Terdzo-SHI-013: Difference between revisions

From Rinchen Terdzö
No edit summary
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
 
(7 intermediate revisions by 2 users not shown)
Line 1: Line 1:
{{UnderConstruction
}}
{{Header
}}
= Tibetan Text =
<onlyinclude>
<div id='tibetan' class='tib-text'>
༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྙིང་པོའི་དོན་ཁྲིད་རིན་པོ་ཆེ་མདོར་བསྡུས་པའི་དམིགས་རིམ་ཟིན་བྲིས་བཞུགས་སོ། །
དཔལ་ཀུན་བཟང་ཀ་དག་ཀློང་ལ་ཕྱག་འཚལ་ལོ། །འདིར་གསང་སྔགས་དགོངས་པ་ཀུན་འདུས་ཀྱི་སྙིང་པོའི་དོན་ཁྲིད་རིན་པོ་ཆེ་ཇི་ལྟར་ཐོབ་པའི་ཟིན་བྲིས་བཀོད་པ་ལ། དང་པོ་དལ་འབྱོར་རྙེད་པར་དཀའ་བ་ནི། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི། རྒྱུ། གྲངས། ངོ་བོ་གང་ལ་བསམས་ཤིང་དཔྱད་ཀྱང་རྙེད་པར་དཀའ་ལ། དེ་རང་གིས་ཐོབ་འདུག་པ་འདི་ཁ་རྗེ་དང་བསོད་ནམས་ཆེ་བསམས་ནས། སྙིང་ནས་དཀོན་པ་བསམ་ལ། གཉིས་པ་འཆི་བ་མི་རྟག་པ་ནི། དལ་འབྱོར་ཐོབ་པར་དཀའ་བས་མི་ཆོག་འདི་ནམ་འཆི་ཆ་མེད་ཅིང་། ངེས་པར་འཆི། འཆི་བ་ལ་གང་གིས་ཀྱང་ཟློག་ཐབས་མེད། ད་ཕན་མ་ཤི་བ་ཡང་ཁ་རྗེ་ཆེ། ད་དེ་རིང་ནངས་པར་ཙམ་ཡང་མི་འཆི་བའི་གདིང་ནི་མེད་སྙམ་དུ་སྙིང་ཚ་འུབས་སེ་བ། ལུས་ཀྱི་བ་སྤུ་ལྡང་བ་ཙམ་བསྒོམ། གསུམ་པ་འཁོར་བའི་སྡུག་བསྔལ་ལམ་དུ་བླང་བ་ལས་རྒྱུ་འབྲས་ཀྱི་ཁྲིད་ནི། དེ་ལྟར་ཤི་བས་མི་ཆོག་ཤི་ན་བདེ་སྡུག་གང་ཡང་མི་ཚོར་བ་ཡིན་ན་བཟོད་མོད་དེ། དེ་ལྟར་མ་ཡིན། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ། དཔེར་ན་ས་བོན་མངར་བ་ལས་འབྲས་བུ་མངར་བ་དང་། ཁ་བ་ལས་འབྲས་བུ་ཁ་བ་སོགས་རྒྱུ་འབྲས་ཀྱི་ཆོས་ཉིད་མི་བསླུ་བ་མངོན་སུམ་ཚད་མས་གྲུབ་པ་བློ་ལ་གཅགས་ནས། ད་ལྟ་རང་རེ་ཚོ་བདེ་བ་ནི་འདོད་སྡུག་བསྔལ་མི་འདོད་པས་བདེ་སྡུག་གི་རྒྱུ་དགེ་སྡིག་གི་བླང་དོར་མ་འཛོལ་བ་གལ་ཆེ། འཁོར་བའི་སྡུག་བསྔལ་བསམས་ན་བཟོད་གླགས་མི་འདུག་པས། དེའི་ཕྱིར་ཡང་སྡིག་པ་སྤང་དགོས་པ། སྐྱེ་བོ་ཐ་མལ་ཚོ་ཡང་རྒྱུ་འབྲས་ལ་བརྩི་ཞིང་མི་བརྩི་ན་ཡ་རབས་ཀྱི་ཁྱུར་མི་ཚུད། ལྷག་པར་ཆོས་པ། དེའི་ནང་གི་སྒོམ་ཆེན་པ་རྒྱུ་འབྲས་ལ་མི་བརྩི་ན་ཅི་ཡང་མི་རུང་བས་རྒྱུ་འབྲས་ཀྱི་ཁྲིད་དོ། །བཞི་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཚད་མེད་བཞིའི་ཁྲིད་ནི། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས། ད་ལྟ་རང་གིས་མ་ལ་བརྩེ་ཞིང་བྱམས་པ་ཙམ་ཞིག་སེམས་ཅན་ཐམས་ཅད་ལ་དགོས་པས། དགྲར་འཛིན་པ་ལྟ་ཞོག །བཏང་སྙོམས་ཙམ་ལའང་བཞག་ཏུ་མི་རུང་བས། བྱ་མོས་སྒོ་ང་བསྲོ་བ་ལྟ་བུའི་བྱམས་པ། མའི་གདོང་དུ་བུ་གསོད་པ་ལྟ་བུའི་སྙིང་རྗེ། མ་བུ་སྟོར་གྱིས་བུ་སླར་རྙེད་པ་ལྟ་བུའི་དགའ་བ། དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུའི་བཏང་སྙོམས་རྣམས་བསྒོམ་ཞིང་། དབུགས་ཀྱི་འགྲོ་འོང་དང་བསྟུན་བདག་གི་བདེ་བ་དང་སེམས་ཅན་གཞན་གྱི་སྡུག་བསྔལ་བརྗེས་པས། སེམས་ཅན་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་བསམ་པ་ནི་བྱམས་སྙིང་རྗེའི་ཁྲིད་དོ། །ལྔ་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་སུ་མ་སོང་ན་སངས་རྒྱས་བསྟན་པའི་སྒོར་མི་ཚུད་པས་འཁོར་བ་ལས་ཐར་བར་མི་ནུས་པས་སྐྱབས་སུ་འགྲོ་བ་གལ་ཆེ། དེའི་ཕྱིར་དོན་འདིར་ཡང་སྐྱབས་འགྲོ་གསུངས་པའི་ཕན་ཡོན་དང་། རྒྱུ་མཚན་སྤྱི་དང་འདྲ། སྐྱབས་ཡུལ་གྱི་ཚོགས་ཞིང་གསལ་བཏབ་པ་ནི། རང་གི་མདུན་དུ་དཔག་བསམ་གྱི་སྡོང་པོ། མེ་ཏོག་གིས་ནམ་མཁའ། ཡལ་འདབ་ཀྱིས་བར་སྣང་། རྩ་བས་ས་གཞི་ཁྱབ་པ། དེའི་ཁར་རིན་པོ་ཆེའི་ཁྲི་ཆེན་པོ་དར་ཟབ་ཀྱིས་བཀབ་པ། དེའི་ཁར་པདྨ་དང་ཉི་ཟླའི་ཁར་རང་གི་རྩ་བའི་བླ་མ་ཉིད། བགྲེས་རྒུད་ཀྱི་རྣམ་པ་མ་ཡིན་པར་སྐུ་ལང་ཚོ་དར་བ། ཕྱག་གཡས་པ་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་དང་གཡོན་མཉམ་གཞག་གི་སྟེང་ན་ཟབ་ཁྲིད་ཀྱི་པོ་ཏི་འཛིན་པ་ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དབུ་ལ་པད་ཞྭ་དང་ན་བཟའ་ཆོས་གོས་སོགས་གསོལ་བ། ད་ལྟ་མངོན་སུམ་ན་ཇི་ལྟར་མཐོང་བ་ལྟ་བུར་བཞུགས་པའི་སྤྱི་གཙུག་ཏུ། བསྟན་འཛིན་སྲིད་ཞི་རྣམ་རྒྱལ་དགེ་སློང་རྡོ་རྗེ་འཛིན་པའི་ཆ་ལུགས། དེའི་སྤྱི་བོར་ཐུགས་སྲས་བསྟན་འཛིན་ཆོས་ཀྱི་ཉི་མ་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་གཞག་མཛད་པ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་པའམ། ཡང་ན་དམ་པ་འདི་གཉིས་སྨིན་གྲོལ་རིམ་བབས་སུ་མ་བྱོན་པར་སློབ་དཔོན་རྣམ་གཉིས་ལས་ཅིག་ཅར་དུ་བཞེས་ཤིང་། ཁོ་བོས་ནི་དམ་པ་གཉིས་ཀ་ལས་སྨིན་གྲོལ་ནོས་པའི་ཕྱིར་ཐུགས་སྲས་རྣམ་གཉིས་དབྱེར་མེད་གཅིག་ཆོག་ཏུ་བསྒོམས་པས་ཀྱང་རུང་མོད། དེའི་སྤྱི་བོར་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ཤེས་བྱའི་དེ་ཉིད་ཀུན་མཁྱེན་པའི་རྟགས་སུ་དབུ་ལ་པཎ་ཞུ་གསོལ་ཅིང་། ཕྱག་གཉིས་བོ་དྷི་ཙིཏྟའི་ཐུགས་དམ་བགྲང་བ་དགེ་སློང་གི་ཆས་ཅན་དུ་བཞུགས་པ། དེའི་གཡས་གཡོན་དུ་རྒྱལ་ཚབ་སློབ་དཔོན་རྣམ་གཉིས་རབ་བྱུང་གི་ཆ་ལུགས་སྙིང་པོའི་རྟོགས་པ་མངོན་གྱུར་གྱི་མཁྱེན་སྤྱོད་མཐོ་དམའ་མེད་པར་བཞུགས་པ། གྲུབ་མཆོག་རྡོ་རྗེའི་སྤྱི་བོར་འགྱུར་མེད་མཆོག་གྲུབ་དཔལ་འབར་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཅིང་ན་བཟའ་ཆོས་གོས་གསོལ་བ། དེའི་སྤྱི་བོར་ངག་དབང་ཀུན་བཟང་རྡོ་རྗེ་དབུ་སྐྲ་རྒྱབ་ཏུ་སིལ་བུར་གྲོལ་ཞིང་ཕྱག་གཉིས་ཌཱ་དྲིལ་བསྣམས་པ། སྐུ་ལ་དབང་གོས་ཕུ་དུང་ཅན་དང་ཆོས་གོས་པད་ཞྭ་སོགས་གསོལ་ཅིང་ཐུགས་བདེ་སྟོང་གི་ཉམས་འུར་བའི་ཚུལ་ཅན། དེའི་སྤྱི་བོར་བསྟན་འཛིན་ལེགས་པའི་དོན་གྲུབ་འདུལ་བ་འཛིན་པ། དེའི་སྤྱི་བོར་བསྟན་འཛིན་འགྱུར་མེད་རྡོ་རྗེ་རབ་ཏུ་བྱུང་བའི་ཆ་ལུགས་ལ་བསྒྲུབས་པའི་ཆེ་རྟགས་དབུ་སྐྲ་གཙུག་ཏུ་བཅིངས་ཤིང་། པུས་འཁྱུད་གསོལ་བ་ཁྲི་སྙན་གྱི་པགས་པའི་གདན་ལ་ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་གཞག་མཛད་པ་གཟིག་ལྤགས་ཀྱི་སྐུ་མཉེ་ཅན། དེའི་སྤྱི་བོར་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་དགེ་སློང་རྡོ་རྗེ་འཛིན་པའི་ཆ་ལུགས་སུ་བཞུགས་པ། དེའི་སྤྱི་བོར་རྒྱལ་སྲས་པདྨ་ཕྲིན་ལས། དེའི་སྤྱི་བོར་མཆོག་སྤྲུལ་བསྟན་འཛིན་གྲགས་པ། དེའི་སྤྱི་བོར་ཆོས་རྗེ་སྣ་ཚོགས་རང་གྲོལ་ལམ་གྲུབ་པ་ཀུན་འདུས། དེའི་སྤྱི་བོར་རིག་འཛིན་པདྨ་གླིང་པ། དེའི་སྤྱི་བོར་མཁར་ཆེན་ཡེ་ཤེས་མཚོ་རྒྱལ། དེའི་སྤྱི་བོར་ཨོ་རྒྱན་པདྨ་རྡོ་རྗེ་དང་ཐོད་པ་བསྣམས་པ་པད་ཞྭ་ཟབ་བེར་ཆོས་གོས་གསོལ་བ། དེའི་སྤྱི་བོར་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱའམ་ས་གནོན་མཉམ་གཞག་མཛད་པ། དབུ་ལ་གཙུག་ཏོར་ཅན་ཆོས་གོས་དང་ཤམ་ཐབས་གསོལ་བ། དེའི་སྤྱི་བོར་རྡོ་རྗེ་སེམས་དཔའ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། དེའི་སྤྱི་བོར་ཀུན་ཏུ་བཟང་པོ་མཐིང་ཁ་ཕྱག་མཉམ་གཞག་སྐྱིལ་ཀྲུང་དུ་བཞུགས་པ། ཡུམ་ཀུན་ཏུ་བཟང་མོ་དཀར་མོ་ཡབ་ལ་འཁྱུད་པ། སྐུ་ལས་འོད་ཟེར་མུ་མེད་པར་འཕྲོ་བ། གང་ནས་བལྟས་ཀྱང་ཞལ་ཕྱག་གི་རྣམ་པར་གསལ་བ་རྣམས་བསྐྱེད། བླ་མའི་གཡས་སུ་སངས་རྒྱས་དཀོན་མཆོག་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་པོ་ཏི་རྣམས་བྲག་རི་བརྩེགས་པ་ལྟ་བུ་གདོང་དར་རང་ལ་བསྟན་པ། གཡོན་དུ་དགེ་འདུན་དཀོན་མཆོག་ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པའི་ཚོགས་དབུ་ཟླུམ་ཞབས་རྗེན་ཆོས་གོས་གསོལ་བ་རྣམས་བསྐྱེད། མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཞི་ཁྲོ་དམ་པ་རིགས་བརྒྱ། སྒྲུབ་པ་བཀའ་བརྒྱད། གཞན་ཡང་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་མོས་པའི་ཡུལ་དུ་གང་གསལ་རྣམས་དང་། ཁྲིའི་རྒྱབ་ཏུ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་དང་། ཁྱད་པར་དོན་ཁྲིད་རིན་པོ་ཆེ་འདིའི་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་གསལ་བཏབ་ནས། དེ་དག་ལ་ཁ་ཙམ་མིན་པར་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆིའོ། །བདག་གཞན་འཁོར་བའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་དུ་གསོལ་བསམ་པའི་མོས་པ་དང་བཅས། ངག་ཏུ། ན་མོ༔ སྣང་བ་མ་བཀོད་དབྱིངས་ཀྱི་ནང༔ ཞེས་སོགས་ཆོས་སྤྱོད་ལས་འབྱུང་བའི་སྐྱབས་འགྲོ་ཤྭ་ལོ་ཀ་གཅིག་པུ་ཚར་གང་མང་འདོན། སྐྱབས་ཡུལ་རྣམས་རྗེས་མི་དམིགས་པའི་ངང་ལ་བཞག །དྲུག་པ་སྨོན་འཇུག་སེམས་བསྐྱེད་ཀྱི་ཁྲིད་ནི། སྒོ་གསུམ་གྱི་ཆོས་སྤྱོད་དགེ་བ་གང་ཡོད་པ་ཐམས་ཅད་བདག་གཅིག་པུའི་དོན་དུ་མ་ཡིན་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས། བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། འཁོར་བ་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ན་ཅི་མ་རུང་སྙམ་པའི་སྨོན་སེམས་དང་། དེ་ལྟར་སྨོན་པ་ཙམ་དུ་མ་བཞག་པར་ཇི་ལྟར་སྔོན་གྱི་རྒྱལ་བ་རྣམས་ཀྱིས་སེམས་ཅན་འཁོར་བ་ལས་བསྒྲལ་པར་མཛད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་འཁོར་བ་ལས་མ་བསྒྲལ་བ་རྣམས་བསྒྲལ། མ་གྲོལ་བ་རྣམས་དགྲོལ་བར་བྱེད་པའི་སླད་དུ་སྒོ་གསུམ་དགེ་བ་ལ་བརྩོན་པས་འཇུག་པ་སྟེ། སྨོན་འཇུག་གི་བསམ་པ་དེ་ལྟ་བུ་བསྒོམ་བཞིན་པའི་ངང་ནས། ངག་ཏུ། སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཞེས་སོགས་སེམས་བསྐྱེད་ཀྱི་ཤྭ་ལོ་ཀ་བརྒྱ་སྟོང་གང་འགྲོ་གཏང་། བདུན་པ་རྡོར་སེམས་ཡིག་བརྒྱའི་ཁྲིད་ནི། སྒྲིབ་པ་མ་དག་ན་སངས་མི་རྒྱ། སྒྲིབ་པ་དག་པའི་ཐབས་གཞན་གང་ལས་ཀྱང་རྡོར་སེམས་ཀྱི་བཟླས་སྒོམ་ཟབ་ཁྱད་ཆེ་བས། ཁྲིད་ཡིག་གཞན་ཐམས་ཅད་ཀྱི་སྔོན་འགྲོར་གང་འབྱུང་བ་བཞིན་འདིར་ཁྲིད་རྐང་བདུན་པར་སྟོན་ཏེ། དེའི་བསྒོམ་ཚུལ་ནི། པདྨ་དཀར་པོ་དང་ཟླ་བའི་གདན་གྱི་ཁར་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུར་ཆུ། དོ་ཤལ། དཔུང་རྒྱན། སེ་མོ་དོ་ལ་སོགས་པས་སྤྲས་ཤིང་། དར་གྱི་སྟོད་གཡོགས་དང་སྨད་དཀྲིས་ཅོད་པན་ལྷབ་ལྷུབ་དུ་མས་བརྒྱན་ཞིང་། ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་གསལ་བའི་ཐུགས་ཀ་དཔལ་གྱི་བེའུའི་ནང་དུ་པདྨ་འདབ་བཞི་ཁ་དོག་ཕྱོགས་མཐུན། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་ལྟེ་བར་གསེར་གྱི་རྡོ་རྗེ་རྩེ་ལྔ་ནས་འབྲུ་གྱེན་དུ་བསླང་བ་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ཁ་སྤུས་བྲིས་པ་ཙམ་ཞིག་དང་། འདབ་མ་བཞི་ལ་ཨོཾ་བཛྲ་སཏྭ་ཨཱཿརྣམས་ཁ་དོག་དཀར་རམ་མེ་བསམས་ནས་ངག་ཏུ་ཡིག་བརྒྱ་རྒྱས་པའང་གཉིས་གསུམ་བཟླ་ཞིང་། ཁྱད་པར་ཡང་སྙིང་། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཉིན་མཚན་ཁོར་ཡུག་ཏུ་བཟླ། དེའི་ངང་ནས་གཟུགས་སུ་སྣང་ཚད་རྡོར་སེམས་དང་། སྒྲ་རུ་གྲགས་ཚད་བཛྲ་སཏྭའི་སྒྲ་རུ་བསྒོམ། དེས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་དྲི་མ་ཐམས་ཅད་བྱང་ཞིང་དག་པར་བསམ། མཐར་ཐུན་འཇོག་ཁར་རྡོར་སེམས་ཡལ་འགྲོ་ལུགས་ཇི་འདྲ་འདུག་གི་ངོ་བོ་ལ་བལྟ། བརྒྱད་པ་ཚོགས་གསག་མཎྜལ་གྱི་ཁྲིད་ནི། སངས་རྒྱ་བའི་རྒྱུའི་གཙོ་བོ་ཚོགས་གསག་པ་ཡིན་ལ། དེའི་གཙོ་བོ་མཎྜལ་འབུལ་བ་ཟབ་པས། བླ་མ་སྐུ་གསུམ་གྱི་སངས་རྒྱས་ལ། སྐུ་གསུམ་གྱི་ཞིང་ཁམས་འབུལ་ཏེ། དེ་ཡང་དང་པོ། མཎྜལ་སྟོང་པར་ཕྱིས་པ་ལ། ཚོམ་བུ་ལྔ་བཀོད་ལ། ན་མོ༔ གདོད་མའི་ཞིང་ཁམས་རྣམ་པར་དག་པ་རུ༔ ཞེས་སོགས་ཤྭ་ལོ་ཀ་གང་མང་འབུལ། དམིགས་པ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་སྟོང་པ་ཉིད་སྤྲོས་བྲལ་འདུས་མ་བྱས་པའི་ངང་ནས་འབུལ། ལོངས་སྐུ་ལ་ནི་མཎྜལ་ཚོམ་བུ་ལྔ་བཀོད། དམིགས་པ་ཐིག་ལེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོན་པོས། ལྔ་ཚན་གྲངས་མེད་པ་བཀོད་པའི་ཚངས་པ་རྔ་སྒྲའི་ཞིང་ཁམས་དམིགས་ཤིང་། ངག་ཏུ། དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རུ༔ ཞེས་སོགས་ཚར་གང་མང་བརྗོད། དེ་ནས་མཎྜལ་ཚོམ་བུ་སོ་བདུན་ནམ་ཉེར་གཅིག་བདུན་གང་རིགས་བཀོད། གསེར་གྱི་ས་གཞིའི་དབུས་སུ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། ཉི་མ། ཟླ་བ། གསེར་རི། རོལ་མཚོ། ཕྱིའི་ལྕགས་རི་རྣམས་སུ་དམིགས་ནས། སྟོང་གསུམ་མི་མཇེད་སོགས་ཀྱི་ཚིག་གང་མང་བརྗོད། དེ་ནས་མཐར་ཁ་གསོས་ལ། ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེ་འབུལ༔ ཞེས་སོགས་ཀྱི་ཚིག་རྐང་བརྒྱད་ཚར་གང་མང་བརྗོད། མཐར་མཎྜལ་གྱི་མཆོད་རྫས་རྣམས་ཡི་གེ་ཧཱུྃ་ལ་བསྡུ། ཧཱུྃ་བདག་གི་སྙིང་གར་བསྡུས་ལ་དམིགས་མེད་དུ་བཞག་གོ །དགུ་པ་བླ་མའི་རྣལ་འབྱོར་ནི། མདུན་གྱི་ནམ་མཁའ་འཇའ་འོད་ཀྱི་ཀློང་ན་པདྨ་ཉི་ཟླའི་གདན་ལ་རང་གི་རྩ་བའི་བླ་མ་མངོན་སུམ་ཇི་ལྟར་བཞུགས་པ་ལྟ་བུ། དེའི་སྤྱི་གཙུག་ན་ཡར་རིམ་བཞིན་ཀུན་ཏུ་བཟང་པོ་ལ་ཐུག་གི་བར་བརྒྱུད་པའི་བླ་མ་རྣམས་གོང་སྐྱབས་འགྲོའི་སྐབས་ལྟར་བསམ་ཞིང་། དེ་ཐམས་ཅད་གཟི་མདངས་དང་ལྡན་པ། གསུང་ནུས་པ་དང་ལྡན་པ། ཐུགས་བྱིན་རླབས་དང་ལྡན་པ། སྤྱན་ལྟ་ལྟངས་ཟང་ངེ་བ། ཞལ་འཛུམ་བག་དང་ལྡན་པར་བསམ། ད་ཕྱིན་ཆད་བདག་གིས་རེ་ས་ལྟོས་ས་རྩ་བ་གསུམ་གྱི་དཔལ་དང་ལྡན་པ་བླ་མ་ཁྱེད་རྣམས་མཁྱེན་ནོ། །སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ་བསམ་པའི་མོས་གུས་དྲག་པོ་གནམ་ས་ངོ་མི་ཤེས་པ་ཙམ་དུ་བསྐྱེད། ངག་ཏུ། ན་མོ༔ ཆོས་དབྱིངས་གདོད་མའི་མཁའ་རྒྱ་རུ༔ ཞེས་པ་ནས་གཟུང་གསོལ་འདེབས་རྫོགས་པ་ཚར་གཅིག་བཏང་། དེ་ནས། བླ་མའི་སྐུ་ལ་གསོལ་བ་འདེབས། ཞེས་སོགས་ཀྱིས་གསོལ་འདེབས་བསྡུས་པ་ཚར་གང་མང་གཏང་། མཐར་ཐུན་འཇོག་ཁར། ཀུན་ཏུ་བཟང་པོ་འོད་དུ་ཞུ། རྡོར་སེམས་ལ་ཐིམ། རྡོར་སེམས་འོད་དུ་ཞུ་དགའ་རབ་རྡོ་རྗེ་ལ་ཐིམ། དགའ་རབ་འོད་དུ་ཞུ་ཨོ་རྒྱན་ལ་ཐིམ། ཨོ་རྒྱན་མཚོ་རྒྱལ་ལ། མཚོ་རྒྱལ་པདྨ་གླིང་པ་ལ། པད་གླིང་སྣ་ཚོགས་རང་གྲོལ་ལ། དེ་བསྟན་འཛིན་གྲགས་པ་ལ། དེ་པདྨ་ཕྲིན་ལས་ལ། དེ་རྩ་བའི་བླ་མ་ལ། རྩ་བའི་བླ་མ་སྔར་བས་ཀྱང་གཟི་བརྗིད་དང་བྱིན་རླབས་ཆེ་བ། ཀུན་བཟང་ནས་གཟུང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་རྫོགས་པའི་ཐུགས་རྗེའི་གོང་བུ་གཅིག་པོར་གྱུར་པའི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་སྦྱངས། སྐུ་བུམ་པའི་དབང་ཐོབ། མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས། བདག་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་སྦྱངས། གསུང་གསང་བའི་དབང་ཐོབ། ཐུགས་ཀའི་ཧཱུྃ་མཐིང་ཁ་ལས་འོད་ཟེར་མཐིང་ཁ་འཕྲོས། བདག་གི་སྙིང་ཁར་ཐིམ། ཡིད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མཐར་བླ་མ་རང་གི་སྤྱི་བོར་བྱོན་ནས་རང་དང་གཉིས་སུ་མེད་པར་ཐིམ། སྒོ་གསུམ་གྱི་དྲི་མ་དག །དབང་བཞི་ཡོངས་སུ་རྫོགས་པར་ཐོབ། རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་གཅིག་ཏུ་བསྲེས་ནས་མཐར་བསམ་བརྗོད་བྲལ་བའི་ངང་ལ་བཞག་ནས་ཕཊ་བརྗོད། བཅུ་པ་རིགས་དྲུག་གི་ས་བོན་སྦྱོང་བའི་ཁྲིད་ནི། སྔོན་ཆད་རིགས་དྲུག་ཏུ་སྐྱེ་བ་གྲངས་མེད་ཅིང་སྡུག་བསྔལ་མྱོང་བས། ད་ཕྱིན་ཆད་རིགས་དྲུག་ཏུ་སྐྱེ་བ་རྒྱུན་གཅོད་པའི་ཕྱིར་དེར་སྐྱེ་བའི་ས་བོན་རྣམས་དག་པར་བྱེད་པ་གལ་ཆེ་སྟེ། དེ་ཡང་རང་གི་སྤྱི་བོར་ལྷར་སྐྱེ་བའི་ས་བོན་ཡི་གེ་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་སེར་པོ། སྙིང་ཁར་མིའི་ས་བོན་ནྲྀ་ལྗང་ཁུ། ལྟེ་བར་བྱོལ་སོང་གི་ས་བོན་ཏྲི་སྔོན་པོ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ། རྐང་མཐིལ་གཡོན་པར་དམྱལ་བའི་ས་བོན་དུ་ནག་པོ་རྣམས་བསམ། དེ་ཡང་དེ་དག་སྦྱོང་བའི་ཡི་གེ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བསམ་ལ། ངག་ཏུ་ཨོཾ་ཨཱཿཧཱུྃ་བརྗོད་པས་ཨོཾ་ལས་ཡེ་ཤེས་ཀྱི་མེ་དཀར་པོ་འབར། ཨཱཿལས་མེ་དམར་པོ་འབར། ཧཱུྃ་ལས་མཐིང་ཁ་རྣམས་འབར་བས། རིགས་དྲུག་གི་ས་བོན་ཐམས་ཅད་རྩ་སྦུར་མེས་འཚིག་པ་ལྟར་གཞོབ་ཐུལ་གྱིས་བསྲེགས་མཐར་རྣམ་སྨིན་སྒྱུ་ལུས་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་ཀྱང་མ་ལུས་པ་བསྲེགས། ཡང་སྔར་བཞིན་ཡི་གེ་རྣམས་བསྐྱེད་ཅིང་བསྲེག་པ་རྣམས་གྲངས་མེད་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་གི་བཟླས་པ་ནུས་ཚད་བསྐྱལ། དེ་ཡན་ཆད་ཐུན་མོང་གི་སྔོན་འགྲོ་ཡིན་ནོ།། །།དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་དབྱེ་བ་ཡིན་པ་ལས། ཐོག་མར་བཅུ་གཅིག་པ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི། ཐོག་མར་དམྱལ་བའི་ལུས་ཀྱི་སྤྱོད་པ་སྣ་ཚོགས་སྤྱད་ནས། ངལ་ཞིང་ཁོ་ཐག་ཆོད་པ་དང་། ཕཊ་བྱས་དུམ་གཅིག་ངལ་གསོ། དེ་ནས་ཡི་དྭགས་ཀྱི་ལུས་ཀྱི་རྣམ་འགྱུར་བྱས་ནས་ཕཊ་བརྗོད། དེ་ནས་བྱོལ་སོང་། མི། ལྷ་མིན། ལྷ་རྣམས་ཀྱི་སྤྱོད་པ་གང་ཤེས་སྤྱད་ནས་བར་དུ་ཕཊ་བརྗོད་ཅིང་ངལ་གསོ། །དེ་ནས་ལུས་མྱ་ངན་ལས་འདས་པའི་སྤྱོད་པ་ནི། སངས་རྒྱས་བྱང་སེམས། ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་དང་། བཞུགས་ཚུལ་བྱས་ཤིང་ཡང་ཕཊ་བྱ། དེའི་རྒྱས་འདེབས་རྡོ་རྗེའི་འདུག་སྟངས་ནི། ཀྲོང་གིས་ལངས། ལག་པ་སྤྱི་བོར་ཐལ་མོ་སྦྱར། རྐང་པའི་མཐིལ་སྦྱར་རྐང་སོར་ས་ལ་བཙུགས། པུས་མོ་ཕྱིར་བཀྱེད། རྐེད་པ་དྲང་པོར་བསྲངས་ནས་ལུས་ལ་ན་ཚ་ཟུག་གཟེར་བྱུང་ཀྱང་བསྲན་བཟོད་པར་བྱས་ཏེ་ཇི་ཙམ་ཚུགས་ཚུགས་སྡོད། དམིགས་པ་རང་ལུས་རྡོ་རྗེ་རྩེ་ལྔ་མེ་འབར་བསྒོམ། དེ་དག་གི་དགོས་པ་གནས་སྐབས་ལུས་ཀྱི་ཞེན་པ་ལོག །འབྱུང་བཞིའི་གནོད་པ་མི་འབྱུང་། མཐར་ཐུག་ལུས་རྡོ་རྗེའི་སྐུར་གྲོལ་བའོ། །བཅུ་གཉིས་པ་ངག་རུ་ཤན་དབྱེ་བ་ནི། ཡང་དམྱལ་བ་ནས་གཟུང་། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་རྣམས་ཀྱི་སྒྲ་སྐད་སྣ་ཚོགས་བརྗོད། བར་བར་དུ་ཕཊ་བྱས་ངལ་གསོ། དེས་ངག་འཁོར་བའི་སྤྱོད་པ་སོང་། མྱ་ངན་ལས་འདས་པའི་སྤྱོད་པ་ནི་སངས་རྒྱས་བྱང་སེམས་རྣམས་ཀྱི་གཟུངས་སྔགས་སྙིང་པོ་བློ་ལ་གང་ཡོད་བཟླས། ཡང་ཕཊ་བྱས་གཞག །དེའི་རྗེས་ངག་ལ་རྒྱས་གདབ་ཕྱི་ནང་། རྩལ་སྦྱོང་ཕྱི་ནང་། མཉེན་བཙལ་ལམ་གཞུག་དང་བཅས་པའི། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ངག་ཏུ་ཧཱུྃ་ཧཱུྃ་ཞེས་པ་ཤུགས་དྲག་ཞན་དལ་བྲེལ་འཚམ་པར་བཟླས་ཤིང་། དམིགས་པ་རང་གི་ཁ་སྣ་ནས་ཧཱུྃ་སྔོན་པོ་གཅིག་ཐོན་གཉིས་ཐོན་སོང་བས་ཐོག་མར་ཁྱིམ་ནང་། དེ་ནས་རིམ་བཞིན་སྣང་བའི་ཡུལ་ཁམས་ཐམས་ཅད་ཧཱུྃ་གིས་གང་བར་བསམ་ལ་དམིགས་ཐུན་གཅིག །ཡང་ནང་ཕུང་པོར་རྒྱས་འདེབས་པ་ནི། ངག་ཏུ་ཧཱུྃ་སྔར་བཞིན་བརྗོད་པས་ཕྱི་རོལ་ཧཱུྃ་རྣམས་ཚུར་འདུས། རང་གི་ཁ་སྣ་ནས་འཛུལ་བས་ཁོང་པའི་ནང་ཐམས་ཅད་ཧཱུྃ་གིས་ཁེངས་ནས་ཕྱི་རོལ་དུ་ཧཱུྃ་གཅིག་ཀྱང་མ་ལུས་པ་ལ་དམིགས་པ་གཏད། འོག་རླུང་འཐེན་ཞིང་སྟེང་རླུང་དུམ་རེ་གནན། དེ་ནས་རྩལ་སྦྱང་བ་ལ་ཕྱི་ནང་གཉིས་ལས། ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། ངག་ཏུ་ཧཱུྃ་ངར་དང་ལྡན་པ་མྱུར་བར་བཟླས་ཤིང་ཁ་སྣ་ནས་ཧཱུྃ་ཐོན་ལུགས་སྔར་དང་འདྲ་བ་ལས། ཧཱུྃ་དེ་ཉིད་མཚན་ཉིད་བཞི་དང་ལྡན་པ། རྣོ་བ་སྤུ་གྲི་ལྟ་བུ། དྲག་པ་དཔག་ཆེན་གྱི་མདའ་ལྟ་བུ། མྱུར་བ་རླུང་ལྟ་བུ། ཚ་བ་མེ་ལྟ་བུས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཤོག་བུ་ལ་མེ་སྟག་ཡར་བའམ། མར་ལ་ལྕགས་སྲེག་ཕོག་པ་ལྟ་བུར་ཟང་ཐལ་དུ་ཕུག་པས་སྣང་བ་ཐམས་ཅད་ཁྲོལ་མ་ལྟ་བུར་སེང་སེང་ཁྲོལ་ཁྲོལ་དུ་སོང་སོང་སྦྱང་། དེ་ནས་ནང་ཕུང་པོ་ལ་རྩལ་སྦྱང་བ་ཡང་ཧཱུྃ་དེ་ནང་དུ་ལོག་ནས་རང་གི་ལུས་ལ་ཕོག་ནས། ཕར་ཐལ་ཚུར་ཐལ། ཡར་ཐལ་མར་ཐལ་དུ་ཕུག་པས། ལུས་འདི་ཡོད་དམ་མེད་དམ་སང་སེང་ཁྲོལ་ཁྲོལ་དུ་སོང་བར་སྙམ་པ་ལ་སྦྱང་ངོ་། །དེ་ནས་མཉེན་བཙལ་བ་ནི། ངག་ཏུ་ཧཱུྃ་འཇམ་ལ་ཡུན་རིང་བ་བརྗོད་ཅིང་། མདུན་དུ་འཇག་མའམ་ཤིང་བུ་བཙུགས་པ་ལ་དམིགས་པ་རང་གི་ཁ་ནས་ཧཱུྃ་གཅིག་ལ་གཅིག་མཐུད་པའི་ཐག་པ་གྲུ་གུ་བརྒྱང་པ་ལྟ་བུ་ན་ར་ར་ཐོན་ནས། ཤིང་བུ་ལ་གྱེན་དུ་དཀྲིས་ཤིང་རྩེ་མོར་སླེབ་པ་ན་ངལ་གསོ། ཡང་མར་ལ་བཤིག་པ་ལའང་ངལ་གསོ། ཡང་དཀྲིས་ཡང་བཤིག་ལན་མང་བྱ་ཞིང་། མཐར་རི་དང་ཁྱིམ་མཐོན་པོ་དང་། ཤིང་རྡོ་ལ་སོགས་པ་དཀྲིས་རུང་ཚད་ལ་ཡར་དཀྲིས་མར་བཤིག་པ་སོགས་བྱའོ། །ལམ་དུ་གཞུག་པ་ནི། ངག་ཏུ་ཧཱུྃ་གི་གླུ་འཐེན་ཞིང་། རང་གི་མདུན་ནས་ཕར་སྲིན་བུའི་རྗེས་ལྟ་བུའི་རི་མོ་ཀྱག་ཀྱོག་བྲིས་པ་ལ་ཞུགས་ནས། རང་ཉིད་ཧཱུྃ་མི་བོངས་གང་ཙམ་དུ་བྱས་ནས། ལམ་དེ་ལ་ཞུགས་ནས་ཕྱིར་ཐོན། དེ་ནས་ཡང་རིམ་པར་ལམ་དུ་ཞུགས་ནས་མི་འགྲོ་བ་ལྟར་སྔར་འགྲོ་མྱོང་བའི་ཡུལ་ཁམས་ཐམས་ཅད་ལ་ཕྱིན་ཞིང་། གྱེན་ཐུར་ལམ་གྱི་འཁྱོག་མཚམས་ཆུ་ལ་ཟམ་པ་བསྐོར་བ་སོགས་བྱས། སླར་ཡང་སྔ་མ་གར་ཕྱིན་པའི་ལམ་ནས་ཚུར་ལོག་རང་སྡོད་སར་སླེབ་པའི་དམིགས་པ་དང་བསྟུན་ཧཱུྃ་གི་གླུ་སྙན་ལ་རིང་བ་འཐེན། མཐར་ལུང་པ་ཁ་ནུབ་བྱང་དུ་བལྟ་བ་ལྕོང་རོང་དོག་པ་ཆུ་དྲག་པོར་འབབ་པ། གཡས་གཡོན་གྱི་རི་གཟར་གཟུག་ཆེ་ཞིང་ནགས་ཚལ་སྐྱེས་པ། ཤིན་ཏུ་དཀྱུས་ཐག་རིང་བ་ཞིག་གི་ཆུ་གཞུང་སྙེགས་པའི་ལམ་དུ་ཞུགས་ནས་སླེབ་དུས་མེད་པའི་སར་འགྲོ། བར་བར་དུ་ཆུ་འགྲམ་དང་ནེ་སིང་ཉམས་དགའ་བ་ཡོད་སར་ངལ་གསོ། ཁྲུས་བྱས། ཡང་དེ་དག་ཏུ་རང་རང་གི་ཕ་མེས་མཛའ་བཤེས་སྔར་འདས་པ་ཚོ་དང་ཕྲད་ནས་ཕན་ཚུན་གླེང་མོ་དུམ་རེ་བྱས། ཡང་སོ་སོར་གྱེས་ནས་འགྲོ་ཞིང་། སླར་ཡང་སྔར་ཤུལ་ལ་ཚུར་ལོག་ནས་སྡོད་སར་སླེབ་པའི་དམིགས་པ་ཡང་ཡང་བྱའོ། །བཅུ་གསུམ་པ་སེམས་འཁོར་འདས་རུ་ཤན་དབྱེ་བ་ནི། རྒྱུད་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །གསུངས་པས། དང་པོ་སེམས་བྱ་བའི་དྲན་དྲན་རིག་རིག །ཐམས་ཅད་ཚོར་ཞིང་ཐམས་ཅད་བྱེད་མཁན་འདི་དང་པོ་གང་ནས་བྱུང་། བྱུང་ས་ཡོད་དམ་མེད། ཡོད་ན་ཅི་འདྲ་ཡོད། ཡོད་པའི་རྒྱུ་མཚན་བལྟ། བལྟ་མཁན་རང་ཡང་ཅི་འདྲ་འདུག །གང་ནས་བྱུང་། དེ་བཞིན་དུ་བར་དུ་གནས་ས་དང་། མཐར་འགྲོ་ས་ཨེ་འདུག །འདུག་ན་ཅི་འདྲ་འདུག །མི་འདུག་ན་དེའི་རྒྱུ་མཚན་སོགས་འོལ་ཚོད་ཙམ་མིན་པར་རྩ་བ་མ་ཆོད་ཀྱི་བར་དུ་བཙལ་ཞིང་རིག་ཐག་བཅད། དེའི་རྗེས་འདེབས་སུ་སངས་རྒྱས་ཀྱི་ངོ་བོ་སེམས་ཅན་གྱི་ངོ་བོ་བལྟ། གཞན་ཡང་ཉོན་མོངས་དང་ཡེ་ཤེས། སྨན་དང་དུག །རྨི་ལམ་དང་མངོན་སུམ། འབྱུང་བ་ལྔ། ཚོགས་དྲུག་གི་ཡུལ་སོ་སོའི་བཟང་ངན་ཐམས་ཅད་ཀྱི་རྣམ་པ་མ་ཡིན། གཤིས་ཀྱི་ངོ་བོ་ཉག་ཅིག་རིག་ཐོག་ཏུ་ཅེར་གྱིས་ཕབ་ནས་བལྟ། བལྟས་པས་ངོ་བོ་ལ་དབྱེ་བ་འདུག་ན་ཅི་འདྲ་འདུག །མི་འདུག་ན་མི་འདུག་པའི་རྒྱུ་མཚན་དང་ཁུངས་གཅད། དེ་ལ་ཞུན་ཐར་ཆོད་པ་དང་། བཅུ་བཞི་པ་ངོ་སྤྲད་པ་ནི། དང་པོ་སེམས་ལ་བྱུང་ས་མེད་པ་ཆོས་སྐུ། བར་དུ་གནས་ས་མེད་པ་ལོངས་སྐུ། ཐ་མར་འགྲོ་ས་མེད་པ་སྤྲུལ་སྐུ་སྟེ་བྱུང་གནས་འགྲོ་གསུམ་དང་ཆོས་ཐམས་ཅད་ཀྱི་ངོ་བོ་མེད་པར་ཐག་གཅད། དེ་ལྟར་ཐག་བཅད་པ་དེ་སྐུ་གསུམ་དུ་ངོ་སྤྲད་པ་ནི། རང་གིས་བསྒོམས་ཤིང་མཐོང་བ་དང་། བླ་མས་གསུངས་པ་གཉིས་ཏིག་ཐོག་ཏུ་ཏིག་ཁེལ་བར་བྱའོ། །བཅོ་ལྔ་པ་རྣལ་དུ་ཕབ་པ་ནི། གནས་བརྟན་གྲོལ་བའི་གདེང་ཐོབ་ནས། །ཕྱི་ནང་བྱ་བ་དགུ་ཕྲུགས་གཏང་། །ཞེས་པས་སྒོ་གསུམ་གྱི་ཕྱི་ནང་གསང་བའི་བྱ་བ་མཐའ་དག་བཏང་བས་བྱ་བཏང་གི་རྣལ་འབྱོར་པ་ཞེས་བྱའོ། །དེ་ལྟར་རྣལ་དུ་དབབ་པ་ལ་སེམས་མི་གནས་པ་གནས་པར་བྱ་བ་ཉན་ཐོས་ཀྱི་འདུག་སྟངས། གནས་པ་བརྟན་པར་བྱ་བ་ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་རྣམ་སྣང་ཆོས་བདུན། བརྟན་པ་གྲོལ་བར་བྱེད་པ་ཁྲོ་བོའི་སྟངས་སྟབས་ཞེས་དྲང་སྲོང་ཙོག་པུ་དང་། ཆོས་བདུན་དང་། དོར་སྟབས། མཆོང་རྒྱུག །འཁྲབ་ཅིང་ལྡིང་བ་སོགས་བྱ་ཞིང་། སེམས་ངོ་བོ་ངོས་གཟུང་དགག་སྒྲུབ་བླང་དོར་ཐམས་ཅད་བྲལ་བ་ཁོ་ན་ལས་བསྒྱུར་བ་ཁ་གང་མེད་དོ། །བཅུ་དྲུག་པ་རང་གྲོལ་གྱི་ཁྲིད་ནི། གོང་གི་གཞག་ཐབས་དེའི་རྒྱབ་ཆོས་ཡིན་ཞིང་། དེ་ལ་དབྱེ་ན་རང་གྲོལ། ཡེ་གྲོལ། ཅེར་གྲོལ། ཡོངས་གྲོལ་ཏེ་བཞི་ཡིན་ཏེ། རྒྱུད་ལས། རང་གྲོལ་ཡིན་པས་གཉེན་པོ་མེད། །ཡེ་གྲོལ་ཡིན་པས་བསྐྱར་མི་དགོས། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་ཀྱིས་གྲོལ་བས་འབད་རྩོལ་མེད། །ཅེས་སོ། །བཅུ་བདུན་པ་ཐོད་རྒལ་གྱི་ཁྲིད་ནི། དེ་ལྟར་སེམས་ངོ་ལེགས་པར་མཐོང་ནས་ལམ་ཉམས་སུ་བླང་ཚུལ་རྫོགས་པ་ཆེན་པོའི་ཟབ་ཁྱད་ཐོད་རྒལ་བསྒོམ་པར་བྱ་བ་ནི། དེ་ཡང་སྒོ་དང་ཡུལ་དང་ནི། །རླུང་དང་རིག་པའི་གནད་དག་བསྟུན། །ཞེས་པས། ཡེ་ཤེས་འཆར་བའི་སྒོ་མིག་ཡིན་པས་མིག་གཟིགས་སྟངས་གསུམ་ལས་མ་གཡོས་པ། ཡུལ་ནམ་མཁའ་རྐྱེན་དང་བྲལ་བ། རླུང་ཤིན་ཏུ་དལ་བ། རིག་པ་དབྱིངས་ལ་གཏད་ཅིང་རང་བབས་སུ་གཡོ་བ་མེད་པར་ཉམས་སུ་བླངས་པས་སྣང་བ་བཞི་རིམ་པར་འཆར་ཏེ། དང་པོ་ཐིག་ལེ་ཐིག་ཕྲན་རྨ་བྱའི་མདོངས་ལྟ་བུ་དང་། ཟ་འོག་བཀྲམ་པ་ལྟ་བུ། གྱེན་སྒྲེང་། རྩིབས་ཤར། སྦ་ཕུབ། མཆོད་རྟེན་རིས་སོགས་ཇེ་ཆེར་འཆར་བ་ཆོས་ཉིད་མངོན་སུམ། དེ་དག་གི་ནང་དུ་སྐུར་འཆར་བ་ཉམས་གོང་འཕེལ། ཐིག་ལེ་རེ་རེ་ཡང་ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་སོགས་འཆར་བ་རིག་པ་ཚད་ཕེབས། མཐར་བཟང་ངན་གང་གི་ཡང་རྟོག་པ་དག་ནས་རྒྱ་མཚོ་ལ་ཆུ་བོ་ཐིམ་པ་ལྟ་བུའམ། སྦྲའི་ཆོན་ཐག་བསྡུས་པ་ལྟར་དབྱིངས་སུ་ཐིམ་ཞིང་ཁྱབ་གདལ་ཆེན་པོར་བྱང་ཆུབ་པ་ནི་ཆོས་ཉིད་ཟད་པ་སྟེ། དེ་དག་གི་རྟགས་ལུས་ངག་ཡིད་གསུམ་ལ་འཆར་ཞིང་། ཚད་རྨི་ལམ་གྱིས་ཟིན། རབ་ལ་རྨི་ལམ་རྒྱུན་ཆད། འབྲིང་རྨི་ལམ་འོད་གསལ་དུ་འཆར། ཐ་མ་རྨི་ལམ་དུ་ངོ་ཤེས་པའོ། །རྟགས་ནི། ཆོས་ཉིད་མངོན་སུམ་གྱི་ཚེ་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་འདྲ། ངག་ལྐུགས་པ་ལྟ་བུ། སེམས་མཁའ་འགྲོ་རྙི་ལ་ཟིན་པ་འདྲ་བ། གོང་འཕེལ་གྱི་ཚེ་ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་འདྲ། ངག་སྨྱོན་པ་ལྟ་བུ། སེམས་རྩི་དུག་ཟོས་པ་འདྲ། ཚད་ཕེབས་ཀྱི་སྐབས་ལུས་གླང་ཆེན་འདམ་དུ་ཚུད་པ་འདྲ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ། སེམས་འབྲུམ་ནད་བྱང་བ་ལྟ་བུ། ཆོས་ཉིད་ཟད་པའི་ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་མེད། ངག་བྲག་ཆ་ལྟ་བུ་གཞན་གྱི་ལད་མོ་ཟློས་ཤིང་འཛིན་པ་མེད། སེམས་ན་བུན་མཁའ་ལ་ཡལ་བ་ལྟར་ཀ་དག་གི་དབྱིངས་སུ་རང་དེངས་པ་རྣམས་ཏེ། རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་སྤྱོད་འཛིན་པའི་ལྟ་བ་ནུབ། །ཉམས་སྣང་གོང་འཕེལ་སྣང་བ་ཡིས། །བར་དོའི་ཡེ་ཤེས་གཏན་ལ་ཕེབས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །ཅེས་སོ། །སྒྲོན་མ་དྲུག་ནི། ཙིཏྟ་ཤའི་སྒྲོན་མ། དཀར་འཇམ་རྩའི་སྒྲོན་མ། རྒྱང་ཞགས་ཆུའི་སྒྲོན་མ་སྟེ་ལུས་ལ་བརྟེན་པའི་སྒྲོན་མ་གསུམ། ཐིག་ལེ་སྟོང་པའི་སྒྲོན་མ། རྣམ་དག་དབྱིངས་ཀྱི་སྒྲོན་མ། ཤེས་རབ་རང་བྱུང་སྒྲོན་མ་སྟེ་རིག་གདངས་ཀྱི་སྒྲོན་མ་གསུམ། འདི་དག་གི་རྒྱས་པ་མ་བུ་སྡེབ་ཚུལ་སོགས་ཞིབ་པར་སྒྲོན་བཞི་དབྱེ་གསལ་མེ་ལོང་དང་། ཁྲིད་གཞུང་རྣམས་ལས་ཤེས་སོ། །ཐོད་རྒལ་འདི་ལ་མཐའ་རྟེན་གྱི་མན་ངག་མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱི་གཟེར་གདབ། གདེང་བཞིའི་གྲོལ་ཚད་བསྟན་པ་རྣམས་ཡིན་པ་ལས། མི་འགུལ་བ་གསུམ་ནི། ལུས་བཞུགས་སྟངས་ཆོས་སྐུ་སེང་གེ་ལྟ་བུ། ལོངས་སྐུ་གླང་ཆེན་ལྟ་བུ། སྤྲུལ་སྐུ་དྲང་སྲོང་ཙོག་པུ་ལྟ་བུ་སྟེ་བཞུགས་སྟངས་གསུམ་ལས་མི་འགུལ། མིག་གྱེན་ཐུར་ཐད་ཀ་སྟེ་གཟིགས་སྟངས་གསུམ་ལས་མི་འགུལ། རིག་པ་དབྱིངས་ལས་མི་འགུལ་བའོ། །སྡོད་པ་གསུམ་ནི་ཕྱི་སྣང་བ་སྡོད། ནང་སྒྱུ་ལུས་སྡོད། གསང་བ་རླུང་སེམས་སྡོད། ཐོབ་པ་གསུམ་ནི། སྐྱེ་བ་ལ་རང་དབང་ཐོབ། འཇུག་པ་ལ་རང་དབང་ཐོབ། གནས་པ་ལ་རང་དབང་ཐོབ། གདེང་བཞི་ནི། ཡར་སངས་རྒྱས་ཐོབ་ཏུ་མི་རེ། མ་ཐོབ་ཀྱི་མི་དོགས། མར་ངན་སོང་གི་སྡུག་བསྔལ་མྱོང་མི་དོགས་པ་དང་། མི་མྱོང་བར་རེ་བ་མེད་པས་ཡར་གྱི་རེ་དོགས་གཉིས་མཐའ་ཟད། མར་གྱི་རེ་དོགས་གཉིས་མཐའ་ཟད་དེ། གདེང་བཞི་དང་ལྡན་པའོ། ཁྲིད་རྐང་བཅོ་བརྒྱད་པ་འབྲས་བུའི་ཁྲིད་ནི། དོན་ཁྲིད་འདི་ཐོབ་ནས་བརྩོན་པས་ཉམས་སུ་བླངས་ན། རབ་ཀྱིས་ལོ་གསུམ། འབྲིང་གིས་ལྔ། ཐ་མས་ཀྱང་བདུན་ལ་གྲོལ་བ་ཐོབ་ཅིང་། ཡང་དག་རྫོགས་པའི་སངས་རྒྱས་དང་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་ནས་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར་རོ། །ཞིབ་པར་བླ་མའི་གསུང་དང་ཁྲིད་ཡིག་གི་ཡི་གེ་རྣམས་ལས་འབྱུང་ཞིང་། འདིར་ཆེ་ལོང་ཙམ་ཞིག་བཀོད་པ་འདི་ཆོས་སྐོར་བ་སྡེ་པ་ཆོས་རྗེ་ཀརྨ་ཐུབ་བསྟན་ཉིན་བྱེད་པས་བསྐུལ་བའི་ངོར། པད་གླིང་གསུམ་པ་ཚུལ་ཁྲིམས་རྡོ་རྗེས་བསམ་གཏན་གྱི་ཐུན་བར་ལ་སྤེལ་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ཟབ་མོའི་གནས་ལུགས་རྟོགས་ནས། ཀུན་བཟང་མཐའ་བྲལ་ཀློང་ཡངས་ཀྱི་གོ་འཕང་ལ་བཟང་པོར་སྤྱོད་པའི་སྐལ་པ་ཅན་དུ་གྱུར་ཅིག། །།
</div></onlyinclude>
= Tsagli =
TSAGLI image gallery goes here
<headertabs/>
== Footnotes ==
<references/>
==Other Information==
{{Footer
}}
{{RTZ Metadata
{{RTZ Metadata
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|pagename=Terdzo-SHI-013
|pagename=Terdzo-SHI-013
|fulltitletib=ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྙིང་པོའི་དོན་ཁྲིད་རིན་པོ་ཆེ་མདོར་བསྡུས་པའི་དམིགས་རིམ་ཟིན་བྲིས
|fulltitletib=ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྙིང་པོའི་དོན་ཁྲིད་རིན་པོ་ཆེ་མདོར་བསྡུས་པའི་དམིགས་རིམ་ཟིན་བྲིས་
|fulltitle=kun bzang dgongs pa kun 'dus kyi snying po'i don khrid rin po che mdor bsdus pa'i dmigs rim zin bris

|citation=[[pad gling gsum pa tshul khrims rdo rje]]. kun bzang dgongs pa kun 'dus kyi snying po'i don khrid rin po che mdor bsdus pa'i dmigs rim zin bris. In Rin chen gter mdzod chen mo pod nga bdun pa (The Great Treasury of Rediscovered Teachings Volume 57) by 'jam mgon kong sprul, 431-452. New Delhi: Shechen Publications, 2007-2016.

