཆར་ཏེ་འདི་ཁོ་ན་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ་ཡིན་ནོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་ནས་སྤྱོད་ལམ་འཇམ་རྩུབ་བར་མ་རང་ཉམས་དང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་མདངས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླས་པའོ། །དེ་ལྟར་ཡང་ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་རང་མདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ལ་གསུམ་ལས། དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པ་ནི། སྒོ་གསུམ་རང་བབས་སུ་ལྷུག་པར་བཞག་ལ། དགག་སྒྲུབ་ཀྱི་རྟོག་པ་སྣ་ཚོགས་སྤྲོས་ནས་ཆམ་གྱིས་བཞག་པས། རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་གསལ་སྟོང་ལྷན་ཅིག་སྐྱེས་པའི་གདོད་མའི་གནས་ལུགས་ལ་རང་སོར་གནས་པ་རྒྱ་མཚོ་ལ་རླབས་ཞི་བ་དྭངས་ལ་མི་གཡོ་བར་གནས་པ་བཞིན་ཏེ། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་གསུངས་ཤིང་། དེའི་ཚེ་སེམས་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་ཕྱིར། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ཞིང་། །ཞེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་སོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་པའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲད་པ་ནི། སེམས་གསལ་ལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་གང་ཤར་གྱི་སྣང་བའི་སྟེང་དུ་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བསྐྱངས་པས། རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་ལས་མ་གཡོས་པ་ལྟར། གང་ཤར་གྱི་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་མི་གཡོ་བ་སྟེ། ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་ཕྱིར་མ་གྲོལ་བ་ཡང་ཅི། །ཞེས་པ་དང་། ཤར་དུས་ཉིད་ནས་གཉེན་པོ་ལ་མ་ལྟོས་པར་རང་གྲོལ་བ་སྦྲུལ་མདུད་བཞིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཕྲོ་གནས་གཉིས་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་མི་རྟོག་པའི་ངང་ལས་མ་འགགས་པའི་རྣམ་རྟོག་སྣ་ཚོགས་སུ་ཤར་ཡང་། དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་ཤིང་། གནས་པའི་རང་རྩལ་འགག་མེད་དུ་འཕྲོ་བའི་ཕྱིར། འཕྲོ་བ་དང་གནས་པའི་རང་བཞིན་གཉིས་སུ་མེད་པ་རྒྱ་མཚོ་ལས་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་དུ་ཞི་ཞིང་དབྱེར་མི་ཕྱེད་པ་ལྟར། རྣམ་རྟོག་ཇི་ལྟར་ཤར་ཡང་ཐོལ་སྐྱེས་ཐོལ་ནུབ་ཆོས་ཉིད་ཀྱི་ངང་ལས་མི་འདའ་བའི་ཕྱིར་དེ་ལྟར་ཤེས་པར་བྱ་སྟེ། རྨད་བྱུང་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་དང་། དོ་ཧ་ལས་ཀྱང་། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་ཉིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་གསུངས་པ་བཞིན་ཏེ། དེ་ལྟར་ཡང་སེམས་གནས་ན་གདོད་མའི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར། མཉམ་ན་གཉིས་མེད་ཀྱི་ངང་དུ་ཡིན་པས། ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བའི་ཕྱིར་གནས་པ་མི་བསྲིང་། འཕྲོ་བ་མི་དགག །མཉམ་པ་མི་བསྒྲུབ་སྟེ། ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་པས་དགག་སྒྲུབ་བླང་དོར་ལས་འདས་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ལ་ངོ་སྤྲད་པའོ། །ཞེས་ངོ་འཕྲོད་པར་གདབ་ཅིང་། དེ་ཡང་། སྔར་སྐབས་དེ་དང་དེར་བསྒོམ་བྱའི་དོན་ལ་རིག་ཐོག་ཏུ་ཉམས་མྱོང་སྐྱེས་པ་དེ་ཉིད་ངོ་སྤྲོད་བཏབ་པས། གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་ན་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་རིམ་གྱིས་བརྟན་པ་ཐོབ་པར་འགྱུར་ཞིང་། ཡང་དུས་དེར་བསྒོམ་དོན་ལ་མྱོང་བ་མ་སྐྱེས་པར་གོ་ཡུལ་དུ་སོང་ན། སྐབས་འདིར་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས། སྔར་བཤད་པའི་དམིགས་རིམ་རྣམས་སླར་ཡང་འབད་པས་བསྒོམ་ཞིང་། ཕྱིས་ཉམས་མྱོང་སྐྱེ་ཚུལ་གྱི་ཐོག་ཏུ་ངོ་སྤྲོད་སྦྱར་ནས་བསྟན་ཅིང་ཉམས་སུ་བླངས་པས་རིམ་གྱིས་དོན་ལ་མྱོང་བའི་སྣེ་ཟིན་པར་འགྱུར་རོ། །གཞན་ཡང་སྐབས་འདིར་ཤེས་པར་བྱ་བ་ནི། དེ་ལྟར་ལམ་ཉམས་སུ་ལེན་པའི་ཚེ་སྤྱིར་བསམ་གཏན་གྱི་གེགས་ནི། ཇི་སྐད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔ་ཡིན་ནོ། །ཞེས་དང་། དེའི་གཉེན་པོ་ནི། དེ་སྤོང་འདུ་བྱེད་རྣམ་པ་བརྒྱད། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུ་འོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པ་འོ། །ཞེས་རྗེ་བཙུན་བྱམས་པས་གསུངས་པ་ཉིད་འདིར་ཡང་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་། གང་ལ་མཉམ་པར་བཞག་པའི་ཚེ་སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་དང་། ཡང་། རེས་འགའ་ཧ་ཆད་དེ་བ་ལ་གནས་ཤིང་། རེས་མི་གནས་པ་དང་། གནས་ཀྱང་གཏིང་ན་ཡིད་བྱེད་ཕྲ་མོ་མི་ཁེགས་པ་ཞིག་འབྱུང་བས། དེ་གསུམ་ག་ཡང་གནས་པར་རྩོམ་པ་ཡིན་ཞིང་། འོན་ཀྱང་རྟོག་པ་འཕྲོ་བ་བཀག་པས་མི་ཁེགས་པས། དེ་ལ་ཤེས་པ་མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པས། མཐར་རྟོག་པ་མཐུ་རྡུགས་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བས་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིངས་ལས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པ་ལྟར་རོ། །དེ་ཡང་གནས་འགྱུ་ལྟོས་བཞག་ཅན་མ་ཡིན་པ་ཕྱི་ཚོགས་དྲུག་དང་ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་། སྐྱེ་འགག་རྟག་ཆད་ལས་འདས་པའི་ཤེས་པ་རང་རིག་རང་གསལ་གྱི་ངོ་བོ་རྩལ་མདངས་འགག་མེད་ཀྱི་སྣང་བ་གུ་ཡངས་ཆད་དེ་བ། གསལ་ཧྲིག་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་རང་སོ་ཡེངས་མེད་དུ་བསྐྱངས་པ་ལས་གནས་ལུགས་ཀྱི་རྟོགས་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་སྒྲིམ་ཞིང་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས། རིག་པ་ཧུར་བཏོན་པས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། མིག་ཕབ། ཞེ་གཏིང་ནས་ཀློད་ལ་རང་བབས་སུ་འཇོག་གོ །ཡང་། སྐབས་རེར་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་བཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱིས་གོ་ཕྱེ་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་རོ། །དེ་ཡང་ལྟེང་ན་ཞི་ལྷག་སོ་སོར་རྩལ་སྦྱང་། བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་བ་རྩལ་སྦྱོང་བོགས་འདོན་གྱི་གནད་ཡིན་ནོ་ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་ལས་སོ།། །།དོན་གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་ལ་གསུམ་སྟེ། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་གཏང་བ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་སྒོ་གསུམ་གྱི་བྱ་བ་གཏོང་བ་ནི། ཀློང་གསལ་ལས། མངོན་གསུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་གཏང་། །ཞེས་གསུངས་པ་ལས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་སྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་། དེས་ནི་སྒོ་གསུམ་གནས་པ་དང་། བརྟན་པ་དང་། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་སྟེ། སྒོ་གསུམ་གྱི་གནད་གཟིར་བ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། དབབ་པའི་དོན་ངོ་སྤྲད་པའོ། །དང་པོ་སྒོ་གསུམ་གྱི་གནད་གཟིར་བ་ནི། ཀློང་གསལ་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ལེགས་པར་བསྟུན། །ཞེས་གསུངས་པ་ལ། དང་པོ་ལུས་ཀྱི་གསུམ་ནི། སྔ་མ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱ་འོ། །ཞེས་གསུངས་ཤིང་། དེ་ཡང་མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཙོག་པུར་རྐང་མཐིལ་སྤྲད་པུས་མོ་ཕྱིར་སྒྱེད། ལག་མཐིལ་སར་བཙུགས་ནས་རོ་སྟོད་བསྲང་། མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་སྨིན་དབྲག་གི་སྟེང་གི་ནམ་མཁའ་ལ་ཧད་པོར་མི་འགུལ་བར་བལྟ་བའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། ཁ་བུབ་ཏུ་པུས་བྲང་སྦྱར་གྲུ་མོ་ས་ལ་བཙུགས་ཏེ། ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིགས་དྲང་པོར་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་གྱིས་ཧྲིག་པོར་བལྟ་བའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ཙོག་པུར་འདུག་པའི་རྐང་པའི་ལོང་བུ་གཤིབས། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། སྒལ་ཚིགས་དྲང་པོར་བསྲངས་ཏེ་མིག་ཅུང་ཟད་ཕབ་ལ་ཟིམ་བུར་བར་སྣང་ལ་གཏད་དོ། །དེ་ལྟར་བྱས་པས་གནས་སྐབས་སུ་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པས། རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་། ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་ངག་གི་གསུམ་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་ཟླ། །ཞེས་གསུངས་པས། དང་པོ་བསླབ་རིམ་ནི། འཁྲུལ་པའི་གཏམ་བཀག་ནས་སྨྲ་གཅད་ཡུན་ཐུང་བ་དང་རིང་བ་ལ་བསླབ། གཉིས་པ་གནས་པ་ནི། ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། གསུམ་པ་བརྟན་ཅིང་ལ་ཟླ་ནི། ལག་གི་བརྡ་ཙམ་ལས་ཅུང་ཟད་ཀྱང་མི་སྨྲ་བར་ལ་ཟླའོ། །དེ་ལྟར་བྱས་པས་གནས་སྐབས་སུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོན་ལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །གསུམ་པ་སེམས་ཀྱི་གསུམ་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་དང་། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས་པས། རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་དབང་པོ་མི་འགྱུར་བ་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པས་དྲག་ཏུ་གཅུན་པས། ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་གིས་འཆར་བར་འགྱུར་རོ། །དེ་ལྟར་ཡང་། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས་ཤིང་། དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །ཞེས་པས་གནད་བཞིའམ་རླུང་རིག་གཉིས་དབྱེར་མེད་བྱས་པས་གསུམ་དུ་ཡང་བཤད་མོད། ས་བཅད་ནི་བཤད་པའི་དབྱེ་བསྡུ་ཙམ་ལས་དོན་གྱི་གནད་གཅིག་པ་ལས། དང་པོ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། ཇི་ལྟར་ན། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས། དེ་ཡང་རིག་པའི་ཡེ་ཤེས་སྙིང་དབུས་ན་བུམ་ནང་གི་མར་མེ་ལྟར་གནས་པའི་ཟེར་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ནང་ནས་མིག་གི་སྒོར་འོད་རྩའི་ལམ་ནས་འཆར་བས་ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་འཁྲིད་སྨྱུག་མ་བསྲང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུར་བྱ་སྟེ། དེ་ལྟར་ཡང་། ཙཀྵུ་ཟིམ་བུས་སཱུརྻར་བལྟ། །ཤར་གྱི་རྒྱ་དཀར་བཞིན་དུ་གསལ། །ཞེས་པས་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་བལྟས་པས་ཕྱིའི་དབྱིངས་མཐོང་། གཡས་གཡོན་གྱི་ཟུར་རམ་ཟིམ་བུས་ཉི་མ་ལ་བལྟས་ན་ནང་གི་དབྱིངས་རིག་མཐོང་། དེ་དབང་པོས་བར་སྣང་ལ་ཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ། །དེ་ཡང་ལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་སྤྲིན་དང་བསིར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེ་ཡང་། ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་དེར་བལྟའོ། །དེ་ལྟར་ཡང་། ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། །ཞེས་དང་། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་བྲལ་ཆུའི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་བའི་དབེན་པའོ། །གསུམ་པ་རླུང་གི་གནད་ནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། །ཅེས་གསུངས་པས། རླུང་དལ་བ་མ་བརྟེན་ན་རླུང་གིས་རིག་པ་སྤུར་ནས་མི་ཟིན་པས། རླུང་སྣ་ནས་མི་གཏོང་བར་མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་དུ་རྒྱུ་བ་སྙོམས་པ་ལས་ཕྱིར་འཛིན་ཅུང་ཟད་ཙམ་བྱ་སྟེ། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འཕུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །བཞི་པ་རིག་པའི་གནད་ནི། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་གཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བརྟེན། །ཞེས་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་བཙོན་དུ་གཟུང་། །ཞེས་གསུངས་པས། ཕྱི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས། ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །ཞེས་གསུངས་པ་ལྟར་དང་། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆར་ཞིང་། དེ་ཡང་། ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་སྨིག་རྒྱུ་ལྟར་འལ་འོལ་མི་གསལ་བ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་ཆེ་རེ་གཏད་ནས་ཡིན་མིན་གྱི་དཔྱད་པ་སོགས་རྣམ་རྟོག་གིས་མ་བསླད་པར་བལྟ་མཁན་གྱི་རིག་པ་དེས། རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང་། ཅི་སྟེ། འོད་གསལ་གྱི་སྣང་བ་མི་གསལ་བའམ། གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ན་དེའི་རྗེས་སུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲང་བར། ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུས་ཁྲིད་པས་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་དུ་ཆེ་རེ་གཏད། བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས་ཕྱི་སྣང་བ་མ་འགགས་ཤིང་། ནང་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པའོ། །གསུམ་པ་དབབ་དོན་དེ་ཉིད་ངོ་སྤྲད་པ་ལ། ངོ་སྤྲོད་དངོས་དང་། སྤྲོ་བ་བསྐྱེད་པ། རྣལ་འབྱོར་བཞིས་ཉམས་སུ་བླང་བ་དང་གསུམ་ལས། དང་པོ་ནི། ངོ་སྤྲོད་ཀྱི་ཁང་པ་ཕྱོགས་ཕྱེད་པར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ། ཚོགས་གཏོར་བཤམས་པས་མཆོད་ཅིང་གསོལ་བ་གདབ་པ་དང་བྱིན་འབེབ་རྣམས་སྔར་ལྟར་བྱས་ནས། སློབ་མ་སྒོ་གསུམ་གྱི་གནད་འཆིང་དུ་བཅུག །སྔར་བཞིན་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ནས་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། ཀྱེ། སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་། སྔར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁྲེགས་ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ། དེ་ཡང་། ངོ་སྤྲོད་བྱ་བ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་རྒྱུའི་རྒྱུད་སོགས་སུ་བཤད་པ་དེ། འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད། སྒོ་གསུམ་གྱི་གནད་ཀྱིས་གཞི་གཟུང་། གནད་རྣམ་པ་བཞིས་མཚོན་པར་བྱས་པས། སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་ཡི་གེ་མེད་པ་ལས་གསུངས་པ་ལྟར། རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་ནམ་མཁའ་རྣམ་དག་སྒྲོན་མའི་གདངས་བྱད་བཞིན་དུ་ཤར་བ་ནི་ནམ་མཁའི་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདི་འོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོར་གསལ་ཞིང་དྭངས་པར་སྣང་བ་འདི་འོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདི་འོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པ་འོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདི་དག་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ནི་ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་རང་ཡིན་ནོ། །དེ་ཡང་། ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ཁོ་ན་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་ཉིད་སྙིང་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ཡང་། ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །འདིར་རིག་པའི་ཡེ་ཤེས་ལྔ་ཚན་བདུན་གྱི་ངོ་སྤྲོད་བྱེད་པར་སྤྲོ་ན་གསེར་ཕྲེང་ལས་བྱུང་བ་བཞིན་ཤེས་པར་བྱའོ། །མདོར་ན་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཀྱི་ངོ་བོ་ཀ་ནས་དག་པ་ཁྲེགས་ཆོད་ཀྱི་དོན་ནོ། །རིག་པའི་རང་བཞིན་འོད་གསལ་གྱི་སྣང་བ་ནི་ཐབས་ལྷུན་གྲུབ་ཀྱི་ངོ་བོ་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། རིག་པའི་རང་བཞིན་ཐབས་ཀྱི་སྐུ། འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་པ་དང་། དེ་ལྟར་སྣང་བ་དེ་ཡང་། ཀུན་རྫོབ་སྣང་ཚུལ་འཇིག་པའི་ཆོས་སུ་མེད་དེ། དོན་དམ་འདུས་མ་བྱས་པ་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཉིད་ཡིན་ཏེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནོ། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པ་འོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་བསྒོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞིར་གནས་པའོ། །ཞེས་གསུངས་པས། ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་སྒོམ་པ་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་དོ། །གཉིས་པ་སྤྲོ་བ་བསྐྱེད་པ་ནི། འོ་རིགས་ཀྱི་བུ། འདི་ལྟར་མཐོང་བ་འདི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཌཱ་ཀི་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ཞེས་བྱའོ། །ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ་ཐམས་ཅད་དག་པ་ཞེས་བྱའོ། །ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ། །ལས་དང་སྐལ་བར་ལྡན་པ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ། །རིག་པ་རྩལ་གྱི་དབང་ཐོབ་པ་ཞེས་བྱའོ། །དུས་དེ་རིང་ནས་སངས་རྒྱས་ཀུན་ཏུ་བཟང་པོ་རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ། །ཞེས་བསྔགས་པ་བརྗོད་ལ་སྤྲོ་བ་བསྐྱེད་དོ། །གསུམ་པ་རྣལ་འབྱོར་བཞིས་ཉམས་སུ་བླང་བ་ལ། ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་ལྟ་བ་ནི། འོད་གསལ་གྱི་ངོ་བོ་སྟོང་ཉིད། རང་བཞིན་གསལ་བ། ཐུགས་རྗེ་འགག་མེད་དུ་འཆར་བ་ནི་མཉམ་བཞག་གི་ལྟ་བ། སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་དག་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟར་རྟོགས་པ་ནི་རྗེས་ཐོབ་ཀྱི་ལྟ་བའོ། །གཉིས་པ་སྒོམ་པ་ནི། ལྟ་བ་དེ་ལས་མ་གཡོས་པས་མཉམ་གཞག་ཏུ་གསལ་སྟོང་འཛིན་པ་མེད་པའི་རྣལ་འབྱོར་དང་། རྗེས་ཐོབ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་ལེན་པ་ནི་སྒོམ་པའོ། །གསུམ་པ་སྤྱོད་པ་ནི། བདེ་སྡུག་ཅི་ཤར་ཡང་རང་ཤར་རང་གྲོལ་དུ་ཤེས་ཤིང་། དབང་པོའི་རིམ་པ་དང་འཚམ་པའི་སྤྱོད་པས་ལྟ་སྒོམ་གྱི་བོགས་འདོན་པ་ནི་སྤྱོད་པའོ། །བཞི་པ་འབྲས་བུ་ནི། གོམས་པ་ཀློང་དུ་གྱུར་པས་སྣང་སྟོང་འོད་གསལ་གྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་དང་བྲལ་བའི་གནས་ལུགས་གདིངས་སུ་གྱུར་པ་ནི་འབྲས་བུའོ། །དེ་དག་གི་དོན་ཡང་། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པའོ། །དེ་ལྟར་ངོ་སྤྲད་པས་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་མངོན་སུམ་མཐོང་བའི་གནད་ཀྱིས་ཚེའི་བར་ཆོད་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་འགྱུར་རོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ་གསུམ་སྟེ། སྣང་བཞིའི་འཆར་སྒོ་ངོས་གཟུང་། མཐའ་རྟེན་བཞིའི་གོམས་ཚུལ་བཤད། འབྲས་བུའི་གྲོལ་ཚུལ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་གསུངས་པས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། གོང་དུ་བསྟན་པ་བཞིན་ལུས་ངག་ཡིད་ཀྱི་འཕྲུལ་འཁོར་དང་། སྒོ་ཡུལ་རླུང་རིག་གི་གནད་བཞིས་བཅུན་པས། རྒྱང་ཞགས་ཆུའི་སྒྲོན་མ་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་མདོངས་ལྟ་བུའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པར་བཅིངས་ཏེ་བལྟས་པས། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གིས་སྐྱེས་པའི་ངང་ལ་མི་གཡོ་བར་བཞག་པའི་ཤེས་པ། གསལ་ལ་དྭངས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ། གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ། རིག་པ་དབྱིངས་ཀྱི་ར་བར་ཚུད་པས་ཐིག་ལེ་སུམ་འབྲེལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ཡང་། ཙིཏྟ་རིན་པོ་ཆེའི་སྦུབས་འོད་ལྔ་འདུས་པའི་ཕོ་བྲང་ན། གདོད་མའི་མགོན་པོ་འོད་མི་འགྱུར་བ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་ནང་གསལ་དུ་བཞུགས་པའི་གདངས་སྐུ་དང་ཞིང་ཁམས་ཚད་མེད་པའི་སྣང་བ་ལ་དབང་འབྱོར་པས་འོག་མིན་ཆེན་པོར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པ་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་མཐོང་བས་གནས་སྐབས་ཆོས་ཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་གྲོལ་བར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། ཤེས་ཉམས་ནི་བློའི་འཛིན་ཆ་ཡིན་པས་མི་བརྟན་ཏེ། ཀློང་གསལ་ལས། བློ་ནི་ཀུན་རྫོབ་ཡིན་པར་བཤད། །ཅེས་གསུངས། ནང་དུ་རིག་པ་གྲོལ་བའི་ལམ་རྟགས་ཀྱི་སྣང་ཉམས་ཤར་བ་ནི་བརྟན་ཅིང་མི་བསླུ་བ་སྟེ། དེ་ཡང་གོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས། རིམ་གྱིས་གོམས་པས་དབྱིངས་རིག་སྨིན་མཚམས་ནས་དྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་། གྱེན་འགྲེང་། རྩིབས་ཤར། དྲ་བ། དྲ་ཕྱེད། པདྨ་དང་། མིག་མང་རིས། ཉི་ཟླ་མཁར་ཐབས་ལྟ་བུ་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་། སྲན་མ་ཙམ་དང་། མེ་ལོང་དང་། ཁམ་ཕོར་དང་། བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་ཇེ་ཆེ་དང་། རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་། འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་རྒྱུག་པ་དང་། བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ། སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་ཤར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་གསུངས་སོ། །དེ་ལ་སློབ་དཔོན་བི་མ་ལ་མི་ཏྲ་ནི། དབྱིངས་སྣང་ཟླུམ་འཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་ཉམས་གོང་འཕེལ་གྱི་མཐོང་སྣང་དུ་མཛད་ནས། ལྷ་སྐུ་ཤར་བ་ཕན་ཆད་རིག་པ་ཚད་ཕེབས་སུ་བཞེད་ནའང་། འདི་ནི་སློབ་དཔོན་ཆེན་པོ་པདྨའི་དགོངས་པ་སྟེ། བཏགས་གྲོལ་དོན་ཁྲིད་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ནས་དྲལ་བའི་དུས་ནས་ཐིག་ལེའི་ནང་དུ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེ་ཡང་འདིར་འོད་སྣང་གྱེན་འགྲེང་གི་ཚེ་མིག་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་དང་། གྲུ་གསུམ་ལ་ཐུར་དུ་གཅུན་པར་ཡང་བཤད་དོ། །དེ་ལྟར་གོང་འཕེལ་གྱི་སྣང་བ་མཐོང་བས། གནས་སྐབས་ཉམས་སྣང་གི་ཡོན་ཏན་རྣམས་ཐོབ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་། དབྱིངས་ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་ནམ་མཁའ་གང་བར་འཆར་ཞིང་དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་པར་སྣང་བས། དེ་ནས་མ་བསྒོམ་ཡང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་པས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་པ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་སོ། །དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམ་ཡང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་ལོངས་སྐུའི་ཞིང་ན་སྤྱོད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པས་སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱ་འོ། །ཞེས་གསུངས་པས། གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་ས་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པས། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིའི་གྲོལ་ཚད་བསྟན་པའོ། །དང་པོ་ནི། ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པ་འོ། །ཞེས་པས། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། དེས་སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་ནི་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །དེ་ཡང་། ཐུགས་རྗེའི་རིག་པ་ཕྱིར་གསལ་མེ་ལོང་ལྟ་བུ་ལ་འོད་གསལ་གྱི་སྣང་བ་འགག་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རང་གྲོལ་དུ་བསྐྱངས་པས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་གཟུང་བའོ། །ཞེས་པས། དབྱིངས་རིག་མི་གཡོ་བར་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་རེ་རེ་ལ་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་རྙིས་ཟིན་པ་བཞིན་འཕྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་བྱི་དོར་དང་རྒྱན་གྱི་སྒེག་ཆོས་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཞིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདིང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་ཡ་ང་བ་དང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་དེ་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་སྐད་ཅིག་ལ་ཡལ་འགྲོ་བ་ལྟར་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱི་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། ཕུང་པོའི་སྣང་བ་འགགས་ནས་གདོས་བཅས་སུ་མི་སྣང་བས། སེམས་ཅན་གྱི་དོན་བྱེད་ན་རང་གི་ལག་སོར་ལ་རིག་པ་གཏད་པས་སྣང་བ་དེ་ཀུན་རང་ལོག་སྟེ། སྣང་བྱེད་ཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པས། མི་སོགས་སེམས་ཅན་ལ་རིག་པ་བཅུག་ན་མཚམས་མེད་པ་ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱ་སྟེ། དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལ་གནས་པའི་གནད་ཀྱིས་སོ། །དེའི་ཚེ་བེམ་པོ་ལ་རིག་པ་བཅུག་ཀྱང་འགུལ་ཞིང་སྐད་འབྱིན་ནུས་པ་འོང་ངོ་། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཚམས་མེད་ལྔ་བྱས་པ་ཡང་རང་དང་མཉམ་དུ་འཚང་རྒྱ་སྟེ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །བེམ་པོ་ལའང་ཐོགས་མེད་ཟང་ཐལ་དུ་འགྲོ་ཞིང་མངོན་པར་ཤེས་པ་ཐོགས་མེད་དུ་འཆར་རོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། །ཅེས་པ་དང་། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པས། ཡར་གྱི་གདིང་གཉིས་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདིང་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་ལྷུང་གི་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། གནས་སྐབས་སུ་ཐད་སོའི་དོན་རྣམས་འགྲུབ་ཅིང་། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པར་འགྱུར་བའོ། །དེ་ལྟར་ཡང་། ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་གི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་གྱི་གྲོལ་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་པ་ལྟར། ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཁྱད་པར་གྱི་གྲོལ་ཚུལ་ནི། དེ་ཉིད་ལས། ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས། ཉོན་མོངས་པ་ཕྲ་རགས་དང་འབྱུང་ལུས་ཀྱི་གདོས་པ་ཐམས་ཅད་དག་ནས། ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང་། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །སྒྱུ་འཕྲུལ་ལམ་རིམ་ལས། ལྷག་བཅས་ལྷག་མེད་གོ་ལྡོག་ཏུ་བཤད་པ་ནི། རྣམ་སྨིན་གྱི་ལུས་རྟེན་བོར་ནས་ཟག་མེད་ཀྱི་སྐུ་འགྲུབ་པས་འབྱུང་ལུས་ཀྱི་ལྷག་མ་མེད་པ་ལྷག་མེད་དང་། ལྷག་བཅས་ནི། འབྱུང་ལུས་ཟག་མེད་ཡེ་ཤེས་ཀྱི་སྐུར་གནས་གྱུར་པས་འབྱུང་ལུས་ཀྱི་ལྷག་མ་དང་བཅས་པས་ན་དེ་སྐད་དུ་གྲགས་པའོ།། ༈ །།དོན་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག་ལ་གསུམ་སྟེ། དང་པོ་བར་དོའི་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོ་འོ། །གཉིས་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་འཆིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོ་དང་བཞིའོ། །དང་པོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁ་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་པ་སྟེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ། དོན་བླ་མ་དམ་པ་ལ་བསྟེན་ནས་དེས་བསྟན་པའི་གདམས་ངག་གི་དོན་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་པར་བྱའོ། །དེ་བཞིན་དུ། འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་གོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིང་ཆུད་པའོ། །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་འདི་ལྟར་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུ་འཇུག་པའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་ཀྱང་མུ་གསུམ་དུ་གསུངས་པ་སྟེ་རྒྱས་པར་གཞན་དུ་བཤད་པ་ལས་ཤེས་པར་བྱའོ།། ༈ །།དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་འཚང་རྒྱ་བའི་མན་ངག་ནི། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པས། འདིར་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས། ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བ་བླངས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར་བ་དང་ལུང་ནོད། དབུགས་དབྱུང་བ་ཐོབ་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་གདོད་མའི་ཞིང་ལ་སྐད་ཅིག་གིས་གྲོལ་བ་ཐོབ། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ། ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཟླ་བ་ལས་ཆུ་ཟླ་ལྟར་འགྲོ་བའི་དོན་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་ཆད་པ་ཡིན་ནོ།། ༈ །།བཞི་པ་སྨོན་ལམ་གྱི་མཇུག་བསྡུ་ལ་བརྟེན་ནས་རྩིས་ཆེ་བའི་བཀའ་རྒྱས་བཏབ་པ་ནི། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏིའི་ཐིག་ལེ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འདི་ལྟ་བུའི་གདམས་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་བས་ཀྱང་ཆེས་ཤིན་ཏུ་དཀོན་པས། སྐལ་བ་དང་ལྡན་པའི་སློབ་མ་ཐུན་མོང་མ་ཡིན་པ་དག་ལ་ཤིན་ཏུ་གསང་བའི་བཀའ་རྒྱ་དང་བཅས་ཏེ་སྤེལ་ཞིང་། དེས་ཀྱང་ཉམས་ལེན་ལ་གོམས་འདྲིས་གདིང་དུ་གྱུར་ནས་གཞན་ཕན་གྱི་ཕྲིན་ལས་སྐྱོ་ངལ་མེད་ཅིང་སྤྲོ་བས་སྒྲུབ་པར་གྱིས་ཤིག །ཅེས་དམ་ཚིག་གི་བཀའ་རྒྱ་དང་སྲུང་མ་ལ་གཉེར་དུ་བཅོལ་ནས་རྩིས་ཀྱི་རྒྱས་གདབ་པར་བྱའོ།། །།བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་སྨིན་སློབ་ཏུ་ཁྲིད་པར་འདོད་ན། ཐོག་མར་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས། བུམ་དབང་བསྐུར་ཏེ་རིགས་ལྔ་ཕྱི་ནང་གི་སྒྲུབ་པའི་བསྐྱེད་རིམ་རྣམས་སྟོན། དེ་ནས་གསང་དབང་བསྐུར་ཏེ་གཏུམ་མོའི་ལམ་རྣམས་སྟོན། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ་ཕོ་ཉའི་ལམ་རྣམས་སྟོན། དེ་ནས་ཚིག་དབང་བསྐུར་ཏེ་ཀ་དག་ཁྲེགས་ཆོད་ཀྱི་ལམ་རྣམས་སྟོན། དེ་ནས་རིག་པའི་རྩལ་དབང་བསྐུར་ཏེ་ཐོད་རྒལ་གྱི་ལམ་རྣམས་རིམ་བཞིན་སྟོན། ཡང་ན་དབང་ལྔ་ག་དུས་གཅིག་ཏུ་རྫོགས་པར་བསྐུར་ནས་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་སྔར་གྱི་རིམ་པ་བཞིན་འཆད་དོ། །གང་གི་ཚེ་ཡང་ལམ་དེ་དང་འབྲེལ་བའི་གཞུང་ཕྲན་རྒྱབ་ཆོས་དང་བཅས་པ་རྣམས་སོ་སོའི་སྐབས་སུ་འབྲེལ་བསྡེབས་ཏེ་བསྐྱེད་རྫོགས་ཀྱི་འགྲོས་གཅིག་ཏུ་དྲིལ་ནས་འཆད་པར་འདོད་ན། གཏེར་གཞུང་གི་མན་ངག་རྩ་བ་རྣམས་དང་། དགོངས་འགྲེལ་ཡང་ཏིག་ཡིད་བཞིན་ནོར་བུའི་ལེགས་པར་བཤད་པ་རྣམས་ཀྱི་ཟབ་དོན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སྨར་ཁྲིད་ཀྱི་དབྱེ་བསྡུའི་གནད་རྣམས་ལ་འདྲིས་པར་བྱའོ།། །།རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཟབ་རྒྱས་ཆོས་ཀྱི་སྙིང་པོ་ཨ་ཏི་ཞེས། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་མན་ངག་གི །མཆོག་གསང་རྩེ་མོ་མཁའ་འགྲོ་སྙིང་ཐིག་ཉིད། །དགོངས་པ་བརྡ་དང་སྙན་བརྒྱུད་ཟབ་མོའི་ལམ། །མཚོན་བྱེད་ཡི་གེས་མཚོན་བྱ་རང་བྱུང་གི །ཡེ་ཤེས་བྱིན་རླབས་གཏད་རྒྱས་སྐད་ཅིག་ལ། །འགྲུབ་བྱེད་ཟབ་གཏེར་གསང་བ་བླ་ན་མེད། །གང་གི་ཟབ་དོན་རྟོགས་དཀའ་གསང་བའི་གནས། །འཕགས་མཆོག་ཁོ་ནའི་ཡེ་ཤེས་སྤྱོད་ཡུལ་ལས། །བློ་རྨོངས་སོ་སྐྱེའི་རྟོག་པས་མཚོན་མིན་ཡང་། །སྐལ་མཉམ་འགྲོ་ལ་ཕན་པར་སྲིད་ན་སྙམ། །དེ་ཕྱིར་རིག་འཛིན་ཌཱ་ཀིའི་ཐུགས་ཀྱི་མཚོར། །སྦས་པའི་ཟབ་དོན་ཡིད་བཞིན་དབང་གི་རྒྱལ། །ཆ་ཙམ་མཚོན་པའི་སྣང་བ་ཕྲ་མོས་ཀྱང་། །ཐར་འདོད་ཡིད་ཀྱི་རེ་བ་སྐོང་མིན་ནམ། ཁྱད་པར་གསང་མཆོག་མཁ༵འ་འགྲོ༵་སྙི༵ང་ཐི༵ག་གི༵ །ཟ༷བ་ལ༷མ་གས༷ལ་བྱེ༷ད་རིན་ཆེན་སྒྲོན་མེ་འདིས། །རྣམ་གྲོལ་སྐུ་གསུམ་ཞིང་ཁམས་མཚོན་ནས་དེར། །འགྲོ་ཀུན་མྱུར་བདེར་ཁྲི༵ད་པ་ཉིད་གྱུར་ཅིག །དེ་ལས་འགྲོ་འདིའི་རང་རྒྱུད་ཀ་དག་གི །གནས་ལུགས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས། །ལྷུན་གྲུབ་སྣང་བཞི་ཆོས་ཟད་འབྲས་བུའི་རྩེར། ཁམས་གསུམ་འོད་སྐུར་གྲོལ་བའི་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཅེས་བྱ་བ་འདི་ནི། གསང་ཆེན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མེ་རག་ཆོས་རྗེ་པདྨ་ཕྲིན་ལས་དབང་ཕྱུག་གིས་གསེར་གྱི་མེ་ཏོག་དང་བཅས་པའི་གསུང་གིས་རིང་མོ་ནས་བསྐུལ་བ་དང་། ཉེ་བར་ལམ་འདི་ལ་སྨོན་ལམ་གྱི་མཐུ་གྲུབ་པའི་དད་འདུན་བློ་གྲོས་ཀྱི་ནོར་ལྡན་རིན་ཆེན་བཀྲ་ཤིས་ཀྱིས་ཕུལ་དུ་བྱུང་བའི་སྐྱེས་ཀྱི་མཎྜལ་དང་བཅས་ཏེ་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཆེད་དུ། བཀའ་གསང་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་གནས་སུ་སྦྱར་པའོ། །སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).