Line 28: Line 9:
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|author=pad gling gsum pa tshul khrims rdo rje

|sourcerevealer=Pad+ma gling pa;
|sourcerevealer=Pad+ma gling pa
|compiler='jam mgon kong sprul
|compiler='jam mgon kong sprul
|authortib=པད་གླིང་གསུམ་པ་ཚུལ་ཁྲིམས་རྡོ་རྗེ
|authortib=པད་གླིང་གསུམ་པ་ཚུལ་ཁྲིམས་རྡོ་རྗེ་
|sourcerevealertib=པདྨ་གླིང་པ
|sourcerevealertib=པདྨ་གླིང་པ་
|compilertib=འཇམ་མགོན་ཀོང་སྤྲུལ་
|compilertib=འཇམ་མགོན་ཀོང་སྤྲུལ་
|tiblittype=Buddhist
|tiblittype=Buddhist
|tibgenre=Guidance Texts - khrid yig, Revelations - gter ma
|tibgenre=Guidance Texts - khrid yig, Notes - zin bris, Revelations - gter ma
|terma=Yes
|terma=Yes
|rtzcategory=Atiyoga
|rtzcategory=Atiyoga
|deity=zhi khro
|deity=zhi khro
|cycle=kun bzang dgongs pa kun 'dus
|cycle=kun bzang dgongs pa kun 'dus
|cycletib=ཀུན་བཟང་དགོངས་པ་ཀུན་འདུས
|cycletib=ཀུན་བཟང་དགོངས་པ་ཀུན་འདུས་
|language=Tibetan
|language=Tibetan
|volumenumber=57
|volumenumber=57
Line 59: Line 40:
|pagestatus=Phase I Complete
|pagestatus=Phase I Complete
|pagecreationdate=6/20/20126
|pagecreationdate=6/20/20126
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>

{{TsagliCall}}
<headertabs/>
== Footnotes ==
<references/>
==Other Information==
{{Footer
}}
}}

Latest revision as of 02:57, 29 December 2017

ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྙིང་པོའི་དོན་ཁྲིད་རིན་པོ་ཆེ་མདོར་བསྡུས་པའི་དམིགས་རིམ་ཟིན་བྲིས་

kun bzang dgongs pa kun 'dus kyi snying po'i don khrid rin po che mdor bsdus pa'i dmigs rim zin bris

by  ཚུལ་ཁྲིམས་རྡོ་རྗེ་ (Third Peling Sungtrul Tsultrim Dorje)
revealed by  པདྨ་གླིང་པ་ (Pema Lingpa)
in cycle  ཀུན་བཟང་དགོངས་པ་ཀུན་འདུས་ (Kun bzang dgongs pa kun 'dus)
Volume 57 (ཤི) / Pages 431-452 / Folios 1a1 to 11b4

[edit]

༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྙིང་པོའི་དོན་ཁྲིད་རིན་པོ་ཆེ་མདོར་བསྡུས་པའི་དམིགས་རིམ་ཟིན་བྲིས་བཞུགས་སོ། ། དཔལ་ཀུན་བཟང་ཀ་དག་ཀློང་ལ་ཕྱག་འཚལ་ལོ། །འདིར་གསང་སྔགས་དགོངས་པ་ཀུན་འདུས་ཀྱི་སྙིང་པོའི་དོན་ཁྲིད་རིན་པོ་ཆེ་ཇི་ལྟར་ཐོབ་པའི་ཟིན་བྲིས་བཀོད་པ་ལ། དང་པོ་དལ་འབྱོར་རྙེད་པར་དཀའ་བ་ནི། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི། རྒྱུ། གྲངས། ངོ་བོ་གང་ལ་བསམས་ཤིང་དཔྱད་ཀྱང་རྙེད་པར་དཀའ་ལ། དེ་རང་གིས་ཐོབ་འདུག་པ་འདི་ཁ་རྗེ་དང་བསོད་ནམས་ཆེ་བསམས་ནས། སྙིང་ནས་དཀོན་པ་བསམ་ལ། གཉིས་པ་འཆི་བ་མི་རྟག་པ་ནི། དལ་འབྱོར་ཐོབ་པར་དཀའ་བས་མི་ཆོག་འདི་ནམ་འཆི་ཆ་མེད་ཅིང་། ངེས་པར་འཆི། འཆི་བ་ལ་གང་གིས་ཀྱང་ཟློག་ཐབས་མེད། ད་ཕན་མ་ཤི་བ་ཡང་ཁ་རྗེ་ཆེ། ད་དེ་རིང་ནངས་པར་ཙམ་ཡང་མི་འཆི་བའི་གདིང་ནི་མེད་སྙམ་དུ་སྙིང་ཚ་འུབས་སེ་བ། ལུས་ཀྱི་བ་སྤུ་ལྡང་བ་ཙམ་བསྒོམ། གསུམ་པ་འཁོར་བའི་སྡུག་བསྔལ་ལམ་དུ་བླང་བ་ལས་རྒྱུ་འབྲས་ཀྱི་ཁྲིད་ནི། དེ་ལྟར་ཤི་བས་མི་ཆོག་ཤི་ན་བདེ་སྡུག་གང་ཡང་མི་ཚོར་བ་ཡིན་ན་བཟོད་མོད་དེ། དེ་ལྟར་མ་ཡིན། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ། དཔེར་ན་ས་བོན་མངར་བ་ལས་འབྲས་བུ་མངར་བ་དང་། ཁ་བ་ལས་འབྲས་བུ་ཁ་བ་སོགས་རྒྱུ་འབྲས་ཀྱི་ཆོས་ཉིད་མི་བསླུ་བ་མངོན་སུམ་ཚད་མས་གྲུབ་པ་བློ་ལ་གཅགས་ནས། ད་ལྟ་རང་རེ་ཚོ་བདེ་བ་ནི་འདོད་སྡུག་བསྔལ་མི་འདོད་པས་བདེ་སྡུག་གི་རྒྱུ་དགེ་སྡིག་གི་བླང་དོར་མ་འཛོལ་བ་གལ་ཆེ། འཁོར་བའི་སྡུག་བསྔལ་བསམས་ན་བཟོད་གླགས་མི་འདུག་པས། དེའི་ཕྱིར་ཡང་སྡིག་པ་སྤང་དགོས་པ། སྐྱེ་བོ་ཐ་མལ་ཚོ་ཡང་རྒྱུ་འབྲས་ལ་བརྩི་ཞིང་མི་བརྩི་ན་ཡ་རབས་ཀྱི་ཁྱུར་མི་ཚུད། ལྷག་པར་ཆོས་པ། དེའི་ནང་གི་སྒོམ་ཆེན་པ་རྒྱུ་འབྲས་ལ་མི་བརྩི་ན་ཅི་ཡང་མི་རུང་བས་རྒྱུ་འབྲས་ཀྱི་ཁྲིད་དོ། །བཞི་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཚད་མེད་བཞིའི་ཁྲིད་ནི། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས། ད་ལྟ་རང་གིས་མ་ལ་བརྩེ་ཞིང་བྱམས་པ་ཙམ་ཞིག་སེམས་ཅན་ཐམས་ཅད་ལ་དགོས་པས། དགྲར་འཛིན་པ་ལྟ་ཞོག །བཏང་སྙོམས་ཙམ་ལའང་བཞག་ཏུ་མི་རུང་བས། བྱ་མོས་སྒོ་ང་བསྲོ་བ་ལྟ་བུའི་བྱམས་པ། མའི་གདོང་དུ་བུ་གསོད་པ་ལྟ་བུའི་སྙིང་རྗེ། མ་བུ་སྟོར་གྱིས་བུ་སླར་རྙེད་པ་ལྟ་བུའི་དགའ་བ། དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུའི་བཏང་སྙོམས་རྣམས་བསྒོམ་ཞིང་། དབུགས་ཀྱི་འགྲོ་འོང་དང་བསྟུན་བདག་གི་བདེ་བ་དང་སེམས་ཅན་གཞན་གྱི་སྡུག་བསྔལ་བརྗེས་པས། སེམས་ཅན་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་བསམ་པ་ནི་བྱམས་སྙིང་རྗེའི་ཁྲིད་དོ། །ལྔ་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་སུ་མ་སོང་ན་སངས་རྒྱས་བསྟན་པའི་སྒོར་མི་ཚུད་པས་འཁོར་བ་ལས་ཐར་བར་མི་ནུས་པས་སྐྱབས་སུ་འགྲོ་བ་གལ་ཆེ། དེའི་ཕྱིར་དོན་འདིར་ཡང་སྐྱབས་འགྲོ་གསུངས་པའི་ཕན་ཡོན་དང་། རྒྱུ་མཚན་སྤྱི་དང་འདྲ། སྐྱབས་ཡུལ་གྱི་ཚོགས་ཞིང་གསལ་བཏབ་པ་ནི། རང་གི་མདུན་དུ་དཔག་བསམ་གྱི་སྡོང་པོ། མེ་ཏོག་གིས་ནམ་མཁའ། ཡལ་འདབ་ཀྱིས་བར་སྣང་། རྩ་བས་ས་གཞི་ཁྱབ་པ། དེའི་ཁར་རིན་པོ་ཆེའི་ཁྲི་ཆེན་པོ་དར་ཟབ་ཀྱིས་བཀབ་པ། དེའི་ཁར་པདྨ་དང་ཉི་ཟླའི་ཁར་རང་གི་རྩ་བའི་བླ་མ་ཉིད། བགྲེས་རྒུད་ཀྱི་རྣམ་པ་མ་ཡིན་པར་སྐུ་ལང་ཚོ་དར་བ། ཕྱག་གཡས་པ་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་དང་གཡོན་མཉམ་གཞག་གི་སྟེང་ན་ཟབ་ཁྲིད་ཀྱི་པོ་ཏི་འཛིན་པ་ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དབུ་ལ་པད་ཞྭ་དང་ན་བཟའ་ཆོས་གོས་སོགས་གསོལ་བ། ད་ལྟ་མངོན་སུམ་ན་ཇི་ལྟར་མཐོང་བ་ལྟ་བུར་བཞུགས་པའི་སྤྱི་གཙུག་ཏུ། བསྟན་འཛིན་སྲིད་ཞི་རྣམ་རྒྱལ་དགེ་སློང་རྡོ་རྗེ་འཛིན་པའི་ཆ་ལུགས། དེའི་སྤྱི་བོར་ཐུགས་སྲས་བསྟན་འཛིན་ཆོས་ཀྱི་ཉི་མ་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་གཞག་མཛད་པ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་པའམ། ཡང་ན་དམ་པ་འདི་གཉིས་སྨིན་གྲོལ་རིམ་བབས་སུ་མ་བྱོན་པར་སློབ་དཔོན་རྣམ་གཉིས་ལས་ཅིག་ཅར་དུ་བཞེས་ཤིང་། ཁོ་བོས་ནི་དམ་པ་གཉིས་ཀ་ལས་སྨིན་གྲོལ་ནོས་པའི་ཕྱིར་ཐུགས་སྲས་རྣམ་གཉིས་དབྱེར་མེད་གཅིག་ཆོག་ཏུ་བསྒོམས་པས་ཀྱང་རུང་མོད། དེའི་སྤྱི་བོར་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ཤེས་བྱའི་དེ་ཉིད་ཀུན་མཁྱེན་པའི་རྟགས་སུ་དབུ་ལ་པཎ་ཞུ་གསོལ་ཅིང་། ཕྱག་གཉིས་བོ་དྷི་ཙིཏྟའི་ཐུགས་དམ་བགྲང་བ་དགེ་སློང་གི་ཆས་ཅན་དུ་བཞུགས་པ། དེའི་གཡས་གཡོན་དུ་རྒྱལ་ཚབ་སློབ་དཔོན་རྣམ་གཉིས་རབ་བྱུང་གི་ཆ་ལུགས་སྙིང་པོའི་རྟོགས་པ་མངོན་གྱུར་གྱི་མཁྱེན་སྤྱོད་མཐོ་དམའ་མེད་པར་བཞུགས་པ། གྲུབ་མཆོག་རྡོ་རྗེའི་སྤྱི་བོར་འགྱུར་མེད་མཆོག་གྲུབ་དཔལ་འབར་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཅིང་ན་བཟའ་ཆོས་གོས་གསོལ་བ། དེའི་སྤྱི་བོར་ངག་དབང་ཀུན་བཟང་རྡོ་རྗེ་དབུ་སྐྲ་རྒྱབ་ཏུ་སིལ་བུར་གྲོལ་ཞིང་ཕྱག་གཉིས་ཌཱ་དྲིལ་བསྣམས་པ། སྐུ་ལ་དབང་གོས་ཕུ་དུང་ཅན་དང་ཆོས་གོས་པད་ཞྭ་སོགས་གསོལ་ཅིང་ཐུགས་བདེ་སྟོང་གི་ཉམས་འུར་བའི་ཚུལ་ཅན། དེའི་སྤྱི་བོར་བསྟན་འཛིན་ལེགས་པའི་དོན་གྲུབ་འདུལ་བ་འཛིན་པ། དེའི་སྤྱི་བོར་བསྟན་འཛིན་འགྱུར་མེད་རྡོ་རྗེ་རབ་ཏུ་བྱུང་བའི་ཆ་ལུགས་ལ་བསྒྲུབས་པའི་ཆེ་རྟགས་དབུ་སྐྲ་གཙུག་ཏུ་བཅིངས་ཤིང་། པུས་འཁྱུད་གསོལ་བ་ཁྲི་སྙན་གྱི་པགས་པའི་གདན་ལ་ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་གཞག་མཛད་པ་གཟིག་ལྤགས་ཀྱི་སྐུ་མཉེ་ཅན། དེའི་སྤྱི་བོར་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་དགེ་སློང་རྡོ་རྗེ་འཛིན་པའི་ཆ་ལུགས་སུ་བཞུགས་པ། དེའི་སྤྱི་བོར་རྒྱལ་སྲས་པདྨ་ཕྲིན་ལས། དེའི་སྤྱི་བོར་མཆོག་སྤྲུལ་བསྟན་འཛིན་གྲགས་པ། དེའི་སྤྱི་བོར་ཆོས་རྗེ་སྣ་ཚོགས་རང་གྲོལ་ལམ་གྲུབ་པ་ཀུན་འདུས། དེའི་སྤྱི་བོར་རིག་འཛིན་པདྨ་གླིང་པ། དེའི་སྤྱི་བོར་མཁར་ཆེན་ཡེ་ཤེས་མཚོ་རྒྱལ། དེའི་སྤྱི་བོར་ཨོ་རྒྱན་པདྨ་རྡོ་རྗེ་དང་ཐོད་པ་བསྣམས་པ་པད་ཞྭ་ཟབ་བེར་ཆོས་གོས་གསོལ་བ། དེའི་སྤྱི་བོར་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱའམ་ས་གནོན་མཉམ་གཞག་མཛད་པ། དབུ་ལ་གཙུག་ཏོར་ཅན་ཆོས་གོས་དང་ཤམ་ཐབས་གསོལ་བ། དེའི་སྤྱི་བོར་རྡོ་རྗེ་སེམས་དཔའ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། དེའི་སྤྱི་བོར་ཀུན་ཏུ་བཟང་པོ་མཐིང་ཁ་ཕྱག་མཉམ་གཞག་སྐྱིལ་ཀྲུང་དུ་བཞུགས་པ། ཡུམ་ཀུན་ཏུ་བཟང་མོ་དཀར་མོ་ཡབ་ལ་འཁྱུད་པ། སྐུ་ལས་འོད་ཟེར་མུ་མེད་པར་འཕྲོ་བ། གང་ནས་བལྟས་ཀྱང་ཞལ་ཕྱག་གི་རྣམ་པར་གསལ་བ་རྣམས་བསྐྱེད། བླ་མའི་གཡས་སུ་སངས་རྒྱས་དཀོན་མཆོག་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་པོ་ཏི་རྣམས་བྲག་རི་བརྩེགས་པ་ལྟ་བུ་གདོང་དར་རང་ལ་བསྟན་པ། གཡོན་དུ་དགེ་འདུན་དཀོན་མཆོག་ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པའི་ཚོགས་དབུ་ཟླུམ་ཞབས་རྗེན་ཆོས་གོས་གསོལ་བ་རྣམས་བསྐྱེད། མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཞི་ཁྲོ་དམ་པ་རིགས་བརྒྱ། སྒྲུབ་པ་བཀའ་བརྒྱད། གཞན་ཡང་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་མོས་པའི་ཡུལ་དུ་གང་གསལ་རྣམས་དང་། ཁྲིའི་རྒྱབ་ཏུ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་དང་། ཁྱད་པར་དོན་ཁྲིད་རིན་པོ་ཆེ་འདིའི་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་གསལ་བཏབ་ནས། དེ་དག་ལ་ཁ་ཙམ་མིན་པར་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆིའོ། །བདག་གཞན་འཁོར་བའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་དུ་གསོལ་བསམ་པའི་མོས་པ་དང་བཅས། ངག་ཏུ། ན་མོ༔ སྣང་བ་མ་བཀོད་དབྱིངས་ཀྱི་ནང༔ ཞེས་སོགས་ཆོས་སྤྱོད་ལས་འབྱུང་བའི་སྐྱབས་འགྲོ་ཤྭ་ལོ་ཀ་གཅིག་པུ་ཚར་གང་མང་འདོན། སྐྱབས་ཡུལ་རྣམས་རྗེས་མི་དམིགས་པའི་ངང་ལ་བཞག །དྲུག་པ་སྨོན་འཇུག་སེམས་བསྐྱེད་ཀྱི་ཁྲིད་ནི། སྒོ་གསུམ་གྱི་ཆོས་སྤྱོད་དགེ་བ་གང་ཡོད་པ་ཐམས་ཅད་བདག་གཅིག་པུའི་དོན་དུ་མ་ཡིན་པར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས། བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། འཁོར་བ་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ན་ཅི་མ་རུང་སྙམ་པའི་སྨོན་སེམས་དང་། དེ་ལྟར་སྨོན་པ་ཙམ་དུ་མ་བཞག་པར་ཇི་ལྟར་སྔོན་གྱི་རྒྱལ་བ་རྣམས་ཀྱིས་སེམས་ཅན་འཁོར་བ་ལས་བསྒྲལ་པར་མཛད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་འཁོར་བ་ལས་མ་བསྒྲལ་བ་རྣམས་བསྒྲལ། མ་གྲོལ་བ་རྣམས་དགྲོལ་བར་བྱེད་པའི་སླད་དུ་སྒོ་གསུམ་དགེ་བ་ལ་བརྩོན་པས་འཇུག་པ་སྟེ། སྨོན་འཇུག་གི་བསམ་པ་དེ་ལྟ་བུ་བསྒོམ་བཞིན་པའི་ངང་ནས། ངག་ཏུ། སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཞེས་སོགས་སེམས་བསྐྱེད་ཀྱི་ཤྭ་ལོ་ཀ་བརྒྱ་སྟོང་གང་འགྲོ་གཏང་། བདུན་པ་རྡོར་སེམས་ཡིག་བརྒྱའི་ཁྲིད་ནི། སྒྲིབ་པ་མ་དག་ན་སངས་མི་རྒྱ། སྒྲིབ་པ་དག་པའི་ཐབས་གཞན་གང་ལས་ཀྱང་རྡོར་སེམས་ཀྱི་བཟླས་སྒོམ་ཟབ་ཁྱད་ཆེ་བས། ཁྲིད་ཡིག་གཞན་ཐམས་ཅད་ཀྱི་སྔོན་འགྲོར་གང་འབྱུང་བ་བཞིན་འདིར་ཁྲིད་རྐང་བདུན་པར་སྟོན་ཏེ། དེའི་བསྒོམ་ཚུལ་ནི། པདྨ་དཀར་པོ་དང་ཟླ་བའི་གདན་གྱི་ཁར་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུར་ཆུ། དོ་ཤལ། དཔུང་རྒྱན། སེ་མོ་དོ་ལ་སོགས་པས་སྤྲས་ཤིང་། དར་གྱི་སྟོད་གཡོགས་དང་སྨད་དཀྲིས་ཅོད་པན་ལྷབ་ལྷུབ་དུ་མས་བརྒྱན་ཞིང་། ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་གསལ་བའི་ཐུགས་ཀ་དཔལ་གྱི་བེའུའི་ནང་དུ་པདྨ་འདབ་བཞི་ཁ་དོག་ཕྱོགས་མཐུན། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་ལྟེ་བར་གསེར་གྱི་རྡོ་རྗེ་རྩེ་ལྔ་ནས་འབྲུ་གྱེན་དུ་བསླང་བ་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ཁ་སྤུས་བྲིས་པ་ཙམ་ཞིག་དང་། འདབ་མ་བཞི་ལ་ཨོཾ་བཛྲ་སཏྭ་ཨཱཿརྣམས་ཁ་དོག་དཀར་རམ་མེ་བསམས་ནས་ངག་ཏུ་ཡིག་བརྒྱ་རྒྱས་པའང་གཉིས་གསུམ་བཟླ་ཞིང་། ཁྱད་པར་ཡང་སྙིང་། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཉིན་མཚན་ཁོར་ཡུག་ཏུ་བཟླ། དེའི་ངང་ནས་གཟུགས་སུ་སྣང་ཚད་རྡོར་སེམས་དང་། སྒྲ་རུ་གྲགས་ཚད་བཛྲ་སཏྭའི་སྒྲ་རུ་བསྒོམ། དེས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་དྲི་མ་ཐམས་ཅད་བྱང་ཞིང་དག་པར་བསམ། མཐར་ཐུན་འཇོག་ཁར་རྡོར་སེམས་ཡལ་འགྲོ་ལུགས་ཇི་འདྲ་འདུག་གི་ངོ་བོ་ལ་བལྟ། བརྒྱད་པ་ཚོགས་གསག་མཎྜལ་གྱི་ཁྲིད་ནི། སངས་རྒྱ་བའི་རྒྱུའི་གཙོ་བོ་ཚོགས་གསག་པ་ཡིན་ལ། དེའི་གཙོ་བོ་མཎྜལ་འབུལ་བ་ཟབ་པས། བླ་མ་སྐུ་གསུམ་གྱི་སངས་རྒྱས་ལ། སྐུ་གསུམ་གྱི་ཞིང་ཁམས་འབུལ་ཏེ། དེ་ཡང་དང་པོ། མཎྜལ་སྟོང་པར་ཕྱིས་པ་ལ། ཚོམ་བུ་ལྔ་བཀོད་ལ། ན་མོ༔ གདོད་མའི་ཞིང་ཁམས་རྣམ་པར་དག་པ་རུ༔ ཞེས་སོགས་ཤྭ་ལོ་ཀ་གང་མང་འབུལ། དམིགས་པ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་སྟོང་པ་ཉིད་སྤྲོས་བྲལ་འདུས་མ་བྱས་པའི་ངང་ནས་འབུལ། ལོངས་སྐུ་ལ་ནི་མཎྜལ་ཚོམ་བུ་ལྔ་བཀོད། དམིགས་པ་ཐིག་ལེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོན་པོས། ལྔ་ཚན་གྲངས་མེད་པ་བཀོད་པའི་ཚངས་པ་རྔ་སྒྲའི་ཞིང་ཁམས་དམིགས་ཤིང་། ངག་ཏུ། དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རུ༔ ཞེས་སོགས་ཚར་གང་མང་བརྗོད། དེ་ནས་མཎྜལ་ཚོམ་བུ་སོ་བདུན་ནམ་ཉེར་གཅིག་བདུན་གང་རིགས་བཀོད། གསེར་གྱི་ས་གཞིའི་དབུས་སུ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། ཉི་མ། ཟླ་བ། གསེར་རི། རོལ་མཚོ། ཕྱིའི་ལྕགས་རི་རྣམས་སུ་དམིགས་ནས། སྟོང་གསུམ་མི་མཇེད་སོགས་ཀྱི་ཚིག་གང་མང་བརྗོད། དེ་ནས་མཐར་ཁ་གསོས་ལ། ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེ་འབུལ༔ ཞེས་སོགས་ཀྱི་ཚིག་རྐང་བརྒྱད་ཚར་གང་མང་བརྗོད། མཐར་མཎྜལ་གྱི་མཆོད་རྫས་རྣམས་ཡི་གེ་ཧཱུྃ་ལ་བསྡུ། ཧཱུྃ་བདག་གི་སྙིང་གར་བསྡུས་ལ་དམིགས་མེད་དུ་བཞག་གོ །དགུ་པ་བླ་མའི་རྣལ་འབྱོར་ནི། མདུན་གྱི་ནམ་མཁའ་འཇའ་འོད་ཀྱི་ཀློང་ན་པདྨ་ཉི་ཟླའི་གདན་ལ་རང་གི་རྩ་བའི་བླ་མ་མངོན་སུམ་ཇི་ལྟར་བཞུགས་པ་ལྟ་བུ། དེའི་སྤྱི་གཙུག་ན་ཡར་རིམ་བཞིན་ཀུན་ཏུ་བཟང་པོ་ལ་ཐུག་གི་བར་བརྒྱུད་པའི་བླ་མ་རྣམས་གོང་སྐྱབས་འགྲོའི་སྐབས་ལྟར་བསམ་ཞིང་། དེ་ཐམས་ཅད་གཟི་མདངས་དང་ལྡན་པ། གསུང་ནུས་པ་དང་ལྡན་པ། ཐུགས་བྱིན་རླབས་དང་ལྡན་པ། སྤྱན་ལྟ་ལྟངས་ཟང་ངེ་བ། ཞལ་འཛུམ་བག་དང་ལྡན་པར་བསམ། ད་ཕྱིན་ཆད་བདག་གིས་རེ་ས་ལྟོས་ས་རྩ་བ་གསུམ་གྱི་དཔལ་དང་ལྡན་པ་བླ་མ་ཁྱེད་རྣམས་མཁྱེན་ནོ། །སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ་བསམ་པའི་མོས་གུས་དྲག་པོ་གནམ་ས་ངོ་མི་ཤེས་པ་ཙམ་དུ་བསྐྱེད། ངག་ཏུ། ན་མོ༔ ཆོས་དབྱིངས་གདོད་མའི་མཁའ་རྒྱ་རུ༔ ཞེས་པ་ནས་གཟུང་གསོལ་འདེབས་རྫོགས་པ་ཚར་གཅིག་བཏང་། དེ་ནས། བླ་མའི་སྐུ་ལ་གསོལ་བ་འདེབས། ཞེས་སོགས་ཀྱིས་གསོལ་འདེབས་བསྡུས་པ་ཚར་གང་མང་གཏང་། མཐར་ཐུན་འཇོག་ཁར། ཀུན་ཏུ་བཟང་པོ་འོད་དུ་ཞུ། རྡོར་སེམས་ལ་ཐིམ། རྡོར་སེམས་འོད་དུ་ཞུ་དགའ་རབ་རྡོ་རྗེ་ལ་ཐིམ། དགའ་རབ་འོད་དུ་ཞུ་ཨོ་རྒྱན་ལ་ཐིམ། ཨོ་རྒྱན་མཚོ་རྒྱལ་ལ། མཚོ་རྒྱལ་པདྨ་གླིང་པ་ལ། པད་གླིང་སྣ་ཚོགས་རང་གྲོལ་ལ། དེ་བསྟན་འཛིན་གྲགས་པ་ལ། དེ་པདྨ་ཕྲིན་ལས་ལ། དེ་རྩ་བའི་བླ་མ་ལ། རྩ་བའི་བླ་མ་སྔར་བས་ཀྱང་གཟི་བརྗིད་དང་བྱིན་རླབས་ཆེ་བ། ཀུན་བཟང་ནས་གཟུང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་རྫོགས་པའི་ཐུགས་རྗེའི་གོང་བུ་གཅིག་པོར་གྱུར་པའི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་སྦྱངས། སྐུ་བུམ་པའི་དབང་ཐོབ། མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས། བདག་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་སྦྱངས། གསུང་གསང་བའི་དབང་ཐོབ། ཐུགས་ཀའི་ཧཱུྃ་མཐིང་ཁ་ལས་འོད་ཟེར་མཐིང་ཁ་འཕྲོས། བདག་གི་སྙིང་ཁར་ཐིམ། ཡིད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མཐར་བླ་མ་རང་གི་སྤྱི་བོར་བྱོན་ནས་རང་དང་གཉིས་སུ་མེད་པར་ཐིམ། སྒོ་གསུམ་གྱི་དྲི་མ་དག །དབང་བཞི་ཡོངས་སུ་རྫོགས་པར་ཐོབ། རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་གཅིག་ཏུ་བསྲེས་ནས་མཐར་བསམ་བརྗོད་བྲལ་བའི་ངང་ལ་བཞག་ནས་ཕཊ་བརྗོད། བཅུ་པ་རིགས་དྲུག་གི་ས་བོན་སྦྱོང་བའི་ཁྲིད་ནི། སྔོན་ཆད་རིགས་དྲུག་ཏུ་སྐྱེ་བ་གྲངས་མེད་ཅིང་སྡུག་བསྔལ་མྱོང་བས། ད་ཕྱིན་ཆད་རིགས་དྲུག་ཏུ་སྐྱེ་བ་རྒྱུན་གཅོད་པའི་ཕྱིར་དེར་སྐྱེ་བའི་ས་བོན་རྣམས་དག་པར་བྱེད་པ་གལ་ཆེ་སྟེ། དེ་ཡང་རང་གི་སྤྱི་བོར་ལྷར་སྐྱེ་བའི་ས་བོན་ཡི་གེ་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་སེར་པོ། སྙིང་ཁར་མིའི་ས་བོན་ནྲྀ་ལྗང་ཁུ། ལྟེ་བར་བྱོལ་སོང་གི་ས་བོན་ཏྲི་སྔོན་པོ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ། རྐང་མཐིལ་གཡོན་པར་དམྱལ་བའི་ས་བོན་དུ་ནག་པོ་རྣམས་བསམ། དེ་ཡང་དེ་དག་སྦྱོང་བའི་ཡི་གེ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བསམ་ལ། ངག་ཏུ་ཨོཾ་ཨཱཿཧཱུྃ་བརྗོད་པས་ཨོཾ་ལས་ཡེ་ཤེས་ཀྱི་མེ་དཀར་པོ་འབར། ཨཱཿལས་མེ་དམར་པོ་འབར། ཧཱུྃ་ལས་མཐིང་ཁ་རྣམས་འབར་བས། རིགས་དྲུག་གི་ས་བོན་ཐམས་ཅད་རྩ་སྦུར་མེས་འཚིག་པ་ལྟར་གཞོབ་ཐུལ་གྱིས་བསྲེགས་མཐར་རྣམ་སྨིན་སྒྱུ་ལུས་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་ཀྱང་མ་ལུས་པ་བསྲེགས། ཡང་སྔར་བཞིན་ཡི་གེ་རྣམས་བསྐྱེད་ཅིང་བསྲེག་པ་རྣམས་གྲངས་མེད་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་གི་བཟླས་པ་ནུས་ཚད་བསྐྱལ། དེ་ཡན་ཆད་ཐུན་མོང་གི་སྔོན་འགྲོ་ཡིན་ནོ།། །།དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་དབྱེ་བ་ཡིན་པ་ལས། ཐོག་མར་བཅུ་གཅིག་པ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི། ཐོག་མར་དམྱལ་བའི་ལུས་ཀྱི་སྤྱོད་པ་སྣ་ཚོགས་སྤྱད་ནས། ངལ་ཞིང་ཁོ་ཐག་ཆོད་པ་དང་། ཕཊ་བྱས་དུམ་གཅིག་ངལ་གསོ། དེ་ནས་ཡི་དྭགས་ཀྱི་ལུས་ཀྱི་རྣམ་འགྱུར་བྱས་ནས་ཕཊ་བརྗོད། དེ་ནས་བྱོལ་སོང་། མི། ལྷ་མིན། ལྷ་རྣམས་ཀྱི་སྤྱོད་པ་གང་ཤེས་སྤྱད་ནས་བར་དུ་ཕཊ་བརྗོད་ཅིང་ངལ་གསོ། །དེ་ནས་ལུས་མྱ་ངན་ལས་འདས་པའི་སྤྱོད་པ་ནི། སངས་རྒྱས་བྱང་སེམས། ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་དང་། བཞུགས་ཚུལ་བྱས་ཤིང་ཡང་ཕཊ་བྱ། དེའི་རྒྱས་འདེབས་རྡོ་རྗེའི་འདུག་སྟངས་ནི། ཀྲོང་གིས་ལངས། ལག་པ་སྤྱི་བོར་ཐལ་མོ་སྦྱར། རྐང་པའི་མཐིལ་སྦྱར་རྐང་སོར་ས་ལ་བཙུགས། པུས་མོ་ཕྱིར་བཀྱེད། རྐེད་པ་དྲང་པོར་བསྲངས་ནས་ལུས་ལ་ན་ཚ་ཟུག་གཟེར་བྱུང་ཀྱང་བསྲན་བཟོད་པར་བྱས་ཏེ་ཇི་ཙམ་ཚུགས་ཚུགས་སྡོད། དམིགས་པ་རང་ལུས་རྡོ་རྗེ་རྩེ་ལྔ་མེ་འབར་བསྒོམ། དེ་དག་གི་དགོས་པ་གནས་སྐབས་ལུས་ཀྱི་ཞེན་པ་ལོག །འབྱུང་བཞིའི་གནོད་པ་མི་འབྱུང་། མཐར་ཐུག་ལུས་རྡོ་རྗེའི་སྐུར་གྲོལ་བའོ། །བཅུ་གཉིས་པ་ངག་རུ་ཤན་དབྱེ་བ་ནི། ཡང་དམྱལ་བ་ནས་གཟུང་། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་རྣམས་ཀྱི་སྒྲ་སྐད་སྣ་ཚོགས་བརྗོད། བར་བར་དུ་ཕཊ་བྱས་ངལ་གསོ། དེས་ངག་འཁོར་བའི་སྤྱོད་པ་སོང་། མྱ་ངན་ལས་འདས་པའི་སྤྱོད་པ་ནི་སངས་རྒྱས་བྱང་སེམས་རྣམས་ཀྱི་གཟུངས་སྔགས་སྙིང་པོ་བློ་ལ་གང་ཡོད་བཟླས། ཡང་ཕཊ་བྱས་གཞག །དེའི་རྗེས་ངག་ལ་རྒྱས་གདབ་ཕྱི་ནང་། རྩལ་སྦྱོང་ཕྱི་ནང་། མཉེན་བཙལ་ལམ་གཞུག་དང་བཅས་པའི། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ངག་ཏུ་ཧཱུྃ་ཧཱུྃ་ཞེས་པ་ཤུགས་དྲག་ཞན་དལ་བྲེལ་འཚམ་པར་བཟླས་ཤིང་། དམིགས་པ་རང་གི་ཁ་སྣ་ནས་ཧཱུྃ་སྔོན་པོ་གཅིག་ཐོན་གཉིས་ཐོན་སོང་བས་ཐོག་མར་ཁྱིམ་ནང་། དེ་ནས་རིམ་བཞིན་སྣང་བའི་ཡུལ་ཁམས་ཐམས་ཅད་ཧཱུྃ་གིས་གང་བར་བསམ་ལ་དམིགས་ཐུན་གཅིག །ཡང་ནང་ཕུང་པོར་རྒྱས་འདེབས་པ་ནི། ངག་ཏུ་ཧཱུྃ་སྔར་བཞིན་བརྗོད་པས་ཕྱི་རོལ་ཧཱུྃ་རྣམས་ཚུར་འདུས། རང་གི་ཁ་སྣ་ནས་འཛུལ་བས་ཁོང་པའི་ནང་ཐམས་ཅད་ཧཱུྃ་གིས་ཁེངས་ནས་ཕྱི་རོལ་དུ་ཧཱུྃ་གཅིག་ཀྱང་མ་ལུས་པ་ལ་དམིགས་པ་གཏད། འོག་རླུང་འཐེན་ཞིང་སྟེང་རླུང་དུམ་རེ་གནན། དེ་ནས་རྩལ་སྦྱང་བ་ལ་ཕྱི་ནང་གཉིས་ལས། ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། ངག་ཏུ་ཧཱུྃ་ངར་དང་ལྡན་པ་མྱུར་བར་བཟླས་ཤིང་ཁ་སྣ་ནས་ཧཱུྃ་ཐོན་ལུགས་སྔར་དང་འདྲ་བ་ལས། ཧཱུྃ་དེ་ཉིད་མཚན་ཉིད་བཞི་དང་ལྡན་པ། རྣོ་བ་སྤུ་གྲི་ལྟ་བུ། དྲག་པ་དཔག་ཆེན་གྱི་མདའ་ལྟ་བུ། མྱུར་བ་རླུང་ལྟ་བུ། ཚ་བ་མེ་ལྟ་བུས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཤོག་བུ་ལ་མེ་སྟག་ཡར་བའམ། མར་ལ་ལྕགས་སྲེག་ཕོག་པ་ལྟ་བུར་ཟང་ཐལ་དུ་ཕུག་པས་སྣང་བ་ཐམས་ཅད་ཁྲོལ་མ་ལྟ་བུར་སེང་སེང་ཁྲོལ་ཁྲོལ་དུ་སོང་སོང་སྦྱང་། དེ་ནས་ནང་ཕུང་པོ་ལ་རྩལ་སྦྱང་བ་ཡང་ཧཱུྃ་དེ་ནང་དུ་ལོག་ནས་རང་གི་ལུས་ལ་ཕོག་ནས། ཕར་ཐལ་ཚུར་ཐལ། ཡར་ཐལ་མར་ཐལ་དུ་ཕུག་པས། ལུས་འདི་ཡོད་དམ་མེད་དམ་སང་སེང་ཁྲོལ་ཁྲོལ་དུ་སོང་བར་སྙམ་པ་ལ་སྦྱང་ངོ་། །དེ་ནས་མཉེན་བཙལ་བ་ནི། ངག་ཏུ་ཧཱུྃ་འཇམ་ལ་ཡུན་རིང་བ་བརྗོད་ཅིང་། མདུན་དུ་འཇག་མའམ་ཤིང་བུ་བཙུགས་པ་ལ་དམིགས་པ་རང་གི་ཁ་ནས་ཧཱུྃ་གཅིག་ལ་གཅིག་མཐུད་པའི་ཐག་པ་གྲུ་གུ་བརྒྱང་པ་ལྟ་བུ་ན་ར་ར་ཐོན་ནས། ཤིང་བུ་ལ་གྱེན་དུ་དཀྲིས་ཤིང་རྩེ་མོར་སླེབ་པ་ན་ངལ་གསོ། ཡང་མར་ལ་བཤིག་པ་ལའང་ངལ་གསོ། ཡང་དཀྲིས་ཡང་བཤིག་ལན་མང་བྱ་ཞིང་། མཐར་རི་དང་ཁྱིམ་མཐོན་པོ་དང་། ཤིང་རྡོ་ལ་སོགས་པ་དཀྲིས་རུང་ཚད་ལ་ཡར་དཀྲིས་མར་བཤིག་པ་སོགས་བྱའོ། །ལམ་དུ་གཞུག་པ་ནི། ངག་ཏུ་ཧཱུྃ་གི་གླུ་འཐེན་ཞིང་། རང་གི་མདུན་ནས་ཕར་སྲིན་བུའི་རྗེས་ལྟ་བུའི་རི་མོ་ཀྱག་ཀྱོག་བྲིས་པ་ལ་ཞུགས་ནས། རང་ཉིད་ཧཱུྃ་མི་བོངས་གང་ཙམ་དུ་བྱས་ནས། ལམ་དེ་ལ་ཞུགས་ནས་ཕྱིར་ཐོན། དེ་ནས་ཡང་རིམ་པར་ལམ་དུ་ཞུགས་ནས་མི་འགྲོ་བ་ལྟར་སྔར་འགྲོ་མྱོང་བའི་ཡུལ་ཁམས་ཐམས་ཅད་ལ་ཕྱིན་ཞིང་། གྱེན་ཐུར་ལམ་གྱི་འཁྱོག་མཚམས་ཆུ་ལ་ཟམ་པ་བསྐོར་བ་སོགས་བྱས། སླར་ཡང་སྔ་མ་གར་ཕྱིན་པའི་ལམ་ནས་ཚུར་ལོག་རང་སྡོད་སར་སླེབ་པའི་དམིགས་པ་དང་བསྟུན་ཧཱུྃ་གི་གླུ་སྙན་ལ་རིང་བ་འཐེན། མཐར་ལུང་པ་ཁ་ནུབ་བྱང་དུ་བལྟ་བ་ལྕོང་རོང་དོག་པ་ཆུ་དྲག་པོར་འབབ་པ། གཡས་གཡོན་གྱི་རི་གཟར་གཟུག་ཆེ་ཞིང་ནགས་ཚལ་སྐྱེས་པ། ཤིན་ཏུ་དཀྱུས་ཐག་རིང་བ་ཞིག་གི་ཆུ་གཞུང་སྙེགས་པའི་ལམ་དུ་ཞུགས་ནས་སླེབ་དུས་མེད་པའི་སར་འགྲོ། བར་བར་དུ་ཆུ་འགྲམ་དང་ནེ་སིང་ཉམས་དགའ་བ་ཡོད་སར་ངལ་གསོ། ཁྲུས་བྱས། ཡང་དེ་དག་ཏུ་རང་རང་གི་ཕ་མེས་མཛའ་བཤེས་སྔར་འདས་པ་ཚོ་དང་ཕྲད་ནས་ཕན་ཚུན་གླེང་མོ་དུམ་རེ་བྱས། ཡང་སོ་སོར་གྱེས་ནས་འགྲོ་ཞིང་། སླར་ཡང་སྔར་ཤུལ་ལ་ཚུར་ལོག་ནས་སྡོད་སར་སླེབ་པའི་དམིགས་པ་ཡང་ཡང་བྱའོ། །བཅུ་གསུམ་པ་སེམས་འཁོར་འདས་རུ་ཤན་དབྱེ་བ་ནི། རྒྱུད་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །གསུངས་པས། དང་པོ་སེམས་བྱ་བའི་དྲན་དྲན་རིག་རིག །ཐམས་ཅད་ཚོར་ཞིང་ཐམས་ཅད་བྱེད་མཁན་འདི་དང་པོ་གང་ནས་བྱུང་། བྱུང་ས་ཡོད་དམ་མེད། ཡོད་ན་ཅི་འདྲ་ཡོད། ཡོད་པའི་རྒྱུ་མཚན་བལྟ། བལྟ་མཁན་རང་ཡང་ཅི་འདྲ་འདུག །གང་ནས་བྱུང་། དེ་བཞིན་དུ་བར་དུ་གནས་ས་དང་། མཐར་འགྲོ་ས་ཨེ་འདུག །འདུག་ན་ཅི་འདྲ་འདུག །མི་འདུག་ན་དེའི་རྒྱུ་མཚན་སོགས་འོལ་ཚོད་ཙམ་མིན་པར་རྩ་བ་མ་ཆོད་ཀྱི་བར་དུ་བཙལ་ཞིང་རིག་ཐག་བཅད། དེའི་རྗེས་འདེབས་སུ་སངས་རྒྱས་ཀྱི་ངོ་བོ་སེམས་ཅན་གྱི་ངོ་བོ་བལྟ། གཞན་ཡང་ཉོན་མོངས་དང་ཡེ་ཤེས། སྨན་དང་དུག །རྨི་ལམ་དང་མངོན་སུམ། འབྱུང་བ་ལྔ། ཚོགས་དྲུག་གི་ཡུལ་སོ་སོའི་བཟང་ངན་ཐམས་ཅད་ཀྱི་རྣམ་པ་མ་ཡིན། གཤིས་ཀྱི་ངོ་བོ་ཉག་ཅིག་རིག་ཐོག་ཏུ་ཅེར་གྱིས་ཕབ་ནས་བལྟ། བལྟས་པས་ངོ་བོ་ལ་དབྱེ་བ་འདུག་ན་ཅི་འདྲ་འདུག །མི་འདུག་ན་མི་འདུག་པའི་རྒྱུ་མཚན་དང་ཁུངས་གཅད། དེ་ལ་ཞུན་ཐར་ཆོད་པ་དང་། བཅུ་བཞི་པ་ངོ་སྤྲད་པ་ནི། དང་པོ་སེམས་ལ་བྱུང་ས་མེད་པ་ཆོས་སྐུ། བར་དུ་གནས་ས་མེད་པ་ལོངས་སྐུ། ཐ་མར་འགྲོ་ས་མེད་པ་སྤྲུལ་སྐུ་སྟེ་བྱུང་གནས་འགྲོ་གསུམ་དང་ཆོས་ཐམས་ཅད་ཀྱི་ངོ་བོ་མེད་པར་ཐག་གཅད། དེ་ལྟར་ཐག་བཅད་པ་དེ་སྐུ་གསུམ་དུ་ངོ་སྤྲད་པ་ནི། རང་གིས་བསྒོམས་ཤིང་མཐོང་བ་དང་། བླ་མས་གསུངས་པ་གཉིས་ཏིག་ཐོག་ཏུ་ཏིག་ཁེལ་བར་བྱའོ། །བཅོ་ལྔ་པ་རྣལ་དུ་ཕབ་པ་ནི། གནས་བརྟན་གྲོལ་བའི་གདེང་ཐོབ་ནས། །ཕྱི་ནང་བྱ་བ་དགུ་ཕྲུགས་གཏང་། །ཞེས་པས་སྒོ་གསུམ་གྱི་ཕྱི་ནང་གསང་བའི་བྱ་བ་མཐའ་དག་བཏང་བས་བྱ་བཏང་གི་རྣལ་འབྱོར་པ་ཞེས་བྱའོ། །དེ་ལྟར་རྣལ་དུ་དབབ་པ་ལ་སེམས་མི་གནས་པ་གནས་པར་བྱ་བ་ཉན་ཐོས་ཀྱི་འདུག་སྟངས། གནས་པ་བརྟན་པར་བྱ་བ་ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་རྣམ་སྣང་ཆོས་བདུན། བརྟན་པ་གྲོལ་བར་བྱེད་པ་ཁྲོ་བོའི་སྟངས་སྟབས་ཞེས་དྲང་སྲོང་ཙོག་པུ་དང་། ཆོས་བདུན་དང་། དོར་སྟབས། མཆོང་རྒྱུག །འཁྲབ་ཅིང་ལྡིང་བ་སོགས་བྱ་ཞིང་། སེམས་ངོ་བོ་ངོས་གཟུང་དགག་སྒྲུབ་བླང་དོར་ཐམས་ཅད་བྲལ་བ་ཁོ་ན་ལས་བསྒྱུར་བ་ཁ་གང་མེད་དོ། །བཅུ་དྲུག་པ་རང་གྲོལ་གྱི་ཁྲིད་ནི། གོང་གི་གཞག་ཐབས་དེའི་རྒྱབ་ཆོས་ཡིན་ཞིང་། དེ་ལ་དབྱེ་ན་རང་གྲོལ། ཡེ་གྲོལ། ཅེར་གྲོལ། ཡོངས་གྲོལ་ཏེ་བཞི་ཡིན་ཏེ། རྒྱུད་ལས། རང་གྲོལ་ཡིན་པས་གཉེན་པོ་མེད། །ཡེ་གྲོལ་ཡིན་པས་བསྐྱར་མི་དགོས། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་ཀྱིས་གྲོལ་བས་འབད་རྩོལ་མེད། །ཅེས་སོ། །བཅུ་བདུན་པ་ཐོད་རྒལ་གྱི་ཁྲིད་ནི། དེ་ལྟར་སེམས་ངོ་ལེགས་པར་མཐོང་ནས་ལམ་ཉམས་སུ་བླང་ཚུལ་རྫོགས་པ་ཆེན་པོའི་ཟབ་ཁྱད་ཐོད་རྒལ་བསྒོམ་པར་བྱ་བ་ནི། དེ་ཡང་སྒོ་དང་ཡུལ་དང་ནི། །རླུང་དང་རིག་པའི་གནད་དག་བསྟུན། །ཞེས་པས། ཡེ་ཤེས་འཆར་བའི་སྒོ་མིག་ཡིན་པས་མིག་གཟིགས་སྟངས་གསུམ་ལས་མ་གཡོས་པ། ཡུལ་ནམ་མཁའ་རྐྱེན་དང་བྲལ་བ། རླུང་ཤིན་ཏུ་དལ་བ། རིག་པ་དབྱིངས་ལ་གཏད་ཅིང་རང་བབས་སུ་གཡོ་བ་མེད་པར་ཉམས་སུ་བླངས་པས་སྣང་བ་བཞི་རིམ་པར་འཆར་ཏེ། དང་པོ་ཐིག་ལེ་ཐིག་ཕྲན་རྨ་བྱའི་མདོངས་ལྟ་བུ་དང་། ཟ་འོག་བཀྲམ་པ་ལྟ་བུ། གྱེན་སྒྲེང་། རྩིབས་ཤར། སྦ་ཕུབ། མཆོད་རྟེན་རིས་སོགས་ཇེ་ཆེར་འཆར་བ་ཆོས་ཉིད་མངོན་སུམ། དེ་དག་གི་ནང་དུ་སྐུར་འཆར་བ་ཉམས་གོང་འཕེལ། ཐིག་ལེ་རེ་རེ་ཡང་ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་སོགས་འཆར་བ་རིག་པ་ཚད་ཕེབས། མཐར་བཟང་ངན་གང་གི་ཡང་རྟོག་པ་དག་ནས་རྒྱ་མཚོ་ལ་ཆུ་བོ་ཐིམ་པ་ལྟ་བུའམ། སྦྲའི་ཆོན་ཐག་བསྡུས་པ་ལྟར་དབྱིངས་སུ་ཐིམ་ཞིང་ཁྱབ་གདལ་ཆེན་པོར་བྱང་ཆུབ་པ་ནི་ཆོས་ཉིད་ཟད་པ་སྟེ། དེ་དག་གི་རྟགས་ལུས་ངག་ཡིད་གསུམ་ལ་འཆར་ཞིང་། ཚད་རྨི་ལམ་གྱིས་ཟིན། རབ་ལ་རྨི་ལམ་རྒྱུན་ཆད། འབྲིང་རྨི་ལམ་འོད་གསལ་དུ་འཆར། ཐ་མ་རྨི་ལམ་དུ་ངོ་ཤེས་པའོ། །རྟགས་ནི། ཆོས་ཉིད་མངོན་སུམ་གྱི་ཚེ་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་འདྲ། ངག་ལྐུགས་པ་ལྟ་བུ། སེམས་མཁའ་འགྲོ་རྙི་ལ་ཟིན་པ་འདྲ་བ། གོང་འཕེལ་གྱི་ཚེ་ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་འདྲ། ངག་སྨྱོན་པ་ལྟ་བུ། སེམས་རྩི་དུག་ཟོས་པ་འདྲ། ཚད་ཕེབས་ཀྱི་སྐབས་ལུས་གླང་ཆེན་འདམ་དུ་ཚུད་པ་འདྲ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ། སེམས་འབྲུམ་ནད་བྱང་བ་ལྟ་བུ། ཆོས་ཉིད་ཟད་པའི་ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་མེད། ངག་བྲག་ཆ་ལྟ་བུ་གཞན་གྱི་ལད་མོ་ཟློས་ཤིང་འཛིན་པ་མེད། སེམས་ན་བུན་མཁའ་ལ་ཡལ་བ་ལྟར་ཀ་དག་གི་དབྱིངས་སུ་རང་དེངས་པ་རྣམས་ཏེ། རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་སྤྱོད་འཛིན་པའི་ལྟ་བ་ནུབ། །ཉམས་སྣང་གོང་འཕེལ་སྣང་བ་ཡིས། །བར་དོའི་ཡེ་ཤེས་གཏན་ལ་ཕེབས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །ཅེས་སོ། །སྒྲོན་མ་དྲུག་ནི། ཙིཏྟ་ཤའི་སྒྲོན་མ། དཀར་འཇམ་རྩའི་སྒྲོན་མ། རྒྱང་ཞགས་ཆུའི་སྒྲོན་མ་སྟེ་ལུས་ལ་བརྟེན་པའི་སྒྲོན་མ་གསུམ། ཐིག་ལེ་སྟོང་པའི་སྒྲོན་མ། རྣམ་དག་དབྱིངས་ཀྱི་སྒྲོན་མ། ཤེས་རབ་རང་བྱུང་སྒྲོན་མ་སྟེ་རིག་གདངས་ཀྱི་སྒྲོན་མ་གསུམ། འདི་དག་གི་རྒྱས་པ་མ་བུ་སྡེབ་ཚུལ་སོགས་ཞིབ་པར་སྒྲོན་བཞི་དབྱེ་གསལ་མེ་ལོང་དང་། ཁྲིད་གཞུང་རྣམས་ལས་ཤེས་སོ། །ཐོད་རྒལ་འདི་ལ་མཐའ་རྟེན་གྱི་མན་ངག་མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱི་གཟེར་གདབ། གདེང་བཞིའི་གྲོལ་ཚད་བསྟན་པ་རྣམས་ཡིན་པ་ལས། མི་འགུལ་བ་གསུམ་ནི། ལུས་བཞུགས་སྟངས་ཆོས་སྐུ་སེང་གེ་ལྟ་བུ། ལོངས་སྐུ་གླང་ཆེན་ལྟ་བུ། སྤྲུལ་སྐུ་དྲང་སྲོང་ཙོག་པུ་ལྟ་བུ་སྟེ་བཞུགས་སྟངས་གསུམ་ལས་མི་འགུལ། མིག་གྱེན་ཐུར་ཐད་ཀ་སྟེ་གཟིགས་སྟངས་གསུམ་ལས་མི་འགུལ། རིག་པ་དབྱིངས་ལས་མི་འགུལ་བའོ། །སྡོད་པ་གསུམ་ནི་ཕྱི་སྣང་བ་སྡོད། ནང་སྒྱུ་ལུས་སྡོད། གསང་བ་རླུང་སེམས་སྡོད། ཐོབ་པ་གསུམ་ནི། སྐྱེ་བ་ལ་རང་དབང་ཐོབ། འཇུག་པ་ལ་རང་དབང་ཐོབ། གནས་པ་ལ་རང་དབང་ཐོབ། གདེང་བཞི་ནི། ཡར་སངས་རྒྱས་ཐོབ་ཏུ་མི་རེ། མ་ཐོབ་ཀྱི་མི་དོགས། མར་ངན་སོང་གི་སྡུག་བསྔལ་མྱོང་མི་དོགས་པ་དང་། མི་མྱོང་བར་རེ་བ་མེད་པས་ཡར་གྱི་རེ་དོགས་གཉིས་མཐའ་ཟད། མར་གྱི་རེ་དོགས་གཉིས་མཐའ་ཟད་དེ། གདེང་བཞི་དང་ལྡན་པའོ། ཁྲིད་རྐང་བཅོ་བརྒྱད་པ་འབྲས་བུའི་ཁྲིད་ནི། དོན་ཁྲིད་འདི་ཐོབ་ནས་བརྩོན་པས་ཉམས་སུ་བླངས་ན། རབ་ཀྱིས་ལོ་གསུམ། འབྲིང་གིས་ལྔ། ཐ་མས་ཀྱང་བདུན་ལ་གྲོལ་བ་ཐོབ་ཅིང་། ཡང་དག་རྫོགས་པའི་སངས་རྒྱས་དང་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་ནས་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར་རོ། །ཞིབ་པར་བླ་མའི་གསུང་དང་ཁྲིད་ཡིག་གི་ཡི་གེ་རྣམས་ལས་འབྱུང་ཞིང་། འདིར་ཆེ་ལོང་ཙམ་ཞིག་བཀོད་པ་འདི་ཆོས་སྐོར་བ་སྡེ་པ་ཆོས་རྗེ་ཀརྨ་ཐུབ་བསྟན་ཉིན་བྱེད་པས་བསྐུལ་བའི་ངོར། པད་གླིང་གསུམ་པ་ཚུལ་ཁྲིམས་རྡོ་རྗེས་བསམ་གཏན་གྱི་ཐུན་བར་ལ་སྤེལ་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ཟབ་མོའི་གནས་ལུགས་རྟོགས་ནས། ཀུན་བཟང་མཐའ་བྲལ་ཀློང་ཡངས་ཀྱི་གོ་འཕང་ལ་བཟང་པོར་སྤྱོད་པའི་སྐལ་པ་ཅན་དུ་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).