Terdzo-SO-002: Difference between revisions

From Rinchen Terdzö
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
No edit summary
 
(2 intermediate revisions by 2 users not shown)
Line 7: Line 7:
བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷ་བའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་དང་རྣམ་པ་ཐམས་ཅད་དུ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །བསམ་གྱིས་མི་ཁྱབ་ནམ་མཁའི་རང་བཞིན་བསམ་ཡས་རྣམ་ཐར་འབྱུང་བའི་གནས། །འཆི་མེད་རྡོ་རྗེ་བདེ་ཆེན་རོལ་པས་ནམ་མཁའ་ཇི་སྲིད་གཞན་དོན་མཛད། །བཀའ་དྲིན་ཟླ་མེད་གུ་རུ་ཡབ་ཡུམ་ལྷ་དང་ཌཱ་ཀི་ཆོས་སྐྱོང་བཅས། །ཡེ་ཤེས་གཅིག་ཉིད་དུ་མའི་ཚུལ་སྣང་རོ་མཉམ་ལྟ་བས་མཇལ་ཕྱག་འཚལ། །བྱང་ཆུབ་སྤྱོད་པ་མཐར་སོན་འབྲས་བུའི་ཆོས། །ལྷུན་རྫོགས་སྒྱུ་འཕྲུལ་དྲ་བའི་རོལ་གར་ནི། །བཀའ་བབས་བདུན་ལྡན་བསྟན་འགྲོའི་སྣང་ཆེན་སྤེལ། །པདྨ་འོད་གསལ་མདོ་སྔགས་གླིང་པར་འདུད། །ཨོ་རྒྱན་རྒྱལ་བའི་ཕྲིན་ལས་ཤིང་རྟ་པ། །གཏེར་འབྱིན་ཀུན་གྱི་མཆོག་གྱུར་འགྱུར་མེད་ཀྱི། །བདེ་ཆེན་དགྱེས་རོལ་གླིང་པའི་མཚན་ཅན་གྱིས། །དུས་གསུམ་ཀུན་ཏུ་མི་འབྲལ་རྗེས་འཛིན་མཛོད། །སངས་རྒྱས་ཆོས་ཀུན་ལམ་གྱི་རིམ་པ་ཡི། །ཉམས་ལེན་ཁོ་ནར་འདུས་ཕྱིར་གསར་རྙིང་གི །གཞུང་ལུགས་ཆེ་ཕྲ་ཐུན་མོང་ཐུན་མིན་གྱི། །གླེགས་བམ་ཕྲེང་བས་གངས་ཅན་ཁོར་ཡུག་གཏམས། །ཀུན་མཐུན་ཀུན་ལས་ཁྱད་འཕགས་ཚེ་གཅིག་གིས། །གདོད་མའི་གྲུབ་མཐའ་མངོན་བྱེད་ཐེག་རྩེའི་ལམ། །ཚང་ལ་གསལ་སྟོན་སྔོན་མེད་ནོར་བུའི་མཛོད། །སྐལ་ལྡན་ཀུན་དགའི་དཔྱིད་དུ་འདིར་དབྱེའོ། །དེ་ལ་འདིར་གང་འཆད་པར་བྱ་བ་ནི། ཐོག་མཐའ་བར་དུ་དགེ་བས་ཤེས་བྱ་ཐམས་ཅད་ཀྱི་མཆོག་དང་ཕུལ་དུ་གྱུར་པ་ལེགས་གསུང་དམ་པའི་ཆོས་རྒྱུ་ལམ་དུ་བྱེད་པ་རྒྱ་ཆེ་བ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་བཞི་ལ་སོགས་པས་འཕགས་པ་འབྲས་བུ་ལམ་བྱེད་ཟབ་མོ་རྡོ་རྗེ་ཐེག་པ་ཕྱི་ནང་གཉིས་ལས་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་ཟབ་དོན་དང་འབྲེལ་པ་ཡིན་ལ། དེའང་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་ཕྲིན་ལས་ཐོག་མར་མཛད་པ་པོ་མཁན་སློབ་ཆོས་གསུམ་སྤྲུལ་པའི་ལོ་པཎ་བརྒྱ་རྩ་འཛོམས་ནས་བསྟན་པ་སྔ་དར་གྱི་དུས་སུ་འགྱུར་བའི་རྙིང་མ་ཞེས་གྲགས་པ་ལ། རྒྱ་ཆེ་བ་བཀའ་མ། ཟབ་མོ་གཏེར་མ། ཉེ་བརྒྱུད་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་མཆིས་པ་ལས། འདིར་ཁྱད་པར་གསུམ་ལྡན་གཏེར་ལས་བྱོན་པའི་ཟབ་ཆོས། རྟོག་གེའི་རིག་པས་མ་བཅོས། ཕལ་ཚིག་གི་བསྲེ་བསླད་མ་ཞུགས། གཞན་ཟེར་གྱི་རྗེས་སུ་མ་ཟློས་པའི་རྡོ་རྗེའི་ཚིག་དང་བྱིན་རླབས་ཀྱི་གཟི་བརྗིད་དང་ལྡན་པའི་གཞུང་ཡེ་ཤེས་སྙིང་པོ་འཆད། དོན་གང་ཞིག་བཤད་ན། སྤྱིར་འཁོར་ལོའི་མགོན་པོ་ལས་ཆོས་ཉིད་ཀྱི་རང་སྒྲར་ཤར་བའི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་མཛོད་ལྟ་བུ་རྣམས་དང་། དེའི་དགོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ལུང་གསང་དོན་རྣམ་པར་འབྱེད་པ་མཛོད་ཀྱི་ལྡེའུ་མིག་ལྟ་བུར་གྱུར་པ་རྣམས་དང་། དེ་དག་གི་གནད་ཀྱི་མན་ངག་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་སྐལ་ལྡན་ཉམས་ལེན་དུ་དྲིལ་བ་རང་སྐལ་ལག་བཅངས་སུ་སྤྲོད་པ་ལྟ་བུ་གསུམ་ལས། འདིར་གནད་གདམས་མན་ངག་གི་གཞུང་། གཞི་ལམ་འབྲས་བུའི་རང་བཞིན་སྤྱི་དང་ཁྱད་པར་ལམ་གྱི་རིམ་པའི་ཉམས་ལེན་མཐའ་དག་མ་སྦས་གསལ་སྟོན་དུ་འཆད། ཇི་ལྟར་འཆད་པའི་ཚུལ་ལ། གསར་རྙིང་གི་རྒྱུད་དང་གདམས་པའི་བཀའ་སྲོལ་འཛིན་པའི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་བཞེད་ཚུལ་མང་དུ་མཆིས་པ་ལས། འདིར་གང་ཟག་སྤྲོས་མེད་ཉམས་ལེན་སྙིང་པོར་དྲིལ་བ་ལ་དགོངས་ཏེ་གསུངས་པའི་གཞུང་ཉིད་ཀྱི་བཞུགས་ཚུལ་གཞིར་བྱས། བཤད་པའི་ཚིག་དང་ལུང་རིག་གི་སྤྲོས་པ་བརྒལ་བརྟག་གི་མཐའ་དཔྱོད་སོགས་རྟོག་གེའི་གཞུང་ལུགས་ཀྱི་རྗེས་སུ་མ་འབྲངས་ཤིང་། མཆོག་གི་རིག་འཛིན་ཁྱབ་བདག་བླ་མའི་ཞལ་ལུང་བདུད་རྩི་དངོས་སུ་ཐོབ་པའི་སྐལ་བ་བཟང་པོ་ཆུད་མ་ཟོས་པར་དཀྱུས་ཀྱི་ས་གཅོད་པ་དང་། གཞུང་དོན་འབྲུ་གཉེར་དུ་དགྲོལ་བ་ཙམ་གྱིས་ཁྱད་པར་འཕགས་པའི་གཞུང་གསང་བ་ཟབ་མོ་ཉིད་དད་ཅིང་མོས་པའི་བློ་ནུས་ཀྱིས་ཇི་ལྟར་དཔོག་པར་འཆད་པར་བྱའོ། །དེ་ལྟར་ན་དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་བའི་སྙིང་ཏིག །བླ་སྒྲུབ་ཟབ་མོ་སྐོར་བཞིའི་རྒྱབ་ཆོས། ཡོ་ག་རྣམ་པ་གསུམ་གྱི་ལྟ་སྒོམ་སྤྱོད་པའི་རིམ་པ་ཡོངས་སུ་རྫོགས་པ་གསལ་བར་སྟོན་པ་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཞལ་དངོས་སུ་བསྙེན་པ་དང་མཚུངས་པའི་ཞལ་གདམས་ལམ་གྱི་རིམ་པ་འདི་འཆད་པ་ལ་བཞི། གཞུང་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་མཚན་བསྟན། ཁུངས་བཙུན་པའི་བརྡ་ཡིག་འགོད་ཅིང་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ། མཚན་དོན་དེ་ལྡན་གྱི་གཞུང་དངོས་ཉིད་བཤད། གཞུང་གྲུབ་པའི་ཚིག་གིས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། མཚན་དངོས་བཀོད། དེའི་དོན་བཤད། མཚན་ལས་བརྩམས་པའི་མཐའ་དཔྱད་དོ། །དང་པོ་ནི། བླ་མའི་ནས་བཞུགས་སོ། །ཞེས་པའོ། །གཉིས་པ་ལ་གཉིས། ཡིག་དོན་སྤྱིར་བཤད། ཁྱད་པར་གྱི་མཚན་དོན་རྒྱས་པར་དབྱེ་བའོ། །དང་པོ་ནི། སྤྱིར་རྒྱུད་མན་ངག་གི་མཐའ་ཅན། མན་ངག་སྒྲུབ་ཐབས་ཀྱི་མཐའ་ཅན། སྒྲུབ་ཐབས་ལག་ལེན་གྱི་མཐའ་ཅན་དུ་གྲགས་པའི་ནང་ཚན་སྒྲུབ་པའི་ཐབས་ལའང་རྩ་བ་གསུམ་དང་འབྲེལ་བའི་སྒྲུབ་ཐབས་མཐའ་ཡས་ཤིང་། རེ་རེ་ལའང་སྤྱི་དང་ཁྱད་པར། རྩ་བ་དང་ཡན་ལག །གནས་སྐབས་དང་མཐར་ཐུག་ལ་དགོངས་པའི་སྒྲུབ་ལུགས་མང་དུ་གསུངས་པ་ལས། འདིར་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་མན་ངག་གི་རྒྱུད་རྣམས་དང་། རིག་འཛིན་འདུས་པའི་རྩ་རྒྱུད་སོགས་ལས་མན་ངག་གནད་ཀྱི་ཉིང་ཁུར་ཕྱུང་བའི་བྱིན་རླབས་རྩ་བ་བླ་མ་གཙོ་བོར་སྒྲུབ་པའི་ཐབས་ཕྱོགས་དུས་རྒྱལ་བའི་ཐུགས་དགོངས་གཅིག་བསྡུས། དུས་གསུམ་རིག་འཛིན་ཡོངས་ཀྱི་ཐུགས་དམ་སྙིང་པོ། གུ་རུ་རིན་པོ་ཆེའི་ཐུགས་ཀློང་ཡེ་ཤེས་ཐིག་ལེའི་བཅུད་ཕྱུངས་པ། ཡང་ཟབ་སྙིང་པོ་གནད་ཀྱི་སྒྲུབ་ཐབས་ཡིན་པའི་ཕྱིར། བླ་མའི་ཐུགས་སྒྲུབ་ཅེས་གསུངས་ཏེ། ཞལ་གདམས་སྙིང་བྱང་ལས། རང་བྱུང་པདྨ་བདག་ཉིད་ཀྱི༔ དགོངས་པའི་ཀློང་ནས་རང་ཤར་བ༔ ཡང་ཟབ་ཐུགས་ཀྱི་སྒྲུབ་པ་ནི༔ ཞེས་དང་། ཨོ་རྒྱན་བདག་གིས་རྒྱུད་ལུང་དང༔ མན་ངག་གཞན་ལ་བརྟེན་ནས་ནི༔ འགྲེལ་བའི་ཚུལ་དུ་མ་བཀྲལ་བར༔ རྒྱུད་ལུང་མན་ངག་ངེས་པའི་དོན༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཐུགས་ཀྱི་ཐིག་ལེར་རབ་བཞུགས་པ༔ ཆོས་ཉིད་རང་སྒྲར་སྣང་བས་ན༔ རྒྱུད་དང་མི་འགལ་ལུང་དང་མཐུན༔ མན་ངག་མྱོང་བས་ཁྱད་འཕགས་པ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཐུགས་སྒྲུབ་ཟབ་མོ་སྐོར་བཞི་བཞུགས་པ་ལ་འདིར་བླ་མ་ཡང་གསང་ལྟར་སྒྲུབ་པའི་ཐབས་རྡོ་རྗེ་དྲག་པོ་རྩལ་གྱི་ཆོས་སྐོར་གྱི་བསྡེབས་སུ་བྱོན་པ། རྗེས་འཇུག་སྐལ་ལྡན་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་ཞལ་གྱི་སྒོ་ནས་གདམས་པ་དང་རྗེས་སུ་གདམས་པའི་ཚུལ་དུ་གསུངས་ཤིང་། ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་ལམ་གྱི་རིམ་པ་མཐའ་དག་ཚང་ཞིང་གསལ་ལ་མདོ་རྒྱས་འཚམས་པ། མཚན་ཡེ་ཤེས་སྙིང་པོ་ཞེས་བྱ་བ་འདིར་བཞུགས་སོ། །ཞེས་པའི་དོན་ཏོ། །གཉིས་པ་ལ་གཉིས། ཚུལ་བཞིའི་སྒོ་ནས་བཤད་པ། གཞི་ལམ་འབྲས་གསུམ་གྱི་དོན་དུ་བཤད་པའོ། །དང་པོ་ནི། སྤྱི་ལས་བྱེ་བྲག་ཏུ་འབྱེད་པའི་མཚན་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཤད་པའི་གཞིར་བྱས། དེ་འཆད་པའི་ཚུལ་ལ། ཡི་གེའི་དོན་ལྟར་ན། སྤྱིར་ཡེ་ཤེས་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ན། ཛྙཱ་ཁོང་དུ་ཆུད་པའི་བྱིངས་དོན་ལས་ཡུལ་ཤེས་བྱ་དང་ཡུལ་ཅན་ཤེས་པ་གཉིས་ཀ་ལ་སྦྱོར་དུ་ཡོད་དེ། ཐབས་ཤེས་གྲུབ་པ་ལས། ཤེས་པས་ཤེས་བྱ་རབ་ཕྱེ་སྟེ། །སྦྱོར་བས་ཡོངས་སུ་བརྟགས་ནས་ནི། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཡེ་ཤེས་དེ་ཉིད་དུ་ནི་བརྗོད། །ཅེས་སོ། །འདིར་དྲི་མས་རྣམ་པར་སྤངས་པའི་མཁྱེན་པ་སངས་རྒྱས་ཀྱི་ཡེ་ཤེས་བསྟན་ལ། རྣམ་བྱང་གི་ཆོས་མཐའ་དག་རྒྱལ་བའི་ཡེ་ཤེས་རོལ་པ་ཁོ་ན་ལས་བྱུང་བ་སྟེ། རྒྱལ་ཚབ་བྱམས་པས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་སོགས་གསུངས་པ་ལྟར་ཏེ། དེས་ན་སྒྲ་དེས་ཁྱད་གཞིའི་གཞུང་བསྟན། སྙིང་པོ་ནི་གརྦྷཱའི་སྒྲ་ལས་ཤུན་པ་དང་བྲལ་བའི་སྙིང་པོ་རྗེན་པར་ཕྱུངས་པའི་དོན་ཏེ། ཚིག་དང་སྤྲོས་པའི་ཤུན་པ་དང་བྲལ་བ། མདོ་སྔགས་ཆོས་ཚུལ་ཀུན་གྱི་ཟབ་དོན་སྙིང་པོར་ཕྱུངས་པའི་དོན་ཡིན་པས་ཁྱད་ཆོས་བཞུགས་ཚུལ་བསྟན་པ་སྟེ། ཡེ་ཤེས་ཀྱི་ཕུལ་དུ་ཕྱིན་པའི་དམ་ཆོས་མཐའ་དག་གི་སྙིང་པོར་གྱུར་པའི་དོན་ཏོ། །སྤྱི་དོན་ལྟར་འཆད་པ་ལ། མདོ་དང་ཐུན་མོང་བ་ལྟར་ན། ཡེ་ཤེས་ནི་ཡེ་ནས་དྲི་མ་དང་བྲལ་བའི་ཤེས་རབ་གནས་ལུགས་སྟོང་པ་ཉིད་དང་། སྙིང་པོ་ནི་ཧྲྀ་ད་ཡའི་སྒྲ་ལས། བཅུད་དམ་མཆོག་ལ་འཇུག་པས་སངས་རྒྱས་སྒྲུབ་པ་ལ་མེད་དུ་མི་རུང་བའི་ལམ་གྱི་མཆོག་སྙིང་རྗེ་སྟེ། འབུམ་ལྔ་ལས། སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་སྙིང་རྗེའི་འབྲས་བུ་འབྱུང་། །སངས་རྒྱས་ཀུན་གྱི་རྩ་བ་ནི། །འདི་ལས་འབྱུང་བར་ཐེ་ཚོམ་མེད། །ཅེས་སོ། །དེས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་ཕུལ་དུ་བྱུང་བ་འདིར་བསྟན་པའི་དོན་ནོ། །སྔགས་ཀྱི་སྤྱི་དོན་ལྟར་ན། ཡེ་ཤེས་ནི་རྟེན་དཀྱིལ་འཁོར། སྙིང་པོ་ནི་བརྟེན་པ་འཁོར་ལོའི་ལྷ་རྣམས་ཏེ། བརྟག་གཉིས་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་པའི་དོན་བསྐྱེད་རིམ་གྱི་ལམ་འཁོར་དང་བཅས་པའང་འདིར་བསྟན་ཏོ། །སྦས་དོན་ལྟར་ན། ཡེ་ཤེས་ནི་རྟེན་གདོད་མའི་སྟོང་ཆེན་ཨེ་ཡིག །སྙིང་པོ་ནི་བརྟེན་པ་བདེ་བ་ཆེན་པོའི་ཝྃ་ཡིག་སྟེ། གསང་འདུས་བཤད་རྒྱུད་ལས། ཨེ་ཝྃ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། ཨེ་ཝྃ་དེ་ཉིད་རབ་ཏུ་བཤད། །ཅེས་དང་། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝྃ་ནི་སྙིང་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་སྦྱོར་བ་ནི་རྨད་བྱུང་མཆོག །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སོགས་མཐའ་ཡས་པ་འབྱུང་བ་ལྟར། ཨེ་ཝཾ་གཉིས་ནི་མདོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་གྱུར་པས་ཟབ་ཅིང་རྒྱ་ཆེ་བའི་དོན་སྤྲོར་ཡོད་ལ། འཕགས་ཞབས་ཀྱི་བཞེད་པ་ཀུན་རྫོབ་བདེན་སྦས་ལྟར་ན། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་ནས་འོད་གསལ་གྱི་ཡེ་ཤེས་ལས་ཟུང་འཇུག་གི་སྐུ་སྙིང་པོའི་ཚུལ་དུ་ལྡང་བའི་དོན་དང་། འདོད་ཆགས་ཆོས་སྦས་ལྟར་ན། སྒྱུ་འཕྲུལ་རྒྱ་མཚོ་སོགས་ལས་གསུངས་པ་ལྟར། རྩ་འཁོར་ཨེ་ཡིག་ཐིག་ལེ་ཝྃ་ཡིག་སྟེ་སྟེང་སྒོ་རྣམ་གྲོལ་དང་སྦྱར་བ་དང་། ཡུམ་གྱི་ཆུ་སྐྱེས་ཨེ། ཡབ་ཀྱི་རྡོ་རྗེ་ཝྃ་སྟེ་གསང་བ་འོག་སྒོ་ལ་སྦྱར་ཏེ། དོན་དེ་དག་ཀྱང་གཞུང་འདིར་བསྟན་པའོ། །མཐར་ཐུག་གི་དོན་ལྟར་ན། ཡེ་ཤེས་ནི་ཀ་དག་གདོད་མའི་དབྱིངས། སྙིང་པོ་ནི་ལྷུན་གྲུབ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་དབྱིངས་རིག་འདུ་འབྲལ་མེད་པ་གདོད་མའི་མགོན་པོའི་དགོངས་པ་མཐར་ཐུག་པའང་བསྟན་རིམ་འདི་ལས་རྟོགས་པའོ། །གཉིས་པ་མཚན་དོན་གཞི་ལམ་འབྲས་གསུམ་ལྟར་བཤད་པ་ལ། དང་པོ་གཞི་ཐུན་མོང་ལྟར་སྦྱོར་ན། ཡེ་ཤེས་ནི་གཞིར་གནས་ཀྱི་ཆོས་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དོན་དམ་ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པའི་དོན་ཏེ། འཕགས་པ་ཀླུས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། སམྦུ་ཊར། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སོ། །སྙིང་པོ་ནི། དགོངས་པ་ལུང་སྟོན་རྒྱུད་ལས། སྙིང་པོ་ཞེས་ནི་སངས་རྒྱས་ཀྱི། །ཆོས་ཉིད་དག་པ་འདི་ཡིན་ཞིང་། །སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱི། །བྱང་ཆུབ་སྤྱོད་པའི་མཆོག་འདི་ཡིན། །ཞེས་པ་ལྟར་དོན་དམ་པའི་ཡེ་ཤེས་དེ་ཉིད་འཁོར་འདས་ཐམས་ཅད་ལ་སྙིང་པོའི་ཆོས་སུ་བཞུགས་པའི་དོན་ཏེ། རྒྱལ་བ་བྱམས་པས། དེ་བཞིན་ཉིད་དེ་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། སྒྲོན་གསལ་ལས། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་སྙིང་པོ་སྟེ་དྲི་མ་སྦྱོང་བའི་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་མཚོན་པའོ། །ཐུན་མིན་མ་ཧཱ་ལྟར་ན། བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང་། ཨ་ནུ་ལྟར་ན། དབྱིངས་ཡེ་གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གདོད་ནས་རང་ཆས་སུ་བཞུགས་པའི་དོན་ཡིན་ཞིང་། རྫོགས་པ་ཆེན་པོའི་ལུགས་ལྟར་ན། ཡེ་ཐོག་གཞིའི་ཀ་དག་སྨྲ་བསམ་བརྗོད་བྲལ་སྤྲོས་པའི་མཐའ་ལས་འདས་པ་ཡེ་ཤེས་གསུམ་ལྡན་འཁྲུལ་གྲོལ་གཉིས་ཀའི་སྤྱི་གཞིར་གྱུར་པ་དེ་ཉིད། དབྱིངས་ཀྱི་རྒྱ་རལ་ནས་ཕྱི་གསལ་གྱི་སྣང་བ་མཆེད་དེ་འཁོར་འདས་རྒྱབ་གྱེས་པའི་ཚེ་ནའང་སེམས་ཅན་རྣམས་ལ་སྙིང་པོའི་ཚུལ་དུ་གནས་སྐབས་ཀྱི་གཞིར་བཞུགས་པ་སྟེ། ཀློང་དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །ཞེས་པ་ལྟར་ཀ་དག་གི་ཡེ་གཞི་མཚོན་པ་སྟེ། གཞིའི་གནས་ལུགས་དེ་དག་ཀྱང་གཞུང་འདིར་བསྟན་པའོ། །ལམ་དང་སྦྱོར་ན། ཡེ་ཤེས་ནི་ཤེས་རབ། སྙིང་པོ་ནི་སཱ་རའི་སྒྲ་ལས། དུ་མ་འཕྲོ་བའི་རྩ་བའམ་གནས་ཏེ་ཐབས་བསོད་ནམས་ཀྱི་ཚོགས་ལ་སོགས་པ་ལས་གནས་སྐབས་དང་མཐར་ཐུག་གི་ལེགས་པའི་འབྲས་བུ་དུ་མ་འབྱུང་བས་ཏེ། ཐབས་ཤེས་གཉིས་ནི་ལམ་ཐུན་མོང་བ་ལྟར་ན་བསོད་ནམས་དང་ཡེ་ཤེས། ཐུན་མིན་ལྟར་ན་བསྐྱེད་རིམ་དང་རྫོགས་རིམ། ཁྱད་པར་ལྟར་ན་བདེ་བ་དང་སྟོང་པ། དབྱིངས་དང་རིག་པ་སོགས་ལམ་གྱི་གཉིས་ཆོས་ཀྱི་དོན་ཐམས་ཅད་དང་འབྲེལ་ཞིང་། སངས་རྒྱས་སྒྲུབ་པ་ལ་དེ་གཉིས་ཀྱང་ཕྱོགས་རེ་མ་ཡིན་པར་ཟུང་འཇུག་དགོས་ཏེ། མདོ་སྡེའི་དོན་བསྡུས་བྱང་ཆུབ་ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་པའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ག་སྤང་མི་བྱ། །ཞེས་སོ། །དེ་ལྟར་ན་ཟུང་དུ་འཇུག་པའི་ལམ་རིམ་རྒྱས་པ་འདིར་བསྟན་པའི་ཕྱིར། གཞུང་ཉིད་ལས། ཀུན་གྱི་སྤྱི་འདྲིལ་ཡེ་ཤེས་སྙིང་པོའི་ལམ༔ ཞེས་གསུངས་སོ། །འབྲས་བུ་དང་སྦྱར་བ་ལའང་། ཐུན་མོང་ལྟར་ན། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་གསུངས་པ་ལྟར། ཁྱབ་བྱ་གཞན་དོན་དུ་ཡེ་ཤེས་ཀྱི་སྣང་བ་ལས་བརྡར་ཤར་བའི་གཟུགས་སྐུ། ཁྱབ་བྱེད་རང་དོན་དོན་དམ་སྙིང་པོའི་རང་བཞིན་ཆོས་ཀྱི་སྐུ་སྟེ་འཐོབ་བྱ་སྐུ་གཉིས་དང་། དག་པ་གཉིས་ལྡན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་བཞིན་བྲལ་བའི་ཡོན་ཏན། རྒྱས་འགྱུར་གྱི་ནུས་པས་སྙིང་པོའི་ནུས་པ་གསལ་བ་རྣམ་པར་སྨིན་པའི་ཡོན་ཏན་ཏེ་བྲལ་སྨིན་གྱི་ཡོན་ཏན་གཉིས་དང་། ཡེ་ཤེས་ནི་ཀུན་ལ་ཁྱབ་པའི་དོན་དང་། སྙིང་པོ་ནི་མི་ཟད་ཅིང་མི་འགྱུར་བས་རྟག་པའི་དོན་ཏེ་རྟག་ཁྱབ་ཀྱི་ཕྲིན་ལས་བཅས་བསྟན། ཐུན་མིན་ལྟར་ན་ཡེ་ཤེས་དབྱིངས། སྙིང་པོ་རིག་པ་སྟེ་དབྱིངས་རིག་འདུ་འབྲལ་མེད་པར་བྱང་ཆུབ་པའམ། ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་སྐུ་དང་ཟུང་འཇུག་གི་དོན་བསྟན་པ་སྟེ། རིག་པ་ཡེ་ནས་ཉི་མ་ལྟར་མཁྱེན་རིག་ཏུ་གསལ་བའི་ཆར་ལྷུན་གྲུབ་ཏུ་གནས་པ་ཉིད་རྟོགས་པ་མངོན་དུ་གྱུར་པས་གློ་བུར་སྒྲིབ་པའི་སྤྲིན་དང་བྲལ་ནས་ཤེས་རབ་དྲི་མ་མེད་པའི་དགོངས་པ་ཡོན་ཏན་མ་ལུས་པའི་དཀྱིལ་འཁོར་དུ་རྒྱས་ཏེ། སྐུ་རྣམས་ཀྱི་སྙིང་པོར་གནས་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྟེ། རང་ཤར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་སོ། །དེས་ན་རྟེན་སྐུ། བརྟེན་པ་ཡེ་ཤེས་བཅས་དངོས་སུ་བསྟན་པའི་ཤུགས་ལས་མཛད་པ་ཕྲིན་ལས་ཀྱང་བསྟན་པས་ན། གཞུང་ལས། ཡེ་ཤེས་སྙིང་པོ་ཚེ་འདིར་འགྲུབ་པར་ཤོག༔ ཅེས་འབྱུང་བ་ལྟར་རོ། །གསུམ་པ་མཐའ་ཅུང་ཟད་དཔྱད་ན། འདིར་ཞལ་གདམས་ཞེས་པའི་གདམས་ངག་ལ། ལས་དང་པོ་པ་བློ་ཆོས་ལ་སྐུལ་བ་དང་། རྒྱ་ཆེ་བ་ཚིག་ཏུ་གདམས་པ། ཟབ་པ་དོན་དུ་གདམས་པ། ཉམས་ལེན་གནད་འདྲིལ་དུ་གདམས་པ། ངོ་སྤྲོད་ལག་བཅངས་སུ་གདམས་པ་སོགས་མང་དུ་མཆིས་པ་ལས། འདིར་ཟབ་རྒྱས་ཉམས་ལེན་གནད་འདྲིལ་ལག་གཏོད་རྗེན་ཕྱུང་དུ་གདམས་སྟེ། གཞུང་ལས། སྔོན་ཆད་ཟབ་ཅིང་རྒྱ་ཆེ་བའི༔ གདམས་ངག་བྱེ་བ་ཕྲག་བརྒྱའི་གཞུང༔ ཇི་སྙེད་གསུངས་པའི་སྙིང་པོའི་ཕུལ༔ རྒྱུ་འབྲས་ལམ་མཆོག་ཡོངས་རྫོགས་པ༔ མ་བྱུང་འབྱུང་བར་དཀའ་བའི་བཅུད༔ ཅེས་སོགས་ཡང་ཡང་བསྔགས་པས་མཚོན་ནོ། །ལམ་གྱི་རིམ་པ་ལའང་དཔལ་ལྡན་ཨ་ཏི་ཤའི་སྲོལ་བྱང་ཆུབ་ལམ་གྱི་རིམ་པ། ཨ་རོ་དང་རོང་ཟོམ་པཎྜི་ཏའི་ཐེག་ཆེན་རྣལ་འབྱོར་སོགས་མདོ་དང་ཐུན་མོང་བ་རྣམས་དང་། པདྨ་ལམ་རིམ། རིན་ཆེན་སྒྲོན་མེ་སོགས་བཀའ་གཏེར་ཐུན་མོང་མ་ཡིན་པ་མང་དུ་མཆིས་པ་ལས། འདིར་ཁྱད་པར་དུ་མས་འཕགས་པའི་ལམ་རིམ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་སྟེ། མཚན་དེ་སུས་བཏགས་ན། གང་ཟག་གི་བློས་བཅོས་ནས་བཏགས་པ་མ་ཡིན་གྱི། ཀུན་བཟང་པདྨ་འབྱུང་གནས་ཉིད་ཀྱི་དགོངས་ཀློང་ཡེ་ཤེས་ཆེན་པོའི་གསང་མཛོད་ནས་རང་བྱུང་རྡོ་རྗེའི་རང་སྒྲར་ཤར་བ་སྟེ། གུ་ཧྱ་གརྦྷ་དང་ཧེ་བཛྲ་སོགས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་དང་དབྱེ་བ་མེད་པའོ། །གང་ཟག་གི་བློས་བཅོས་ནས་བཏགས་པ་ལ། དཔེ་དང་དོན་དང་ཡུལ་དང་གནས་སྐབས་ཀྱི་སྒོ་ནས་མཚན་གྱི་འདོགས་ཚུལ་མང་དུ་འབྱུང་ཡང་། འདིར་ནི་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དང་དེ་ལྡན་པས། །གཞུང་དང་ལམ་ལའང་དེ་སྒྲས་བསྟན། །ཅེས་གསུངས་པ་ལྟར་གཞུང་ལམ་འབྲེལ་བའི་ཡེ་ཤེས་ཀྱི་རང་སྒྲར་སྣང་བའོ། །མཚན་འབྱུང་བའི་དགོས་པ་ནི། དབང་པོ་རབ་ལ་མཚན་གྱི་ནང་དུ་གཞུང་དོན་ཚང་བས་དེ་ཙམ་གྱིས་དབུ་ཞབས་ཀྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་བྱེད་པ་དང་། འབྲིང་རྣམས་ཀྱིས་ཀྱང་གཞུང་གི་བཞུགས་ཚུལ་གྱི་དོན་སྤྱི་ལ་ངེས་པ་རྙེད་པར་འགྱུར་བ་དང་། ཐ་མས་ཀྱང་མཚན་དོན་དེ་ལྡན་གྱི་གཞུང་ཉིད་ལ་མྱུར་དུ་འཇུག་པར་སྤྲོ་བར་འགྱུར་བའོ། །གཉིས་པ་བརྡ་དང་ཕྱག་བཤད་པ་ལ་གཉིས། བརྡ་ཡིག་གི་རྒྱུ་མཚན་དང་། ཕྱག་གི་དོན་ནོ། །དང་པོ་ནི། གསང་རྒྱུད་ལས། མཁའ་འགྲོ་བརྡ་ལ་བརྟེན་པ་སྟེ། །བརྡ་དང་བརྡ་ཡི་ལེན་ལ་མཁས། །དོན་གྱི་ངོ་བོ་བརྡ་ལ་སྦྱོར། །མཁའ་འགྲོ་བརྡ་ཡི་སྲོག་ཅན་ནོ། །ཞེས་གསུངས་པ་ལྟར། བརྡ་ལ་བརྟེན་པའི་མཁའ་འགྲོའི་ཡི་གེ་ནི་དེ་དང་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས། གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་བརྡའི་ཡི་གེས་བཅིངས་པ་སྟེ། ཆོས་དེ་རྣམས་མཁའ་འགྲོའི་གསང་མཛོད་ནས་ཕྱུངས་པས་འཕགས་བོད་ཀྱི་མཁས་གྲུབ་ཐུན་མོང་བ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་དོན་ཡིན་ལ། ཇི་སྐད་དུ། གཏེར་ཡིག་སྤྲུལ་པའི་སྐུ་ཡིན་ཏེ། །སྒྲ་ཚིག་གོ་བ་གསུང་ཡང་ཡིན། །ཞེས་འབྱུང་བ་ལྟར་གཏེར་ཡིག་སྤྲུལ་པའི་སྐུ་རྡོ་རྗེའི་གཟུགས་རྣམ་པ་ཐམས་ཅད་པ་དེ་ཉིད་ལས་འཕྲོ་དང་སྐལ་བ་ལྡན་པའི་གང་ཟག་གིས་གནས་དུས་སྨོན་ལམ་ཟབ་མོའི་རྟེན་འབྲེལ་གྱི་བརྡའི་དོན་ཁྲོལ་ནས་ཇི་བཞིན་གཏན་ལ་འབེབས་པ་མཚོན་པའི་ཕྱིར། གླེགས་བམ་གྱི་དབུར་བརྡའི་ཡི་གེ་འབྲུ་བདུན་བཀོད་པར་མཛད་དེ། དེ་ལ་དགོས་པ་གསུམ། ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་བའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པར་སྟོན་པ་དང་། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བར་སྟོན་པ་དང་། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ཙམ་ཡང་བརྟག་མི་བཟོད་པས་གཏེར་བདག་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པའོ། །གཉིས་པ་ནི། རྩ་གསུམ་ནས་ཕྱག་འཚལ་ལོ༔ ཞེས་འབྱུང་སྟེ། ཕྱག་གང་གིས་མཛད་ན། གསང་ཆེན་བཀའི་སྡུད་པ་མོ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་མཛད། ཡུལ་གང་ལ་མཛད་ན། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཀུན་འདུས་པའི་བདག་ཉིད། དཀྱིལ་འཁོར་སྤྲུལ་བཤད་མཛད་པ་པོ་སློབ་དཔོན་པདྨཱ་ཀ་ར་ཐུགས་རྗེས་ཁྲོ་བའི་ཚུལ་བསྟན་པའི་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་པ་ལ་མཛད། དགོས་པ་གང་གི་ཕྱིར་ན། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པ་ཐམས་ཅད་དངོས་གྲུབ་བླ་མ་ལ་རག་ལས་པས་ལས་དང་རྣལ་འབྱོར་ཐམས་ཅད་ལ་དེ་ཉིད་རྗེས་སུ་དྲན་དགོས་པ་དང་། གནས་སྐབས་གཞུང་དགོད་པ་ལ་བར་ཆད་མི་འབྱུང་ཞིང་བྱིན་རླབས་འཇུག་པ་དང་། རྗེས་འཇུག་འཆད་ཉན་སྒོམ་སྒྲུབ་བྱེད་པ་རྣམས་ལའང་དེའི་ཚུལ་ཞར་བྱུང་དུ་གདམས་པའོ། །ཇི་ལྟར་འཚལ་ན། དྲང་དོན་དུ་སྒོམ་གསུམ་གུས་པ་ཆེན་པོས་བརྡའི་ཕྱག་དང་། ངེས་དོན་དུ་ཐབས་ཤེས་དགོངས་པ་རོ་མཉམ་དོན་དམ་ལྟ་བ་མཇལ་བའི་ཚུལ་གྱིས་སོ། །འདིར་རྩ་བ་གསུམ་ཞེས་པའི་དོན་ཡང་། དཔེར་ན་ལྗོན་ཤིང་དང་ལོ་ཏོག་རྣམས་འབྱུང་པའི་རྒྱུའམ་གཞི་ལ་རྩ་བར་གྲགས་པ་ལྟར། གཏེར་གཞུང་རྣམས་ལས། བྱིན་རླབས་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ ཞེས་འབྱུང་ངོ་། །དེས་ན་རྡོ་རྗེ་ཐེག་པའི་དཀོན་མཆོག་ཁྱད་པར་དུ་འཕགས་པ་རྩ་བ་གསུམ་ཡིན་ཏེ། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། ཡི་དམ་ཞི་ཆགས་ཁྲོ་བོའི་རྣམ་པ་ཇི་ལྟར་བསྟན་ཀྱང་སངས་རྒྱས་ལོངས་སྤྲུལ་གྱི་རང་བཞིན། དེའི་སྔགས་རྒྱུད་ནི་ཐུན་མོང་མིན་པའི་ཆོས། མཁའ་འགྲོ་ཆོས་སྐྱོང་ནི་ཁྱད་པར་གྱི་དགེ་འདུན་ཡིན་ལ། ཡི་དམ་མཁའ་འགྲོ་གཉིས་ཀའང་བླ་མའི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བས་འཁོར་ལོའི་མགོན་པོ་ཞེས་པའི་མཚན་གྱིས་བརྗིད་པ་སྟེ། དགོངས་འདུས་སྐུ་རྒྱུད་ལས། ངོ་བོ་བླ་མ་ཆོས་སྐུ་ལ༔ རང་བཞིན་ཡི་དམ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྤྲུལ་སྐུ་མཁའ་འགྲོ་མ༔ ཞེས་གསུངས་སོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་གང་ཡང་དཀོན་མཆོག་རྩ་གསུམ་ཀུན་འདུས་ཡིན་ཏེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོགས་ཡོངས་སུ་གྲགས་ལ། ཁྱད་པར་གུ་རུ་རིན་པོ་ཆེ་ནི་སངས་རྒྱས་ཐམས་ཅད་འདུས་པའི་རྡོ་རྗེའི་ཡེ་ཤེས་ཀྱི་རང་གཟུགས་ཡིན་ཏེ། རྡོ་རྗེའི་གསུང་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་ལུང་མཐའ་ཡས་པ་འབྱུང་ངོ་། །མཚན་གྱི་དོན་ལས། རྡོ་རྗེ་ནི། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །ཅེས་དང་། སྒྱུ་འཕྲུལ་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་འབྱུང་བ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐ་དད་དུ་དབྱེ་བ་མེད་པ་སྟོང་ཉིད་ཀྱི་རང་བཞིན་ཡིན་ཞིང་། གནས་ལུགས་དེ་དང་རྒྱལ་བ་རྣམས་ཀྱི་ཆོས་སྐུ་ལ་དབྱེ་བ་མེད་པས་འདིར་རྡོ་རྗེའི་སྒྲས་ངོ་བོ་ཆོས་སྐུ་བསྟན། དེ་ལ་སྒྲ་དེ་འཇུག་པའི་རྒྱུ་མཚན་ཡང་རྫས་ཀྱི་རྡོ་རྗེ་དང་ཆོས་མཚུངས་པས་ཏེ། རྩེ་མོར། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་བར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེ་བརྗོད་པར་བྱ། །ཞེས་པ་ལྟར་རོ། །ཆོས་སྐུའི་ངང་ལས་གདུལ་བྱ་གདུག་པ་ཅན་ཞི་བས་མི་འདུལ་བ་རྣམས་ལ་སྙིང་རྗེ་ཆེན་པོས་དྲག་པོར་ཁྲོས་པའི་ཚུལ་གྱི་སྐུར་བསྟན་པ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །རྩལ་ཞེས་པའི་སྒྲ་མཐུ་སྟོབས་ནུས་པའི་ཤུགས་ལ་འཇུག་པས། གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་མཐུ་སྟོབས་ནུས་པའི་རྩལ་ཤུགས་དང་ལྡན་པའི་དོན་ཡིན་ནོ། །རྣམ་པ་གཅིག་ཏུ་ན། ལྷ་དབང་ལག་གི་རྡོ་རྗེ་རྩེ་མོ་བརྒྱ་པ་དེ་གདེངས་པ་ཙམ་གྱིས་ལྷ་མིན་དཔུང་ཚོགས་ཐལ་བར་བྱེད་པའི་ནུས་སྟོབས་ཆེན་པོ་ཡོད་པ་བཞིན་དུ། རྡོ་རྗེ་དྲག་པོ་རྩལ་ཞེས་པའི་སྒྲས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཁྲོ་བོ་ཐམས་ཅད་ཀྱི་སྟོབས་རྩལ་གཅིག་ཏུ་བསྡུས་པའི་ཁྲོ་རྒྱལ་ཆེན་པོ་སུས་ཀྱང་འགྲན་དུ་མི་བཟོད་པར་བསྟན་པའང་ཡིན་ནོ།། །།གསུམ་པ་གཞུང་དངོས་བཤད་པ་ལ་ལྔ། མན་ངག་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་མན་ངག་གི་དོན། མན་ངག་གི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པའོ། །དང་པོ་ལ་ལྔ། སྟོན་པ། འཁོར། གནས། ཆོས། དུས་ཕུན་སུམ་ཚོགས་པའོ། །དང་པོ་ནི། དུས་གསུམ་སངས་རྒྱས་ནས་གྲགས་པ་ཉིད། །ཅེས་གསུངས་ཏེ། རྒྱལ་དབང་པདྨཱ་ཀ་ར་ཉིད་ལམ་ཞུགས་ཀྱི་གང་ཟག་མ་ཡིན་པར་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་གདུལ་བྱ་གདུལ་དཀའ་བ་རྣམས་ཀྱི་དོན་དུ་རྡོ་རྗེ་སློབ་དཔོན་གྱི་སྐུར་བསྟན་པ་ཡིན་པས། འདས་པ་དང་མ་འོངས་པ་དང་ད་ལྟའི་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་གྱིས་མཉམ་པའི་ཕྱིར། ནམ་མཁའི་ངོ་བོ་དབྱེ་བ་མེད་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ལ་རྣམ་དབྱེར་མེད་པས་དེར་གྲུབ་པ་དང་། གཞན་སྣང་སྤྲུལ་པའི་སྐུར་བསྟན་པ་ནའང་འཆི་མེད་ཚེའི་རིག་འཛིན་བརྙེས། སྒོམ་ལམ་ཕྱག་རྒྱའི་རིག་འཛིན་མཐར་ཕྱིན་ནས་མཐར་ལམ་ལྷུན་གྲུབ་ཀྱི་རིག་འཛིན་དྲུག་པའི་རྒྱལ་ཚབ་ཀྱི་ས་ལ་བཞུགས་པར་བསྟན་པའི་ཕྱིར། བཀའ་བབས་རིག་འཛིན་ཆེན་པོ་བརྒྱད་ཀྱིས་ཀྱང་ཞབས་ལ་བཏུད་པས་མཚོན། རིག་པ་འཛིན་པའི་ས་བརྙེས་ཤིང་ཡེ་ཤེས་ཀྱི་རྩལ་ཆེན་འཆང་བ་ཀུན་གྱི་གཙོ་བོ་མཆོག་གི་གནས་ལ་བཞུགས་པ་དང་། རང་བཞིན་གྱིས་རྣམ་པར་དག་པའི་ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ་དང་བཅས་པ་དབྱིངས་སྣང་ལྷུན་གྲུབ་ཆེན་པོའི་ལྷའི་འཁོར་ལོར་རང་ཤར་པས། ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཆེན་པོ་དང་ཁྲོ་བོ་ཚོགས་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་དུ་སྣང་བ་རབ་འབྱམས་སྤྲོ་བ་དང་བསྡུ་བའི་ཁྱབ་བདག་ཏུ་གྱུར་པ་དང་། བཀོད་པ་རྩ་གཡོ་བ་རླུང་ཐིག་ལེ་བྱང་ཆུབ་ཀྱི་སེམས་རྣམས་འོད་གསལ་ཡེ་ཤེས་ཆེན་པོའི་སྦུབས་སུ་དག་པའི་ནང་གི་གནས་རྣམས་དབང་དུ་མཛད་པའི་སྟོབས་ལས། ཕྱི་རོལ་གྱི་གནས་ཡུལ་དུར་ཁྲོད་ཆེན་པོ་རྣམས་སུ་བརྟུལ་ཞུགས་སྤྱོད་པའི་དཔའ་བོ་དང་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོས་སྒྱུར་བའི་རྗེ་བཙན་ཆེན་པོར་གྱུར་པ་དང་། རྩལ་སྣང་སྐུ་དང་ཡེ་ཤེས་ཆེན་པོའི་རོལ་པར་ཤར་བས་འབར་བ་ཆེན་པོ་ཧེ་རུ་ཀའི་ཕྱག་རྒྱ་གཉན་པོའི་གཟི་བརྗིད་ཀྱིས། རྡོ་རྗེའི་དམ་ཚིག་འཆང་བའི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཚུལ་སྟོན་པའི་ཆོས་སྐྱོང་སྲུང་མ་རྒྱུད་གསུམ་གྱིས་བསྡུས་པ་རྣམས་དང་། དཔལ་མགོན་དང་ཕྱོགས་སྐྱོང་བ་སོགས་སྣང་སྲིད་ཀྱི་འབྱུང་པོ་ཆེ་བའི་ང་རྒྱལ་གྱིས་དྲེགས་པ་ཐམས་ཅད་གདོང་ལྔའི་དབང་པོས་གཅན་གཟན་གནོན་པ་བཞིན་དུ་མཚན་ཙམ་གྱིས་ཀྱང་བཀའ་ལས་འདར་མི་བཟོད་པར་ཟིལ་གྱིས་གནོན་པར་ནུས་པའི་བདག་ཉིད་ཆེན་པོ། མཚན་གཅིག་གིས་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ་པ་དང་། ཞིང་གཅིག་ལའང་མཚན་གྱི་རྣམ་གྲངས་མཐའ་ཡས་པས་རྣམ་པར་རོལ་པ་ལས། སངས་རྒྱས་ཀྱི་ཞིང་འདིར། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་ཚིག་རྐང་དང་པོས་དཔལ་ལྡན་ཐོག་མའི་མགོན་པོ་རྡོ་རྗེ་འཆང་དང་སངས་རྒྱས་འོད་དཔག་མེད་པ་ཤཱཀྱའི་རྒྱལ་པོ་རྣམས་རྣམ་དབྱེར་མེད་པར་གཞན་སྣང་དུ་པདྨའི་སྡོང་པོ་ལས་སྐྱེས་པའི་ཚུལ་བསྟན་པའི་མཚན་པདྨ་འབྱུང་གནས་སམ་པདྨ་སཾ་བྷ་ཝ། གཉིས་པས་ཆོས་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་མཛོད་འཛིན་པས་བློ་ལྡན་མཆོག་སྲེད་དང་། གསུམ་པས་པདྨ་རྒྱལ་པོ་དང་སྒྱུ་འཕྲུལ་གྱི་རོལ་པ་སྣ་ཚོགས་འཆང་པ་ཉི་མ་འོད་ཟེར། བཞི་པས་སྲིད་པ་གསུམ་ན་ཆེ་བའི་མཐུ་ལྡན་སེང་གེ་སྒྲ་སྒྲོག །སངས་རྒྱས་གཉིས་པའི་ཚུལ་ཅན་ཤཱཀྱ་སེང་གེ །རིག་སྔགས་ནུས་སྟོབས་ཀྱི་གཟི་བརྗིད་ཁྱད་པར་དུ་འབར་བ་རྡོ་རྗེ་གྲོ་ལོད་བཅས་གསལ་བར་ལུང་བསྟན་པ་ལྟར། བདག་ཅག་གི་སྟོན་པའི་རྒྱལ་ཚབ་ཏུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིགས་འདུས་བླ་མ་ཆེན་པོའི་སྐུར་བསྟན་ཅིང་། དེའང་གཙོ་བོར་གསུང་མཆོག་པདྨའི་རིགས་ལས་བྱུང་ཞིང་པདྨ་ལས་བརྫུས་ཏེ་འཁྲུངས་པའི་ཚུལ་བསྟན་པའི་ཕྱིར་མ་ཧཱ་གུ་རུ་སཾ་བྷ་ཝ་སྟེ་པདྨ་འབྱུང་གནས་སམ་པདྨ་ལས་འཁྲུངས་ཞེས་པའི་མཚན་སྐུ་གསུང་སྟོན་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན་ཡོངས་སུ་གྲགས་པ་ཉིད་དེ། ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཀ་དག་གི་གྲོལ་གཞིར་རང་རིག་མངོན་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་དང་། རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་ན་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་ཀླས་སུ་སྣང་བ་ལས་ཕྱིར་གསལ་ཕྱེད་སྣང་རང་བཞིན་སྤྲུལ་པ་སྐུ་ཚངས་ཆེན་གྱི་ཞིང་ན་རིགས་ལྔའི་སངས་རྒྱས་ཞིང་དང་སྐུའི་བཀོད་པ་ཚད་མེད་པ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་དེ་དག་ཀྱང་གུ་རུའི་ཡེ་ཤེས་ཀྱི་རོལ་མོ་ལས་མ་གཡོས་པས་པདྨ་ཀུན་ཏུ་འཆང་ཞེས་བྱ་བ་དང་། དེ་དག་ལས་འགྲོ་འདུལ་སྤྲུལ་པ་སྐུའི་ཆོ་འཕྲུལ་ཕྱོགས་བཅུའི་ཞིང་ཁམས་ཚད་མེད་པ་རྣམས་དང་། བྱེ་བྲག་མི་མཇེད་ཀྱི་ཞིང་འདི་ཁོ་ན་མཚན་ངེས་པར་བསྟན་པ་མདོ་སྔགས་སྟོན་པ་བརྒྱ་རྩས་འཇིག་རྟེན་གྱི་ཁམས་ལྔ་བཅུའི་སྒྲོན་མེ་མཛད་ཅིང་། དེ་རེ་རེའི་ཕྱོགས་མཚམས་ཀྱི་འཇིག་རྟེན་རྣམས་སུ་གུ་རུ་མཚན་བརྒྱད་རེ་རེར་སྤྲུལ་ནས་འགྲོ་བ་འདུལ་བར་གསུངས་པ་དང་། ཁྱད་པར་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་ཁྱད་པར་གྱི་བཀོད་པ་གཟིགས་པ་ལས་ཤར་དུ་གུ་རུ་རྡོ་རྗེ་གངས་ཆེན་མཚོའི་བ་སྤུའི་ཁུང་བུ་རེ་རེར་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གུ་རུ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གདུལ་བྱ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་བཞིན་དུ་དབུས་དང་ཕྱོགས་གཞན་རྣམས་སུ་རིགས་བཞིའི་བཀོད་པ་སོགས་ཚད་མེད་པར་གསུངས་པ་དང་། ཛམ་བུའི་གླིང་འདི་ཁོ་ནར་འགྲོ་འདུལ་སྤྲུལ་པ་སྐུའི་ཕྱོགས་གཅིག་བསྟན་པ་ལའང་གདུལ་བྱའི་སྐལ་བ་དང་དབང་པོའི་ཁྱད་པར་གྱིས་མཐོང་ཚུལ་ཐ་དད་པར་སྣང་སྟེ། གཏེར་གསར་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས། དེ་ཡང་ཁ་ཅིག་སྣང་ངོར་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཥར་པད་སྡོང་རྩེ་ལས་སྤྲུལ༔ ཁ་ཅིག་སྣང་ངོར་ཨོ་རྒྱན་རྒྱལ་པོའི་སྲས༔ ཁ་ཅིག་སྣང་ངོར་གནམ་ལྕགས་ཡོད་པའི་རྩེར༔ ཐོག་བབས་ཚུལ་དུ་བྱུང་ཞེས་ཐ་དད་ཀྱང༔ ཞེས་སོགས་གསུངས་པ་ལྟར་གཏེར་མའི་ཕྱོགས་ཕལ་མོ་ཆེར་རྫུས་སྐྱེས་ཀྱི་རྣམ་པར་ཐར་པ་ཤ་སྟག་འབྱུང་ཞིང་། ཕུར་པ་བཀའ་མའི་ལོ་རྒྱུས་སོགས་དང་འཕགས་ཡུལ་ཕལ་ཆེར་དུའང་ཨོ་རྒྱན་རྒྱལ་པོའམ་བློན་པོའི་སྲས་སུ་འཁྲུངས་པར་བཤད་པ་དང་། མ་ལ་ཡ་གནམ་ལྕགས་ཡོད་པའི་རི་རྩེར་ཐོག་བབས་ཀྱི་ཚུལ་དུ་བྱོན་པའི་ལོ་རྒྱུས་ཀྱང་ཡོད་པ་གོང་གི་ལུང་དེས་རྟོགས་ཤིང་། དེ་རེ་རེ་ལའང་ངོ་མཚར་བའི་རྣམ་ཐར་མི་མཐུན་པ་མཐའ་ཡས་པ་མཆིས་པ་ནི། ཇི་སྐད་དུ། རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ ཞེས་གསུངས་པས་མཚོན། སོ་སྐྱེའི་བློའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་སྟེ། འདིར་ཆེ་བའི་ཡོན་ཏན་དངོས་སུ་བསྟན་པ་རྣམས་ཀྱང་བྱིས་པའི་བློ་གྲོས་ལ་འཇུག་པར་འོས་པའི་ཕྱོགས་མཚོན་ཙམ་ཡིན་ལ། དེས་ནི་བསྟན་པའི་བདག་པོ་སློབ་དཔོན་ཁྱད་པར་འཕགས་པའི་དོན་བསྟན་པའོ། །གཉིས་པ་ནི། ཆོས་སྐྱོང་ནས་སྤྱན་དྲངས༔ ཞེས་གསུངས་ཏེ། དེ་ལྟ་བུའི་སློབ་དཔོན་ཆེན་པོ་སངས་རྒྱས་སྤྲུལ་པའི་སྐུ་དེ་ཉིད་བོད་ཡུལ་དུ་སྐུ་དངོས་ཀྱིས་ཕེབས་པའི་བདག་པོའི་རྐྱེན་ནི་རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་པའི་བོད་སྐྱོང་མངའ་བདག་རིམ་པར་བྱོན་པ་ལས། ཀུན་བཟང་རྣམ་འཕྲུལ་ཐོ་རི་སྙན་ཤལ་གྱིས་དམ་པ་ཆོས་ཀྱི་དབུ་བརྙེས། སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོས་སྲོལ་བཏོད། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་སྐུ་ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད་དོ་ཞེས་ཡོངས་སུ་གྲགས་པ་ལྟར། ཆོས་རྒྱལ་དེ་ཉིད་ཀྱིས་བོད་ལ་དམ་པའི་ཆོས་ཀྱི་བསྟན་པ་དར་བའི་ཆེད་དུ་འཕགས་པའི་ཡུལ་ནས་མཁན་ཆེན་ཞི་བ་འཚོ། རྡོ་རྗེའི་སྐུ་ཅན་བི་མ་ལ་མི་ཏྲ་སོགས་པཎ་ཆེན་བརྒྱ་རྩ་བརྒྱད་དང་། ཁྱད་པར་འཆི་མེད་རིག་འཛིན་ཆེན་པོ་པདྨ་ཀ་ར་སྤྱན་དྲངས། འབངས་མི་དད་པ་ཅན་རབ་ཏུ་བྱུང་སྟེ་ལོ་ཙཱ་བསླབས། གཙུག་ལག་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས། དམ་པའི་ཆོས་བསྒྱུར་བཤད་ཉམས་ལེན་གྱི་སྲོལ་བཏོད་དེ། སངས་རྒྱས་ཀྱི་བསྟན་པ་ཐོག་མ་ཉིད་དུ་དར་རྒྱས་མཛད་པའི་ཕྱག་རིས་དང་སྙན་གྲགས་སྲིད་པའི་མཐར་ཡང་ནུབ་ཏུ་མེད་པ་ནི་བསྟན་པའི་སྦྱིན་བདག་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པའོ། །གསུམ་པ་ནི། འཕགས་པ་ནས་ལྗོངས་འདིར་བྱོན༔ ཅེས་གསུངས་ཏེ། མཉམ་མེད་ཐུབ་པའི་དབང་པོས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གཉེར་དུ་གཏད་པ་བཞིན་འཕགས་པ་ཉིད་ཀྱིས་གདུལ་བྱའི་ཞིང་ཁམས་སུ་བདག་གིར་བཞེས་པའི་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར་རྟེན་ཕྱི་སྣོད་བེམ་པོའི་དངོས་པོ་རྣམས་ཀྱང་རི་བོ་གྲུ་འཛིན་སོགས་དང་རྣམ་དབྱེར་མེད་པ་གྲོལ་བ་བཞི་ལྡན་དུ་བྱིན་གྱིས་བརླབས་པའི་བཀའ་རྟགས་རང་བྱོན་གྲངས་མེད་བཀོད། བརྟེན་པ་འགྲོ་བ་མིའི་ས་བོན་ཐོག་མར་བསྐྲུན། རིམ་གྱིས་རྒྱལ་བློན་ཁྱིམ་བདག་མཁས་གྲུབ་རྟོགས་ལྡན་དགེ་བའི་བཤེས་གཉེན་གྱིས་མཚོན། གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་རྒྱུན་མི་འཆད་པར་སྤྲུལ་ཏེ་བྱིས་པ་སྨྲ་ཤེས་ཙམ་ནས་ཡི་གེ་དྲུག་པའི་སྒྲ་རྩོལ་མེད་དུ་འབྱུང་བར་བྱིན་གྱིས་བརླབས་ཤིང་། གུ་རུ་ཉིད་ཀྱང་འཕགས་པའི་ཐུགས་རྗེ་ལས་སྣང་བའི་ཚུལ་གྱིས་བསིལ་ལྡན་སྐྱེ་རྒུའི་མགོན་སྐྱབས་གཅིག་པུ་པར་བྱོན། རྒྱལ་བས་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པ་ལྟར། འཕགས་ཡུལ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའང་ཕྱིས་ནས་བོད་ཀྱི་ཡུལ་འདིར་འཕོས་པ་ལྟར་དེང་དུས་བར་ཉམས་པ་མེད་པར་བཞུགས་པ་དང་། སངས་རྒྱས་ཀྱི་ཞལ་སྐྱིན་མཆེད་སོགས་སྐུ་གསུང་ཐུགས་རྟེན་ཁྱད་འཕགས་གྲངས་ལས་འདས་པས་གཏམས་ཤིང་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ནོར་འཛིན་གྱི་ཁྱོན་ཁེངས་པ་སོགས་སྒོ་དུ་མ་ནས་ངོ་མཚར་ཆེ་བ་བསྟན་པ་བཞུགས་པའི་ཡུལ་ཁྱད་པར་དུ་འཕགས་པའི་དོན་བསྟན་པའོ། །བཞི་པ་ནི། མ་རུངས་པའི་ ནས་ ས་མ་ཡ༔ ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་སངས་རྒྱས་རྣམས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་འདུལ་བ་བཞིའི་ཆོ་འཕྲུལ་ལ་མངའ་དབང་འབྱོར་བས་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་ཅིང་། ཐམས་ཅད་ཀྱང་གཞན་ཕན་ཆོས་ཀྱི་འཁོར་ལོ་ཤ་སྟག་ཏུ་གྱུར་པས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཁོ་ནར་ཟད་ཀྱང་། འདིར་བོད་ཡུལ་གདུལ་བྱ་སྤྱི་མཐུན་ལ་ཇི་ལྟར་སྣང་བའི་དབང་དུ་བྱས་ཏེ། སློབ་དཔོན་སྤྲུལ་པའི་སྐུ་ཆེན་པོ་གངས་ཅན་ལྗོངས་སུ་ཕེབས་པའི་ཚེ། མཛད་པའི་ཆོས་སྒོ་དབྱེ་བའི་ཐོག་མར། བོད་ན་གཉུག་མར་གནས་ཤིང་རྒྱུད་མ་རུངས་པའི་འབྱུང་པོ་རང་རྒྱུད་པ་ཆོས་དང་དགེ་བའི་བྱ་བ་ལ་བར་དུ་གཅོད་པས་སྔོན་ཆད་སར་གནས་ཀྱི་བྱང་སེམས་ཞི་བ་འཚོ་ལྟ་བུས་ཀྱང་ཆོས་ཁྲིམས་བཙུགས་མ་ནུས་པའི་མི་མིན་གདུག་པ་ཅན་མངའ་རིས་ནས་མདོ་ཁམས་ཀྱི་བར་ལ་གང་མཆིས་པ་ཐམས་ཅད་བཀའ་རྟགས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ནས་བཏུལ། ཕྱིན་ཆད་དམ་པའི་ཆོས་དང་ཆོས་སྒྲུབ་པ་པོའི་སྲུང་མར་བསྐོས་ཏེ་གཙིགས་ལ་ཕབ་ཅིང་ནམ་ཡང་འདར་མེད་པར་མཛད། མངའ་བདག་གི་བཞེད་པ་ལྟར་བཤད་སྒྲུབ་འབྱུང་བའི་གནས་བི་ཀྲ་མ་ལ་ཤཱི་ལ་ལ་དཔེ་བྱས་ཏེ་རི་རབ་གླིང་བཞི་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་སྤྲུལ་པའི་ཆོས་འཁོར་ཆེན་མོའི་དབུ་རྩེ་རིམ་གསུམ་གྱི་འོག་ཁང་བོད། བར་ཁང་རྒྱ་ནག །སྟེང་ཁང་རྒྱ་གར་ཏེ་ལུགས་གསུམ་གྱི་ཚུལ་དུ། ས་སྟེང་ཉི་འོག་ན་འགྲན་ཟླ་བྲལ་བ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱིའི་རྟེན་གཞལ་ཡས་ཁང་། ནང་གི་བརྟེན་པ་སྐུ་གསུང་ཐུགས་རྟེན་ངོ་མཚར་བསམ་གྱིས་མི་ཁྱབ་པ་རྣམས་དང་བཅས་པ་བཞེངས་ཏེ་རབ་ཏུ་གནས་པའི་མེ་ཏོག་ཕྱག་གིས་འཐོར། ཡེ་ཤེས་སེམས་དཔའ་དངོས་སུ་ཐིམ་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བས་ལྷ་དང་བཅས་པའི་འཇིག་རྟེན་དད་པའི་གནས་ལ་བཀོད་ཅིང་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ད་ལྟའི་བར་དུ་འཚོ་ཞིང་གཞེས་པ་དང་། སྣོད་བཅུད་ལ་དགེ་མཚན་མི་ཉམས་པའི་བཀའ་དྲིན་མཛད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་རྟོགས་གཉིས་ཀྱི་བདག་ཉིད་དུ་གནས་ཤིང་། ལུང་གི་ཆོས་སྡེ་སྣོད་གསུམ། རྟོགས་པའི་དོན་བསླབ་པ་གསུམ་དུ་འདུས་པ་ལས། ཐོག་མར་ལུང་ཆོས་བོད་སྐད་དུ་སྒྱུར་བ་པོ་ལོ་ཙཱ་བ་ལུང་བསྟན་ཅིང་ཤེས་བྱ་ལ་བློ་སྦྱོང་དུ་བསྩལ། རིམ་པར་ལོ་པཎ་བསྡེབས་ཏེ་འཕགས་ཡུལ་ན་ཡོངས་སུ་གྲགས་པའི་དམ་ཆོས་རྣམས་བོད་དུ་འགྱུར་བའི་བདག་པོའི་རྐྱེན་མཛད། མདོ་སྔགས་ལུང་རྟོགས་ཡོངས་སུ་རྫོགས་པའི་བཤད་ཉན་དང་། བསླབ་པ་ཉམས་ལེན་སྒོམ་སྒྲུབ་ཀྱི་ཕྱག་སྲོལ་ཆེན་མོའི་རྒྱུན་འདི་ཐོག་མར་བཙུགས། མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་བ་ཚེ་གཅིག་གིས་སངས་རྒྱས་སྟེར་བའི་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྣམས་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་མནོག་ཆོས་སུ་བསྩལ་ཏེ། རྒྱུད་མ་ཧཱ། ལུང་ཨ་ནུ། མན་ངག་ཨ་ཏི་སྟེ། ཡོ་ག་རྣམ་པ་གསུམ་དང་། རེ་རེ་ལའང་རྒྱུད་ལུང་མན་ངག་གི་ཟབ་དོན་རིམ་པར་བཞུགས་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་འབྱམས་ཀླས་པར་བསྐོར་བས་བསྟན་པའི་སྙིང་པོ་འཕགས་ཡུལ་ལས་ཀྱང་ཆེས་ལྷག་པར་གསལ་བར་མཛད། སྐུ་གཅིག་ཞིང་ཁམས་རྒྱ་མཚོར་ཁྱབ་པའི་ཆོ་འཕྲུལ་ཆེན་པོས་སྤྲུལ་པའི་རྗེ་འབངས་གྲོགས་འཁོར་དང་ལྷན་ཅིག །བོད་ཀྱི་གནས་ཆེན་པོ་གངས་ཆེན་བཞི། བྲག་ཕུག་ཆེན་པོ་བརྒྱད། གྲགས་པའི་མཚོ་ཆེན་བཞི། ལུང་ལྔ། ལྗོངས་གསུམ། སྦས་ཡུལ་གླིང་ཆེན་རྣམས་གཙོར་བྱས། བོད་ཁམས་སྟོད་སྨད་བར་གསུམ་གྱི་ས་གཞིའི་ཁྱོན་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། སྐད་ཅིག་བསྐལ་པར་བསྒྱུར་བའི་རྫུ་འཕྲུལ་གྱིས་དེ་དག་རེ་རེར་ཡང་ལོ་ཟླ་མང་པོར་ཚོགས་ཀྱི་སྒྲུབ་པ་དང་ཆོས་འཁོར་བསྐོར་པ་སོགས་ཀྱིས་གདོད་ནས་གྲུབ་པའི་གནས་ཆེན་རྣམས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས། དུས་སྐབས་དེའི་གདུལ་བྱར་གྱུར་པ་རྣམས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་སྐལ་དམན་ཞལ་མཐོང་ཙམ་གྱི་ས་བོན་བཞག་པ་དང་། ཕྱི་རབས་ཀྱི་འགྲོ་བ་རྣམས་ལ་བརྩེ་བའི་ཐུགས་རྗེས་དགོངས་ནས། སྐུ་གཏེར་ཆོས་གཏེར་ནོར་གཏེར་རྫས་གཏེར་ལ་སོགས་པ་ཟབ་མོའི་གཏེར་ཁ་ཁ་བྱང་དང་བཅས་ཤིང་འདོན་པའི་སྐྱེས་བུ་ལུང་བསྟན་པ་མིང་ཅན་དང་། ལས་ཅན་གང་རུང་ལ་དགོངས་པ་གཏད་ཅིང་ཁ་བྱང་དམིགས་སུ་མ་གསལ་བའི་མིང་མེད་གྲངས་ལས་འདས་པ་སྤས་ཏེ་ས་སྟེང་ཆོས་ནོར་དམ་རྫས་ཀྱིས་བཀང་བས། མ་འོངས་ཕྱི་མ་ལས་ཀྱང་ཕྱི་མའི་མཐར་ཐུག་པ་ཐུབ་བསྟན་ནུབ་ནས་ཀྱང་བྱམས་མགོན་མ་བྱོན་གྱི་བར་དུ་སྐལ་ལྡན་རྣམས་ལ་གཏེར་གྱི་འགྲོ་དོན་མཛད་པར་གསུངས་པས་མཚོན། བོད་ཁམས་མཐའ་དང་དབུས་ཐམས་ཅད་ལ་བྱང་ཆུབ་བར་དུ་གཞལ་དུ་མེད་པའི་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ནི་དེང་གི་དུས་བློ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་མངོན་སུམ་གྱུར་པ་འདི་ཉིད་དོ། །དེས་མཛད་པའི་ཆོས་སྒོ་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པའོ། །ལྔ་པ་ནི། བསམ་ཡས་ངོ་མཚར་གྱི་ཆོ་འཕྲུལ་ཆོས་སྒོ་ཆེན་པོ་དེ་དག་ནམ་བྱུང་བ་དེའི་ཚེ་སྐབས་ཏེ་ཤུགས་ལས་བསྟན་པའོ། །གཉིས་པ་རྐྱེན་གླེང་སློང་བ་ལ་གཉིས། གླེང་སློང་བའི་གཞི་འགོད་པ་དང་། གླེང་སློང་བ་དངོས་སོ། །དང་པོ་ནི། དེའི་ཚེ་དེའི་དུས་ན་ཞེས་པ་ནས་དབྱེར་མེད་དུ་གྱུར་ཏོ༔ ཞེས་པའི་བར་གྱིས་བསྟན། གཉིས་པ་ནི། དེ་ལྟ་བུའི་ནས་བཀའ་བསྩལ་ཏོ༔ ས་མ་ཡ༔ ཞེས་པའི་བར་གྱིས་བསྟན་ཏོ། །འདིར་སྤྱི་དོན་སྤྲོས་ན་ཡི་གེ་མང་དོགས་པས་མ་བྲིས་ཤིང་ཚིག་དོན་ནི་གོ་སླའོ།། །།གསུམ་པ་འབྲས་བུ་ཡོངས་ཤེས་མན་ངག་གི་དོན་བཤད་པ་ལ་གསུམ། བཤད་བྱ་དོན་གྱི་སྒོ་ནས་མདོར་བསྟན། འཆད་བྱེད་ཐུན་མིན་གླེང་གཞིས་གོ་ཕྱེ། ཇི་ལྟར་འཆད་པའི་ཚུལ་གྱིས་ཚིག་དོན་རྒྱས་པར་ཕྱེ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་འབྱུང་སྟེ། དེའི་དོན་འཆད་པ་ལ་གཉིས། འཕྲོ་གཞི་ཡི་གེའི་དེ་ཉིད་སྤྱིར་བཤད། དེ་ལས་འཕྲོས་པའི་འབྲུ་བཞིའི་དོན་ཁྱད་པར་དུ་བསྟན་པའོ། །དང་པོ་ལ་ལྔ། ངོ་བོ། རང་བཞིན། ངེས་ཚིག །བྱེད་ལས། དབྱེ་བའོ། །དང་པོ་ལའང་། ཐུན་མོང་ཐ་སྙད་ཀྱི་གནས་སྐབས་སུ་ཕུང་པོ་ལྔ་ལས་མི་ལྡན་པའི་འདུ་བྱེད་དུ་བཞག་པ་དང་ཆོས་ཀྱི་བརྡའམ་མཚན་མར་གྱུར་བའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱར་བཞག་པ་དང་། ལྷ་དང་སྔགས་ལ་ཐ་དད་མེད་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་ལྷར་བཞག་པ་དང་། མཚན་མ་འདིས་འགྲོ་བའི་རྒྱུད་བྱིན་གྱིས་རློབ་ནུས་པའི་ཕྱིར་སངས་རྒྱས་སུ་བཞག་པ་དང་། དེ་བཞིན་གཤེགས་པའི་བྱིན་རླབས་དང་རྣམ་པར་སྨིན་པའི་ཆོས་འདྲེས་པའི་ཕྱིར་སྣང་བར་བཞག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡི་གེར་བྱིན་གྱིས་བརླབས་པས་དེ་གཉིས་ཐ་དད་མེད་པར་བཞག་པ་སྟེ། གང་ཟག་དང་གནས་སྐབས་ཀྱི་ཁྱད་པར་ལས་བརྟགས་པ་རྣམ་པ་དྲུག་ཏུ་བཤད་དོ། །གཉིས་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡི་གེ་འཁོར་ལོའི་སྤྲིན་དུ་རང་སྣང་བ་སྟེ། དེ་ལས་གཞན་དུ་དངོས་པོར་གྲུབ་པ་གང་ཡང་མེད་དེ། གསང་སྙིང་ལས། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོར་ཡོད་མ་ཡིན། །ཞེས་དང་། མདོ་ལས་ཀྱང་། རབ་འབྱོར་ཡི་གེ་ནི་དོན་དམ་པར་མ་སྐྱེས་པ་སྟེ་ཨའི་ངོ་བོ་ཉིད་དོ། །ཨའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཞེས་གསུངས་སོ། །གསུམ་པ་ནི། ཡུལ་ཆོས་ཀྱི་དབྱིངས་ལ་ཡུལ་ཅན་རང་བྱུང་ཤེས་རབ་ཀྱིས་བྱ་རྩོལ་མེད་པར་བྲིས་པ་སྟེ། ཡེ་ནས་ལྷུན་གྱིས་གྲུབ་ཅིང་འགྱུར་བ་མེད་པས་ཨཀྵར་དང་། བརྗོད་བྱ་ཐམས་ཅད་གསལ་བར་བྱེད་པས་བྱཉྫ་ན་དང་། དོན་མཚོན་པའི་ནུས་པ་དང་ལྡན་པས་ཝརྞ་ཞེས་པའི་མིང་གིས་བརྗོད་པ་སྟེ། གསང་སྙིང་ལས། དབྱིངས་ལས་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་སོ། །བཞི་པ་ནི། དངོས་པོ་མེད་པའི་རང་བཞིན་ཡི་གེ་འཁོར་ལོའི་སྤྲིན་གྱི་རོལ་པ་སྣ་ཚོགས་སུ་སྣང་བས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་སྟོན་པའི་ཚིག་རྣམས་འབྱུང་ཞིང་། དེ་དག་འདུས་པ་ལས་གཞི་ལམ་འབྲས་བུས་བསྡུས་པའི་འཁོར་འདས་ཀྱི་བརྗོད་པ་ཇི་སྙེད་པ་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་དང་ལྡན་པ་སྟེ། ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་སོ། །ལྔ་པ་རྣམ་པར་དབྱེ་བའི་ཚུལ་ཡང་། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན་བཞི་སྟེ། གནས་ལུགས་དོན་གྱི་ཡི་གེ་ནི། སྒྱུ་འཕྲུལ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་གསུངས་པ་ལྟར། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་རང་བྱུང་གི་ཡེ་ཤེས་རྟག་ཆད་འགྲོ་འོང་དང་བྲལ་བ་སྟེ་འཁོར་འདས་ཀྱི་ཡི་གེ་ཐམས་ཅད་འགྲོ་བའི་གཞིར་གྱུར་པའོ། །ལུས་གནས་རྩའི་ཡི་གེ་ནི། ལུས་ཀྱི་རྩ་འཁོར་ལོ་བཞིའི་སྲོག་ཤིང་རོ་རྐྱང་དབུ་མ་གསུམ་གྱི་ནང་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གའི་ཚུལ་དུ་རང་བྱུང་དུ་གནས་པས། ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་དུག་གསུམ། གསང་བར་སྐུ་གསུང་ཐུགས་སུ་འཆར་བའི་རྟེན་བྱེད་ལ། དེའི་འོད་མདངས་ལས་འཁོར་ལོ་བཞིའི་རྩ་འདབ་རྣམས་སུ་ཐབས་ཤེས་དབྱངས་གསལ་གྱི་ཡི་གེ་རྐྱང་བརྩེགས་འདོགས་དང་ཡན་ལག་ཏུ་ཕྱེ་བའི་བརྒྱད་ཁྲི་བཞི་སྟོང་གནས་པས། ཕྱི་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་དང་སྨྲ་བརྗོད་དེ་སྙེད་འབྱུང་བའི་རྒྱུ་བྱེད། ནང་ཉོན་མོངས་རྟོག་ཚོགས་ཀྱི་རྟེན་དང་ཉིན་མཚན་རྣམ་རྟོག་དེ་སྙེད་འབྱུང་བའི་རྟེན་བྱེད། གསང་བར་དེ་རྣམས་དག་དུས་ཆོས་སྒོ་དེ་སྙེད་འབྱུང་བའི་རྟེན་བྱེད་པའོ། །བརྗོད་པ་སྒྲའི་ཡི་གེ་ནི། ངག་གི་སྨྲ་བ་དང་བརྗོད་པ་རྣམས་ཡིན་ཏེ། རྒྱུ་རྩ་གནས་ཀྱི་ཡི་གེ་རླུང་གིས་བསྐྱོད། རྐྱེན་ལྕེ་རྐན་སོགས་ཀྱི་བྱེད་པ་ལ་བརྟེན་ནས་གནས་དང་རྩོལ་བ་འཕྲད་ནས་འབྱུང་བ་རྣམས་སོ། །མཐར་ཐུག་འབྲས་བུའི་ཡི་གེ་ནི། ལོངས་སྐུའི་རྩ་གནས་དག་པའི་ཡི་གེ་ལས་ཡི་གེའི་སྤྲིན་འཕྲོས་ཏེ་ནམ་མཁའ་ལ་ཆོས་ཀྱི་དབྱངས་སུ་གྲགས་པ་དང་། ཡི་གེ་སྐུར་གྱུར་ནས་སེམས་ཅན་གྱི་དོན་མཛད་པ་དང་། ལོངས་སྤྲུལ་གཉིས་ཀའི་རྩ་ཡིག་ཡེ་ཤེས་ལྔའི་སྣང་བས་བརྒྱན་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཆོས་སྒྲར་སྣང་བ་རྣམས་སོ། །དེའང་དབྱིངས་དོན་དམ་གྱི་ཡི་གེའི་རང་མདངས་ལས་ལུས་རྩའི་ཡི་གེ་བྱུང་། དེའི་གདངས་བརྗོད་པ་སྒྲའི་ཡི་གེར་ཤར། དེ་སྒྲིབ་པ་ལས་གྲོལ་བས་འབྲས་བུའི་ཡི་གེར་གནས་འགྱུར་པ་ཡིན་པས་བཞི་ཀའང་ངོ་བོ་གཅིག་ཏུ་འདུས་པའོ། །གཉིས་པ་ནི། དེ་ལས་འདིར་མདོར་བསྟན་དུ་མཛད་པའི་ཡི་གེ་འདི་དག་རྟོག་གེ་དང་ཉན་ཐོས་སོགས་ཀྱི་བློས་མི་ཕྱེད་པས་གསང་བ་ཆེན་པོ་རྡོ་རྗེའི་ཡི་གེའམ། ཇི་ལྟར་ཨེ་དང་ཝཾ་ཡིག་བཞིན་དུ་དེ་བཞིན་གཤེགས་པའི་བརྡར་གྱུར་པའི་ཡི་གེ་སྟེ། བརྡ་ལའང་དོན་དམ་ཉིད་བརྡ་འམ་རྟགས་སུ་ཤར་བ་དང་། ཐ་སྙད་ཀྱིས་བརྡར་བཏགས་པ་གཉིས་ལས། འདི་ནི་བཅོས་ནས་ཐ་སྙད་དུ་སྦྱར་བ་མ་ཡིན་པ་དོན་དམ་པའི་གནས་ལུགས་བརྡའི་ཚུལ་དུ་རང་ཤར་བ་དེ་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས་གསལ་བར་མཛད་པ་སྟེ། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཀྱི་སྲོག་གམ་གནད་འདུས་པའི་ཕྱིར་དེ་དག་གང་ལ་འཕྲོ་བའི་གཞི་དང་། བཤད་པའི་གཞི་དང་། བཟླས་སྒོམ་གྱི་གནད་དང་། མཐར་ཐུག་གི་སྐྱེལ་སོ་རྣམས་སུ་གྱུར་པའོ། །དེ་ལ་རྡོ་རྗེའི་ཡི་གེ་བཞིའི་དོན་ཅུང་ཟད་བཀྲོལ་བ་ལ་ལྔ། གང་ལས་བྱུང་བ། དེའི་རྒྱུ་མཚན། འབྲུ་བཞིའི་ངོ་བོ། མཚོན་དོན་བྱེད་ལས། བཞི་ཆོས་རྣམས་བསྟན་པའི་ཚུལ་ལོ། །དང་པོ་ནི། སྤྱིར་རང་བྱུང་འོད་གསལ་གཞོམ་དུ་མེད་པའི་སྒྲ་མི་ཤིགས་པའི་རླུང་དང་དབྱེར་མེད་པ་ལས་འོད་གསལ་གྱི་རླུང་བྱུང་། དེ་ལས་སྣང་བའི་རླུང་། དེ་ལས་རགས་པའི་རླུང་བཅུ་སོགས་བྱུང་ཞིང་བསྐུལ་བྱ་དེ་རྣམས། སྒྲ་དོན་འདྲེས་འཛིན་གྱི་རྣམ་པར་རྟོག་པ་སྐུལ་བྱེད་དུ་བྱས་ནས་ངག་ཏུ་བརྗོད་པའི་ཡི་གེ་རྣམས་བྱུང་བ་ཡིན་ཞིང་། བྱེ་བྲག་ཏུ། དྲི་མེད་འོད་ལས། སྟོང་པ་ཆེན་པོ་ལྔ་ལས་སྐུ་རྡོ་རྗེ་ལ་སོགས་པ་སྔགས་རབ་ཏུ་བརྗོད་པའི་ཆོས་ཅན་རྣམས་འབྱུང་སྟེ། རྗེས་སུ་ང་རོ་དང་། ཨ་ཡིག་གཉིས་དང་། ཐིག་ལེ་གཉིས་དང་། གཞོམ་དུ་མེད་པའི་ཧ་ཡིག་རྣམས་ལས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཡང་དག་པར་འབྱུང་བར་གསུངས་པ་བཞིན། ཨ་ཨུ་མ་གསུམ་འདུས་པ་ལས་ཨོཾ། ཨ་ཨ་ཧ་གསུམ་འདུས་པ་ལས་ཨཱཿ ཧ་ཨཱུ་མ་གསུམ་འདུས་པ་ལས་ཧཱུྃ། ཧ་ཨུ་ཧ་གསུམ་འདུས་པ་ལས་ཧོཿརྣམས་བྱུང་སྟེ་རེ་རེའང་ཡོན་ཏན་གསུམ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་པའོ། །གཉིས་པ་ནི། སྤྱིར་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་འབྱུང་བའི་གནས་ནི་ཨཱ་ལི་ཀཱ་ལི་ཡིན་ལ། དེ་རྣམས་ཀྱང་རང་བྱུང་འོད་གསལ་མི་ཤིགས་སྙིང་པོའི་ཐིག་ལེ་དང་དབྱེར་མེད་པ་ཨ་ཡིག་ཁོ་ནའི་རྣམ་འགྱུར་ལས་བྱུང་བ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭར། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོངས་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་དང་། གསང་སྙིང་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །ཞེས་སོགས་འབྱུང་བ་ལྟར་རོ། །གསུམ་པ་ནི། གོང་དུ་བཤད་པའི་བརྟགས་པ་རྣམ་པ་དྲུག་ཀ་འཇུག་ཀྱང་། འདིར་སྐུ་གཟུགས་སྣང་རྣམ་པ་ཐམས་ཅད་པ། གསུང་སྒྲ་བརྙན་རྣམ་པ་ཐམས་ཅད་པ། ཐུགས་སྟོང་ཉིད་རྣམ་པ་ཐམས་ཅད་པ། བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་རྣམས་རིམ་བཞིན་ཨོཾ་སོགས་ཀྱི་ངོ་བོ་དང་རང་བཞིན་དབྱེར་མེད་པ་ཤེས་པར་བྱའོ། །བཞི་པ་ནི། དཔེར་ན་ཨ་ནི་ཡི་གེ་གཞན་ལས་གཟུགས་ཐ་དད་པས་གཅིག་པའང་མ་ཡིན་ལ། ཀུན་གྱི་ཁྱབ་བྱེད་དུ་འདྲེས་པས་ཐ་དད་པའང་མ་ཡིན་པ་བཞིན་དུ། རང་བཞིན་འོད་གསལ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རླུང་དང་བཅས་པ་ཉིད། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དང་ངོ་བོ་ཐ་དད་པས་གཅིག་པའང་མ་ཡིན་ལ། འཁོར་འདས་ཀྱི་ཁྱབ་བྱེད་དུ་གྱུར་པས་ཐ་དད་པའང་མ་ཡིན་པར་མཚོན་ལ། ཁྱད་པར་གཟུགས་སྣང་གི་རང་བཞིན་དཀྱིལ་འཁོར་འཁོར་ལོ་སྣང་སྟོང་དུ་གདོད་ནས་གནས་པ་དེ་ཨོཾ་གྱིས་མཚོན། སྒྲ་བརྗོད་ངག་ཚིག་གི་རང་བཞིན་མི་ཤིགས་ནཱ་དའི་འཁོར་ལོ་གྲག་སྟོང་དུ་ཡེ་ནས་གནས་པ་དེ་ཨཱཿས་མཚོན། རྟོག་ཚོགས་འགྱུ་དྲན་གྱི་རང་བཞིན་འོད་གསལ་སྙིང་པོ་དེ་བཞིན་ཉིད་ཀ་དག་ཀུན་ཁྱབ་ཏུ་བཞུགས་པ་དེ་ཧཱུྃ་གིས་མཚོན། སྲིད་རྩ་འཕོ་བའི་རང་བཞིན་བདེ་བ་ཆེན་པོ་ངོ་བོ་འགྱུར་མེད་དུ་གནས་པ་དེ་ཧོཿཡིག་གིས་མཚོན། འབྲུ་བཞི་པོ་རེ་རེར་ཡང་ཡོན་ཏན་གསུམ་གསུམ་སྟེ་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད་དུ་གནས་པ་ནི་རྟེན་འབྲེལ་ལུགས་འབྱུང་ལྡོག་བཅུ་གཉིས་དང་། རྡོ་རྗེ་བཞི་པོ་རེ་རེར་ཡང་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པ་སོགས་མཚོན་ནོ། །ཡི་གེ་འདི་དག་གི་གདངས་ལུས་ངག་ཡིད་གསུམ་སྙོམས་འཇུག་གི་རྟོག་པ་དང་བཅས་པར་ཤར་བས་འཁོར་བའི་གཟུགས་སུ་གྲུབ་ལ། རྣལ་འབྱོར་གྱིས་ལམ་དུ་བྱས་པས་སྒྲིབ་པ་གཅོད་པའི་གཉེན་པོར་འགྱུར་བ་དང་། གློ་བུར་གྱི་དྲི་མ་དག་པ་ལས་རྡོ་རྗེ་བཞི་པོ་མངོན་དུ་འགྱུར་བས་ན་གྲོལ་འཁྲུལ་གཉིས་ཀའི་བྱེད་པ་དང་ལྡན་པ་སྟེ། དྲི་མེད་འོད་ལས། གདེངས་ཅན་གྱི་གནས་ཨོཾ། མིའི་འཇིག་རྟེན་ཨཱཿ མཐོ་རིས་ཀྱི་གནས་ཧཱུྃ། སྒོ་གསུམ་ཆགས་རྟོག་བཅས་འབྲུ་བཞིར་སྦྱོར་བ་སོགས་དང་། རྡོ་རྗེའི་བཟླས་པས་ལམ་དུ་བྱེད་ཚུལ་འདུས་པ་གཙོས་གསར་རྙིང་ཀུན་ལས་རྒྱ་ཆེར་འབྱུང་བ་དང་། རྡོ་རྗེ་ཕྲེང་བར། སངས་རྒྱས་ཡི་གེ་ཧཱུྃ་དུ་བཤད། །གསུང་ནི་ཡི་གེ་ཨཱཿརུ་བརྗོད། །དགེ་འདུན་ཞེས་བྱ་ཡི་གེ་ཨོཾ། །ཞེས་དཀོན་མཆོག་གསུམ་ལ་སྦྱར་བ་དང་། འདུས་པ་རྩ་རྒྱུད་ལས། བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །ཨཱཿནི་བྱང་ཆུབ་བདག་མེད་པས། །རྡོ་རྗེའི་གསུང་ནི་ཐོབ་བྱེད་པའོ། །ཧཱུྃ་ནི་སྐུ་གསུང་ཐུགས་ཉིད་དེ། །རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ། །ཞེས་གསུངས་པས་མཚོན་ནོ། །ལྔ་པ་ནི། ཡི་གེ་འབྲུ་བཞིས་གཞི་ལམ་འབྲས་གསུམ་གྱི་བཞི་འགྲོས་ཀྱི་ཆོས་ཐམས་ཅད་བསྟན་པ་སྟེ། གཞི་དུས་ལྟར་ན། ཨོཾ་ཡིག་གིས་ཀུན་གཞི་དང་ལུས་རྩའི་ཁམས། ཨཱཿཡིག་གིས་ཉོན་ཡིད་དང་ངག་རླུང་གི་ཁམས། ཧཱུྃ་ཡིག་གིས་འཇུག་པའི་རྣམ་ཤེས་དང་ཡིད་ཐིག་ལེའི་ཁམས། ཧོཿཡིག་གིས་ཀུན་ཁྱབ་རིག་པ་དང་ཡེ་ཤེས་ཀྱི་ཁམས་རྣམས་བསྟན་པ་དང་། ལམ་དུས་སུ་སྦྱང་བྱ་ལྟར་ན། ཨོཾ་སད་པའི་གནས་སྐབས་དང་ལུས་སྒྲིབ། ཨཱཿརྨི་ལམ་གནས་སྐབས་དང་ངག་སྒྲིབ། ཧཱུྃ་གཉིད་སྟུག་གནས་སྐབས་དང་ཡིད་སྒྲིབ། ཧོཿཆགས་རྟོག་གནས་སྐབས་དང་འཕོ་སྒྲིབ། སྦྱོང་བྱེད་ལྟར་ན། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། ཚིག་གི་དབང་སྟེ་སྨིན་བྱེད་དབང་བཞི། མཚན་བཅས་བསྐྱེད་རིམ། ཀུན་རྫོབ་རང་བྱིན་རླབས། དཀྱིལ་འཁོར་འཁོར་ལོ། དོན་དམ་རྫོགས་པ་ཆེན་པོ་སྟེ་གྲོལ་བྱེད་ལམ་མམ་རྣལ་འབྱོར་བཞི། བྱམས་པ། སྙིང་རྗེ། དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི། བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་ཏེ་ཡན་ལག་བཞི། དགའ་བ་མཆོག་དགའ་དགའ་བྲལ་ལྷན་སྐྱེས་དགའ་བ་བཞི་ལ་སོགས་པ་རིམ་བཞིན་བསྟན་པ་དང་། འབྲས་དུས་ལྟར་ན། ཨོཾ་ཡིག་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྨོན་པ་མེད་པའི་རྣམ་ཐར་བྱ་གྲུབ་ཡེ་ཤེས། ཨཱཿཡིག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་མཚན་མ་མེད་པའི་རྣམ་ཐར་མཉམ་ཉིད་དང་སོར་རྟོག་ཡེ་ཤེས། ཧཱུྃ་ཡིག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་རྣམ་ཐར་མེ་ལོང་ཡེ་ཤེས། ཧོཿཡིག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འདུ་མི་བྱེད་པའི་རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམས་ཀྱི་རང་བཞིན་དུ་གྱུར་པའོ། །གཉིས་པ་འཆད་བྱེད་ཐུན་མིན་གླེང་གཞིས་གོ་ཕྱེ་བ་ལ་གཉིས། སྤྱིར་སྐུ་གསུམ་སྟོན་པས་ཆོས་འཁོར་བསྐོར་ཚུལ། བྱེ་བྲག་མན་ངག་འདིར་བསྡུས་ཏེ་འཛིན་པར་གདམས་པའོ། །དང་པོ་ལ་ལྔ། སྟོན་པ། གནས། འཁོར། ཆོས། དུས་ཕུན་སུམ་ཚོགས་པའོ། །དང་པོ་ནི། ཀ་དག་དབྱིངས་ཀྱི་ནས་ ཧེ་རུ་ཀས༔ ཞེས་གསུངས་ཏེ། སྤྱིར་གསང་བ་ཆེན་པོའི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་འབྱུང་ཞིང་། དེའང་ཚིག་རྒྱུད་དང་མན་ངག་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་དང་། དོན་གྱི་རྒྱུད་དང་མན་ངག་འབྱུང་བར་མཚོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་གཉིས་ཏེ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། གསང་བ་ཆེན་པོའི་རྒྱུད་རྣམས་ནི། །ཕུན་སུམ་ཚོགས་པ་ལྔ་ལྡན་པས། །ཐུན་མོང་ཉིད་དང་ཐུན་མོང་མིན། །གླེང་གཞི་རྣམས་ཀྱི་ས་བོན་ནོ། །ཞེས་གསུངས། དེ་ལས་སྔ་མ་གོང་དུ་སོང་། འདིར་ཕྱི་མ་སྟེ་དེའང་ཐལ་འགྱུར་རྩ་བའི་རྒྱུད་ལས། གཞི་ནི་རྣམ་པ་ལྔ་ཡིན་ཏེ། །གནས་ནི་རྣམ་པ་གསུམ་དུ་འདོད། །ཅེས་སོགས་གསུངས་པ་ལྟར་ཕུན་སུམ་ཚོགས་ལྔ་རེ་རེ་ལའང་རྒྱལ་བ་སྐུ་གསུམ་གྱི་དབྱེ་བས་ཕྱེ་བ་སྟེ། དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཀ་དག་གདོད་མའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ཀྱི་ངོ་བོ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དང་། ལྷུན་གྲུབ་རང་གསལ་གྱི་རིག་པ་གཞི་ཐོག་ཏུ་བྱ་རྩོལ་མེད་པར་གྲོལ་བ་རང་སྣང་ལོངས་སྐུའི་སྟོན་པ་པདྨ་སཾ་བྷ་ཝ་དང་། ངོ་བོ་རང་བཞིན་དབྱེར་མེད་དབྱིངས་རིག་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་རྩལ་སྤྲུལ་སྐུའི་སྟོན་པ་རྡོ་རྗེ་དྲག་པོ་རྩལ་ཏེ། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་སྤྲོ་བ་དང་སྡུད་པའི་བྱེད་པོར་གྱུར་པས་དཀྱིལ་འཁོར་ཀུན་གྱི་གཙོ་བོའི་མཆོག་གམ་ཕུལ་དུ་གྱུར་བའི་ཧེ་རུ་ཀ་ཆེན་པོས་སངས་རྒྱས་ཀྱི་མཛད་པ་འདི་ལྟར་བསྒྲུབས་པའོ། །ཞེས་སོ། །འདིར་ཧེ་རུ་ཀའི་དོན་ནི་རྒྱུད་ལས། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་གནས་འཇིག་ཚོགས་དང་བྲལ། །ཀ་ནི་གང་དུ་མི་གནས་པའོ། །ཞེས་གསུངས་པ་ལྟར་རྣམ་ཐར་སྒོ་གསུམ་གྱི་དོན་མཚོན་པ་ཡིན་པས་སྐུ་གསུམ་ཀ་ལ་འཇུག་པ་ཡིན་ནོ། །གཉིས་པ་ནི། ཆོས་དབྱིངས་ཁྱབ་བརྡལ་ནས་ གནས་རྣམས་སུ༔ ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བརྡལ་བ་རང་བྱུང་ཐིག་ལེ་ཆེན་པོ་ཆོས་སྐུའི་ཞིང་ཁམས་དང་། ཡེ་ཤེས་ཀྱི་རང་འོད་ལྔ་དང་ལྡན་པ་དབྱིངས་སྣང་འོད་གསལ་གྱི་རྒྱན་སྟུག་པོ་བཀོད་པ་ལོངས་སྐུ་རིགས་ལྔའི་ཕོ་བྲང་དང་དག་པ་དང་མ་དག་པའི་ཞིང་དང་གནས་ཀྱི་བཀོད་པ་མ་ངེས་འགྲོ་འདུལ་སྤྲུལ་སྐུའི་གནས་སྣ་ཚོགས་པ་རྣམས་སུ། ཞེས་པའོ། །གསུམ་པ་ནི། རིགས་ཅན་སོགས་ཚིག་རྐང་གཅིག་སྟེ། ཆོས་སྐུའི་འཁོར་རང་སྣང་ཡེ་ཤེས་རྒྱ་མཚོ། ལོངས་སྐུའི་འཁོར་གཤེགས་སེམས་ཁྲོ་བོའི་ཚོགས་མཁའ་ཁྱབ་ཀྱི་དཀྱིལ་འཁོར། སྤྲུལ་སྐུའི་འཁོར་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་སྐྱེ་བོ་སྐལ་བ་དང་ལྡན་པ་སྟེ། མདོར་ན་རང་གི་སྐལ་བ་དང་མཐུན་པའི་རིགས་ཅན་རྣམས་དང་གདུལ་བར་བྱ་བའི་འཁོར་ཚོགས་བསམ་ཡས་བགྲང་བ་ལས་འདས་པས་རྒྱ་མཚོའི་བརྡས་བསྟན་པ་ལའོ། །བཞི་པ་ནི། སོ་སོའི་སྣོད་དང་ ནས་ ཆོས་ཀྱི་འཁོར་ལོ ཞེས་གསུངས་ཏེ། ཆོས་སྐུའི་བསྟན་པ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོ། ལོངས་སྐུའི་བསྟན་པ་འབྲས་བུ་བླ་མེད་ཐེག་པ་ཆེན་པོ། སྤྲུལ་སྐུའི་བསྟན་པ་རྒྱུའི་ཐེག་པ་གསུམ་གཙོ་བོར་གྱུར་པ་སྟེ། མདོར་ན་གདུལ་བྱ་སོ་སོའི་སྐལ་བའི་སྣོད་དང་དབང་པོའི་ཁྱད་པར་བཞིན་དུ། སངས་རྒྱས་ཀྱི་རྒྱུ་དང་འབྲས་བུ་ལམ་དུ་བྱེད་པའི་ཐེག་པ་ཆེ་ཆུང་བསམ་ལས་འདས་པའི་ཆོས་ཀྱི་འཁོར་ལོ་ཚད་མེད་པ་བྱུང་པའོ། །ལྔ་པ་ནི། དུས་གསུམ་ཀུན་ཏུ་བསྐོར༔ ཅེས་པ་སྟེ། ཆོས་སྐུ་དུས་བཞི་མཉམ་པ་ཉིད་ཆོས་ཉིད་བརྗོད་པ་ལས་འདས་པའི་དུས་སུ་རྩོལ་བྲལ་དགོངས་པ་མཉམ་ཉིད་ཆེན་པོར་སྣང་། ལོངས་སྐུས་ལྷུན་གྲུབ་ཀྱི་ཡེ་ཤེས་རང་སྣང་བའི་དུས་སུ་ཚིག་དང་ཡི་གེ་མེད་པར་བརྡའི་སྒོ་ནས་དོན་བསྟན། སྤྲུལ་སྐུས་གདུལ་བྱ་རྣམས་སྨིན་པ་གསུམ་དང་ལྡན་པའི་དུས་སུ་སྐལ་བའི་ཁྱད་པར་དང་མཐུན་པའི་ཆོས་སྣང་བའི་སྒོ་འབྱུང་བ་སྟེ། མདོར་ན་རྒྱལ་བ་སྐུ་གསུམ་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་ཡིན་པས་གདུལ་བྱ་འདུལ་བའི་ཆོས་ཀྱི་འཁོར་ལོ་དུས་གསུམ་ཀུན་ཏུ་ཆད་པ་མེད་པར་བསྐོར་བའོ། །གཉིས་པ་ནི། དེ་རྣམས་ཀུན་གྱི་ ནས་ ཉམས་སུ་ལོངས༔ ཞེས་གསུངས་ཏེ། རྒྱལ་བ་སྐུ་གསུམ་གྱི་ཆོས་འཁོར་རྒྱུ་འབྲས་ཐེག་པ་ཟབ་ཅིང་རྒྱ་ཆེ་བ་དེ་རྣམས་ཀུན་གྱི་ཚིག་དོན་སྙིང་པོ་ཕྱོགས་གཅིག་ཏུ་འདྲིལ་བ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཐིག་ལེ། གུ་རུ་རིན་པོ་ཆེའི་ཞལ་ཆེམས་མཐར་ཐུག་པ། ཁ་གསལ་བས་དབང་པོ་རྣོ་རྟུལ་ཀུན་གྱིས་གོ་སླ་བ། རྒྱས་བསྡུས་འཚམས་པས་ཉམས་ལེན་དུ་ཁྱེར་བདེ་བ། ཚིག་གི་བཤད་ཡམ་ཙམ་མ་ཡིན་པ་ལག་ལེན་དམར་ཁྲིད་རྗེན་ཕྱུང་གི་ཚུལ་དུ། མཉེས་པ་གསུམ་གྱིས་བླ་མའི་ཐུགས་ཟིན་པས་ཤིན་ཏུ་ཉེ་བའི་ཐུགས་སྲས་སུ་གྱུར་པའི་འདུས་པ་རྗེ་འབངས་གྲོགས་ཀྱི་ཚོགས་རྣམས་ལ་བསྟན་པར་བྱའོ་ཞེས་གདམས་དག་བསྟན་པར་ཞལ་གྱིས་བཞེས་ཏེ། ཟབ་ཅིང་དཀོན་ལ་བཅུད་དུ་འདྲིལ་བའི་གདམས་ངག་འདི་ལྟ་བུ་རྙེད་པར་དཀའ་བས་བཏང་སྙོམས་ཀྱིས་ཡལ་བར་མ་དོར་བར་ཐོས་པས་ཚིག་ཟུངས། བསམ་པས་དོན་དཔྱད། སྒོམ་པས་རྩེ་གཅིག་ཉམས་སུ་ལོངས་ལ་རང་གཞན་གྱི་དོན་གྲུབ་པར་གྱིས་ཤིག །ཅེས་གདམས་པར་མཛད་པའོ། གསུམ་པ་ཇི་ལྟར་འཆད་པའི་ཚུལ་གྱིས་ཚིག་དོན་རྒྱས་པར་དབྱེ་བ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ལ་ ནས་ བྱ་བ་སྟེ༔ ཞེས་གསུངས་ཏེ། བཤད་པར་ཞལ་གྱིས་བཞེས་པའི་གདམས་ངག་དེ་ལ་མདོ་ཆིངས་ཆེན་པོ་གསུམ་གྱིས་བསྡམས་ཏེ། གང་ཤེས་པར་བྱ་བའི་གཞི། གང་གིས་རྟོགས་པར་བྱེད་པའི་ལམ། གང་དུ་མཐར་ཕྱིན་པར་འགྱུར་པའི་འབྲས་བུ་བཅས་རྣམ་པ་གསུམ་གྱིས་མཚོན་པར་བྱ་བ་ཡིན་ཏེ། ཞེས་ལྷག་བཅས་ཀྱི་སྒྲས་རྒྱས་བཤད་ཀྱི་ཚིག་དྲངས་པར་མཛད་དོ། །གཉིས་པ་ལ་གསུམ། གཞི། ལམ། འབྲས་བུ་རྒྱས་པར་བཤད་པའོ། །དེའི་དང་པོ་ལ་གསུམ། གནས་ལུགས་ངོ་བོའི་གཞི་དང་། འཁྲུལ་པ་བརྟགས་པའི་གཞི་བཤད། སྐབས་ཀྱི་དོན་བསྡུས་ཏེ་མཚམས་སྦྱར་བའོ། །དང་པོ་ནི། ཤེས་བྱའི་གཞི་ ནས་ གནས་གྱུར་ཀྱང༔ ཞེས་པས་བསྟན་ཏེ། རྒྱལ་བ་བྱམས་པས། ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པས། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་སྒྲུབ་པའི་ལམ་ལ་ཞུགས་པའི་ཐོག་མར་ཐོས་པའི་ཤེས་རབ་ཀྱིས་ཤེས་བྱ་གཏན་ལ་དབབ་དགོས་ཀྱང་། འདིར་ཉམས་ལེན་དམར་ཁྲིད་ཀྱི་དབང་དུ་མཛད་ནས་མི་ཤེས་སུ་མི་རུང་བའི་གནད་མདོར་བསྡུས་ཏེ། ཤེས་བྱ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྣོད་བཅུད་ཀྱི་དངོས་པོ་ལ་ནམ་མཁས་ཁྱབ་པ་བཞིན་དུ་འཁོར་འདས་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཁྱད་པར་ལྔ་ལྡན་དུ་བཞུགས་པ་ཡིན་ཏེ། ངོ་བོ་འདུས་མ་བྱས་པ། བཞུགས་ཚུལ་གསལ་སྟོང་རིག་པའི་རང་བབས། དང་པོར་འཁྲུལ་མ་མྱོང་ཞིང་མཐར་གྲོལ་བ་ལས་འདས་པ། ནམ་མཁའ་ལྟར་སྐྱེ་འགག་སོགས་སྤྲོས་པའི་མཚན་མ་མེད་པས་རབ་ཏུ་ཞི་བ། འཁོར་བ་དང་མྱང་འདས་གཉིས་ལ་སྐྱོན་རྟོག་གིས་དབྱེ་ཞིང་རིང་བ་དང་། ཡོན་ཏན་དུ་ཤེས་པས་བསྲི་བ་སྟེ་ཉེ་བར་གྱུར་པ་གང་ཡང་མེད་པར་བཞུགས་ཤིང་གནས་པར་གྱུར་ཏོ། །ཀྱང་ཞེས་པ་ནི་ཚིག་ཕྱི་མ་སྡུད་པའི་སྒྲའོ། །དེའི་དོན་ཅུང་ཟད་བཤད་ན། གཤེགས་སྙིང་ཤེས་བྱ་ཐམས་ཅད་ཀྱི་གཞི་ཡིན་པའི་རྒྱུ་མཚན་ནི། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་འབྱུང་སྟེ། ཐོག་མ་མེད་པའི་དུས་ཅན་གྱི་དབྱིངས་དེ་ཉིད་དག་མ་དག་མ་ཕྱེ་བར་རྣམ་པར་བཞག་པའི་དབང་དུ་བྱས་ཏེ་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་སམ་གཞི་ཡིན་ལ། ཕྱེ་ན་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པའི་གློ་བུར་གྱི་དྲི་མ་ནི་ཟག་བཅས་འཁོར་བའི་རྒྱུ། ཀུན་གཞིའི་ངོ་བོ་གཤེགས་སྙིང་ནི་ཟག་མེད་མྱང་འདས་ཀྱི་རྒྱུ་ཡིན་ཏེ། འཕགས་པ་ཀླུས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སོ། །དེ་གཉིས་ཀྱང་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་མགོན་པོ་བྱམས་པས། ས་ནི་ཆུ་ལ་ཆུ་རླུང་ལ། །སོགས་དཔེ་དང་བཅས་པས་བསྟན་ཅིང་། དེ་གཉིས་ལ་གསུང་རབ་རྣམས་སུ་ཆོས་ཅན་དང་ཆོས་ཉིད་མཐའ་དང་དབུས་སྣང་བ་དང་སྟོང་པ་ཀུན་རྫོབ་དང་དོན་དམ་སོགས་ཐ་སྙད་དུ་མས་བསྟན་པ་ཡིན་ནོ། །དེ་ལྟར་ཁྱད་གཞི་དབྱིངས་ཀུན་ཁྱབ་བདེ་གཤེགས་སྙིང་པོ་དེ་ཉིད། ཁྱད་ཆོས་འདུས་མ་བྱས་པ་སོགས་ཀྱིས་གསལ་བར་མཛད་པ་སྟེ། དེའང་དབྱིངས་དེ་ཉིད་ཀུན་ལ་ཁྱབ་པའི་ཚུལ་ནི། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་ནམ་མཁའི་སྤྱི་མཚན་མཆོག་དམན་བར་མའི་གཟུགས་ཐམས་ཅད་ལ་རང་བཞིན་གྱིས་ཁྱབ་པ་བཞིན་དུ་དབྱིངས་ཀྱི་མཚན་ཉིད་ཆོས་ཐམས་ཅད་ལ་རང་བཞིན་གྱིས་ཁྱབ་པར་གསུངས་ཤིང་། དབྱིངས་དེ་འཇུག་ཚུལ་གྱི་སྒོ་ནས་མིང་གསུམ་གྱིས་བསྟན་ཏེ། གློ་བུར་གྱི་དྲི་མས་བསྒྲིབས་པའི་སེམས་ཅན་གྱི་སྐབས་སུ་རིགས། དྲི་མ་བྲལ་བའི་སངས་རྒྱས་ཀྱི་སྐབས་སུ་ཆོས་སྐུ། གཉིས་ཀའི་ངོ་བོར་ཁྱབ་ཅིང་འགྱུར་བ་མེད་པའི་ཆ་ནས་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་སོ། །དབྱིངས་དེ་ལ་འཁོར་ལོ་བར་པའི་མདོ་རྣམས་ནས་སྟོང་པ་ཉིད་དང་། དེ་བཞིན་ཉིད་ལ་སོགས་པའི་སྒྲས་བསྟན་ཏེ། སྡུད་པར། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟའི་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་སོགས་དང་། རྩ་ཤེར། དེ་བཞིན་གཤེགས་པའི་རང་བཞིན་གང་། །འགྲོ་བ་འདི་ཡི་རང་བཞིན་ཡིན། །ཞེས་སོགས་དངོས་པོའི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་མཐའ་ཡས་པར་གསུངས་སོ། །འཁོར་ལོ་ཐ་མ་སོགས་སུ་བདེ་གཤེགས་སྙིང་པོ་ཞེས་རྒྱ་ཆེར་བསྟན་ཏེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུག་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོགས་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་སུ་ཨེ་ཝྃ་དང་རྡོར་སེམས་དང་། རྒྱུད་དང་ཐིག་ལེ་འགྱུར་མེད་འོད་གསལ་རང་བྱུང་ཡེ་ཤེས་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཏེ། ཧེ་བཛྲ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་ཡི་གེར་རབ་ཏུ་གནས། །ཞེས་དང་། སམྦུ་ཊིར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། འདུས་པར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིག་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །ཅེས་སོ། །གཤེགས་སྙིང་སེམས་ཅན་ལ་བཞུགས་པར་ཡིད་ཆེས་པའི་ཐུན་མོང་གི་ལུང་ནི། མདོ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་དང་། ཤཱ་རིའི་བུ། དོན་དམ་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་སོགས་དང་། ཁྱད་པར་གྱི་ལུང་ནི། ཧེ་བཛྲ་ལས། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བར་ཁྱབ་པར་གནས། །ཞེས་སོགས་དང་། བླ་ན་མེད་པའི་ལུང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་དང་། རང་ཤར་ལས། །ཡང་དག་སངས་རྒྱས་དགོངས་པ་ནི། སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་སོགས་རྒྱ་ཆེར་འབྱུང་ཞིང་། དེའི་སྒྲུབ་བྱེད་དུ་མགོན་པོ་བྱམས་པས་རྒྱུ་མཚན་གསུམ་བཀོད་དེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པ་དང་། སེམས་ཅན་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་རྫ་བུམ་དང་གསེར་བུམ་གྱི་ནམ་མཁའ་བཞིན་ཁྱད་པར་དུ་དབྱེ་བ་མེད་པ་དང་། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་སྐུ་གསུམ་འབྱུང་རུང་གི་རིགས་གཉིས་ཡོད་པའི་ཕྱིར་རོ། །གཤེགས་སྙིང་ཡོད་པའི་རིག་པ་དཔེས་བསྟན་པ་ནི། སོར་ཕྲེང་གི་མདོ་ལས། འོ་མ་ལ་མར་ཡོད་པས་སྲུབ་ཀྱི་ཆུ་ལ་མི་སྲུབ་པ་དང་། གསེར་འདོད་པ་བྲག་ལ་རྐོ་ཡི་ཤིང་ལ་མི་རྐོ་བ་བཞིན་དུ་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་ཡོད་པས་སངས་རྒྱས་སྒྲུབ་པ་ལ་དོན་ཡོད་ཀྱི་ཁམས་མེད་ན་སྒྲུབ་པ་དོན་མེད་དུ་འགྱུར་བའི་ཚུལ་རྒྱས་པར་གསུངས་པའི་དོན་བསྡུས། འཕགས་པ་ཀླུས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེད་པར་ཟད། །ཅེས་སོ། །འཐད་པ་དཔལ་ཕྲེང་གི་མདོ་དོན་རྒྱུད་བླར་ལྡོག་ཕྱོགས་ཀྱིས་བསྟན་པ། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་དང་། སྒྲུབ་ཕྱོགས་ཀྱིས་བསྟན་པ། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་གི་ཕྱིར། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། །གཤེགས་སྙིང་ངོ་བོ་རྒྱུ་རྐྱེན་ལས་མ་བྱུང་བས་རྒྱུན་དང་སྐད་ཅིག་གིས་རྟག་མི་རྟག་ལ་སོགས་པ་བློའི་ཡུལ་ལས་འདས་པས་ནམ་ཡང་འཇིག་པ་མི་མངའ་ཞིང་། དེའང་རྟག་པ་བརྟན་པ་ཞི་བ་འཕོ་འགྱུར་མེད་པའི་ཆོས་བཞི་དང་ལྡན་པས་འདུས་མ་བྱས་སུ་གསུངས་ཏེ། སེམས་ཀྱི་རང་བཞིན་ནམ་མཁའ་ཡི། ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་མེད། །འཇིག་དང་གནས་པའང་ཡོད་མ་ཡིན། །ཞེས་དང་། གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་མེད་ཉིད་ནི་བརྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། །ཞེས་སོགས་གསུངས་སོ། །བཞུགས་ཚུལ་ངོ་བོ་མ་སྐྱེས་པས་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་འགག་པ་མེད་པར་འོད་གསལ་བ། རྣམ་པ་ཟུང་འཇུག་རིག་པའི་གཤིས་ལུགས་སུ་གནས་པ་སྟེ། རང་ཤར་ལས། དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། །རང་བཞིན་ནི་རང་གིས་འོད་གསལ་བའོ། །ཐུགས་རྗེ་ནི་རིག་པའི་སྙིང་པོར་གནས་ཏེ་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ། །ཞེས་སོ། །དེ་ཉིད་འཁྲུལ་གྲོལ་ལྟར་སྣང་བ་ནི་སེམས་ཅན་གྱི་ངོས་ནས་བཏགས་པ་ཡིན་གྱི་དོན་ལ་འཁྲུལ་གྲོལ་གཉིས་ཀ་མི་དམིགས་ཏེ། ནམ་མཁའ་དང་ཉི་མ་སྤྲིན་གྱིས་བསྒྲིབས་པ་དང་མི་བསྒྲིབས་ཞེས་པ་ནི་ས་སྟེང་དུ་འཁོད་བའི་ལུས་ཅན་རྣམས་ཀྱིས་མཐོང་བ་ལོག་པའི་དབང་དུ་བྱས་ཀྱི་དེ་གཉིས་ལ་བསྒྲིབས་མ་བསྒྲིབས་མེད་པ་བཞིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། གསང་སྙིང་ལས། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་བོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སོ། །དེའི་རྒྱུ་མཚན་ནམ་མཁའ་ལྟར་ཡོད་མེད་ཡིན་མིན་རྟག་ཆད་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་རབ་ཏུ་ཞི་ཞིང་གཉིས་སུ་མེད་པ་དབུ་མའི་བདག་ཉིད་ཅན་ཏེ། མྱང་འདས་ཆེན་པོར། སེམས་ཅན་ལ་བཞུགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་འདས་པ་དང་མ་འོངས་པ་དང་ད་ལྟ་བ་མ་ཡིན། ནང་དང་ཕྱི་རོལ་མ་ཡིན་ཏེ་གཟུགས་སྒྲ་དྲི་རོ་རེག་བྱས་མ་བསྡུས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཀྱང་དེ་དང་འདྲའོ། །ཞེས་དང་། རྡོ་རྗེ་གུར་ལས། ནམ་མཁའི་ཁམས་ནི་ཇི་སྙེད་དང་། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན། །བདེ་ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ། །སངས་རྒྱས་ནམ་མཁའ་འདྲ་བར་བཞུགས། །ཞེས་སོ། །སྙིང་པོའི་རང་ངོ་ནས་འཁོར་བའི་སྐྱོན་སྤང་ཞིང་བསལ་བ་དང་མྱང་འདས་ཀྱི་ཡོན་ཏན་བཞག་ཅིང་བསྣན་དུ་མེད་པའི་རྒྱུ་མཚན་ཀྱང་། རྒྱུད་བླར། ཉེས་པ་གློ་བུར་དང་ལྡན་ཕྱིར། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་མཚན་ཉིད་དོ། །ཞེས་དང་། དེ་དང་མངོན་རྒྱན་གཉིས་ཀར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་སོ། །དེས་ན་འཁོར་འདས་གཉིས་ལ་བཟང་ངན་བླང་དོར་དུ་རྟོག་པ་མེད་པས་ཉེ་རིང་མི་མངའ་བར་ནམ་མཁའ་ལྟར་ཁྱབ་པ་སྟེ། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་སོ། །གཉིས་པ་ནི། ལྷན་སྐྱེས་ནས། བཞིན་དུ་སྣང༔ ཞེས་གསུངས་ཏེ། སྙིང་པོ་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟ་བུ་དེ་ལ་སྒྲིབ་བྱེད་གློ་བུར་གྱི་སྒྲིབ་པ་སྤྲིན་ལྡངས་པ་ལྟར་བྱུང་སྟེ། དེའང་རང་བཞིན་རྣམ་དག་དང་དུས་སྔ་ཕྱི་མེད་པར་མཉམ་དུ་བྱུང་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་གསེར་དང་གཡའ་ལྟ་བུ་དང་། མེད་བཞིན་དུ་ཡོད་པར་བཏགས་པ་གློ་བུར་བའི་འཁྲུལ་པ་ཡུལ་ཡུལ་ཅན་སྣང་བ་ཀུན་ཏུ་བཏགས་པའི་མ་རིག་པ་སྟེ། འཁྲུལ་པ་ཐམས་ཅད་འབྱུང་བའི་གཞི་ཉེས་པ་མཐའ་དག་སྐྱེད་པའི་གདོན་ཆེན་པོ་དེ་གཉིས་ཀྱི་རང་ངོ་མ་ཤེས་པར་གཟུང་བ་ཡུལ་དང་འཛིན་པ་སེམས་ཞེས་གཉིས་སུ་རྟོག་པའི་བག་ཆགས་རིམ་གྱིས་རྒྱས་ཤིང་བརྟས་པར་གྱུར་པ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོ་སོར་ཞེན་ཅིང་འཛིན་པ་གནས་ཡུལ་རིགས་གཟུགས་བྱེད་ལས་སྣ་ཚོགས་ཐ་དད་པའི་འགྲོ་བ་རིགས་དྲུག་པོ་གཉིད་ཀྱིས་བསླད་པའི་རྨི་ལམ་བཞིན་དོན་ལ་གཅིག་ཀྱང་མེད་རུང་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་སྣང་བའོ། །དེའི་དོན་ཅུང་ཟད་བཤད་ན་ལྔ་སྟེ། དང་པོ་འཁྲུལ་པའི་གཞི་ནི། གཞི་ཡོད་པ་ལས་འཁྲུལ་པ་སྦྲུལ་ཡོད་པས་ཐག་ཁྲ་ལ་སྦྲུལ་འཛིན་གྱི་ཤེས་པ་ཞུགས་པ་ལྟ་བུ་དང་། མེད་པ་ལས་འཁྲུལ་པ་རབ་རིབ་ཅན་གྱི་མིག་ཏུ་ནམ་མཁའ་ལ་སྐྲ་ཤད་མཐོང་བ་ལྟ་བུ་དང་། དབྱེར་མེད་ལས་འཁྲུལ་པ་ག་བུར་གྱི་ངོ་བོ་ལ་ནུས་པ་གཉིས་ཡོད་པས་ཚད་ནད་ལ་སྨན་དང་རླུང་ནད་ལ་དུག་ཏུ་འགྱུར་བ་ལྟ་བུའོ། །གཉིས་པ་འཁྲུལ་བའི་རྒྱུ་ནི། གསང་སྙིང་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་གསུངས་པ་ལྟར་འཁོར་བའི་ཆོས་ཐམས་ཅད་ཀྱི་སྤྱིའི་རྒྱུ་ནི་བདག་ཏུ་རྟོག་པ་ཉིད་ཡིན་ལ། བྱེ་བྲག་བརྒྱུད་པའི་རྒྱུ་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་རང་ངོ་མ་ཤེས་པའི་ཆ་ཙམ་གནས་པ་བདག་ཉིད་གཅིག་པའི་མ་རིག་པ་དང་། མཚུངས་ལྡན་གྱི་རྒྱུ་ཆོས་ཉིད་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་རྐྱེན་དང་འཕྲད་ན་འཁྲུལ་བ་འབྱུང་རུང་དུ་གནས་པ་དང་། ལྷན་ཅིག་བྱེད་རྒྱུ་སེམས་ཉིད་རང་གིས་རང་ལ་ཡུལ་དང་ཡུལ་ཅན་གཟུང་བ་ཀུན་བཏགས་ཀྱི་མ་རིག་པ་ཡིད་ཤེས་རྟོག་བཅས་དང་། ཉེར་ལེན་གྱི་རྒྱུ་ལས་ཀྱི་བག་ཆགས་བསགས་པས་རང་འབྲས་འབྱིན་ངེས་ཀྱི་ནུས་པ་ཡོད་པའོ། །དེ་ལས་ཡིད་ཤེས་ལ་དབྱེ་ན། ཀུན་གཞི་ལ་ངའོ་སྙམ་དུ་འཛིན་ཅིང་རྣམ་ཤེས་ཉོན་མོངས་པར་བྱེད་པའི་ཉོན་ཡིད་དང་། ཚོགས་དྲུག་ནི་ཤེས་པ་སྐྱེ་འགག་གི་རྒྱུན་བྱེད་ཅིང་ལས་ཀྱི་ནུས་པ་ཀུན་གཞི་ལ་འཇོག་པ་དེ་མ་ཐག་ཡིད་ཅེས་གཉིས་སུ་ཡོད་ཅིང་། ཡིད་དེ་གཉིས་ཀྱི་རྟེན་དུ་གྱུར་ཅིང་བག་ཆགས་དང་ས་བོན་ཐམས་ཅད་འཛིན་པ་ནི་འཁྲུལ་བ་བཏགས་པའི་གཞི་སྟེ། གཞུང་ལུགས་རྣམས་སུ་ཀུན་གཞིའི་རྣམ་ཤེས་ཞེས་བྱ་བར་རྣམ་པར་བཞག་གོ །གསུམ་པ་རྐྱེན་ནི། མཐོ་རིས་ངན་འགྲོ་ཁམས་གོང་མ་རྣམས་སུ་སྐྱེ་བའི་རྐྱེན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ། ལས་དེ་དག་ཀུན་ནས་སློང་བ་པོ་ཉོན་མོངས་པ་དུག་ལྔ་རྣམས་སོ། །རྒྱུ་རྐྱེན་དེ་དག་འཛོམས་པས་འཁོར་བའི་འཁོར་ལོ་ཆེན་པོ་འདི་བྱུང་བ་སྟེ། དེའང་བདེ་གཤེགས་སྙིང་པོའི་ངོ་བོ་སྟོང་ཆ་ལ་དྲི་མ་ནམ་ཡང་མེད་ཀྱང་གསལ་ཆ་ལ་རང་ངོ་མ་རིག་སྟེ་སྐད་ཅིག་མ་དང་པོ་ལ་འདུ་བྱེད་ཀྱི་ཡིད་གཡོས་པས་གཟུང་འཛིན་ཐ་དད་དུ་བཏགས །དེ་ལས་དོན་མཐོང་བའི་རྣམ་ཤེས། དེས་བླང་དོར་དུ་བཏགས་པས་ཚོར་བ། །དེ་ལས་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས། དེའི་བག་ཆགས་བརྟས་པ་གཟུགས་བཅས་ཕུང་པོ་ལྔ་གྲུབ་སྟེ། དཔེ་ཕྱིའི་རྟེན་འབྲེལ་ས་བོན་ལས་མྱུ་གུ་སོགས་རྒྱུ་དང་འབྲེལ་བ་དྲུག་པོ་འབྱུང་བ་ལྔ་དུས་ཀྱི་སྦྱོར་བ་བཅས་རྐྱེན་དང་འབྲེལ་བ་དྲུག་གིས་ཁོར་མོ་ཡུག་ཏུ་བསྐྱེད་པ་ལྟར། ནང་གི་རྟེན་འབྲེལ་མ་རིག་པ་ལས་འདུ་བྱེད་སོགས་བཅུ་གཉིས་པོས་ཁམས་གསུམ་དུ་འཁོར་བ་ཡིན་ནོ། །བཞི་པ་བྱེད་པ་པོ་ནི། རིག་གསུམ་ལས། རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པ་པོར་བརྗོད་དོ། །ཞེས་པ་ལྟར་འཁོར་འདས་གཉིས་ཀའི་བྱེད་པ་པོ་མ་བཅོས་རྒྱུན་གྱི་སྐད་ཅིག་མ་ཡིན་ལ། ཁྱད་པར་འཁོར་བའི་བྱེད་པ་པོ་གཉིས་མེད་ལ་གཉིས་སུ་འཛིན་པའི་འཁྲུལ་རྟོག་རྒྱུན་གྱི་སྐད་ཅིག་མ་སྟེ། དེས་འཁྲུལ་ཤེས་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ནུས་པ་ཇེ་རྒྱས་སུ་སོང་བས་མཐའ་མེད་པའི་འཁོར་བ་འདི་གྲུབ་བོ། །ལྔ་པ་འབྲས་བུ་ནི། ལས་ཉོན་གྱི་རྒྱུ་འབྲས་ཟོ་ཆུན་ལྟར་འཁོར་བ་ལས། སྣང་འགྱུར་ཐུན་མོང་བའི་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་། མྱོང་འགྱུར་ཐུན་མོང་མ་ཡིན་པའི་ལས་ཀྱིས་བཅུད་ཀྱི་སེམས་ཅན་དུ་སྣང་ཞིང་རྣམ་པར་སྨིན་པ་མྱོང་བ་སྟེ། དེ་དག་རྣམས་ཀྱི་དོན་གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་སོགས་གསུངས་པ་ལྟར་རོ། །འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་ལྟར་ན། ངོ་བོ་ཀ་དག་གི་གཞི་བདེ་གཤེགས་སྙིང་པོ་ལས་རང་བཞིན་ལྷུན་གྲུབ་ཀྱི་གཞི་སྣང་ཤར་བའི་སྐད་ཅིག་ལ་རང་ངོ་ཤེས་ཏེ་ཚོགས་བརྒྱད་ཀྱི་ཉེར་ལེན་དབྱིངས་སུ་དེངས་པ་ནི་ཀུན་ཏུ་བཟང་པོ་གདོད་མའི་གྲོལ་གཞིར་སངས་རྒྱས་པ་དང་། གཞི་སྣང་དེ་ཉིད་ལྷན་སྐྱེས་མ་རིག་པས་བསྒྲིབས་ནས་གཟུང་འཛིན་ཀུན་ཏུ་བཏགས་ཏེ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཕྱིར་གསལ་སྣང་བའི་སྒོ་བརྒྱད་རྨི་ལམ་ལྟར་ཤར་ནས་འཁོར་བར་མེད་བཞིན་དུ་འཁྲུལ་བ་ལ་སེམས་ཅན་ཞེས་བཏགས་པར་གསུངས་སོ། །གསུམ་པ་ནི། དེ་ལྟ་ན་ཡང་ནས་ བརྩོན་པར་བྱ༔ ཞེས་གསུངས་ཏེ། ཐོག་མ་མེད་པ་ནས་འཁོར་འདས་གཉིས་སུ་བཏགས་ཤིང་འཁྲུལ་པའི་ཚུལ་དེ་ལྟ་བུ་ཡིན་ནའང་། སྤྲིན་གྱི་འདུ་འགོད་ཀྱིས་ནམ་མཁའ་ལ་ནམ་ཡང་གཡོ་བ་མེད་པ་བཞིན་དུ། ཐོག་མའི་ཀ་དག་བདེ་གཤེགས་སྙིང་པོ་རང་གི་ངོ་བོའི་བཞུགས་ཚུལ་དེ་ལས་གཞན་དུ་འགྱུར་བ་མི་སྲིད་པས། སྔོན་ཆད་འཁོར་འདས་གཉིས་ཀའི་ཆོས་སུ་རྣམ་པར་མ་གཡོས་ཤིང་། ད་རུང་མུ་མཐའ་མེད་པའི་འཁོར་བར་འཁོར་ཀྱང་གཡོ་བར་མི་འགྱུར་བ་དེའི་ཕྱིར་ན། འཁྲུལ་བ་གློ་བུར་གྱི་དྲི་མ་ནམ་དག་པའི་ཚེ་རང་ངོ་མངོན་དུ་བྱས་ཏེ་འཚང་རྒྱ་བར་འགྱུར་བའི་ཕྱིར། དེ་ཉིད་སྦྱོང་བའི་ཐབས་ལ་འབད་བརྩོན་མི་གཡེལ་བར་བྱའོ། །དེ་ལྟར་ཡང་ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་སོ། །ཞེས་སོ། །གློ་བུར་དྲི་མས་སྙིང་པོའི་རང་ངོ་ལ་ནམ་ཡང་མ་གོས་པས་སྦྱངས་ན་འབྲལ་དུ་རུང་བ་ནི། སྙིང་པོ་ལས། སུས་ཀྱང་མ་བཅིངས་བཅིངས་མེད་དོ། །བཅིང་བར་བྱ་བའང་ཡོད་མ་ཡིན། །ཞེས་སོ། སེམས་ཅན་སྤྱི་བཙན་དུ་འཁོར་བ་ལ་ཐོག་མཐའ་མེད་པར་གསུངས་ཀྱང་གང་ཟག་སྒོས་བཙན་དུ་མངོན་པའི་མདོ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་འབྱུང་བ་བཞིན་དྲི་མ་ལམ་གྱིས་སྦྱངས་པས་མྱང་འདས་ལ་རེག་ཅིང་། སྦྱངས་ཟིན་ནས་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་འབྲས་བུ་རྒྱུ་རུ་མི་ལྡོག་པས་ལམ་ལ་བརྩོན་པ་ནི་འཐད་པ་དང་བཅས་པའོ།།  །།གཉིས་པ་གང་གིས་རྟོགས་པར་བྱེད་པའི་ལམ་བཤད་པ་ལ་གཉིས། སྡོམ་གྱིས་མདོར་བསྟན། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། རྟོགས་བྱེད་ལམ་ནས་ལམ་ ལ་འཇུག༔ ཅེས་གསུངས་ཏེ། གཞི་འབྲས་དབྱེར་མེད་པ་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་མདོ་སྔགས་ལམ་གྱི་རིམ་པ་བསམ་པའི་མཐའ་ཡས་པར་གསུངས་ཀྱང་། གནད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་ན། བློ་རྒྱུད་སྦྱོང་བའི་ཚུལ་ཞིང་ཐ་རྒོད་བཏུལ་བ་ལྟ་བུ་དང་། སྨིན་གྲོལ་གྱི་ས་བོན་གདབ་པའི་ཚུལ་འབྲུ་སྐྱོན་མེད་པ་འདེབས་པ་ལྟ་བུ་དང་། དེ་ཉིད་སྐྱེད་བསྲིང་བའི་ཚུལ་ཆུ་ལུད་སོགས་སོ་ནམ་ལ་བརྩོན་པ་ལྟ་བུ་དང་། ལམ་གྱི་གེགས་སེལ་བའི་ཐབས་སད་སེར་སོགས་སྲུང་བའི་ཐབས་ལ་འབད་པ་ལྟ་བུ་དང་། ཡོན་ཏན་གྱི་བོགས་འདོན་བའི་ཐབས་ཆར་འབེབས་སོགས་གོང་འཕེལ་དུ་འགྱུར་བའི་ཐབས་བྱེད་པ་ལྟ་བུ་སྟེ་རྣམ་པ་ལྔ་ཡིས་ལམ་ལེགས་པར་སྦྱངས་པས། འབྲས་བུ་བཅུད་དུ་སྨིན་པ་ལྟར་རྣམ་གྲོལ་གྱི་འབྲས་བུ་མངོན་དུ་བྱེད་པར་འགྱུར་བས་ན་ཡང་དག་པའི་ལམ་ལ་རབ་ཏུ་འཇུག་པར་བྱའོ། །གཉིས་པ་ལ་ལྔ། རྒྱུད་སྦྱོང་བ། ས་བོན་གདབ་པ། སྐྱེད་བསྲིང་བ། གེགས་སེལ་བ། བོགས་འདོན་པའི་རིམ་པའོ། །དང་པོ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ། བསྟེན་ནས་བློ་རྒྱུད་ཇི་ལྟར་སྦྱོང་བའི་རིམ་པའོ། །དེའི་དང་པོ་ལའང་བཞི། བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད། ཇི་ལྟར་བསྟེན་པའི་ཐབས། སྟེན་བྱེད་སློབ་མའི་མཚན་ཉིད། བསྟེན་ནས་གདམས་པ་སྟོན་ཚུལ་ལོ། །དང་པོ་ནི། དེ་ལ་དང་པོ་ ནས་ མཚན་ཉིད་ཀུན་ལྡན ཞེས་གསུངས་ཏེ། གཞི་ཤེས་ནས་གློ་བུར་དྲི་མ་སྦྱང་བའི་ཕྱིར་དུ་ལམ་གྱི་རིམ་པ་ལ་འཇུག་པའི་ཚུལ་དེ་ལའང་དང་པོ་ཉིད་དུ་རྟོག་འཁྲུལ་གྱི་བློ་ངན་གོམས་ཀྱི་དབང་དུ་ཤོར་བས་ལས་སུ་མི་རུང་བ་དེ་ཉིད་དུལ་བར་བྱ་བའི་ཆེད་དུ་རྒྱུད་ལེགས་པར་སྦྱང་དགོས་པས་དེའི་ཚུལ་འཆད་པར་བྱའོ། །དེའང་བྱིས་པའི་སྐྱེ་བོ་རྣམས་རང་གི་བློ་སྟོབས་ཀྱིས་ཡང་དག་པའི་ལམ་གྱི་ཕྱོགས་ཙམ་དུའང་བགྲོད་པར་མི་ནུས་པས་སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ཁྱད་པར་ལམ་ལ་ཚུལ་བཞིན་འཇུག་ཅིང་ལེགས་པར་བགྲོད་པར་བྱེད་པའི་རྩ་བ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཐོག་མ་ཉིད་དུ་ལེགས་པར་བརྟགས་ནས་བསྟེན་དགོས་ཏེ། དཔེར་ན་རྒྱུས་མེད་པའི་ལམ་དུ་ཞུགས་པ་ལ་རྒྱུས་ཤེས་ཀྱི་ལམ་མཁན་དང་། འཇིགས་སར་བགྲོད་པ་ལ་སྟོབས་ལྡན་གྱི་སྐྱེལ་མ་དང་། ཆུའི་ཕ་རོལ་ཏུ་བགྲོད་པ་ལ་གྲུ་འཛིན་པའི་མཉན་པ་ཉིད་མེད་ཐབས་མེད་པ་བཞིན་ནོ། །སློབ་དཔོན་གྱི་མཚན་ཉིད་མདོ་རྒྱུད་མན་ངག་རྣམས་ནས་རྒྱ་ཆེར་གསུངས་ཀྱང་མདོར་བསྡུ་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་སྡོམ་པ་གསུམ་ཇི་ལྟར་བླངས་པའི་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཉེས་ལྟུང་གིས་མ་གོས་པས་རྒྱུད་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་སྤངས་པ། མདོ་སྔགས་ཀྱི་རྒྱུད་ལུང་མན་ངག་མང་དུ་ཐོས་པས་གང་ལའང་མ་རྨོངས་ཤིང་ཕྱོགས་ལྷུང་བྲལ་བའི་རྣམ་ཐར་གྱིས་རབ་ཏུ་བརྒྱན་པ། ཐོས་དོན་བསམ་པས་གཏན་ལ་ཕབ་པས་མཐའ་དྲུག་ཚུལ་བཞིའི་བྱེ་བྲག་ཕྱེད་པ། དེའི་དོན་སྒོམ་པས་རྒྱུད་ལ་སྦྱར་བས་ཉམས་དང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཤིང་ས་ལམ་གོང་དུ་སྤོགས་པའི་དྲོད་རྟགས་དང་ལྡན་པ་སྟེ་ཐོས་བསམ་སྒོ་གསུམ་གྱིས་རང་དོན་མཐར་ཕྱིན་པ། དེ་དག་ལས་བྱུང་བའི་དྲི་མ་མེད་པའི་མཁྱེན་རབ་ཀྱི་རྩལ་རྒྱས་པས་རྙེད་བཀུར་གྲགས་པ་ལ་མི་ལྟོས་པར་དམིགས་པ་མེད་པའི་ཐུགས་རྗེའི་འཇུག་པས་སྐལ་ལྡན་གྱི་སློབ་མ་རྗེས་སུ་འཛིན་པར་མཛད་པའི་བརྩེ་བ་ཅན། དེའང་ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེད་ནུས་པ། བྱིན་རླབས་སྟོབས་ཀྱིས་མ་དག་པའི་སྣང་བ་འགོག་ནུས་པ། ཉམས་ཀྱི་གེགས་སེལ་ཞིང་རྟོགས་པའི་བོགས་འབྱིན་ནུས་པ་སྟེ། མདོར་ན་མཁྱེན་བརྩེ་ནུས་པས་གཞན་དོན་ལྷུན་གྱིས་གྲུབ་པའི་མཚན་ཉིད་བཟང་པོ་ཀུན་དང་ལྡན་པའོ། །ཐོག་མར་དགེ་བའི་བཤེས་གཉེན་ལ་བསྟེན་དགོས་པའི་ལུང་ཡང་སྡོང་པོ་བཀོད་པ་ལས། ཐམས་ཅད་མཁྱེན་པ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་རག་ལས་སོ། །ཞེས་དང་། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་དང་། ཡུམ་ལས། བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཐོག་མ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་དང་། ཇི་སྐད་དུ། གདོས་པ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་སོགས་ལུང་དང་རིག་པ་དང་དཔེ་མཐའ་ཡས་པ་གསུངས་སོ། །གཉིས་པ་ནི། མཉེས་པ་གསུམ་ནས་ ཡལ་གམ་བླང༔ ཞེས་གསུངས་ཏེ། མཚན་ཉིད་དེ་ལྡན་གྱི་སློབ་དཔོན་རྙེད་ནས་ཇི་ལྟར་བསྟེན་པའི་ཚུལ་ཡང་། མདོ་སྡེ་རྒྱན་ལས། རྙེད་པ་བཀུར་སྟི་དག་དང་རིམ་གྲོ་དག །སྒྲུབ་པའི་སྒོ་ནས་བླ་མ་བསྟེན་པར་བྱ། །ཞེས་པ་ལྟར་རབ་གདམས་ངག་གི་དོན་ཉམས་སུ་ལེན་ཞིང་བཀའ་བཞིན་བྱེད་པ་སྒྲུབ་པའི་ཞབས་ཏོག །འབྲིང་ལུས་ངག་ཡིད་གསུམ་གྱིས་སྲི་ཞུ་རིམ་གྲོ་ཇི་ལྟར་ལྕོགས་པ། ཐ་མ་ཟང་ཟིང་རྙེད་པ་རང་ལ་བདོག་རྒུ་ཐམས་ཅད་འབུལ་ཞིང་བཀུར་སྟི་བྱ་བ་སྟེ་མཉེས་པ་རྣམ་པ་གསུམ་གྱི་སྒོ་ནས། དགོས་འབྱུང་གི་ནོར་བུ། འཆི་གསོས་ཀྱི་སྨན་པ། ཁོང་པའི་དོན་སྙིང་དུ་འདུ་ཤེས་ནས་མོས་པ་དང་གུས་པ་ཚད་བཟུང་ཐང་ལྷོད་མེད་པར་བསྟེན། སྒོ་གསུམ་བྱ་བ་ཁ་ན་མ་ཐོ་བའམ་ལེགས་སུ་རེ་བའི་ཚོད་འཛིན་སོགས་ཐུགས་ལ་མི་མཉེས་པར་འགྱུར་བའི་བྱ་བ་སྐད་ཅིག་མ་ཙམ་ཡང་མི་བྱ་བར་སྤང་། ཟབ་མོའི་ཆོས་དང་སྐྱེས་བུ་དམ་པའི་དགོངས་སྤྱོད་ཀྱི་གཏིང་དཔོག་པར་དཀའ་བས་བློ་སྒྲིན་ཅིང་ཐུགས་ཟིན་པས་གསང་བ་གསུམ་གྱི་རྣམ་པར་ཐར་པ་ཚུལ་བཞིན་དུ་བསླབ་པ་ལ་མཁས་པར་བྱ་བའི་སྒོ་ནས། ཅི་མཛད་ལེགས་པར་མཐོང་ཞིང་ཅི་གསུང་ཚད་མར་འཛིན་ཏེ་བཀའ་བཞིན་རྗེས་སུ་སྒྲུབ་པའི་ཡལ་གམ་མམ་དམ་བཅའ་བརྟན་པོ་རྐྱེན་གྱིས་མི་འཕྲོག་པ་ཡང་དང་ཡང་དུ་བླངས་ཏེ་ལག་ལེན་དུ་ཁེལ་བར་བྱའོ། །དེ་ལྟར་ཡང་འདུས་པ་ལས། རིགས་ཀྱི་བུ། སློབ་དཔོན་ནི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བྱའོ། །ཞེས་དང་། རང་ཤར་ལས། དེ་ལྟར་གསང་སྔགས་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཅེས་དང་། མདོ་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །ཞེས་སོ། །ཇི་སྐད་བཤད་པའི་མཚན་ཉིད་ཀུན་ལྡན་གྱི་སློབ་དཔོན་དུས་ཀྱི་དབང་གིས་རྙེད་པར་དཀའ་ཞིང་། རྙེད་ཀྱང་རང་སྣང་མ་དག་པའི་སེམས་ཅན་གྱིས་གཞན་དག་སྐྱོན་ཅན་དུ་མཐོང་བས་ཡོན་ཏན་ཤས་ཆེ་བསྟན་པར་བྱ་དགོས་ཏེ། དོན་དམ་བསྙེན་པ་ལས། རྩོད་དུས་དབང་གི་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་འབྱུང་བ་བཞིན་ནོ། །གསུམ་པ་ནི། དེས་ཀྱང་ ནས་ སློབ་མའི་ ཞེས་པའི་བར་གྱིས་བསྟན་ཏེ། མཚན་ལྡན་གྱི་སློབ་དཔོན་དེས་ཀྱང་སློབ་མ་ཇི་ལྟ་བུ་ལ་གདམས་པ་སྟོན་ཞེ་ན། དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །ཅེས་དང་། གསང་སྙིང་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་འབྱུང་བ་ལྟར། ཆོས་དཀར་ཐམས་ཅད་ཀྱི་རྩ་བ་དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པ་དང་། འཁོར་བ་ལ་མེ་འོབས་སམ་བཙོན་ར་ལྟར་ཤེས་ནས་སྲིད་པ་ལས་ངེས་པར་འབྱུང་བའི་བློ་དང་། སེམས་ཅན་ཕ་མར་ཤེས་པས་གཞན་དོན་སྤྲོ་བའི་སྙིང་རྗེ་དང་། སྔོན་སྦྱངས་ཀྱིས་རིགས་སད་པས་ཐོས་པ་ཙམ་གྱིས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་དབང་པོ་རྣོན་པོར་གྱུར་པ་དང་། རྒྱ་ཆེ་བ་ཐེག་པ་ཆེན་པོ་དང་ཟབ་མོ་གསང་སྔགས་ཀྱི་ལྟ་སྤྱོད་ལ་ཐེ་ཚོམ་མེད་པར་ཡིད་ལ་ཤོང་བའི་བློ་ཆེ་བ་དང་། གང་ལའང་མི་བསྙེངས་ཤིང་ཞུམ་པ་མེད་པར་འཇུག་ནུས་པའི་བརྟུལ་ཞུགས་དང་ལྡན་པ་སྟེ་དྲུག་པོ་དེ་ལ་ཡོན་ཏན་གྱི་མཚན་ཉིད་ཐམས་ཅད་འདུས་པས། མཚན་ཉིད་དེ་ལྡན་གྱི་སློབ་མ་རྗེས་སུ་གཟུང་བར་བྱའོ། །བཞི་པ་ནི། རྒྱུད་དང་ ནས་ སྦྱིན་མི་བྱ༔ ཞེས་གསུངས་ཏེ། དེ་ལྟར་བླ་སློབ་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་པ་ན། བླ་མས་སློབ་མའི་རྒྱུད་ཞིབ་མོར་བརྟགས་ཏེ་བློ་ཚོད་དང་སྦྱར་ལ་ཐེག་པ་ཆེ་ཆུང་གི་གདམས་པ་བསྟན་དགོས་ཀྱི་སོ་སོའི་བློ་དང་མི་འཚམས་པ་བློ་དམན་ལ་ཟབ་ཅིང་རྒྱ་ཆེ་བ་དང་བློ་ཆེན་ལ་ཐེག་དམན་གྱི་གདམས་པ་སྦྱིན་པ་སོགས་མི་བྱ་སྟེ། དེ་ལྟར་བྱས་ན་ཆོས་བསྟན་པའི་ཡུལ་ལ་མི་ཕན་ཅིང་སྟོན་པ་པོ་ཉིད་ཉེས་པ་དང་བཅས་པར་འགྱུར་པ་སྟེ། བློ་དམན་ཟབ་རྒྱས་ཀྱིས་དངངས་སྐྲག་སྐྱེ་བས་ལམ་ལས་ཕྱིར་ལྡོག་པར་འགྱུར་བ་དང་། བློ་ཆེན་ལྟ་སྤྱོད་ཀྱིས་མ་ཚིམས་པར་ལམ་སྟེགས་སྤོང་བའི་སྐྱོན་བསྐྱེད་པར་བྱེད་དོ། །དེ་ལྟར་ཡང་རྒྱུད་རྡོར་ཕྲེང་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །འདི་དང་ཕ་རོལ་ཏུ་ནི་ཕུང་། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོ། །སྣོད་དང་ཇི་ལྟར་སྦྱར་བའི་ཚུལ་ཡང་། དམན་ལ་ཆགས་བྲལ་སྤྱོད་པ་སྟེ། །རྒྱ་ཆེ་བ་ལ་ཕ་རོལ་ཕྱིན། །ཟབ་ལ་སྔགས་ཀྱི་ཐེག་པའོ། །ཞེས་དང་། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་པ་ལྟར་རོ། །གཉིས་པ་བློ་སྦྱོང་བའི་ཚུལ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དེའི་དང་པོ་ལའང་གཉིས། རིང་བ་དང་། ཉེ་བའི་སྔོན་འགྲོའོ། །དང་པོ་ནི། བློ་རིགས་ ནས་ བྱ་བ་བཏང༔ ཞེས་གསུངས་ཏེ། བློའི་རིགས་སམ་རྒྱུད་ཚོད་དང་མཐུན་པར་གདམས་ངག་སྟོན་པའི་ཚུལ་དེའང་གཙོ་བོར་རིམ་གྱིས་དཀྲི་བའི་ཚུལ་ཤེས་ན་ཅིག་ཅར་དཀྲི་ཚུལ་ཞར་ལས་ཤེས་པར་འགྱུར་བ་དང་། སྤྱིར་ལམ་རིམ་པར་མ་འཛེགས་པར་ཐོད་རྒལ་གྱིས་གོང་མར་འཕར་བར་མི་ནུས་པ་དང་། ལམ་གྱི་ཡོན་ཏན་འོག་མ་མ་སྐྱེས་པར་གོང་མ་ཐོབ་པར་མི་ནུས་པའི་ཕྱིར་རིམ་བགྲོད་ཀྱི་ཚུལ་གལ་ཆེ་སྟེ། མདོ་མྱང་འདས་ལས། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སོ། །ཇི་ལྟར་བྱིས་པ་ཆུང་ངུ་དང་། །རིམ་གྱིས་ལུས་ཤེད་རྫོགས་པ་ལྟར། །ཆོས་འདི་ཡང་ནི་དེ་དང་འདྲ། །དང་པོར་འཇུག་པའི་རིམ་པ་ནས། །ཡོངས་སུ་རྫོགས་པའི་བར་དུའོ། །ཞེས་སོ། །དེ་ནས་ལམ་རིམ་གྱིས་དཀྲི་བའི་ཚུལ་ནི། ལམ་ལ་འཇུག་པར་འདོད་པའི་གང་ཟག་དེས་དང་པོ་ཉིད་དུ་འཇིག་རྟེན་གྱི་ལུས་སེམས་རྣམ་པར་གཡེང་བའི་འདུ་འཛིའི་གནས་ལས་རིང་དུ་བྱོལ་ནས་ཐག་བསྲིངས་ཏེ། རྒྱལ་བས་བསྔགས་པའི་བས་མཐའི་དབེན་གནས་དམ་པར་སོང་ལ་དེར་ཡང་འཕྲལ་མཁོའི་ཡོ་བྱད་མ་ཐོགས་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ། ལུས་ཀྱི་མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བ་ངག་དོན་མེད་ལོང་གཏམ། ཡིད་ཉོན་མོངས་འཁྲུལ་རྟོག་གི་རྗེས་སུ་འབྲང་བ་སོགས་འཇིག་རྟེན་པ་དང་མཐུན་པའི་བྱ་བ་མཐའ་དག་བཏང་ན་དམ་པའི་ཆོས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་བྱའོ། །དེའང་འདུ་འཛིས་རྣམ་པར་གཡེང་བ་ལ་སྒོ་གསུམ་མ་བསྡམས་ཤིང་བདུད་རིས་ཀྱི་བར་དུ་གཅོད་པ་དང་བསམ་གཏན་དང་ཤེས་རབ་མི་སྐྱེ་བ་སོགས་ཉེས་པ་ཉི་ཤུ་ཡོད་པ་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས་གསུངས་ཤིང་། སངས་རྒྱས་རྣམས་ལ་མཆོད་པའི་བྱེ་བྲག་དུ་མས་བསྐལ་པར་མཆོད་པ་བས་ངེས་འབྱུང་གི་སེམས་ཀྱིས་དབེན་པར་གོམ་བདུན་བོར་བའི་བསོད་ནམས་ཆེ་བ་ཏིང་འཛིན་རྒྱལ་པོ་སོགས་ལས་གསུངས་པ་དང་། གོང་གི་འདུ་འཛིས་ཉེས་པ་ལས་ལྡོག་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བ་དང་། ཁྱད་པར་སེམས་ལ་བརྟན་པ་མ་ཐོབ་པའི་གང་ཟག་ལས་དང་པོ་པས་དབེན་པ་བསྟེན་པ་ཁོ་ན་གལ་ཆེ་སྟེ། དཀོན་མཆོག་གི་ཟ་མ་ཏོག་ལས། ལས་དང་པོ་པས་སེམས་ཉེ་བར་ཞི་བ་དང་རབ་ཏུ་དུལ་བར་བྱ་བའི་ཕྱིར་དབེན་པར་གནས་པར་བྱའོ། །ཞེས་སོ། །གཉིས་པ་ནི། བདེ་བའི་སྟན་ ནས་ འདི་ལྟར་བསམ༔ ཞེས་གསུངས་ཏེ། དབེན་གནས་བྲག་ཕུག་གམ་བསམ་གཏན་གྱི་ཁང་པར་བདེ་བའི་སྟན་འཇམ་ཞིང་སྙོམས་པ་ལ་འདུག་པས་ཡུན་རིང་སྡོད་ཚུགས། ལུས་གནད་དྲང་པོར་བསྲང་བས་རྩ་རླུང་རང་མལ་ཏུ་གནས་ཏེ་འཁྲུལ་རྟོག་ཉུང་། རླུང་རོ་ལན་གསུམ་བསལ་བས་རྩ་ནང་ཉོན་མོངས་ཀྱི་སྙིགས་མ་དག །དཀོན་མཆོག་གསུམ་ལ་དམ་པའི་ཆོས་མཐར་ཕྱིན་པའི་གསོལ་བ་བཏབ་པས་བར་ཆད་མི་འབྱུང་། བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་བསྐྱེད་པས་སྒོ་གསུམ་ལ་བྱིན་རླབས་འཇུག །རྐྱེན་གྱིས་མི་འཕྲོག་བའི་དྲན་པ་རང་མལ་མངོན་དུ་བཞག་པས་སྒོམ་དོན་གསལ་ཐེབས་པར་འགྱུར་བས་ན། ཇི་སྐད་བཤད་པ་རྣམས་ཚུལ་བཞིན་བྱས་ལ་བློ་སྦྱོང་བའི་ཚུལ་འདི་ལྟར་བསམ་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ། འབྲིང་པོ་དང་ཐུན་མོང་བ། ཆེན་པོ་དང་ཐུན་མོང་བའི་ལམ་རིམ་མོ། །དང་པོ་ལ་གསུམ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས་བསམ་པའོ། །དང་པོ་ནི། དལ་འབྱོར་ ནས་ མ་འབད་ན༔ ཞེས་གསུངས་ཏེ། འདི་ལ་བཞི། རྟེན་གྱི་ངོ་བོ། དེ་རྙེད་པར་དཀའ་བའི་རྒྱུ་མཚན། རྙེད་པ་དོན་ཆེ་བའི་ཚུལ། དེ་ལས་སྙིང་པོ་ལེན་དགོས་པར་གདམས་པའོ། །དང་པོ་ནི། མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་ནི་རྟེན་གྱི་ངོ་བོ་ཡིན། རང་འབྱོར་གཟུགས་རྒྱན་ལེགས་པ་ལྟ་བུ་ལྔ་དང་གཞན་འབྱོར་སྣང་བའི་བྱེ་བྲག་གིས་གསལ་བ་ལྟ་བུ་ལྔ་ནི་དེའི་ཁྱད་པར་གྱི་ཆོས་ཏེ་ཕུན་སུམ་ཚོགས་པ་དེ་ལྟ་བུས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ནི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་རྟེན་ཡིན་ནོ། །དེ་ལ་མི་ཁོམ་པ་བརྒྱད་ནི། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང་། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་དང་། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་ཞུགས། །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། ཚུལ་ཁྲིམས་ལ་སོགས་དགེ་བའི་ལས་རྒྱ་ཆེན་པོ་བསགས་ཤིང་སྨོན་ལམ་གྱིས་མཚམས་སྦྱར་ན་དལ་འབྱོར་ཐོབ་པར་འགྱུར་ནའང་། ཞི་བ་ལྷས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་བཞིན་དུ་བསོད་ནམས་གསོག་པ་དཀོན་པ་དང་། དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། དལ་འབྱོར་གྱི་རྟེན་ནི་ཨུ་དུམྦ་རའི་མེ་ཏོག་དང་འདྲ་སྟེ། དེ་ནས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་བརྒྱ་ལམ་ནའང་དཀོན་པ་དང་མཚུངས་པར་གྲགས་ཤིང་། གཞན་ཡང་། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་པ་ལྟར་རོ། །གྲངས་ལ་བསམ་ཡང་རྙེད་པར་དཀའ་སྟེ། དམྱལ་བ་ནི་ས་ཆེན་པོའི་རྡུལ། ཡི་དྭགས་ནི་ཁ་བ་བུ་ཡུག །དུད་འགྲོ་ཆང་གི་སྦང་མ། ལྷ་མི་གཉིས་སེན་མོའི་སྟེང་གི་རྡུལ་ཆགས་པ་ཙམ་ལས་མེད་པར་མདོ་ལས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་པ་ལྟར་མི་ལུས་ཀྱི་གྲུ་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཏེ་སྙིང་པོ་གཏན་འདུན་གྱི་ནོར་བུ་ལེན་པའི་ཐབས་ལ་རབ་ཏུ་མཁས་ཤིང་སྒྲིན་པར་གྱུར་ན། རྙེད་དཀའ་རྙེད་པ་དེ་ཉིད་ཤིན་ཏུ་དོན་ཆེ་བ་དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་ལས་ཀྱང་ལྷག་སྟེ། ཙནྡྲ་གོ་མཱིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་སོ། །བཞི་པ་ནི། རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་ཉིད་རྙེད་པར་གྱུར་པ་དེའི་ཕྱིར། དུས་ཀྱི་རྒྱུན་དང་གནས་སྐབས་ཀྱི་བྱེ་བྲག་ཐམས་ཅད་དུ། དལ་འབྱོར་ལས་སྙིང་པོ་ལེན་པའི་ཐབས་ཡང་དག་པའི་ལམ་སྟོན་པ་པོ་དགེ་བའི་བཤེས་གཉེན་དང་དགེ་བའི་ལྟ་སྤྱོད་ཅན་གྱི་གྲོགས་པོ་བསྟེན་དགོས་ཏེ། བཤེས་སྤྲིང་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པ་ཐུབ་པས་གསུངས་དེའི་ཕྱིར། །དགེ་བའི་བཤེས་གཉེན་བསྟེན་བགྱི་བཤེས་གཉེན་ལ། །བསྟེན་ནས་རབ་ཏུ་མང་པོ་ཞི་བ་ཐོབ། །ཅེས་སོ། །དེ་ལས་ལོག་པ་རང་བློ་མི་དགེ་བའི་ལམ་དུ་ཁྲིད་དེ་དལ་འབྱོར་ཆུད་ཟོས་སུ་གཏོང་བར་བྱེད་པོའི་སྡིག་ཏོའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་སྤང་དགོས་ཏེ། དྲན་ཉེར་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དུག་གི་སྡོང་པོ་ལྟ་བུའོ། །ཞེས་དང་། དཀོན་བརྩེགས་ལས། སྡིག་པའི་གྲོགས་པོ་གང་ཞེ་ན། དགེ་བ་འགྲིབ་ཅིང་མི་དགེ་བ་ལ་སྦྱོར་བ་གང་ཡིན་ཏེ། དེ་བསྙེན་པར་མི་བྱ། བསྟེན་པར་མི་བྱ། མཐོང་བར་མི་བྱའོ། །ཞེས་སོ། །དེར་མ་ཟད་ཚེ་འདིར་ལྟོས་ཀྱི་སྣང་བ་ཐམས་ཅད་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟར་ཡུན་ཐུང་ལ་སྙིང་པོ་མེད་པས་བློས་ལིང་གིས་བཏང་ནས་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་གཏན་གྱི་འདུན་མ་འགྲུབ་པའི་ཕྱིར། ད་ལྟ་མྱུར་བ་ཉིད་དུ་དལ་འབྱོར་སྙིང་པོ་ལེན་པའི་ཐབས་ལ་མ་འབད་ན་ཚེ་ལ་ངེས་པ་མེད་དེ། ཇི་སྐད་དུ། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་དུ་འབད་པར་རིགས། །ཞེས་སོ། །གཉིས་པ་ནི། འདུས་བྱས་ ནས སྤྱོད་པར་བྱ༔ ཞེས་གསུངས་ཏེ། སྤྱིར་སྣོད་བཅུད་དུ་སྣང་བ་འདི་དག་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཏེ་འདུས་ཤིང་བྱས་པའི་ཆོས་ཡིན་པའི་ཕྱིར་གཅིག་ཀྱང་མི་རྟག་སྟེ། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས། ཇི་ལྟར་མི་རྟག་ན། ཚོམས་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླངས་པའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་མ་འཆི་བར་འགྱུར། །ཞེས་པ་ལྟར་མི་རྟག་པའི་མཐའ་བཞི་ལས་མ་འདས་པར་རགས་པ་སྣོད་བཅུད་ཆགས་འཇིག་ལོ་ཟླ་དུས་བཞིའི་འགྱུར་བ་དང་ཕྲ་བ་སྐད་ཅིག་རེ་རེ་བཞིན་རྙིངས་ཤིང་འཕོ་བ་ཉི་མ་དང་ཟླ་བའི་འཆར་ནུབ་སྐད་ཅིག་ཡུད་ཡུད་འགྲོ་བ་དང་འདྲ་ལ། བྱེ་བྲག་མི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་ཅིང་འཆི་རྐྱེན་མང་བས་མྱུར་དུ་འཆི་ངེས་པ་བར་སྣང་གི་གློག་ཤར་བའི་མོད་ནས་ཡལ་བ་དང་མཚུངས་ཏེ། འདུལ་བ་ལུང་ལས། རི་གཟར་ཆུ་བོ་རྒྱ་མཚོར་འཇུག་པ་དང་། །ཉི་མ་ཟླ་བ་ནུབ་རིར་ཕྱོགས་པ་དང་། །ཉིན་མཚན་ཐང་ཅིག་ཡུད་ཙམ་ཤུགས་ཀྱིས་འགྲོ། །སྐྱེས་བུའི་ཚེ་འགྲོ་འདི་དག་མཚུངས་པར་ལྡན། །ཅེས་སོ། །ཤི་བའི་ཚེ་དམ་པའི་ཆོས་མ་ཡིན་པ་བློ་སྟོབས་གཉེན་འཁོར་ལོངས་སྤྱོད་ཅིས་ཀྱང་མི་ཕན་པས། འཇིག་རྟེན་དང་ལྟར་སྣང་གི་ཆོས་མཆིལ་མའི་ཐལ་བ་ལྟར་རིང་དུ་བོར་ནས་དམ་པའི་ལྷ་ཆོས་རྣམ་པར་དག་པ་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གདམས་པའི་ཚུལ་བཞིན་དུ་སྤྱད་པར་བྱའོ། །གསུམ་པ་ནི། ལྷ་ཆོས་ ནས་ ཚུལ་བཞིན་བསླབ༔ ཅེས་གསུངས་ཏེ། ཐར་པ་དམ་པའི་ལྷ་ཆོས་སྒྲུབ་པའི་གཞིའམ་རྩ་བར་གྱུར་པ་ནི། སེམས་པ་ཡིད་དང་བྱས་པ་ལུས་ངག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བཅས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་པས་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱ་བ་སྟེ། དེའང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དང་། །ཞེས་འབྱུང་བ་ལྟར་ཉོན་མོངས་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་སྡིག་པ་མི་དགེ་བ་བཅུ་ཆ་དང་བཅས་པ་ཆེན་པོས་དམྱལ་བ། །འབྲིང་གིས་ཡི་དྭགས། ཆུང་ངུས་བྱོལ་སོང་སྟེ་ངན་སོང་གསུམ་དུ་འགྲོ་ཞིང་སྡུག་བསྔལ་དྲག་པོས་མནར་བར་བྱེད་ལ། བསོད་ནམས་ཆ་མཐུན་གྱིས་ལས་དགེ་བ་བཅུ་འཁོར་དང་བཅས་པས་མཐོ་རིས་སུ་སྐྱེས་ནས་བདེ་འབྲས་མྱོང་ཞིང་། ངེས་འབྱུང་དང་བྱང་སེམས་ཀྱིས་ཟིན་པའི་ཐར་པ་ཆ་མཐུན་གྱི་ལས་དགེ་བ་བྱས་པས་ཐར་པ་རྣམ་གསུམ་གང་རུང་ཐོབ་པར་འགྱུར་བ་ཡིན་ནོ། །དེའང་ཏིང་འཛིན་རྒྱལ་པོ་ལས། ལས་བསགས་པ་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ནི་དཀར་ནག་འབྲས་བུ་སྨིན། །ཞེས་གསུངས་པ་ལྟར་ལས་ཀྱི་རྣམ་སྨིན་ནམ་ཡང་མི་བསླུ་ཞིང་དགེ་སྡིག་གི་འབྲས་བུ་མི་འཆོལ་བར་བྱེད་པ་པོ་རང་རང་ལ་སྨིན་པ་དང་། ལས་རྣམས་འཕེལ་བ་འགྱུར་དང་བཅས་པས་རྒྱུ་ཆུང་ཡང་འབྲས་བུ་ཆེ་བ་དེ་བས་ན། འཕེན་རྫོགས་དང་བྱས་བསགས་ལ་བཞིར་ཕྱེས་པའི་སྔར་བྱས་ཀྱི་སྡིག་པ་ཆ་དང་བཅས་པ་ཡུལ་མཆོག་ལ་བཤགས་ཤིང་ཕྱིན་ཆད་མི་བྱ་བར་སྙིང་ཐག་པ་ནས་དམ་བཅས་པས་བསྡམ། དགེ་བའི་རྩ་བ་ཆ་བཅས་ཕྲ་མོ་ནས་ཀྱང་ཁྱད་དུ་མི་གསོད་པར་འབད་པ་ཆེན་པོས་དང་དུ་བླང་བར་བྱ་དགོས་ལ། དེའང་ཟག་བཅས་ཐུན་མོང་གི་དགེ་བ་དཀོན་མཆོག་གི་རྟེན་ལ་ཕྱག་དང་བསྐོར་བ་བྱས་པས་ལུས་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་སྡིག་པ་འདག །སྔགས་དང་སྙིང་པོ་བཟླས་བརྗོད་དང་རྒྱལ་བའི་བཀའ་མདོ་རྒྱུད་ཟབ་མོ་བཀླགས་པས་ངག་གི་མི་དགེ་བ་བཞི་གཙོ་བོར་གྱུར་པའི་སྒྲིབ་པ་བྱང་། དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པས་ཀུན་ནས་བསླངས་ཏེ་དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་གསོལ་བ་གདབ་པས་མཚོན་རྣམ་རྟོག་དགེ་བའི་ལས་ལམ་དུ་བསྒྱུར་བས་ཡིད་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་ཉེས་པ་རྣམས་ཞི་བར་འགྱུར། དགེ་སྡིག་གཉིས་ཀའང་རང་གི་སེམས་ཁོ་ནར་རག་ལས་པ་སྟེ། དཀོན་མཆོག་སྤྲིན་ལས། དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ཀུན་སེམས་ཀྱིས་བསགས་པ་ཡིན། །ཞེས་གསུངས་པས་དུས་རྟག་ཏུ་སེམས་བསྲུང་བ་ལ་འབད་པར་བྱ་སྟེ། དེའི་ཚུལ་ཡང་ཞི་བ་ལྷས། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དང་། །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་པ་ལྟར། དུས་རྟག་པར་སྲུང་སེམས་མི་བརྗེད་པའི་དྲན་པ་དང་། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོགས་པའི་ཤེས་བཞིན་དང་། བྱ་བ་གང་ཡིན་གྱི་འཇུག་ལྡོག་གི་གནས་ལ་གཟོབ་པའི་བག་ཡོད་པ་རྣམས་ལ་ཚུལ་བཞིན་དུ་བསླབ་བོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ་ལ་གཉིས། བློ་སྦྱོང་བའི་ཚུལ། འབྱོངས་པའི་ཚད་དོ། །དང་པོ་ནི། ཁྱད་པར་ ནས་ ཡང་ཡང་བསྐྱེད༔ ཅེས་གསུངས་ཏེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་འདུ་ཤེས་དེ་དག་ཡང་དག་པའི་ལྟ་བ་ཡིན་མོད་ཀྱི། དེ་ལས་ཁྱད་པར་དུ་གྱུར་པ་ཐར་པ་ཞི་བ་བླ་ན་མེད་པའི་གོ་འཕང་བསྒྲུབ་པ་ལ། འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་བསམ་པ་ཉིད་གལ་ཆེ་བ་སྟེ། དེ་ལ་འཁོར་པའི་མཚན་ཉིད་ནི། ལུང་རྣམ་འབྱེད་ལས། མི་གཙང་བ་ལ་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་པ་ལྟར་སྲིད་པའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེ་མདག་གི་འོབས་ལ་ཤ་རྗེན་དུ་གནས་པ་དང་། སྤུ་གྲི་རྣོན་པོའི་ཚལ་ལ་རྐང་རྗེན་དུ་རྒྱུ་བ་དང་། རལ་གྲིའི་ནགས་ལ་གཅེར་བུར་འཛེགས་པ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཡིན་ལ། འཁོར་བའི་རང་བཞིན་ནི། མདོ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་པ་ལྟར་ཐོག་མ་དང་ཐ་མ་མེད་པར་འཁོར་བས་དེའི་ཚུལ་དང་པོར་ཤེས་པར་བྱ་ཞིང་། དེ་ནས་རྒྱུན་དུ་མི་བརྗེད་པའི་དྲན་པ་ཡིས་བསྐུལ་ལོ། །དེ་ལ་འཁོར་བའི་སྡུག་བསྔལ་མདོར་བསྡུ་ན་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྤྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་བླངས་པ་ཙམ་ནས་སྡུག་བསྔལ་བདེན་པར་གྲུབ་པའི་སྟེང་དུ་སྡུག་བསྔལ་ཆེན་པོ་མངོན་པར་མཛེ་ཐོག་ཏུ་ཕོལ་མིག་བྱུང་བ་ལྟ་བུ་སྟེ། མཚན་གཞིའི་གཙོ་བོ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་རྣམས་ཡིན་ལ། མི་ལ་སྡུག་བསྔལ་བརྒྱད། ལྷ་དང་ལྷ་མིན་ལའང་འདོད་པས་མི་ངོམས་པ་དང་འཐབ་རྩོད་སོགས་ཀྱང་དེར་གཏོགས་པའོ། །འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་འབྱོར་ཐམས་ཅད་མི་རྟག་གཡོ་བའི་ཆོས་ཉིད་ཡིན་པས་བདེ་བར་སྡོད་འཕྲོ་ལ་ནད་དམ་དགྲས་གློ་བུར་དུ་བཅོམ་པ་ལྟ་བུ་སྟེ། ལྷ་མི་རྣམས་ལྟར་སྣང་བདེ་བར་གནས་ཀྱང་ཡུན་རིང་མི་བརྟན་པར་འགྱུར་ནས་འགྲོ་བའོ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ཕུང་ལྔས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་སྐད་ཅིག་གིས་སྐྱེ་འགག་བྱེད་པ་སོ་སྐྱེས་མི་རྟོགས་ཀྱང་འཕགས་པ་རྣམས་ཀྱི་གཟིགས་ངོར་རྟག་ཏུ་གཡོ་བའི་འདུ་བྱེད་ཅན་ཡིན་པས་སྡུག་བསྔལ་བ་སྟེ། མཛོད་ཊཱིཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་སོ། །དེས་ན་ད་ལྟ་ནད་དང་དགྲ་སོགས་སྡུག་བསྔལ་ལྟར་སྣང་བ་ཡུད་ཙམ་རེའང་ལུས་སེམས་ཀྱིས་མི་བཟོད་ན། འཁོར་བའི་གནས་སུ་ཐོག་མཐའ་མེད་པར་སྡུག་བསྔལ་ཚབ་པོ་ཆེ་དེ་གསུམ་དང་རྟག་ཏུ་འགྲོགས་པ་ལ་བཟོད་པའི་བླགས་ག་ལ་ཡོད་པས་རྒྱུ་མཚན་ཞིབ་མོར་བསམས་ལ། དེ་དག་ལས་མྱུར་དུ་ཐར་བར་འདོད་པའི་བློ་ཤུགས་དྲག་པོ་འཕྲལ་རྐྱེན་གྱིས་བསྐུལ་པའི་བཅོས་མ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཡང་དང་ཡང་དུ་བསྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། སེམས་ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་དེས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུ་དེ་བཞིན་ཏེ། །ཞེས་དང་། འདུལ་བ་ལུང་ལས། ངས་ནི་ཁྱེད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པའི་ཚུལ་བསམ་མོ། །གཉིས་པ་ནི། ནམ་ཞིག་ ནས་ སྐབས་མེད་འགྱུར༔ ཞེས་གསུངས་ཏེ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་གཏན་ལ་ཕབ་ནས་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བསྐྱེད་པས་ནམ་ཞིག་སྲིད་པའི་རྩེ་མོ་མན་ཆད་ཀྱི་དཔལ་དང་འབྱོར་པ་ལེགས་ལེགས་ལྟར་སྣང་བ་མཐའ་དག་པ་འདི་ཀུན་འདུས་བྱས་ཡིན་པས་མི་རྟག་པ་སྒྱུ་མ་ལྟ་བུ། གཡོ་བའི་ཆོས་ཡིན་པས་མི་བརྟན་པ་སྟོན་ཀའི་སྤྲིན་ལྟ་བུ། སྙིང་པོ་མེད་པས་སླུ་བར་བྱེད་པ་ཆུ་བུར་ལྟ་བུར་རྟོགས་པར་འགྱུར་ལ། རྟོགས་རིས་དེ་ཡིས་འཁོར་བའི་གནས་སུ་ཆེ་བར་གྲགས་པ་ཆགས་བྲལ་གྱི་བདེ་བ་ཅན་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོར་གྱུར་པ་བརྒྱ་བྱིན། མི་དབང་འཁོར་ལོས་སྒྱུར་རྒྱལ་ལྟ་བུའི་དཔལ་འབྱོར་ལའང་ཆགས་ཤིང་ཞེན་པའི་བློ་སྐད་ཅིག་ཙམ་ཡང་སྐྱེ་བའི་གོ་སྐབས་མེད་པར་འགྱུར་ཏེ། རྒྱལ་ཚབ་བྱམས་པས། ལྷ་ལ་འཆི་འཕོ་མི་ལ་ཡོངས་འཚོལ་སྡུག་བསྔལ་ཞེས་ནི་རྟོགས་པའི་ཕྱིར། །ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དེ། །ཤེས་རབ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲང་ལ། །འདི་ནི་སྡུག་བསྔལ་འདི་རྒྱུ་འདི་འགོག་པ་ཞེས་ཤེས་པས་མཐོང་ཕྱིར་རོ། །ཞེས་སོ། །གསུམ་པ་སྐྱེས་བུ་ཆེན་པོ་དང་ཐུན་མོང་པའི་ལམ་རིམ་བསྟན་པ་ལ་གཉིས། ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ། དངོས་གཞིའི་སེམས་བསྐྱེད་པའོ། །དང་པོ་ནི། དེ་ནས་ ནས་ སྐྱབས་སུ་བཟུང༔ ཞེས་གསུངས་ཏེ། ལམ་རིམ་དེ་རྣམས་ཀྱིས་དལ་འབྱོར་ཆུད་ཟོས་སུ་མི་བཏང་བར་མྱུར་བ་ཉིད་དུ་ཁམས་གསུམ་ལས་ཐར་བར་འདོད་པའི་ངེས་འབྱུང་གི་བློ་སྐྱེས་པ་དེ་ནས། རང་སྟོབས་ཁོ་ནས་ནི་འཁོར་བའི་འཇིགས་པ་ལྟ་ཅི་སྨོས་ཚེ་འདིའི་འཇིགས་སྐྲག་ཙམ་ལས་ཀྱང་བརྒལ་མི་ནུས་པ་ཚད་མས་གྲུབ་པས། དེ་ལས་སྐྱོབ་ནུས་པའི་སྐྱབས་གནས་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། ཡུལ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ། བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་ཆོས་སྲུང་ཡེ་ཤེས་པའི་འཁོར་ཚོགས་དང་བཅས་པ་རྣམས། རང་ཉིད་ཉེས་པའི་སྐྱོན་ཐམས་ཅད་སྤངས་པས་སྲིད་པའི་འཆིང་བ་ལས་གྲོལ་ཞིང་ཚད་མེད་པའི་ཡོན་ཏན་དང་ལྡན་པས་གཞན་སྐྱོབ་པར་ནུས་པའི་ཕྱིར་ནམ་ཡང་བསླུ་བ་མེད་པར་གཏན་གྱི་སྐྱབས་སུ་གྱུར་པ་རྒྱུ་མཚན་ཤེས་པའི་ངེས་པས་མཐོང་ནས། བསམ་པ་རང་ཉིད་གཞན་དག་མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ཆེན་པོ་ལས་མྱུར་བ་ཉིད་དུ་བརྒལ་ཞིང་བསྒྲལ་བའི་ཕྱིར། དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ། ཚུལ་ལུས་གུས་པ། ངག་གདུང་བ། ཡིད་དད་མོས་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་བྱའོ། །འདིའི་དོན་ཅུང་ཟད་བཤད་ན་བདུན། དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ནི། ཇོ་བོ་རྗེས། སྔོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་སངས་རྒྱས་པའི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་མེད་དུ་མི་རུང་བ་དང་། ནང་པ་དང་ཕྱི་པའི་ཁྱད་པར་སྐྱབས་འགྲོ་ཡོད་མེད་ལས་འབྱེད་པ་དང་། འདི་དག་གི་སྐྱབས་ལ་མ་བརྟེན་པར་འཁོར་བ་ལས་ཐར་པའི་ཐབས་མེད་པའོ། །གཉིས་པ་སྐྱབས་ཡུལ་ལ་རྒྱུ་འབྲས་གཉིས་ལས། རྒྱུའི་ཡུལ་ནི་གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་རྩ་གསུམ་སྟེ་མཆོག་གསུམ་ལ་ཐེག་པ་ཆེ་ཆུང་གི་ངོས་འཛིན་མི་འདྲ་བ་ལས། ཐེག་ཆེན་བླ་ན་མེད་པའི་ལུགས་འདིར། སངས་རྒྱས་དག་པ་གཉིས་ལྡན་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དོན་གཉིས་ཕུན་སུམ་ཚོགས་པ། ཆོས་བརྗོད་བྱ་འགོག་ལམ་གྱིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་དང་རྗོད་བྱེད་གསུང་རབ་མིང་ཚིག་ཡི་གེར་སྣང་བ་ལུང་རྟོགས་གཉིས། དགེ་འདུན་དངོས་རྒྱལ་སྲས་འཕགས་པའི་སར་བཞུགས་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པ། རྗེས་མཐུན་ཚོགས་སྦྱོར་དང་ཉན་རང་འཕགས་པ་རྣམས་སོ། །སྔགས་ལ་དེ་སྟེང་ཁྱད་པར་གྱི་དཀོན་མཆོག་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཡུལ་ཡི་དམ། ཕྲིན་ལས་སྒྲུབ་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་སྟེ། བླ་མ་དཀོན་མཆོག་ཀུན་འདུས། ཡི་དམ་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ཡིན་ཀྱང་རྩལ་དུ་བཏོན་ནས་སྐྱབས་ཡུལ་དུ་བཟུང་བའོ། །འབྲས་བུའི་ཡུལ་རང་སེམས་སྟོང་གསལ་ཟུང་འཇུག་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་བཞུགས་པ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཏེ། དེའང་འབྲས་བུ་གྲུབ་པའི་ཆེད་དུ་སྐྱབས་གནས་སུ་ཁས་བླངས་ནས་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོ་དང་། སེམས་ཉིད་སངས་རྒྱས་མངོན་དུ་འགྱུར་བའི་ཕྱིར་རྒྱུ་ལ་འཇུག་པའམ་གཙོ་བོར་རང་ལ་ལྷུན་གྲུབ་ཏུ་ཡོད་པས་གཞན་དུ་མི་བཙལ་བར་རང་ལ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོ་སྟེ། ཡེ་ཤེས་གྲུབ་པ་ལས། དཀོན་མཆོག་གསུམ་གྱི་མངའ་བདག་ལ། །གཞན་དུ་ཕུན་ཚོགས་བདེ་འདོད་ནས། །གང་ཕྱིར་རྒྱུ་ལ་སྨོན་པ་དང་། །འོད་གསལ་བ་ཡི་སེམས་ཉིད་ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། །ཅེས་སོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། དམིགས་པ་སྒོམ་ཁྲིད་སོ་སོར་འབྱུང་བ་ལྟར་ལ་བསམ་པ་དང་དུས་དང་བྱེད་ཚུལ་གཞུང་གིས་དངོས་སུ་བསྟན་པ་བཞིན་ནོ། །བཞི་པ་ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ལ་མཐར་ཐུག་གི་སྐྱབས་དང་སྟོན་པ། དེས་བསྟན་པའི་དོན་ཉམས་སུ་བླངས་པས་འཇིགས་པ་ལས་ཐར་པའི་ཕྱིར་ཆོས་ལ་ལམ། དགེ་འདུན་ལ་ལམ་སྣ་འདྲེན་པའི་ཟླ་གྲོགས་ཞུ་ཞིང་དེ་བཞིན་དུ་སྐྱོབ་པ་ཡིན་ལ། གསང་སྔགས་ཀྱི་བླ་མ་ནི་མཆོག་གསུམ་གྱི་ཕྲིན་ལས་དེ་གཅིག་པུས་མཛད་པས་དེ་ཐམས་ཅད་ཀུན་འདུས་ཡིན་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །ཞེས་སོ། །ལྔ་པ་སྐྱབས་སུ་སོང་བའི་ཚད་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། རང་གཞན་གྱི་སྐྱབས་དང་དཀོན་མཆོག་ནང་ཕན་ཚུན་གྱི་ཁྱད་པར་ཤེས་པ། ཤེས་ནས་སྐྱབས་སུ་འགྲོ་བར་དམ་བཅས་པ། །དེ་ལས་སྲོག་གི་ཕྱིར་ཡང་སྐྱབས་གཞན་མི་འཚོལ་བ་སྟེ་ཁྱད་པར་བཞི་དང་ལྡན་པའོ། །དྲུག་པ་བསླབ་བྱ་ནི། དགག་སྒྲུབ་ཀྱི་ཕྱོགས་དྲུག་ཆ་མཐུན་དང་བཅས་པའོ། །བདུན་པ་ཕན་ཡོན་ནི། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །འཇིགས་དང་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་བར་བཤད། །ཅེས་དང་། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་སོགས་ལུང་མཐའ་ཡས་སོ། །གཉིས་པ་དངོས་གཞི་སེམས་བསྐྱེད་བཤད་པ་ལ་གཉིས། ཀུན་རྫོབ་དང་། དོན་དམ་སེམས་བསྐྱེད་དོ། །དང་པོ་ལའང་གཉིས། སྨོན་པ་དང་། འཇུག་པའི་སེམས་བསྐྱེད་དོ། །དང་པོ་ནི། རང་ཉམས་ལ་ ནས་ བྱང་སེམས་བསྐྱེད༔ ཅེས་གསུངས་ཏེ། ཇི་ལྟར་རང་ཉིད་རྣམ་པ་ཀུན་ཏུ་སྡུག་བསྔལ་མི་འདོད་ཅིང་བདེ་བ་རྒྱ་ཆེར་འདོད་པའི་ཉམས་མྱོང་ལས་རྗེས་སུ་དཔག་སྟེ་ཕ་མར་གྱུར་པའི་འགྲོ་བ་རིགས་དྲུག་པོ་རྣམས་ཀྱང་དེ་ལྟར་འདོད་པ་མཚུངས་ལྡན་ཡིན་པའི་ཕྱིར། དེ་དག་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་བསོད་ནམས་བྱེད་པ་དང་ལྡན་ཅིང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྣམས་བྲལ་བ་བདག་ཁོ་ནས་བྱ་དགོས་པའི་ཕྱིར། མར་ཤེས་པས་དང་དུ་ལེན་འདོད་ཀྱི་བྱམས་པ་དང་། དེ་དག་སྲིད་ལམ་དུ་སྡུག་བསྔལ་བར་ཤེས་ནས་སྤང་དུ་མི་བཟོད་པའི་སྙིང་རྗེ་དང་། ལྷ་དང་སངས་རྒྱས་ཀྱི་བདེ་བ་ཐོབ་པ་ལ་སྤྲོ་བའི་དགའ་བ་དང་། ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཏེ། རྒྱུ་ལ་དམ་བཅའ་བ་དེ་བཞི་པོ་མཁའ་ཁྱབ་ཀྱི་འགྲོ་བ་དམིགས་ཡུལ་དུ་བྱས་པས་ཚད་མེད་པ་སྟེ། ཏིང་འཛིན་རྣམ་པ་བཞིའི་སྒོ་ནས་འབྲས་བུ་ལ་དམ་བཅའ་བ། ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་བསམ་པས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །འདིའི་དོན་ཅུང་ཟད་བཤད་ན་བདུན། དང་པོ་སེམས་བསྐྱེད་ཀྱི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་པ་ལྟར། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་རང་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་སྟེ། །དེའང་རྒྱུ་གྲོགས་སྟོབས་སོགས་བཞི་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཁོ་ནས་ཁྱེར་བའི་ལྷག་བསམ་གྱི་སྙིང་སྟོབས་དང་ལྡན་པ། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་ཐོབ་པར་འདོད་པའོ། །གཉིས་པ་དབྱེ་བ་ནི། སོ་སྐྱེ་མོས་སྤྱོད་ནས་སངས་རྒྱས་ཀྱི་བར་ས་མཚམས་ཀྱི་དབྱེ་བ་བཞི། དཔེས་བསྟན་པ་ཉེར་གཉིས་སོགས་ཡོད་ཀྱང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་གཉིས་པོ་འདི་གོ་སླ་ཞིང་གྲགས་ཆེ་སྟེ། དེའང་འགྲོ་བར་འདོད་པ་དང་མཚུངས་པར་སངས་རྒྱས་ཐོབ་འདོད་ནི་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་བརྩོན་པ་ནི་འཇུག་པའི་སེམས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པས་ཤེས་པར་བྱ། །ཞེས་སོ། །གསུམ་པ་དམིགས་པ་ནི། བྱང་ས་ལས། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པའོ། །ཞེས་པ་ལྟར་ཐེག་པ་ཆེན་པོའི་ཡེ་ཤེས་འཚོལ་བར་དམིགས་པ་དང་། ཚད་མེད་པ་བཞི་ལ་དམིགས་པའོ། །བཞི་པ་བསྐྱེད་ཚུལ་ནི། གཞུང་གི་དངོས་བསྟན་ཉིད་དེ། དེ་ལའང་ཚད་མེད་བཞིའི་ངོ་བོ་ནི། སེམས་ཅན་ཐམས་ཅད་སྔར་མེད་ཀྱི་བདེ་དགེ་གསར་པ་དང་འཕྲད་པར་འདོད་པ་ནི་བྱམས་པ། དེ་ལྟར་ཡོད་པའི་སྡུག་བསྔལ་བྲལ་ཞིང་ཕྱིན་ཆད་དེའི་རྒྱུ་འགོག་འདོད་ནི་སྙིང་རྗེ། དེ་ལྟར་འགྲོ་རྣམས་བདེ་བ་དང་ལྡན་པར་དགའ་ཞིང་ཡི་རངས་པས་དྲངས་པ་ནི་དགའ་བ། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་ལྡན་གྱི་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི་བཏང་སྙོམས་ཏེ་རང་རང་གི་མི་མཐུན་ཕྱོགས་སྤངས་པའོ། །མིང་དོན་ནི། སེམས་ཅན་གྲངས་དང་རིས་སུ་ཆད་པ་མ་ཡིན་པར། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་འགྲོ་ཁམས་ཀྱིས་ཁྱབ་པ་དམིགས་ཡུལ་བྱས་པས་ཚད་མེད་པའོ། །དབྱེ་བ་ནི། སྙིང་པོ་མཆོག་གི་མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པས་མ་ཟིན་པའི་བྱམས་སོགས་བཞིའི་སྲིད་བདེའི་རྒྱུ་ཙམ་ཡིན་པས་ཚངས་པའི་གནས་པ་བཞི་ཞེས་བྱ་ཞིང་། དེ་བཞི་སེམས་བསྐྱེད་ཀྱིས་ཟིན་པ་ནི་མྱང་འདས་ཀྱི་རྒྱུ་བྱེད་བས་ཚད་མེད་བཞི་ཞེས་བཤད་དོ། །སྐྱེད་བྱེད་ནི་རྐྱེན་བཞི་སྟེ། རང་བཞིན་གནས་རིགས་རྒྱུའི་རྐྱེན། དགེ་བའི་བཤེས་གཉེན་བདག་རྐྱེན། རང་རང་གི་ཡུལ་མངོན་གྱུར་དམིགས་རྐྱེན། ཕན་ཡོན་དང་ཉེས་དམིགས་མཐོང་བ་དེ་མ་ཐག་རྐྱེན་ནོ། །སྐྱེ་ཚུལ་ནི། སེམས་ཅན་ལ་བརྟེན་ནས་དམིགས་པ་དང་བཅས་པའི་ཚད་མེད་བཞི་སྐྱེ་ཞིང་། ཆོས་ཉིད་ལ་བརྟེན་ནས་དེ་དག་གི་རང་བཞིན་མ་སྐྱེས་པར་རྟོགས་པ་དམིགས་པ་མེད་པར་བཞི་པོས་སྐྱེ་བ་ས་སྡེ་དང་མདོ་རྒྱན་ལས་བཤད་དོ། །གོ་རིམ་ནི། ཡུམ་བར་མ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་དང་། བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པར་བྱ། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་མདོ་རྒྱུད་མཐུན་བར་གསུངས་སོ། །ལྔ་པ་ཆོ་ག་ནི། ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཁྱད་པར་སྔགས་ཀྱི་ཚུལ་ལས་བྱུང་བ་རྣམས་སོ། །དྲུག་པ་བསླབ་བྱ་ནི། སྤྱིར་ཉམས་སུ་བླང་བྱའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་ཡང་། ཁྱད་པར་སྨོན་པའི་བསླབ་བྱ་ནི། བྱང་སེམས་ཀྱི་ཕན་ཡོན་དྲན་པས་སེམས་ཅན་བློས་མི་སྤོང་བ་དང་། ཚོགས་བསགས་ཤིང་ཚད་མེད་བཞི་བསྒོམ་པ་དང་། དཀར་ནག་ཆོས་བརྒྱད་བླང་དོར་དུ་བྱ་བའོ། །འཇུག་པའི་བསླབ་བྱ། བསླབ་པ་རྣམ་པ་གསུམ་གྱིས་བསྡུས་པའི་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སློབ་ཚུལ་རྒྱས་པ་འོག་ཏུ་འབྱུང་བ་ལྟར་རོ། །བདུན་པ་ཕན་ཡོན་ནི། སངས་རྒྱས་མ་བསྒྲུབ་ན་ཕར་ཞོག །བསྒྲུབ་ཕྱིན་ཆད་ནམ་ཡང་མེད་ཐབས་མེད་པས་ཡོན་ཏན་ལ་ཚད་མེད་པར་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་རྣམས་སུ་ཡང་ཡང་གསུངས་པ་ལྟར་ལ། མདོར་ན། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་མདོ་ལས་འབྱུང་བ་ལྟར་རོ། །གཉིས་པ་འཇུག་པ་ལ་གསུམ། རང་སྨིན་པར་བྱེད་པ་ཕར་ཕྱིན་དྲུག་ལ་བསླབ་པ། གཞན་སྨིན་པར་བྱེད་པ་བསྡུ་དངོས་བཞི་ལ་བསླབ་པ། དེ་གཉིས་ཀྱི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ལོ། །དང་པོ་ནི། གཞན་ཕྱིར་ ནས་ མངོན་དུ་བྱ། ཞེས་གསུངས་ཏེ། བསམ་པ་མཁའ་ཁྱབ་ཀྱི་སེམས་ཅན་གཞན་དག་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཕྱིར་དུ་རང་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་དོན་དུ་གཉེར་བའི་བློས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱ་སྟེ། དེའང་མདོ་ལས། ལག་བཟང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་བསླབ་པར་བྱའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་ཕྱིན་དྲུག་གི་དང་པོ་སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བ། ཀུན་སློང་བཤད་མ་ཐག་པ་གཞན་ཕྱིར་རྫོགས་བྱང་དོན་གཉེར་གྱི་བློ་དང་ལྡན་པས། གཏང་བྱ་སྦྱིན་པ་ལ་དབྱེ་ན་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་གསུམ་ལས། དང་པོ་ནི། བསམ་པ་དངོས་པོ་ཞིང་དང་ཐབས་ཏེ་མ་དག་པ་བཞི་དང་བྲལ་ལ་དག་པ་བཞི་དང་ལྡན་པས། ནང་གི་དངོས་པོ་རང་གི་ལུས་སུ་གཏོགས་པ་དང་ཕྱིའི་དངོས་པོ་རང་ལ་བདོག་པའི་འབྱོར་བ་ལོངས་སྤྱོད་ཇི་སྙེད་པ་ཐམས་ཅད་ཁྱད་པར་དུ་བྱས་པའི་ཞིང་བཞི་ལ་བསམ་སྦྱོར་ཕུན་སུམ་ཚོགས་པས་སེར་སྣ་མེད་པར་རྩྭ་ལྟར་ཡོངས་སུ་གཏོང་བ་དང་། གཉིས་པ་ནི། རྒྱལ་པོ་དང་གཅན་གཟན་དང་དགྲ་དང་ཆོམ་རྐུན་མེ་ཆུ་ནད་གདོན་སོགས་འཇིགས་པས་ཉེན་པ་ལ་རང་གི་ནུས་པ་དང་སྦྱར་ཏེ་སོ་སོའི་གཉེན་པོ་གང་ལ་འོས་པའི་སྐྱབས་ཀྱི་ཐབས་སྦྱིན་པས་འཇིགས་པ་དེ་ལས་དབུགས་འབྱིན་པར་བྱེད་པ་དང་། གསུམ་པ་ནི། གཞན་དད་ཅིང་རང་མི་ཉམས་པར་བྱ་བའི་ཕྱིར་རང་ཡང་སྒོ་གསུམ་གྱི་མ་དག་པ་སྤོང་ཞིང་དག་པ་གསུམ་ལྡན་གྱིས་དམ་པའི་ཆོས་ལ་སྤྱོད་པས་དགེ་བའི་བཤེས་གཉེན་གྱི་འོས་སུ་འགྱུར་ཞིང་། དེ་ལས་གཞན་ཡང་གུས་ཤིང་སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམས་པར་འགྱུར་བས། ཡུལ་ཆོས་འདོད་པ་ལ། བསམ་པ་ཟང་ཟིང་མེད་པའི་སེམས་ཀྱིས། ཐེག་པ་ཆེ་ཆུང་གི་ཆོས་སྣོད་དང་འཚམས་པ། ཆོས་སྟོན་པའི་ཐབས་དང་ལྡན་པས། རང་གིས་སློབ་པའི་ཆོས་དེ་ལ་འགོད་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ངོ་བོ་ནི། ལེན་པ་དང་སྲུང་བས་བསྡུས་པའི་ཡོན་ཏན་བཞི་ལྡན། གང་ཟག་ཉེས་པ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་དང་། ངེས་པར་འབྱུང་བའི་བློས་བསླབ་པ་ལ་རབ་ཏུ་དང་ཞིང་མོས་པའི་བློ་དང་ལྡན་པས། བསླབ་བྱ་ལ་དབྱེ་ན། སྡོམ་པའི། དགེ་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། དང་པོ་ནི། ཐུན་མོང་བ་སོ་ཐར་རིས་བདུན། ཐུན་མོང་མ་ཡིན་པ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལས་བྱུང་བའི་བྱང་སྡོམ་གྱི་བསླབ་བྱ་ཐམས་ཅད་ལེགས་པར་བསྲུངས་ཏེ་སྒོ་གསུམ་ལ་ཁ་ན་མ་ཐོ་བར་འགྱུར་བའི་ཉེས་སྤྱོད་ཀྱི་རྒྱུན་བཅད་དེ་ཕྱིན་ཆད་བསྡམ་པ་དང་། གཉིས་པ་ནི། གཙོ་བོར་ལུས་ངག་གི་བྱ་བ་དང་འབྲེལ་ཞིང་ཤེས་རབ་ཀྱིས་མ་ཟིན་པ་ཟག་བཅས་ཀྱི་དགེ་བ་དང་། གཙོ་བོར་སེམས་ཀྱི་ཏིང་ངེ་འཛིན་དང་འབྲེལ་ཞིང་ཤེས་རབ་ཀྱིས་ཟིན་པ་ཟག་མེད་ཀྱི་དགེ་བའི་ཚོགས་ཅི་ནུས་སུ་བསྒྲུབ་པ་དང་། །གསུམ་པ་ནི། བྱང་ས་ལས་བྱ་བ་དོན་ལྡན་གྱི་གྲོགས་བྱེད་པ་སོགས་རྣམ་པ་བཅུ་གཅིག་ཏུ་གསུངས་ཀྱང་། མདོར་ན་སྒོ་གསུམ་གྱི་བྱ་བ་ཅི་བྱེད་པ་ཐམས་ཅད་སེམས་ཅན་གཞན་ཁོ་ནའི་དོན་དུ་བྱེད་པའི་ལྷག་བསམ་གྱི་འཕེན་པ་བཏང་ནས་དངོས་སུ་གཞན་ཕན་གྱི་བྱ་བ་ལག་ཏུ་ཅི་ལོན་བྱའོ། །གསུམ་པ་བཟོད་པའི་ངོ་བོ་ནི། བཟང་ངན་ལ་དགག་སྒྲུབ་བྲལ་བའི་ཇི་མི་སྙམ་པ། དོན་ཆེད་མི་འོས་པའི་ལོག་སྒྲུབ་སོགས་གནོད་པའི་ཡུལ་གྱིས་རང་གི་ལྷག་པའི་བསམ་པ་ལ་ནམ་ཡང་མི་བརྫི་ཞིང་གཡོ་བ་མེད་པའི་ཕྱིར་བསྒོམ་པ་སྟེ། དེ་ལ་དབྱེ་ན། གནོད་པ་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་སེམས་གསུམ་ལས། དང་པོ་ནི། བདག་དང་བདག་གི་བའི་ཕྱོགས་ལ་ཁྲོ་འཁྲུགས་བཅོམ་རྡེག་གཤེ་སྐུར་བྱེད་པ་སོགས་གནོད་པ་ལ་ཁོང་ཁྲོ་བྱུང་ན། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་བར་འགྱུར། །ཞེས་སོགས་དེའི་ཉེས་པ་དྲན་ཅིང་གཞན་ཡང་འདུ་ཤེས་ལྔ་དང་བརྟགས་པ་རྣམ་པ་དགུའི་སྒོ་ནས་གནོད་པ་དེ་དག་ལ་ཇི་མི་སྙམ་དུ་བཟོད་པ་དང་། གཉིས་པ་ནི། བྱང་ཆུབ་སྒྲུབ་པའི་ཆོས་ཀྱི་ཕྱིར་དུ་རང་གི་སྒོ་གསུམ་ལ་བྱ་དཀའ་བའི་སྡུག་བསྔལ་ཆེན་པོ་ཅི་ཞིག་བྱུང་ཡང་སྤྲོ་བ་ཉམས་པ་མེད་པར་དགའ་བཞིན་དང་དུ་ལེན་པ་ནི། དཔེར་ན་ནད་དྲག་པོའི་སྡུག་བསྔལ་སེལ་སླད་དཔྱད་རྩུབ་མོ་བསྟེན་པ་བཞིན་འཁོར་བའི་གཡུལ་ངོ་ཟློག་ཅིང་ཉོན་མོངས་པའི་དགྲ་འཇོམས་པའི་དཔའ་བོ་ཆེན་པོ་ཡིན་པ་དང་། གསུམ་པ་ནི། དཀོན་མཆོག་གི་ཡོན་ཏན་སོགས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་མོས་པ་དང་། ཁྱད་པར་ཡང་དག་པའི་དེ་ཁོ་ན་ཉིད་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་གནས་ལུགས་སྤྲོས་བྲལ་སྟོང་པ་ཉིད་ཟབ་མོ་ལ་སྐྲག་པ་མེད་པ་དང་མོས་ཤིང་ཁོང་དུ་ཆུད་པར་བྱ་བའོ། །བཞི་པ་བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་ཞིང་ལེ་ལོ་མེད་པ། རྒྱུ་སྔོན་གྱི་ལས་འཕྲོ་བཟང་པོས་སྙིང་སྟོབས་རླབས་པོ་ཆེ་དཀར་པོ་དགེ་བའི་ཕྱོགས་སུ་སད་པ། དེ་ཡིས་བརྩོན་བྱ་ལ་དབྱེ་ན། གོ་ཆའི། སྦྱོར་བའི། དོན་བྱེད་ཀྱི་བརྩོན་འགྲུས་གསུམ་ལས། དང་པོ་ནི། དུས་འདི་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ་བདག་གི་བྱང་ཆུབ་སྤྱོད་པ་སྐད་ཅིག་ཀྱང་མི་འདོར་སྙམ་དུ་དུས་རིང་བ་དང་བསྒྲུབ་དཀའ་བ་སོགས་ལ་སེམས་ཞུམ་པ་མེད་པའི་གོ་ཆ་གྱོན་པ་དང་། གཉིས་པ་ནི། ཉོན་མོངས་སྤོང་བ་དང་། དགེ་བ་སྒྲུབ་པ་དང་། གཞན་དོན་བྱེད་པ་རྣམས་ལ་ཉིན་དང་མཚན་མོ་ཀུན་ཏུ་སྐད་ཅིག་ཀྱང་གཡེང་བ་མེད་པར་རྟག་གུས་མི་གཡོ་མི་ལྡོག་ང་རྒྱལ་མེད་པའི་བརྩོན་འགྲུས་བརྩམ་པ་དང་། གསུམ་པ་ནི། སེམས་ཅན་གཞན་ལ་དངོས་དང་བརྒྱུད་ནས་ཕན་པར་བྱེད་པའི་དོན་ཅུང་ཟད་རེ་འགྲུབ་ན་རང་ཉིད་བསྐལ་པར་ངན་འགྲོ་གནས་དགོས་ནའང་སྐྱོ་བ་དང་ངལ་བའི་སེམས་སྤང་བར་བྱས་ནས་དོན་དེ་ཐོག་མར་སྒྲུབ་པར་བྱེད་པའོ། །ལྔ་པ་བསམ་གཏན་གྱི་ངོ་བོ་ནི། སེམས་བྱུང་དགེ་བའི་ངོ་བོར་ནང་དུ་རྩེ་གཅིག་ཏུ་གནས་པ། སྦྱོར་བ་རང་གི་ཡིད་གཡོ་བ་དང་བཅས་པ་འདི་ནི་གནོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྣམ་པར་རྟོག་པ་ཞི་བའི་བདེ་བ་ལ་མངོན་པར་འདོད་པའི་སེམས་པས། ལུས་འདུ་འཛི། སེམས་རྣམ་རྟོག་ལས་བསྲིང་ཞིང་འདོད་ཆུང་ཆོག་ཤེས་སོགས་རྒྱུ་བསྒྲུབ་པ་དང་། ཉེས་པ་ལྔ་སྤངས་པའི་འདུ་བྱེད་བརྒྱད་བསྟེན་པ་སོགས་སྔོན་དུ་སོང་ནས་དངོས་གཞིའི་བསམ་གཏན་ལ་དབྱེ་ན། མཐོང་ཆོས་བདེན་གནས། ཡོན་ཏན་སྒྲུབ་པ། སེམས་ཅན་དོན་བྱེད་གསུམ་ལས། དང་པོ་ནི། སེམས་གནས་པའི་ཐབས་དགུ་ལ་བརྟེན་ཏེ། རྣམ་རྟོག་ཀུན་དང་བྲལ་བའི་ལུས་སེམས་ཤིན་སྦྱང་གི་བདེ་བ་རོ་མྱོང་དང་རློམས་སེམས་མེད་པ་འཇིག་རྟེན་པའི་ལམ་དང་ཐུན་མོང་གྱུར་པའི་བསམ་གཏན་ཡིན་ལ། དེ་ཉིད་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་ཡིན་པས་གཞིར་གཟུང་བར་བྱ་དགོས་ཏེ། དེ་ལའང་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་ཉེར་བསྡོོགས་དང་དངོས་གཞི་རྣམས་ཀྱི་ཁྱད་པར་སོགས་ཡོད་དོ། །གཉིས་པ་ནི། བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་ཐོབ་པར་བྱེད་པ་ལ་ཡིད་བྱེད་བདུན་གྱིས་འཇིག་རྟེན་པའི་ལྷག་མཐོང་བསྒྲུབ་དགོས་པས་མཉམ་གཞག་ཞི་གནས་དང་རྗེས་ཐོབ་ལྷག་མཐོང་གཙོར་བྱེད་པ་དང་བཅས། ཉན་ཐོས་དང་ཐུན་མོང་བ་ཟད་པར་བཅུ་དང་ཟིལ་གནོན་དང་རྣམ་ཐར་བརྒྱད་ལ་སོགས་པ་དང་། ཐུན་མོང་མིན་པ་ཉན་རང་གི་སྤྱོད་ཡུལ་ལས་འདས་པའི་རྣམ་ཐར་དང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་རབ་ཏུ་བསྒྲུབ་པས་ཚོགས་སྦྱོར་མཐར་ཕྱིན་པའོ། །གསུམ་པ་ནི། དེ་ནས་མཐོང་ལམ་ཡན་ཆད་དུ་འཕགས་པའི་ཏིང་ངེ་འཛིན་ཐོབ་པ་ལ་ཟག་མེད་དམ་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་བྱ་སྟེ། དེའི་མཐུས་ལུས་ཀྱི་བཀོད་པ་མཐའ་ཡས་པ་སྤྲུལ་ཏེ་གཞན་དོན་བཅུ་གཅིག་སོགས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཉིད་ལ་ཞུགས་པ་སྟེ། རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་སངས་རྒྱས་ཐམས་ཅད་དང་། །འགྲོ་བ་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཚུངས་པ་ཉིད། །ཅེས་སོགས་གསུངས་པ་ལྟར་རོ། །འདི་ཡན་ཆད་ཀྱི་ཕར་ཕྱིན་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ཅིང་ཞེན་པ་དང་རེ་བ་མེད་པ་དང་མཐར་མི་རྟོག་པའི་བསྔོ་བས་སྤེལ་ཞིང་། སྟོང་ཉིད་དང་སྙིང་རྗེས་དག་པའི་ཐབས་དང་ལྡན་དགོས་སོ། །དྲུག་པ་ཤེས་རབ་ཀྱི་ངོ་བོ་ནི། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཏེ་དངོས་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ཀྱང་། འདིར་དེའི་རྒྱུ་སོ་སོར་རྟོག་པའི་བློ་གྲོས་ཀྱིས་ཤེས་རབ་ཇི་ལྟར་བསྐྱེད་ན། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ། །ཅེས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་རིམ་གྱིས་བསྐྱེད་པར་བྱ་བ་ལས། དང་པོར་ཐོས་པའི་ཤེས་རབ་ཀྱིས་ཤེས་བྱ་ཇི་སྙེད་པའི་ཆོས་རྣམས་ཀྱི་སྒྲ་ཚིག་མ་ལུས་པ་ཁོང་དུ་ཆུད་པར་བྱ་དགོས་ཏེ། དེའང་སྒྲ་ཚད་བཟོ་གས་ོལ་སོགས་པ་འཇིག་རྟེན་པའི་ཤེས་རབ་དང་། ལེགས་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཤེས་པ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་འབྲས་མིང་རྒྱུ་ལ་བཏགས་པ་བཅས། མདོར་ན་ཤེས་བྱ་གང་ལའང་རྨོངས་པ་མེད་པའི་ཐོས་པ་ཕྱོགས་མེད་དུ་བྱ། གཉིས་པ་ནི། ཐོས་པ་དེའང་བླུན་པོ་དད་པའི་རྗེས་འབྲང་ཙམ་དུ་མ་བཞག་པར་བར་དུ་རྟོག་ཅིང་ཞིབ་མོར་དཔྱོད་པའི་བསམ་པས་དོན་སྤྱི་ཙམ་དུ་མ་ལུས་པར། ཚད་མའི་ལུང་། དངོས་སྟོབས་ཀྱི་རིག་པ། འགལ་མེད་ཀྱི་སྒྲུབ་བྱེད་དང་ལྡན་པས་བདེན་གཉིས་དྲང་ངེས་ལ་སོགས་ཟབ་མོའི་དོན་གྱི་གོ་བ་ཚུལ་བཞིན་དུ་བཙལ། གསུམ་པ་ནི། ཐོས་བསམ་གྱིས་ངེས་པ་རྙེད་པའི་ཚུལ་དེ་ཉིད་ཐ་མར་བླང་དོར་གྱི་སྒོ་ནས་རང་གི་རྒྱུད་ལ་སྦྱོར་ཞིང་ཁྱད་པར་ལྟ་བའི་དོན་ཉིད་རྩེ་གཅིག་ཏུ་སྒོམ་པས་ཉམས་སུ་བླངས་ཏེ་ཚིག་དང་ཡིད་དཔྱོད་ཙམ་དུ་མ་སོང་བར་གནས་ལུགས་ཀྱི་དོན་ཡང་དག་པའི་མངོན་རྟོགས་ཉིད་མངོན་དུ་ཐོབ་པར་བྱའོ། །འདི་དག་གི་དོན་རྒྱས་པ་མདོ་རྒྱན་སོགས་སུ་འབྱུང་བ་ལྟར་ལ། བསྡུ་ན་ཕྱིན་དྲུག་གི་མཚན་ཉིད་ནི། བྱང་སེམས་ཀྱིས་བསྒྲུབ་པའི་བསླབ་བྱ་གང་ཞིག །ཁྱད་ཆོས་བཞི་དང་ལྡན་པའི་སྦྱིན་སོགས་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། ཁྱད་ཆོས་བཞི་ནི། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། དེ་ལྟར་བྱས་ནས་ཆོས་བསྟན་པས་གདུལ་བྱའི་རྒྱུད་བྱང་ཆུབ་གསུམ་གང་རུང་དུ་སྨིན་པར་བྱེད་པའོ། །རབ་དབྱེ་ནི། སྦྱིན་པ་སོགས་དྲུག་པོ་རེ་རེ་ལའང་སྦྱིན་སོགས་དྲུག་རེར་དབྱེ་ན། གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་སྦྱིན་པའི་སྦྱིན་པ་སོགས་སོ་སོའི་སྦྱིན་པ། དེ་བཞིན་དུ་རང་རང་གི་མི་མཐུན་ཕྱོགས་ཀྱིས་མ་གོས་པར་སྤྱོད་པ་སོ་སོའི་ཚུལ་ཁྲིམས། རང་རང་གི་དཀའ་སྤྱད་བཟོད་པས་སྤྱོད་པ་སོ་སོའི་བཟོད་པ། དགའ་སྤྲོ་དང་བཅས་པས་སྤྱོད་པ་སོ་སོའི་བརྩོན་འགྲུས། དེ་ལྟར་བརྩོན་པས་སེམས་ཟིན་ཏེ་གཞན་དུ་མི་གཡེང་བས་སྤྱོད་པ་སོ་སོའི་བསམ་གཏན། འཁོར་གསུམ་མི་རྟོག་པའི་སྒོ་ནས་ཕྱིན་དྲུག་ལ་སྤྱོད་པ་སོ་སོའི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བར་མངོན་རྒྱན་ལས་བཤད་ཅིང་། དེར་མ་ཟད་མདོ་སྡེ་བསྐལ་བཟང་ལས་དབྱེ་བ་རྒྱ་ཆེར་འབྱུང་བ་སོགས་སོ། །གྲངས་ངེས་ནི། བྱང་སེམས་ཀྱི་བསྒྲུབ་པའི་ཆོས་ཐམས་ཅད་བསླབ་པ་གསུམ་དུ་འདུ་བ་ལ་ལྟོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་ལ་ཆགས་པ་དང་བྲལ་བ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ལ། དེ་ལས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ། དེ་གསུམ་ནི་རྒྱུ་དང་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུས་སོ། །བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པར་བསྡུས་ལ། བརྩོན་འགྲུས་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བ་ཡིན་ནོ། །སྒྲུབ་ཚུལ་ནི་མདོ་རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིན། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟེན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །དེ་ཐམས་ཅད་ཀྱང་དམ་པ་དྲུག་དང་ལྡན་པར་ཉམས་སུ་བླང་དགོས་ཏེ། རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྤྱིན་སོགས་ཕྱོགས་རེ་མ་ཡིན་པར་གཞི་ཐམས་ཅད་ལ་འཇུག་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། རྣམ་དག་དམ་པ་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་སྤྱོད་པ་རྣམས་སོ། །གཉིས་པ་གཞན་སྨིན་བྱེད་བསྡུ་དངོས་ལ་བསླབ་པའི་ཚུལ་ནི། རང་རྒྱུད་སྨིན་ ནས་ རབ་ཏུ་འགོད༔ ཅེས་གསུངས་ཏེ། དེ་ལྟར་འཇུག་པའི་སྤྱོད་པ་ལ་བསླབས་པས་རང་རྒྱུད་ཡོངས་སུ་སྨིན་པར་གྱུར་ནས་སེམས་ཅན་གཞན་དག་སྨིན་པར་བྱེད་དགོས་པས། དེའི་ཐབས་སམ་ལག་ལེན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་བསྡུ་བའི་དངོས་པོ་བཞི་ཡིན་ཏེ། མདོ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་གོ་རིམ་དང་རྣམ་གྲངས་བསྟན། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པར་བྱེད་དང་འཇུག་བྱེད་དང་། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །ཞེས་དགོས་ཆེད་སྒྲ་དོན་སོགས་རྒྱས་པར་གསུངས་པ་དེ་མཚུངས་པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་སྤྱོད་པ་ཡིས་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་ཇི་ལྟར་བྱ་བའི་ཚུལ་ཡང་བསྟན་པ་ལྟར། ཐོག་མར་གདུལ་བྱའི་སྣོད་ལྡན་འཁོར་དུ་མ་འདུས་པ་རྣམས་ལ་ཟང་ཟིང་གི་དངོས་པོ་ཇི་ལྟར་འོས་པ་སྤྱིན་པས་ལེགས་པར་བསྡུས་ལ། འདུས་ནས་ཕ་རོལ་པོའི་བློ་ལ་འཐད་ཅིང་ཡིད་ལ་འབབ་པའི་ཚིག་སྙན་པར་སྨྲ་བའི་གཏམ་སྨྲས་པས་ཡིད་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་དྲང་། དྲངས་པ་དེ་དག་སླར་མི་ལྡོག་པ་རང་གི་རྗེས་སུ་འཇུག་ཅིང་སྤྲོ་བ་སྐྱེད་པའི་ཕྱིར་རང་ཉིད་ཀྱང་གཞན་ལ་བཤད་བྱའི་ཆོས་དོན་དེ་དག་དང་མི་འགལ་ཞིང་མཐུན་པར་སྤྱོད་པ་ལ་སྐྱོ་དུབ་མེད་པར་བྱ་བས་བློ་བག་ཕབས་ཏེ། གདུལ་བྱའི་ཁམས་དང་དབང་པོ་དམན་འབྲིང་མཆོག་གི་ཁྱད་པར་དང་མཐུན་པར་ཐེག་པ་ཆེ་ཆུང་གི་ཆོས་སྒོ་སོ་སོར་བསྟན་ནས་དེའི་དོན་སྒྲུབ་ཅིང་སྤྱོད་དུ་འཇུག་པའི་གཏན་འདུན་གྱི་གྲོས་ཆེན་གདབ། བཞི་པོའང་བསྡུ་ན་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་གཉིས་སུ་འདུ་བ་ཡིན་ལ། དེ་གཉིས་པོས་གནས་སྐབས་དང་མཐར་ཐུག་དག་ཏུ་འཕྲལ་གྱི་ཕན་པ་དང་ཡུན་གྱི་བདེ་བའི་དཔལ་ལ་འགྲོ་བ་རྣམས་རབ་ཏུ་འགོད་པར་བྱའོ། །གསུམ་པ་དེ་དག་གི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ནི། གནད་ཀྱི་ ནས་ བྱང་སེམས་སྦྱང༔ ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཉམས་ལེན་མ་ལུས་པའི་གནད་ཀྱི་སྙིང་པོར་དྲིལ་ན་གསུམ་སྟེ། རྒྱུ་ལ་སྦྱོང་བ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམ། སེམས་དངོས་ལ་སྦྱོང་བ་ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་བླང་། སྤྱོད་པ་ལ་སྤྱོང་བ་དགེ་བ་གཞན་དོན་དུ་བསྔོ་ཞིང་བདེ་སྡུག་གཏོང་ལེན་ལ་རྩེ་གཅིག་ཏུ་འབད་པར་བྱ་སྟེ། དེའང་ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་བདག་གཞན་བརྗེ་བའི་བློ་སྦྱོང་ཟབ་མོ་ལ་བསླབ་པ་གལ་ཆེ་སྟེ། །དེའི་རྒྱུ་མཚན་ཡང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་རྣལ་མ་དང་ལྡོག་ཕྱོགས་ཀྱི་སྒོ་ནས་བསྟན་པ་ལྟར་ཡིན་ལ། དེའི་ཚུལ་ཡང་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང་། །ཞེས་པའི་དོན་ལྟར་ནམ་མཁས་ཁྱབ་པའི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་དང་ཉོན་མོངས་པ། འབྲས་བུ་ལུས་སེམས་ལ་སྡུག་བསྔལ་གྱི་ཚོར་བ་ཇི་སྙེད་ཡོད་པ་ཐམས་ཅད་བདག་གི་ཁུར་དུ་ཐེ་ཚོམ་མེད་པར་དགའ་བཞིན་སྤྲོ་བཞིན་དུ་བླང་བའི་འདུན་པ་བྱ་བ་དང་། བདག་གི་རྒྱུད་ལ་ཐོག་མ་མ་མཆིས་པ་ནས་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་དང་། འབྲས་བུ་ལུས་སེམས་ལ་བདེ་བའི་ཚོར་བ་ཅི་ཡོད་པ་ཐམས་ཅད་འགྲོ་བ་རིགས་དྲུག་གི་སེམས་ཅན་ཀུན་ལ་རེ་རེ་ནས་ཚང་བར་སྦྱིན་པའི་འདུན་པ་བྱ་བ་སྟེ། དེ་དག་ཀྱང་བློ་སྦྱོང་དོན་བདུན་མ་ལས། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་གཉིས་རླུང་ལ་བསྐྱོན་ཏེ་བྱ། །ཞེས་པ་ལྟར་ཉམས་སུ་ལེན་ཅིང་། ཁམས་བཟང་ངན་སྐྱིད་སྡུག་མཐོ་དམན་ཇི་ལྟར་བྱུང་ཡང་རྐྱེན་ངན་གྱིས་མི་འཆོར་བའི་གོ་ཆ་ཆེན་པོར་བགོས་ལ་སྙིང་རྗེ་གཞིར་བྱས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྩེ་གཅིག་ཏུ་སྦྱངས་ལ་སྐྱེས་བརྟན་གོང་འཕེལ་དུ་བྱའོ། །གཉིས་པ་དོན་དམ་སེམས་བསྐྱེད་བསྟན་པ་ལ་གསུམ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། དེའི་འབྲས་བུ་བསྟན་ཏེ་མཚམས་སྦྱར་བའོ། །དང་པོ་ལའང་བཞི། ཕྱི་གཟུང་ཡུལ་རང་བཞིན་མེད་པར་གཏན་ལ་འབེབས་པ། ནང་འཛིན་པ་དང་གང་ཟག་གི་བདག་རང་བཞིན་མེད་པར་གཏན་ལ་འབེབས་པ། དཔྱོད་བྱེད་ཀྱི་བློ་རང་བཞིན་མེད་པར་གཏན་ལ་འབེབས་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཁྱད་པར་ཕྱི་ ནས་ ལྟ་བུར་བལྟ༔ ཞེས་གསུངས་ཏེ། ཐབས་ཀུན་རྫོབ་བྱང་སེམས་ལས་ཁྱད་པར་དུ་གྱུར་པ་ཤེས་རབ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལའང་ཐོག་མར་ཕྱི་རོལ་ཏུ་བདེན་བདེན་ལྟར་སྣང་བ་བདག་ཏུ་འཛིན་པས་གཟུང་བར་བྱ་བའི་ཡུལ་ཐམས་ཅད་ལུང་རིག་གིས་ལེགས་པར་བརྟགས་ན་གཅིག་ཀྱང་བདེན་པ་མ་ཡིན་པ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མའི་དངོས་པོ་ལྟ་བུར་སྣང་བ་ཡིན་ནོ། །དེའང་གྲུབ་མཐས་བློ་མ་བསྒྱུར་བའི་འཇིག་རྟེན་ཕལ་པ་རྣམས་ཀྱིས་སྣང་དངོས་བདེན་རྟག་ཏུ་ཞེན་ཅིང་། གྲུབ་མཐའ་ལོག་པར་ཞུགས་པའི་མུ་སྟེགས་པ་རྣམས་ཀྱིས་རྟག་པ། གཅིག་པུ། རང་དབང་ཅན་སོགས་སུ་འདོད་པ་ཡོད་ཀྱང་མ་རྟོགས་པ་དང་ལོག་པར་རྟོག་པ་ལ་ཞུགས་པ་ཡིན་ཏེ། འདི་ལྟར་སྣང་དངོས་རྣམས་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། རྟག་ལ་བྱ་བ་མེད་ཕྱིར་རོ། །ཞེས་པ་ལྟར་ཏེ་ནམ་མཁའ་བཞིན་ནོ། །དེ་ཆོས་ཅན། མི་རྟག་པར་ཐལ། འཁྲུལ་ངོར་རྒྱུན་འཕོ་བས་དོན་བྱེད་ནུས་པའི་ཕྱིར། ས་བོན་དང་མྱུ་གུ་བཞིན་ནོ། །སྣང་བ་རྟག་ཆོས་ཅན། གཅིག་པུ་མ་ཡིན་པར་ཐལ། དངོས་སྣང་སྣ་ཚོགས་སུ་འབྱུང་ཞིང་འགྱུར་བའི་ཕྱིར། ཆུའི་དངོས་པོ་གཅིག་ལ་རིགས་དྲུག་གི་མཐོང་ཚུལ་ཐ་དད་པ་བཞིན། དེ་ཆོས་ཅན། སྣ་ཚོགས་པའང་དོན་ལ་བདེན་པ་མེད་པར་ཐལ། རྐྱེན་ལས་བྱུང་བའི་ཕྱིར་འཇའ་ཚོན་བཞིན་ནོ། ཁམས་གསུམ་པོ་ཆོས་ཅན། རང་དབང་དུ་འགྱུར་བ་མེད་པར་ཐལ། ལས་ཀྱི་ཕྱི་བཞིན་དུ་འགྲོ་བའི་ཕྱིར། འགྱུར་བའི་སྡུག་བསྔལ་བཞིན་ནོ། །ལས་ཆོས་ཅན། དོན་དམ་པར་མི་བདེན་པར་ཐལ། རྫས་དང་དུས་ཀྱི་དངོས་པོར་མ་གྲུབ་པའི་ཕྱིར། འདུས་མ་བྱས་པ་བཞིན་ནོ། །དེའང་གོ་སླ་བར་བརྗོད་ན། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་རྟག་པ་མ་ཡིན་ཏེ། དེ་ཡིན་ན་རྟག་དངོས་གཞན་དུ་འགྱུར་མི་སྲིད་པས་ནམ་མཁའི་རང་བཞིན་གང་དུའང་མི་འགྱུར་བ་བཞིན་དོན་བྱེད་མི་ནུས་པའི་ཕྱིར། མི་རྟག་པ་ཡིན་ཏེ། སྐད་ཅིག་གཉིས་པར་རྒྱུན་འགྱུར་བས་ས་བོན་ལས་མྱུ་གུ་དང་མར་མེའི་རྒྱུན་བཞིན་ཀུན་རྫོབ་ཙམ་དུ་དོན་བྱེད་ནུས་པའི་ཕྱིར། འོ་ན་མི་རྟག་པར་གྲུབ་བམ་ཞེ་ན། དེའང་མ་གྲུབ་སྟེ་རྟག་མི་རྟག་གཅིག་ལ་གཅིག་ལྟོས་པའི་མིང་ཙམ་ཡིན་པས་ལྟོས་ས་མ་གྲུབ་པའི་ལྟོས་ཆོས་ཀྱང་མི་བདེན་པའི་ཕྱིར། འཕགས་ཞབས་ཀྱིས། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་པ་ལྟར་རོ། །གཞི་གཅིག་པུ་ཉིད་དུ་ངེས་པའང་མ་ཡིན་ཏེ། ཡིན་ན་གཅིག་དང་དུ་མ་རྫས་འགལ་བས་སྣ་ཚོགས་སུ་འབྱུང་བར་མི་རིགས་པ་ལ། ཆུའི་དངོས་པོ་གཅིག་ལ་དམྱལ་བས་ཁྲོ་ཆུ། ཡི་དྭགས་ཀྱིས་རྣག་ཁྲག །དུད་འགྲོས་བཏུང་བ། མི་ཡིས་ཉེར་སྤྱད། ལྷ་ཡིས་བདུད་རྩི་སོགས་སུ་མཐོང་བ་ལྟར་ལས་སྣང་གི་རྗེས་སུ་འགྱུར་ཞིང་འགྲོ་བའི་ཕྱིར། སྣ་ཚོགས་ཉིད་ཀྱང་མི་བདེན་ཏེ་གཅིག་པུའི་གཞི་མ་གྲུབ་པས་དེའི་ཁྱད་ཆོས་མ་གྲུབ་སྟེ། ཁྱད་གཞི་མོ་གཤམ་གྱི་བུ་མ་གྲུབ་པས་ཁྱད་ཆོས་མཛེས་པ་སོགས་མ་གྲུབ་པ་བཞིན་ཏེ། འཕགས་ཞབས་ཀྱིས། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་སྣང་བར་འགྱུར་ཕྱིར་རོ། །དངོས་པོ་ངོ་བོ་ཉིད་མེད་དེ། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །ཅེས་སོ། །བྱེད་པ་པོར་གྲགས་པ་ཚངས་དབང་ཁྱབ་འཇུག་གིས་མཚོན་ཁམས་གསུམ་ན་རང་དབང་དུ་གྱུར་བ་འགའ་ཡང་མེད་དེ། ཡོད་ན་མྱང་འདས་བཞིན་ལྡོག་མི་སྲིད་པ་ལ་ཐམས་ཅད་ཀྱང་ལས་དཀར་ནག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་ན་ཟག་པ་དང་བཅས་པའི་ཕྱིར་རོ། །འོ་ན་ལས་བདེན་པར་གྲུབ་བམ་ཞེ་ན། དོན་དམ་པར་ལས་ཀྱང་བདེན་པར་གྲུབ་པ་མེད་དེ། འཕགས་པས། ཆོས་འདི་དག་ནི་ཆོས་ཉིད་ཀྱིས། །འོང་བ་མེད་ཅིང་འགྲོ་མེད་ན། །ལས་དང་ལས་ཀྱི་རྣམ་པར་སྨིན། །ཅི་ལྟ་བུར་ནི་འཐད་པར་འགྱུར། །དམ་པའི་དོན་དུ་འོང་མེད་ཅིང་། །གང་དུའང་འགྲོ་བ་ཡོད་མ་ཡིན། །ཀུན་རྫོབ་ཏུ་ནི་ལམ་འཇུག་ཅིང་། །རྣམ་པར་སྨིན་པ་ཉེ་བར་སྟོན། །ཞེས་གསུངས་པ་ལྟར་རོ། །ནང་པའི་གྲུབ་མཐའ་འཛིན་པ་ལས་ཕྱོགས་རྟོགས་ཉན་ཐོས་བྱེ་བྲག་སྨྲ་བ་རྣམས། དངོས་སྣང་རྣམས་མི་བདེན་པས་ཀུན་རྫོབ་ཡིན་ཀྱང་དངོས་པོ་དང་དུས་རྩོམ་བྱེད་རགས་མཐའ་རྡུལ་ཕྲན་ཆ་མེད་ཐོ་བ་ལ་སོགས་པས་གཞིག་མི་ནུས་པ་དང་། ཤེས་པའི་མཐའ་སྐད་ཅིག་ཆ་མེད་བློས་བཞག་ཏུ་མི་རུང་བ་དོན་དམ་བདེན་པར་འདོད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེའང་ལྟ་བའི་མུན་པས་ཁེབས་པ་སྟེ། རྡུལ་ཕྲན་དོན་དམ་པ་མ་ཡིན་ཏེ་ཆ་མེད་པའི་རྡུལ་མ་གྲུབ་པའི་ཕྱིར། གལ་ཏེ་གྲུབ་ན་ཆ་ཤས་མེད་པའི་ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟར་ཐམས་ཅད་གོ་ས་གཅིག་ཏུ་འདྲེས་པས་དངོས་པོ་རགས་པ་རྩོམ་མི་ནུས་ཏེ། ཉི་ཤུ་པ་ལས། དྲུག་གི་ཆར་ནི་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །རྡུལ་ཕྲན་རྣམས་ཕྱོགས་སོ་སོར་ཡོད་ན་ཤར་ལ་སོགས་པའི་དབྱེ་བས་ཆ་དང་བཅས་པས་སྔར་ཆ་མེད་དུ་དམ་བཅས་པའི་རང་ཚིག་དང་འགལ་ལོ། །རྡུལ་ཕྲན་སིལ་བུ་རེག་ལ་མ་འབྱར་བར་གནས་པར་འདོད་པའང་འགལ་ཏེ། རེག་ལ་མ་འབྱར་པའི་བར་དུ་སྣང་མུན་གྱི་རྡུལ་གྱིས་མི་ཆོད་མི་སྲིད་པས་ཆོད་ན་དེ་དང་འབྱར་བས་བར་མེད་དུ་འགྱུར་ལ། མ་ཆོད་ན་བར་མེད་པས་ཁས་བླངས་དང་འགལ་ལོ། །སྐད་ཅིག་མའི་རྒྱུན་གྱིས་དུས་བརྩམས་པའང་འགལ་ཏེ། སྐད་ཅིག་མ་སྔ་ཕྱི་མ་འཕྲད་ན་ཤེས་པ་ཕྱི་མ་རྒྱུ་མེད་དུ་འགྱུར་བས་སྔ་མ་རྩོམ་བྱེད་དུ་མི་འགྲོ་ལ། འཕྲད་ནའང་སྐད་ཅིག་མ་གསུམ་དུས་གཅིག་ལ་འཕྲད་ན་ཐམས་ཅད་དུས་མཉམ་དུ་འགྱུར་པས་བསྐལ་པའང་སྐད་ཅིག་གཅིག་ཁོ་ནར་འགྱུར་ཞིང་། རེས་མོས་སུ་འཕྲད་ན་སྐད་ཅིག་མ་གཅིག་གི་ཆ་སྔ་མ་འདས་པ། གཉིས་པ་ད་ལྟ་བ་སྟེ་ཆ་གཉིས་སུ་འགྱུར་བས་ཆ་མེད་ཀྱི་དམ་བཅའ་ཉམས་པའོ། །འདིས་ནི་ཤེས་བྱ་རྫས་ཡོད་དུ་འདོད་པས་དོན་ལ་མཐར་ལྟ་ཁས་ལེན་པར་སོང་པའི་ཕྱིར་ནང་པའི་ལྟ་གྲུབ་དམན་ཤོས་ཡིན་པས་འདིར་མཚན་གཞི་ཙམ་དུ་དངོས་སུ་བསྟན་པར་སྣང་ལ། དེས་མཚོན་ནས་ཤུགས་བསྟན་མདོ་སྡེ་པས་རྩོམ་བྱེད་ལྐོག་ན་མོས་བརྩམས་པའི་ཤེས་བྱ་རྣམས་བཏགས་ཡོད་ཙམ་དུ་འདོད་པ་དང་། སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་བདེན་པར་འདོད་པ་རྣམས་ཀྱང་དངོས་པོར་སྨྲ་བའི་གྲུབ་མཐའ་ཡིན་པས་ལུང་རིག་གི་སུན་ཕྱུངས་ལ་དབུ་མའི་ལམ་དུ་འཇུག་པར་བྱའོ། །རྒྱུ་མཚན་དེས་ན་དངོས་སྣང་ཐམས་ཅད་བདེན་པར་གྲུབ་པ་གཅིག་ཀྱང་མེད་པས་མེད་བཞིན་དུ་སྣང་བ། སྣང་ཡང་མི་བདེན་པར་རྫུན་པར་སྣང་བ། དེའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སྣང་བ་ཡིན་ཏེ་ཆོས་ཐམས་ཅད་རང་ངོས་ནས་བདེན་པར་གྲུབ་ན་དངོས་པོའི་རང་མཚན་མི་བཏང་བས་སྐྱེ་འཇིག་སོགས་གང་ཡང་མི་རུང་ལ། དེ་མ་གྲུབ་པའི་གནད་ཀྱིས་རྟེན་ཅིང་འབྲེལ་འབྱུང་གི་ཆོས་རྣམས་དགག་པ་མེད་པར་འཆར་དུ་རུང་བས་སྟོང་པ་ཉིད་ལ་སྣང་བ་མི་འགག་ཅིང་སྣང་བའང་སྟོང་ཉིད་ཀྱི་རྒྱ་ལས་མ་འདས་པ་སྟེ། འཕགས་ཞབས་ཀྱི། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་རྫུན་སྣང་རྟེན་འབྲེལ་ཙམ་དུ་ཤར་བ་དེ་སྒྱུ་མའི་རང་བཞིན་གྱི་དཔེ་རྣམས་དང་འདྲ་བ་ཡིན་ཏེ། སེམས་འཁྲུལ་པའི་སྣང་བ་ལས་ཕྱི་རོལ་ཏུ་མ་གྲུབ་པ་རྨི་ལམ་དང་། རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་ཚོགས་པས་སྣང་བ་སྣ་ཚོགས་སུ་འཁྲུལ་བ་སྒྱུ་མ་དང་། རྐྱེན་ལ་བརྟེན་ནས་ཐམས་ཅད་དུ་ཁྱབ་པ་ཆུའི་ཟླ་བ་རྣམས་དང་འདྲ་ཞིང་། ཡུལ་ངེས་པ་མེད་པར་སོ་སོར་སྣང་བ་དྲི་ཟའི་གྲོང་ཁྱེར། བདེན་དངོས་མེད་པའི་ཁ་དོག་སྣ་ཚོགས་སུ་སྣང་བ་བར་སྣང་གི་འཇའ་ཚོན་ལྟ་བུར་བལྟ་བར་བྱ་སྟེ། ཇི་སྐད་དུ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ལྟ་མཁན་སེམས་ ནས་ གདམས་པར་ཟད༔ ཅེས་གསུངས་ཏེ། ཕྱི་བལྟ་བྱའི་ཡུལ་བདེན་པར་མ་གྲུབ་ཀྱང་ནང་ལྟ་མཁན་སེམས་བདེན་པར་གྲུབ་བམ་ཞེ་ན་དེའང་མ་གྲུབ་སྟེ། སེམས་ནི་ཉེར་ལེན་གྱི་ཕུང་པོ་ལ་སྒྲོ་བཏགས་ནས་ངའོ་སྙམ་པའི་ངར་འཛིན་འདི་ལས་ལོགས་སུ་མེད་ཅིང་དེ་དང་བདག་གཉིས་ཀྱང་ཐ་དད་མེད་པས་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན་དེ་དག་ཏུ་གྲུབ་པ་མེད་དེ། ངའམ་བདག་ཏུ་འཛིན་པ་ཆོས་ཅན། དོན་དམ་པར་མ་གྲུབ་པར་ཐལ། ཕུང་པོ་ལྔ་ལས་ཐ་དད་པའམ་གཅིག་ཏུ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཐ་དད་དུ་ཡོད་ན་ཕུང་ལྔ་ལས་རྫས་གཞན་ཕུང་པོ་དྲུག་པར་འགྱུར་བ་ལ་དེ་འདྲ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། མོ་གཤམ་གྱི་བུའི་མིང་བཞིན་ནོ། །གཅིག་ཏུ་ཡོད་ན་རྫས་གཅིག་པར་འགྱུར་བ་ལ་ཕུང་ལྔ་རྫས་ཡོད་དང་ངར་འཛིན་བཏགས་ཡོད་རྫས་འགལ་བའི་ཕྱིར། དངོས་པོ་དང་དངོས་མེད་བཞིན་ནོ། །དེའང་གོ་སླ་བར་བརྗོད་ན། བདག་དེ་ནི་ཕུང་པོ་ལྔའི་ཚོགས་པ་ལས་གཞན་ཐ་དད་པ་དང་། ཕུང་པོ་ལྔ་དང་གཅིག་ཏུའང་མ་དམིགས་པའི་ཕྱིར་བདག་མ་གྲུབ་སྟེ། དང་པོ་ལྟར་བདག་ཕུང་ཐ་དད་དུ་གྲུབ་ན་གཞན་ཕུང་པོ་དྲུག་པ་ཡོད་པར་འགྱུར་བ་དང་། ཕུང་པོ་ལས་གཞན་ལ་ངར་འཛིན་འཇུག་པ་མེད་པའི་ཕྱིར་དང་། ཕུང་པོའི་མཚན་ཉིད་བྲལ་བས་དངོས་པོ་མེད་པར་འགྱུར་ཞིང་དངོས་མེད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར་ཐ་དད་དུ་མ་གྲུབ་བོ། །དེ་ལྟར་ཐ་དད་དུ་གྲུབ་པ་མ་ཡིན་ཀྱང་གཉིས་པ་བདག་ཕུང་གཅིག་པར་གྲུབ་བམ་ཞེ་ན་དེའང་མ་གྲུབ་སྟེ། མཚན་ཉིད་མི་མཐུན་པའི་ཕྱིར། དེའང་ཕུང་པོ་རྣམས་འདུས་བྱས་ཡིན་པས་མི་རྟག་པར་གྲུབ་ཅིང་བདག་ནི་སྔར་མཐོང་བ་ཉིད་ད་ལྟར་ངོ་ཤེས་པར་རློམས་པ་སོགས་རྟག་པར་འཛིན་པས་དེ་གཉིས་འགལ་བའི་ཕྱིར་དང་། ཕུང་པོ་གཟུགས་ཚོར་སོགས་ནང་གསེས་བཅས་དབྱེ་བ་དུ་མ་སྤུངས་པ་ཅན་ཡིན་ལ། བདག་ནི་ང་ཉིད་དོ་ཞེས་གཅིག་པུར་འཛིན་པའི་ཕྱིར་དང་། ཕུང་པོ་སྐྱེ་འཇིག་གི་གཞན་དབང་ཅན་དུ་གྲུབ་ལ། བདག་ནི་ངའོ་སྙམ་དུ་རང་དབང་ཅན་དུ་འཛིན་པར་མྱོང་བས་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །འོན་ཏེ་ཕུང་པོ་ལས་གཞན་ན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །བདག་མ་གྲུབ་ཀྱང་དེའི་རྒྱུན་རྟག་པས་དེ་གྲུབ་བོ་སྙམ་ན་དེའང་མ་ཡིན་ཏེ། བདེན་གཉིས་ལས། རྒྱུན་དང་སྐད་ཅིག་ཅེས་བྱ་བ། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་སོ། །དེ་བས་ཉེར་ལེན་གྱི་ཕུང་པོ་ལྔའི་ཚོགས་པ་ཙམ་ལ་བརྟེན་ནས་དོན་ལ་ཅུང་ཟད་མ་གྲུབ་ཀྱང་ངར་འཛིན་དབང་གིས་བདག་དང་གང་ཟག་སོགས་དེ་ལྟར་སྒྲོ་བཏགས་པར་ཟད་དེ། འཇུག་པ་ལས། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་དང་། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །ཞེས་པ་ལྟར་རོ། །དེའང་དཔེར་ན་ཤིང་རྟའི་འཁོར་ལོ་དང་སྲོག་ཤིང་སོགས་ཡན་ལག་ཚོགས་པ་ལ་ཤིང་རྟ་ཞེས་གདགས་པར་ཟད་ཀྱི། དེ་དག་མ་ཡིན་པ་ཡན་ལག་ཅན་གྱི་ཤིང་རྟའི་མཚན་གཞི་མི་རྙེད་པ་ལྟར་ཕུང་པོའི་ཚོགས་པར་ངར་འཛིན་པ་ཙམ་ལས་བདག་ཅེས་བྱ་བ་གཞི་མ་གྲུབ་སྟེ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། འདོགས་མཁན་ ནས་ བརྟག་མི་བཏུབ༔ ཅེས་གསུངས་ཏེ། དེ་ལྟར་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་བདེན་པར་མ་གྲུབ་ཀྱང་། དེ་ལྟར་འདོགས་མཁན་གྱི་རྟོག་པ་ཉིད་བདེན་པར་གྲུབ་བམ་སྙམ་ན། དེ་ལ་དུས་གསུམ་གྱི་ཆ་ཤས་ཡོད་དམ་མེད། མེད་ན་སྐད་ཅིག་མ་དངོས་མེད་དུ་ཐལ་བས་རྟོག་པ་གང་ཡོད་དངོས་མེད་དུ་ཐལ་ལ། ཡོད་ན་སྔར་སྐྱེས་པའི་རྟོག་པ་འདས་པ་ནི་ཡལ་ཏེ་ཞིག་ནས་མེད་ལ། མ་འོངས་པ་ནི་ད་རུང་མ་སྐྱེས་པས་མ་གྲུབ་ལ། ད་ལྟ་བའི་རྟོག་པ་རང་གིས་རང་ལ་བརྟག་ཅིང་མཚོན་མི་བཏུབ་སྟེ་མིག་གིས་མིག་མི་མཐོང་ཞིང་རལ་གྲིའི་སོས་རང་ཉིད་གཅོད་མི་ནུས་པ་བཞིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་དགོས། །དེ་ལྟར་སྐད་ཅིག་གསུམ་བརྟག་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། །བཞི་པ་ནི། མདོར་ན་ ནས་ ལམ་ཞེས་བྱ༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་དོན་མདོར་བསྡུ་ན་ཆོས་དང་གང་ཟག་ཏུ་འཛིན་པའི་བདག་གཉིས་དང་། ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས། དེ་དག་གང་ལ་བརྟེན་པའི་ཀུན་གཞི་དང་བཅས་པ་དེ་ཐམས་ཅད་བདེན་པ་མེད་པས་དངོས་མེད་དུ་གྲུབ་བམ་སྙམ་ན། སྔར་བདེན་དངོས་སུ་གྲུབ་པ་ཕྱིས་བདེན་མེད་དུ་སོང་ན་དེར་གདགས་སུ་རུང་ཡང་། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པས་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པ་སྟེ། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་དང་། རྩ་ཤེ་ལས། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པ་ལྟར་ཡོད་མེད་སོགས་སྤྲོས་པའི་གཟེབ་ལས་གྲོལ་བ་ནམ་མཁའ་ལྟ་བུ། དངོས་དང་དངོས་མེད་དུ་འཛིན་པའི་བློའི་འཇུག་པ་རབ་ཏུ་ཞི། གདོད་མ་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་ལུང་དང་རིག་པས་ཤེས་པར་བྱས་ནས། སྐྱེ་མེད་ཀྱི་གནས་ལུགས་དེ་ཉིད་ཀྱང་སྨྲ་བསམ་བརྗོད་པ་དང་བྲལ་བས་སྒྲ་རྟོག་དང་བློའི་ཡུལ་ལས་འདས་པར་རྟོགས་དགོས་ཏེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་དེ་བརྗོད་པས་མི་མཚོན་པས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་གཟིགས་པ་སྨྲ་བའི་ཟླ་བ་རྣམས་ཀྱང་གནས་ལུགས་ཐད་ཀར་སྟོན་པ་ལ་རྗོད་བྱེད་ཚིག་གིས་དབུལ་བ་ལྟར་སྣང་བའི་ཕྱིར། མཐའ་བརྒྱད་ཀྱི་སྤྲོས་པ་ཀུན་དང་བྲལ་བའི་བརྗོད་མེད་དེ་ནི་ཐེག་ཆེན་གྱི་ལྟ་བའི་ཡང་རྩེ་དབུ་མ་ཆེན་པོ་སྟེ། དེ་ཉིད་ལམ་དུ་བྱེད་པས་དེའི་ལམ་ཞེས་བྱའོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། དེ་ལྟར་ ནས་ བཞག་པ་ལས༔ ཞེས་གསུངས་ཏེ། ལྟ་བ་སྤྲོས་བྲལ་གྱི་གནས་ལུགས་དེ་ལྟར་ལེགས་པར་ཤེས་ནས། དོན་དམ་དཔྱོད་བྱེད་ཀྱི་རིག་པས་སྤྲོས་པའི་མཚན་མ་ཅིའང་མ་རྙེད་པར་མཐར་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་ཞིང་གང་དུའང་མི་ཞེན་ལ་མཐའ་བྲལ་གྱི་དོན་ལ་ངེས་པ་གཏིང་ཚུགས་སུ་རྙེད་པའི་ཤེས་རབ་ཀྱི་རྒྱུན་དེ་ལ་བདེན་དངོས་བཀག་པའི་སྟོང་ཉིད་དུ་ཞེན་པ་སོགས་རིག་ཤེས་རྗེས་དཔག་གི་བློ་ཡིས་བཅས་བཅོས་ཅིའང་བྱར་མེད་པར་གཙུབ་ཤིང་དང་གཙུབ་གཏན་ལས་བྱུང་བའི་མེས་ཤིང་གཉིས་བསྲེགས་ཏེ་མེའང་རང་ཡལ་བ་ལྟར་རང་བཞིན་དུ་འཇོག་སྟེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིང་ཡང་མ་སེམས་ཤིག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །ཅེས་དང་། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་སྒོམ་པ་ལགས་སོ། ཞེས་དང་། མདོ་དང་རྒྱན་གཉིས་ཀ་མཐུན་པར། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་རྟག་ཏུ་མཉམ་པར་བཞག །རྗེས་ཐོབ་ཏུ། སྡུད་པ་ལས། བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་རློམས་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་བློས་བསོད་ནམས་ཀྱི་ཚོགས་ཅི་ནུས་བསགས་པ་ལས་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་འགྱུར་རོ། །གསུམ་པ་དེའི་འབྲས་བུ་བསྟན་ཅིང་མཚམས་སྦྱར་བ་ན། རྣམ་རྟོག་ཞི་ ནས་ གཞི་རུ་བཟུང༔ ཞེས་གསུངས་ཏེ། དེ་ལྟར་སྒོམ་པ་གོམས་པ་ལས་རྣམ་པར་རྟོག་པའི་འཚུབ་མ་མཐའ་དག་ཞི་ཞིང་གཤིས་ཀྱི་ཐོག་ཏུ་ཇི་ཙམ་འདོད་པ་དེ་སྲིད་དུ་གནས་པས་ལུས་སེམས་ལས་སུ་རུང་། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་མཐོང་བ་མེད་པའི་ཚུལ་གྱིས་ལྷག་གེར་མཐོང་ཞིང་རིག་པར་འགྱུར་ཏེ། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཅེས་དང་། དབུ་མ་བདེན་ཆུང་ལས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་སོ། །ཐབས་ཤེས་ཟུང་འཇུག་གི་ལམ་དེས་སྒྲིབ་པ་གཉིས་པོ་དྲུངས་ཕྱུང་སྟེ། སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག །མི་བརྗེད་པའི་གཟུངས། ཆགས་ཐོགས་མེད་པའི་སྤོབས་པ། རླུང་སེམས་ལ་དབང་འབྱོར་བའི་རྫུ་འཕྲུལ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་སོགས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་རིམ་པ་བཞིན་འགྲུབ་པ་དང་། ལམ་ལྔ་པོ་དང་ས་བཅུ་པོ་རྣམས་རིམ་གྱིས་བགྲོད་ཅིང་དེ་དག་གི་ཡོན་ཏན་ཐོབ་པར་འགྱུར་པ་སྟེ། དེའང་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་ཀྱི་ཡེ་ཤེས་མ་ཐོབ་བར་སྦྱིན་སོགས་ཚོགས་གཉིས་ལ་འབད་པ་ཐར་པ་ཆ་མཐུན་གྱི་དགེ་བའི་ཚོགས་གསོག་པ་ནི་ཚོགས་ལམ་སྟེ། དེ་ལ་གསུམ་ལས་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི། འབྲིང་པོར་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་གཙོ་བོར་བསྒོམ་པའོ། །ཚོགས་ལམ་རབ་ཀྱི་མཐར་ཕྱིན་ན་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་སྒོམ་བྱུང་འཇིག་རྟེན་པའི་ཡེ་ཤེས་ངེས་འབྱེད་ཡན་ལག་རྣམ་བཞི་སྐྱེ་བ་སྟེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་སྦྱོར་ལམ་མོ། །བཞི་ནི་བདེན་པ་མཐོང་བའི་སྔ་ལྟས་ཀྱི་དྲོད། འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་རྩེ་མོ། ཟབ་མོའི་ཆོས་ལ་བཟོད་པ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཏུ་གྱུར་པའི་གནས་སྐབས་བཞི་སྟེ། སྔ་མ་གཉིས་ལ་དབང་པོ་ལྔ། ཕྱི་མ་གཉིས་ལ་སྟོབས་ལྔ་དང་ལྡན་པའོ། བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་དབྱེ་བས་ངེས་འབྱེད་བཅུ་གཉིས་སུ་གྲགས། ཆོས་མཆོག་གི་རྗེས་ཐོག་ཏུ་བདེན་པ་བཞི་རེ་རེར་ཡང་ཆོས་རྗེས་ཤེས་བཟོད་ཀྱིས་དབྱེ་བའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་གྱི་ཡེ་ཤེས་སྐྱེས་ཏེ་ཁམས་གསུམ་གྱིས་བསྡུས་པའི་མཐོང་བས་སྤང་བྱ་རྣམས་སྤངས་ནས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སྔར་མ་མཐོང་བའི་དོན་འཕགས་པའི་བདེན་པ་དངོས་སུ་མཐོང་བས་མཐོང་ལམ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པའོ། །དེ་ནས་བརྩམ་སྔར་རྟོགས་པའི་དེ་ཁོ་ན་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པས་སྒོམ་ལམ་སྟེ། དེ་ལའང་ཆུང་འབྲིང་ཆེ་གསུམ་དུ་ཡོད་ཅིང་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའོ། །དེ་ལྟར་སློབ་ལམ་གྱིས་བསྡུས་པའི་བྱང་ཕྱོགས་ཀྱི་ཆོས་སོ་བདུན་རྫོགས་ནས་སྒོམ་ལམ་མཐར་ཕྱིན་པའི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་ཕྲ་ཞིང་ཕྲ་བ་མ་ལུས་པ་སྤངས་ནས་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་ནི་མི་སློབ་པའམ་མཐར་ཕྱིན་པའི་ལམ་སྟེ་མི་སློབ་པའི་ཆོས་བཅུ་མངོན་དུ་གྱུར་པའོ། །གནས་སྐབས་དེ་དག་གི་ཡོན་ཏན་གྱི་རྟེན་དང་གོང་མ་གོང་མ་སྐྱེད་པར་བྱེད་པའི་ཆ་ནས་ས་ཞེས་རྣམ་པར་བཞག་པའི་དབང་དུ་བྱས་ན་ཡོངས་སུ་སྦྱོང་པའི་ཁྱད་པར་གྱིས་ས་བཅུར་ངེས་ཏེ། མཐོང་ལམ་དུ་ས་དང་པོ་རབ་ཏུ་དགའ་བ་ཐོབ། འཇིགས་པ་ལྔ་དང་བྲལ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། སྒོམ་ལམ་གསུམ་དུ་ས་གཉིས་པ་ནས་བཅུ་པའི་བར་བགྲོད་དེ་སྤངས་རྟོགས་ཡོན་ཏན་གྱི་ཁྱད་པར་གོང་ནས་གོང་དུ་བྱེ་བ་བརྒྱ་སྟོང་འགྱུར་དུ་འཕེལ་ཞིང་། ས་བརྒྱད་པར་དབང་བཅུ། དགུ་པར་སོ་སོ་ཡང་དག་རིག་བཞི། བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བ་བརྙེས་ཏེ་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། །ས་དེ་དག་རེ་རེ་ལའང་ཁྱད་པར་དགུ་དགུས་བཤད་པ་སོགས་མདོ་སྡེ་རྒྱན་གྱིས་མཚོན་གཞུང་རྣམས་སུ་གསལ། ཚུལ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་རྒྱུ་ལམ་དུ་བྱེད་པའི་ཐེག་པ་ལས་ཇི་ལྟར་གསུངས་པའི་དོན་མདོར་བསྡུས་ནས་བསྟན་པ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་ལའང་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འབྲེལ་བར་སྤྱོད་པ་ལམ་གྱི་གཞིའམ་རྟེན་ཏུ་གཟུང་དགོས་པས་འདིར་ཐོག་མར་བཤད་པ་ཡིན་ཏེ། རིམ་ལྔ་ལས། ཤེས་རབ་སྙིང་རྗེ་གཅིག་པར་ནི། །འཇུག་པ་གང་གིས་ཤེས་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་དང་། རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་དང་། ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་འབྱུང་བ་ལྟར་རོ། །འདིར་རྒྱུ་འབྲས་ཀྱི་ཐེག་པ་ཞེས་པའི་དོན་ཡང་། མཐའ་གཉིས་སེལ་བ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེག་པའི་ཉེ་ལམ་ནི། །ཞེས་གསུངས་པ་ལྟར། སྤྱིར་འདིས་འདོང་པས་རྒྱུ་དང་། འདིར་འདོང་པས་འབྲས་བུའི་ཐེག་པ་ཞེས་གྲགས་ཤིང་། ཀུན་མཁྱེན་ཀློང་ཆེན་པས། ཁམས་བདེ་གཤེགས་སྙིང་པོ་ས་བོན་དུ་ཡོད་པ་ཙམ་རྐྱེན་ཚོགས་གཉིས་ཀྱིས་ཡོན་ཏན་གོང་དུ་འཕེལ་བ་ལས་སངས་རྒྱས་ཐོབ་པར་འདོད་པས་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རྒྱུའི་ཐེག་པ་དང་། སྙིང་པོ་ཡོན་ཏན་བཅས་སེམས་ཅན་ལ་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་སྦྱང་གཞི་ཉི་མ་འོད་ཟེར་ལྡན་པ་འདྲ་བ་ལ། སྦྱང་བྱ་ཚོགས་བརྒྱད་གློ་བུར་བའི་དྲི་མ་སྤྲིན་ལྟ་བུས་བསྒྲིབས་པ་ཉིད། སྦྱོང་བྱེད་སྨིན་གྲོལ་ལམ་གྱིས་སྦྱངས་པའི་འབྲས་བུ་གདོད་གནས་ཀྱི་རང་བཞིན་མངོན་དུ་གྱུར་པ་ལས་སྔ་ཕྱིར་བཟང་ངན་ཁྱད་པར་མེད་པར་འདོད་པས་འབྲས་བུའི་ཐེག་པ་ཞེས་བཏགས་པར་བཞེད་དེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་སོ། །ཞེས་པ་ལྟར་རོ། །དེ་གཉིས་ཀྱི་ཁྱད་པར་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འབྱུང་བ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་དེ་གཉིས་མཐར་ཐུག་འབྲས་བུའི་དོན་གཅིག་ནའང་ལམ་བགྲོད་པ་ལ་གསང་སྔགས་ཚུལ་བཞིས་ཁྱད་པར་དུ་འཕགས་པ་སྟེ། སྔ་མས་ཕྱིའི་ཕར་ཕྱིན་ལ་འཇུག་པས་ཡུན་རིང་པོར་མཐར་མི་ཕྱིན་ཅིང་གེགས་དང་བཅས་པས་རྨོངས་ལ། སྔགས་པས་ནང་ཐབས་ཤེས་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་དེ་དག་མྱུར་དུ་རྫོགས་ནུས་པས་མ་རྨོངས་པ་དང་། སྔ་མས་ཉོན་མོངས་གཅིག་སྦྱོང་ཞིང་འདོད་པ་གཅིག་སྒྲུབ་པ་ལའང་དཀའ་ཐུབ་སྡོམ་པ་སོགས་མི་ཟབ་པའི་ཐབས་ཕྱོགས་རེ་བ་ཡུན་དུ་བསྟེན་དགོས་པ། སྔགས་པས་བསྐྱེད་རྫོགས་ཡན་ལག་དང་བཅས་པའི་རྣམ་གྲངས་མང་པོ་རེ་རེས་ཀྱང་དོན་བདེ་བླག་ཏུ་སྒྲུབ་ནུས་པའི་ཕྱིར་ཐབས་ཟབ་ལ་མང་བ་དང་། སྔ་མས་སོ་སོའི་བློ་དང་མཐུན་པར་འབྲས་བུ་སྒྲུབ་པའི་ཐབས་དཀོན་པས་དཀའ་ཚེགས་ཆེན་པོས་བསྒྲུབ་དགོས་ལ། སྔགས་པས་ཡུལ་དུས་གནས་སྐབས་དབང་པོའི་ཁྱད་པར་དང་འཚམས་པའི་ཐབས་བདེ་ཞིང་འཆིང་བྱེད་ཀྱང་གྲོལ་བྱེད་དུ་སྒྱུར་བས་འབྲས་བུ་བདེ་བླག་ཏུ་བྱེད་ནུས་པའི་ཕྱིར་དཀའ་བ་མེད་པ་དང་། ཐེག་དམན་པ་ཐབས་མི་ཤེས་པས་དབང་པོ་བརྟུལ་ཞིང་ཕར་ཕྱིན་པ་ཐབས་ལ་འཁྲུལ་བས་དབང་པོ་འབྲིང་ཡིན་ལ། སྔགས་པས་སྤྱད་ན་ངན་འགྲོར་འགྱུར་པའི་ལས་ཀྱང་ཐབས་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཏུ་སྒྱུར་ནུས་པ་དང་། སྔ་མས་གཉིས་རྟོག་བླང་དོར་ཁོ་ནར་སྤྱོད་ལ་སྔགས་པས་ལྷག་པའི་བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་ཤེས་ནས་གཟུང་འཛིན་བླང་དོར་མེད་པར་ཅི་སྣང་ལམ་དུ་སློང་ནུས་པའི་ཕྱིར་དབང་པོ་རྣོན་པོར་གྱུར་པས་འཕགས་སོ། །གཞན་ཡང་ཚུལ་དྲུག་དང་བདུན་དང་བཅུ་གཉིས་ལ་སོགས་པས་ཁྱད་པར་དུ་འཕགས་པའི་ཚུལ་མང་དུ་བཤད་དོ། །ལམ་འདིར་འཇུག་དགོས་པའི་རྒྱུ་མཚན་ཡང་། རྒྱལ་བས་གཉེན་པོ་ལ་དགོངས་ཏེ་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། དེ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་ཐེག་པ་རིམ་དགུ། དེ་ཡང་བསྡུ་ན་སྡེ་གསུམ་མམ་བཞིར་བསྡུ་བ་སོགས་ཇི་སྙེད་ཅིག་བསྟན་པ་དེ་ཐམས་ཅད་ཀྱང་རྣལ་འབྱོར་བླ་མེད་འདིར་འཇུག་པའི་ལམ་སྟེགས་ཙམ་དུ་གྱུར་པ་སྟེ། ཉན་རང་འབྲས་བུ་མཐར་ཕྱིན་པ་རྣམས་ཀྱང་ནམ་ཞིག་སངས་རྒྱས་ཀྱི་འོད་ཟེར་ཆེན་པོས་འགོག་པ་ལས་བསླངས་ནས་གདོད་ཐེག་ཆེན་ལ་འཇུག་དགོས་པ་དང་། བྱང་སེམས་དང་སྔགས་ཕྱི་རྒྱུད་གསུམ་གྱིས་ས་བཅུ་པ་རྒྱལ་ཚབ་ཆེན་པོའི་གོ་འཕང་ལ་བགྲོད་པར་ནུས་ཀྱང་། བྱང་ཆུབ་ཆེན་པོ་ཐོབ་པ་ལ་འཁོར་བར་འཆིང་བྱེད་ཀྱི་ཀུན་རྟོག་ཕྲ་བ་ཙམ་དུ་མ་ཟད་སྣང་གསུམ་མམ་འཕོ་བའི་བག་ཆགས་ཀྱང་རྩད་ནས་སྤང་དགོས་ཤིང་། དེ་སྤོང་བྱེད་ཀྱི་གཉེན་པོ་དབང་བཞི་པའི་ལམ་ཟུང་འཇུག་མི་འགྱུར་བའི་བདེ་ཆེན་རང་རིག་པའི་ཡེ་ཤེས་ཉིད་ཡིན་པས་དེ་ནི་རྣལ་འབྱོར་བླ་མེད་ལས་གཞན་དུ་མ་གསུངས་པའི་ཕྱིར། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་རྣལ་འབྱོར་བླ་མེད་ཀྱི་ལམ་དུ་འཇུག་དགོས་པ་མ་ཟད། ཐེག་རིམ་སྔ་མ་སྔ་མའི་དོན་རྣམས་ཕྱི་མ་ཕྱི་མའི་ནང་དུ་འདུ་བས་ཐེག་པ་འདི་ཉིད་བསྟན་པ་དང་ཐེག་རིམ་ཐམས་ཅད་ཀྱི་མཆོག་དང་ཡང་རྩེར་གྱུར་པ་སྟེ། གསང་སྙིང་ལས། རང་བཞིན་གསང་པའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། འབྱུང་གནས་ངེས་པར་གཏན་ལ་འབེབས། །ཞེས་དང་། བཤད་རྒྱུད་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །གཉིས་པ་ས་བོན་གདབ་པ་ལ་གཉིས། མཚན་སྨོས་པའི་སྒོ་ནས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གཅིག་འབྱུང་སྟེ། ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་བ་དེ་ནས་ཐུན་མོང་མ་ཡིན་པའི་ལམ་རིམ་ལ་འཇུག་པའི་ཐོག་མར་རང་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་གདབ་པའི་རིམ་པ་ནི་འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལ་གཉིས། ས་བོན་གདབ་ཐབས་དངོས་དང་། དེའི་སྲོག་དམ་ཚིག་བསྟན་པའོ། །དང་པོ་ལའང་གསུམ། གང་ལ་དབང་བསྐུར་བའི་ཡུལ། གང་བསྐུར་བའི་དབང་། དེ་ཇི་ལྟར་སྐུར་བའི་ཚུལ་ལོ། །དང་པོ་ནི། དེས་བར་ ནས་ སྐལ་བཟང་ལ༔ ཞེས་གསུངས་ཏེ། གང་ལ་ས་བོན་གདབ་པའི་ཡུལ་ནི། རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པ་ལྟར་ཤེས་རབ་དང་སྙིང་རྗེས་སྲིད་པ་དང་ཞི་བའི་མཐའ་གཉིས་ལས་ངེས་པར་འབྱུང་བས་རྒྱུད་བསྐུལ་ཞིང་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་སྟེ་དེའི་རྟགས་ནི། མདོ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་པ་ལྟར་ཏེ་དེའང་ཐོས་པ་ལ་སོགས་པའི་རྐྱེན་གྱིས་སད་པར་གྱུར་པ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཚུལ་ལ་བློ་ལེགས་པར་འབྱོངས་པ་ལས། གྲངས་མེད་གསུམ་སོགས་ཡུན་དང་ཚེགས་ལ་མི་ལྟོས་པར་ཚེ་གཅིག་སོགས་དུས་མྱུར་བ་ཉིད་དུ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཅིང་ཐོབ་པར་འདོད་པའི་སྐལ་བ་བཟང་པོ་ཅན་དེ་ནི་སྨིན་བྱེད་ཀྱི་ས་བོན་གདབ་པའི་སྣོད་དུ་གྱུར་པ་ཡིན་ནོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། རང་རྒྱུད་ ནས་ གདབ་པར་བྱ། ཞེས་གསུངས་ཏེ། དེའང་དབང་སྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་བས། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་པ་ལྟར་སེམས་ཅན་རང་རང་གི་རྒྱུད་ལ་མཚུངས་ལྡན་གྱི་རྒྱུ་སྐུ་བཞིའི་རང་བཞིན་གདོད་མ་ནས་གནས་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྐྱེན་སྔགས་ཀྱི་ཐབས་ཀྱིས་མངོན་དུ་འགྱུར་བར་བྱེད་པ་སྟེ། དེའང་རྩ་ཁམས་སྐུ་རྡོ་རྗེ། ངག་རླུང་གསུང་རྡོ་རྗེ། ཐིག་ལེ་ཐུགས་རྡོ་རྗེ། ཀུན་གཞི་ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་བཞིའི་ངོ་བོར་ཡེ་ནས་ལྷུན་གྲུབ་ཏུ་གནས་ཀྱང་གློ་བུར་དྲི་མའི་སྦུབས་སུ་བག་ལ་ཉལ་བས་ནུས་པ་མི་གསལ་བ་དེ་ཉིད། ཕར་ཕྱིན་དང་གསང་སྔགས་ཀྱི་རྒྱུད་སྡེ་འོག་མ་རྣམས་སུ་མ་གྲགས་པ་རྡོ་རྗེ་ཐེག་པའི་ཡང་རྩེ་བླ་ན་མེད་པའི་རྒྱུད་དོན་ཐབས་ལ་མཁས་པའི་ཁྱད་པར་ཆོ་གའི་ལས་ཀྱིས། རྟེན་གྱི་དཀྱིལ་འཁོར་བཞིར་བཅུག་ནས་བུམ་པ་སོགས་དབང་སྐུར་བ་རྣམ་པ་བཞིས་སྐུ་བཞིར་སྨིན་བྱེད་ཀྱི་ས་བོན་རྒྱུད་ལ་གདབ་པར་བྱའོ། །གཉིས་པ་ནི། ལུས་རྩ་ ནས་ ས་བོན་ཡིན༔ ཞེས་གསུངས་ཏེ། སྐལ་ལྡན་ལ་དབང་བཞིའི་ས་བོན་ཇི་ལྟར་འདེབས་ན། ཐལ་འགྱུར་རྩ་པའི་རྒྱུད་ལས། འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་གསུངས་པ་ལྟར་རྣལ་འབྱོར་བླ་མེད་ཀྱི་ཚུལ་འདིར་གཞི་ལམ་འབྲས་བུའི་འབྲེལ་གྱིས་དབང་བཞིར་ངེས་ལ། དེའི་རྟེན་ཀྱང་ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་ཡོངས་སུ་རྫོགས་པ་ཁོ་ན་ཡིན་པས་དེའི་དབང་དུ་བྱས་ཏེ། མཐོ་རིས་ཀྱི་རྟེན་མངལ་དུ་སྐྱེ་སྲིད་འཛིན་པའི་ཐོག་མར་མིག་དང་ལྟེ་བའི་རྩ་མདུད་ཆགས། དེ་ནས་འཁོར་ལོ་ལྔ་ནས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་རིམ་པར་ཆགས་ཏེ་ལུས་བསྐྱེད་པའི་ཕྱིར་གནས་པ་རྩ་ནི་ལུས་ཀྱི་སྦྱང་བྱའི་གཙོ་བོ་ཡིན་པ་དང་། ལུས་ཀྱང་ངག་ཡིད་ཀྱི་རྟེན་དང་རགས་པའི་སྦྱང་བྱ་ཡིན་པས་ཐོག་མར་དེ་ཉིད་དག་པར་བྱེད་པའི་ཕྱིར་དུ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་པོ་གང་རུང་དུ་ཕན་ནུས་གཉིས་ཀྱིས་བསྡུས་པའི་སྤྲོས་བཅས་བུམ་པའི་དབང་བསྐུར་བས། སད་པའི་གནས་སྐབས་དང་ལུས་རྩའི་དྲི་མ་དག །ཕུང་པོ་ལྔར་འཛིན་གྱི་རྟོག་པ་འགགས། ཕུང་པོའི་བདུད་བཅོམ། ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ལྟ་བའི་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། གནས་སྐབས་རྒྱུའི་ས་བརྒྱད་པ་དང་སྐལ་བ་མཉམ། མཐར་ཐུག་གི་འབྲས་བུ་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་ས་བོན་ཐེབས་པ་ཡིན་ནོ། །རྩ་དེ་དག་ལ་རྩ་དང་ཡན་ལག་གི་རླུང་རྣམས་བརྟེན་ནས་ནང་དུ་འཁྲུལ་རྟོག་སྐྱེད་ཅིང་ཕྱི་རོལ་ཏུ་ངག་གི་བརྗོད་པ་སྣ་ཚོགས་སུ་འབྱུང་བས་གཡོ་བ་རླུང་ནི་ངག་གི་སྦྱང་བྱའི་གཙོ་བོ་ཡིན་ཞིང་། ལུས་ལས་ངག་ཕྲ་བས་བུམ་དབང་གི་རྗེས་སུ་ངག་རླུང་དག་པར་བྱེད་པའི་ཕྱིར་དུ། བདག་གི་དེ་ཁོ་ན་ཉིད་ལུས་ཀྱི་དཀྱིལ་འཁོར་ཟབ་མོའི་དབང་གསུམ་ཀ་དང་འབྲེལ་བ་གཞིར་བཞག་སྟེ་འདིར་ཁྱད་པར་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ་གའི་དཀྱིལ་འཁོར་དུ་སྐལ་མེད་ལ་བསྟན་དུ་མི་རུང་བ་བྱང་སེམས་དཀར་དམར་ལ་བརྟེན་ནས་གསང་བའི་དབང་བསྐུར་བས། རྨི་ལམ་གྱི་གནས་སྐབས་དང་ངག་རླུང་གི་དྲི་མ་དག །དབྱིབས་ལ་ལྷར་ཞེན་གྱི་རྟོག་པ་འགགས། ཉོན་མོངས་པའི་བདུད་བཅོམ། རླུང་སྔགས་དབྱེར་མེད་དུ་ཤེས་པའི་རང་བྱིན་རླབས་མཚན་བཅས་རྫོགས་རིམ་གྱི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་དགུ་པ་དང་སྐལ་བ་མཉམ། འབྲས་བུ་གསུང་རྡོ་རྗེ་གསལ་སྟོང་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །རྩ་རླུང་དེ་དག་ལ་ཁམས་ཀྱི་དྭངས་མ་ཐིག་ལེ་བྱང་ཆུབ་སེམས་རྣམས་བརྟེན་ནས་གནས་ཏེ། རྩ་ཡུར་བ་ལྟ་བུའི་ནང་དུ་རླུང་གི་གཡོ་རྩོལ་ལ་བརྟེན་ནས་ཁམས་དཀར་དམར་ཆུ་རྒྱུན་ལྟ་བུ་འགྲོ་འོང་གི་རྐྱེན་གྱིས་ཡིད་གཟུང་འཛིན་གྱི་སྣང་བ་བསྐྱེད་པས་བཀོད་པ་ཐིག་ལེ་ནི་ཡིད་དང་འབྲེལ་བའི་སྦྱང་བྱ་ཡིན་པ་དང་། ངག་ལས་ཡིད་ཕྲ་བས་གསང་དབང་གི་རྗེས་སུ་ཡིད་དང་ཐིག་ལེ་དག་པར་བྱེད་པའི་ཕྱིར་དུ། ལྷའི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཕོ་ཉ་མོ་ལ་བརྟེན་ནས་དཔེའི་ཡེ་ཤེས་མཚོན་པའི་དབང་བསྐུར་བས། གཉིད་འཐུག་གི་གནས་སྐབས་དང་ཡིད་ཐིག་ལེའི་དྲི་མ་དག །རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། འཆི་བདག་གི་བདུད་བཅོམ། ཕྱག་རྒྱ་གསུམ་གྱིས་དཔེའི་ཡེ་ཤེས་སྒྲུབ་པ་དཀྱིལ་འཁོར་འཁོར་ལོའི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་པ་དང་སྐལ་བ་མཉམ། འབྲས་བུ་ཐུགས་རྡོ་རྗེ་བདེ་སྟོང་ཟུང་འཇུག་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་ས་བོན་ཐེབས་པ་ཡིན་ནོ། །རྩ་རླུང་ཐིག་ལེ་དེ་ཐམས་ཅད་ཀྱང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལས་འདུ་བྱེད་ཀྱི་ཡིད་གཡོས་ཏེ་གཟུང་འཛིན་དུ་ཞེན་པའི་སྣང་བ་ལས་གཞན་དུ་མེད་པས་སྦྱང་བྱ་ཐམས་ཅད་ཀྱི་གཙོ་བོ། སྔ་མ་རྣམས་ལ་ཆེས་ཤིན་ཏུ་ཕྲ་བ་ཀུན་གཞི་མ་རིག་པའི་བག་ཆགས་དང་བཅས་པ་དག་པར་བྱེད་པའི་ཕྱིར་དུ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་རིག་དོན་དམ་པ་མཚོན་བྱེད་བརྡ་དང་ཚིག་གི་དབང་བསྐུར་བས། སྙོམས་འཇུག་གནས་སྐབས་འཛག་བདེའི་སྤྲོས་པ་དང་སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་བག་ཆགས་བཅས་དག །གཉིས་སྣང་བྱུང་ཚོར་གྱི་རྟོག་པ་འགགས། ལྷའི་བུའི་བདུད་བཅོམ། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་ཀ་དག་ལྷུན་གྲུབ་ཀྱི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་གཅིག་པ་དང་སྐལ་བ་མཉམ། འབྲས་བུ་ཡེ་ཤེས་རྡོ་རྗེ་རིག་སྟོང་ཟུང་འཇུག་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་ས་བོན་ནམ་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ནི། དེ་རྣམས་ ནས་ གྲོལ་བར་འགྱུར༔ ཞེས་གསུངས་ཏེ། དབང་བཞི་པོ་དེ་རྣམས་ཆོ་གའི་བྱ་བ་ཇི་ལྟ་བུས་བསྐུར་ན། དབང་ཀུན་ཀྱང་སྐུར་བ་པོ་སློབ་དཔོན་དང་བསྐུར་ཡུལ་སློབ་མའི་དབང་པོའི་ཁྱད་པར་གྱིས་ཐུན་མོང་མ་ཡིན་པའི་སྐུར་ཚུལ་ཡང་མང་དུ་འགྱུར་པ་ལས། ཐུན་མོང་བའི་གང་ཟག་སྤྱི་ཙམ་གྱི་དབང་དུ་བྱས་ན་བྱ་བྱེད་ལས་གསུམ་གྱིས་བསྡུས་པ་སྟེ། བྱེད་པ་པོ་རྡོ་རྗེ་སློབ་དཔོན་ལྷ་དང་བདག་དང་གསང་སྔགས་དང་བཟླས་བརྗོད་དང་འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔ་ལ་རང་བྱན་ཆུད་པས། བྱ་བའི་ལས་བཅུད་བཟང་པོ་བླུགས་པ་ལ་སྣོད་གཙང་མར་བྱ་བ་བཞིན་དུ། སའི་ཆོ་ག་སྔོན་དུ་འགྲོ་བས་ལྷ་དང་བུམ་པ་དང་སློབ་མ་ལྷག་པར་གནས་པ་དང་། ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་ཅིང་མཆོད་དེ་བདག་ཉིད་འཇུག་པའམ་རིག་པའི་མེ་ཏོག་དོར་ཅིང་གནང་བ་ནོད་པ་བཅས་བྱས་ནས། ཕྱི་མཚན་མ་དང་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པས་རྒྱུད་སྦྱངས་པའི་སློབ་མ་ལ། བྱེད་པ་རྫས་སྔགས་ཏིང་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས་དབང་བསྐུར་བས། བྱ་བ་སློབ་མའི་སྒོ་གསུམ་ཕྲ་རགས་གདོད་ནས་གདན་གསུམ་ཚང་བའི་ལྷར་དག་པ་ཉིད་ངོ་འཕྲོད་པར་བྱས་པ་ལས་རང་སྐལ་གྱི་སྦྱང་བྱའི་དྲི་མ་ཅི་རིགས་དག་པའམ་ཉམས་སྨད་པར་བྱས་ཤིང་། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། ཆུ་ལུད་དྲོད་གཤེར་འཛོམས་པ་ལ་ས་བོན་ཐེབས་པ་ལྟར་སྐྱེས་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུར་འགྱུར་བའི་ཁྱད་པར་ནི་དབང་ཐོབ་པ་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བ། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །ཐུན་མོང་མ་ཡིན་པའི་གང་ཟག་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན་རང་བཞིན་གྱིས་དབང་པོ་རྣོན་པོ་ཁ་ཅིག་ཆོ་གའི་ལས་རིམ་རྒྱས་པ་ལ་མ་ལྟོས་པར་བརྡ་ཐབས་དང་། དེའི་དོན་ངོ་སྤྲོད་པ་ཙམ་ལ་བརྟེན་ནས་རྒྱུད་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་འགྱུར་ཏེ། དཔེར་ན། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པའི་དོན་གསང་སྔགས་སྔ་འགྱུར་བ་རྣམས་ཀྱིས་བླ་མའི་ཟླུམ་པོ་བཞི་དབང་སོགས་དང་། ཕྱི་འགྱུར་བ་རྣམས་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་རིམ་པ་སོགས་ཟབ་དབང་མཐའ་ཡས་པ་འབྱུང་བ་བཞིན་ནོ། །དེ་ལས་ཀྱང་སྐལ་བ་མཆོག་ཏུ་གྱུར་པའི་གང་ཟག་གཞན་པ་འགའ་ཞིག་ནི་མཚན་ལྡན་བླ་མའི་ཏིང་ངེ་འཛིན་དང་བྱིན་རླབས་ཀྱི་མཐུ་ཁོ་ནས་རྒྱུད་སྨིན་ཅིང་གྲོལ་བར་འགྱུར་ཏེ། སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམ་པ་ལ་ཡེ་ཤེས་བཙན་ཐབས་སུ་སྐྱེ་ཞིང་དེ་ཉིད་དབང་བསྐུར་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཡིན་པའི་ཕྱིར། དཔེར་ན་འཕགས་ཡུལ་གྲུབ་པའི་སློབ་དཔོན་མང་པོ་དང་བོད་ཀྱི་སྔོན་བྱོན་གྲུབ་ཐོབ་བརྒྱུད་པའི་རྣམ་པར་ཐར་པ་བཞིན་ནོ། །འདིར་འཕྲོས་དོན་ཅུང་ཟད་སྨོས་ན། དབང་གི་ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་སྐུར་བའི་ཚུལ། མ་ཐོབ་པའི་ཉེས་དམིགས། ཐོབ་པའི་ཕན་ཡོན་ཏེ་དྲུག་ལས། དང་པོ་ནི། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། སྦྱང་བྱའི་དྲི་མ་འཁྲུད་པའམ་གཏོར་ཞིང་། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་ཏེ། དགྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །གསུམ་པ་ལ་རྒྱུ་ལམ་འབྲས་བུའི་དབང་གསུམ་ལས། རྒྱུ་དུས་ཀྱི་དབང་ནི། དང་པོར་བླ་མ་ལས་བླང་དགོས་ཏེ། སྨིན་བྱེད་གང་ཞིག །དེ་ཡིན་ན་སྔགས་ཀྱི་ལམ་སོ་སོ་ཉན་སྒོམ་གྱི་སྔོན་དུ་ཐོབ་དགོས་པའི་ཕྱིར། ལམ་དུས་ཀྱི་དབང་ནི། ཕྱིས་བླ་མ་ལས་སམ་སྡོམ་ལྡན་རང་ཉིད་ཀྱིས་བླངས་ཀྱང་རུང་སྟེ། སྔར་རྒྱུད་སྨིན་ཟིན་གྱི་དབང་རྒྱུན་དེ་གོང་འཕེལ་དུ་བྱེད་པའི་དབང་ཡིན་པའི་ཕྱིར། འབྲས་དུས་ཀྱི་དབང་ནི། སློབ་ལམ་རྫོགས་པའི་རྒྱུན་མཐའི་དུས་སུ་བསྐུར་ཏེ། དེ་མཐར་ཐུག་གི་འབྲས་བུར་སྦྱོར་བྱེད་ཀྱི་དབང་ཡིན་པའི་ཕྱིར་རོ། །བཞི་བ་ནི། དབང་བསྐུར་བ་དེའང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཏེ། དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་སོ། །དེ་ལ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་ནི་རིམ་པ་ཇི་ལྟ་བར་སློབ་དཔོན་རྫོགས་པའི་སངས་རྒྱས་དང་། མཐར་ལམ་པ་དང་། མཐོང་སྒོམ་ལ་གནས་པ་སྟེ་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་རྡུལ་ཚོན། འབྲིང་རས་རིས། རབ་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་དང་། དེ་ལས་ཀྱང་བློ་ཆེ་བ་སྐལ་ལྡན་ཡང་རབ་ལ་བླ་མའི་ལུས་དཀྱིལ་ལ་བརྟེན་ནས་བསྐུར་བར་གསུངས་སོ། །དཀྱིལ་འཁོར་དེར་བསྐུར་བྱའི་དབང་ནི། སྦྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུ་དུས་ཀྱི་དབང་ཐམས་ཅད་བཞིར་ངེས་པ་ཡིན་ཏེ། སྦྱང་བྱ་དྲི་མ་བཞི་དང་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་ལམ་བཞི་དང་། སྦྱངས་འབྲས་སྐུ་བཞིར་ངེས་པའི་ཕྱིར་དེ་ལྟར་ཡང་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་དང་། འདུས་པ་ལས། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོགས་གསར་རྙིང་རྒྱུད་སྡེ་ཀུན་མཐུན་པར་འབྱུང་ངོ་། །བྱེ་བྲག་སྔ་འགྱུར་རང་ལུགས་རྒྱུད་ལུང་མན་ངག་གསུམ་གྱི་དབྱེ་བས་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་ན། སློབ་བུ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། བདག་དང་གཞན་དང་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ། སྤྱོད་རིགས་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བར་གསུངས་པ་དང་། ལུང་འདུས་མདོ་ལྟར་ན། རང་བཞིན་གྱིས་སྣོད་དུ་གྱུར་པ་ཟབ་མོའི་དོན་ལ་མོས་པའི་སློབ་མ་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ཀྱི་དངོས་བསྟན་ལྟར་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སློབ་མ་ཐུན་མོང་བ་ལ་མདོ་ཡོངས་རྫོགས་ཡན་ལག་དང་བཅས་པའི་དཀྱིལ་འཁོར་སོ་སོར་ཕྱེ་ནས་དབང་རྩ་བ་སོ་དྲུག་ལ་ཡན་ལག་རགས་པར་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བ་སྟེ། རྒྱུད་མན་ངག་གི་ལུགས་གཉིས་ཀའང་ཕྱི་ནང་སྒྲུབ་གསང་གི་དབང་བཞིས་བསྡུས་པ་དང་། མན་ངག་ཨ་ཏི་ཡོ་ག་ལ་རིག་པ་རྩལ་གྱི་དབང་རྩལ་དུ་བཏོན་ནས་སྐུར་བའི་ཚུལ་རྫོགས་ཆེན་སྡེ་གསུམ་གྱི་ལུགས་སོ་སོར་འབྱུང་བ་ལས། མན་ངག་སྡེ་པ་ལྟར་ན། སྤྲོས་བཅས་དབང་གི་སྒོ་གསུམ་དང་ཤེས་བྱ་ལ་རྨོངས་པའི་དྲི་མ་སྦྱོང་། སྤྲོས་མེད་ཀྱིས་སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག །ཤིན་ཏུ་སྤྲོས་མེད་ཀྱིས་སེམས་ཉིད་གཞི་མེད་རྩ་བྲལ་དུ་ངོ་སྤྲད་ཅིང་ཀ་དག་གི་ཡེ་ཤེས་དང་། རབ་ཏུ་སྤྲོས་མེད་ཀྱིས་ལྷུན་གྲུབ་འོད་གསལ་མངོན་སུམ་གྱི་དོན་ཉམས་སུ་ལེན་པ་ལ་དབང་བར་བྱེད་དོ། །སྒྲུབ་སྡེ་ལྟར་ན་སྤྱི་བཀའ་བདེ་གཤེགས་འདུས་པ་ལས། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་ཕྱི་དབང་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་དང་བཞིར་བཤད་དོ། །ལྔ་པ་ནི། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་པི་ཝང་སྦྱོར་ཀུན་འཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོ། །དྲུག་པ་ནི། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་སོགས་ལུང་རིགས་མཐའ་ཡས་པ་འབྱུང་ངོ་། །གཉིས་པ་སྲོག་དམ་ཚིག་བསྟན་པ་ནི། དབང་གི་སྲོག་ ནས་ དག་པར་བྱ༔ ཞེས་གསུངས་ཏེ། དབང་གིས་རྒྱུད་སྨིན་ཀྱང་དེའི་དོན་རྒྱུད་ལ་བསྟེན་པའི་སྲོག་ནི་དམ་ཚིག་སྟེ། དེའང་དབང་བསྐུར་བ་ཉིད་ཀྱིས་དམ་ཚིག་དང་སྡོམ་པ་ཐོབ་པ་ཡིན་པས་དེ་ཉིད་ལེགས་པར་བསྐྱང་དགོས་ཏེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། །དེ་ལ་དམ་ཚིག་གི་ངོ་བོ་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་གསུངས་པ་ལྟར། སངས་རྒྱས་ཀུན་གྱི་རྡོ་རྗེའི་གསང་བ་གསུམ་འཛིན་ཅིང་མི་ཉམས་པར་སྲུང་པའི་ཆ་ནས་དམ་ཚིག །རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པ་ཡིན་པས་ངོ་བོ་གཅིག་ལ་ཁྱད་པར་དང་སྤྱི་ལྡོག་གིས་ཕྱེ་བའོ། །ངེས་ཚིག་ནི། སྔགས་ཀྱི་སྒོར་ཞུགས་ནས་དེ་ཉིད་ཀྱི་བརྟུལ་ཞུགས་སྲུང་ཞིང་བསྒྲུབས་པས་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བར་བྱེད་པས་སྔགས་ཀྱི་འདུལ་བ་ཞེས་བྱ་ཞིང་། ས་མ་ཡའི་སྒྲ་ལས་དམ་བཅས་པའི་ཐ་ཚིག་དང་མནའ་དང་སྡོམ་པ་སོགས་ལ་འཇུག་པས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པས་རྡོ་རྗེའི་ཡལ་གམ་མམ་དམ་ཚིག་སྟེ། བསྲུངས་ན་སྔགས་ཀྱི་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་ཞིང་། མ་བསྲུངས་ན་བསླབ་པ་ཐམས་ཅད་དོན་མེད་དུ་འགྱུར་བས་ཁེ་ཉེན་དང་བཅས་པའི་ཕྱིར། དེ་ལྟར་ཡང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །དེ་ལ་དབྱེ་ན། བདེ་འདུས་ཞི་རྒྱུད་ལས། སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བས་གཟུང་བྱ་སྟེ། །ཞེས་པས་སྤྱིའི་དམ་ཚིག །ཁྱད་པར་གྱི་དམ་ཚིག །ལྷག་པའི་དམ་ཚིག་སྟེ་གསུམ་དུ་བསྡུས་པ་ཡིན་ལ། དེ་རྣམས་རིམ་པ་བཞིན་དུ་ཕྱི་སྙིང་། ནང་སྙིང་ཁྲག །གསང་བ་སྲོག་གི་ཚུལ་དུ་བསྲུང་ཞིང་རྣམ་པར་དག་པར་བྱའོ། །དེ་དག་གི་དོན་ཅུང་ཟད་སྨོས་ན། སྤྱིའི་དམ་ཚིག་ནི། སོ་ཐར། བྱང་སེམས། ཕྱི་རྒྱུད་གསུམ་གྱི་བསྲུང་མཚམས་སུ་གྲགས་པ་རྣམས་ཏེ། དང་པོ་ལ་སོ་ཐར་རིས་བརྒྱད་ཀྱི་སྤང་བླང་། གཉིས་པ་ལ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ནས་བྱུང་བའི་བསླབ་བྱ། གསུམ་པ་ལ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ལ་འབྱུང་པའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་སོ། ཁྱད་པར་གྱི་དམ་ཚིག་ནི། སྔགས་བླ་མེད་ནས་གསུངས་པའི་རིགས་ལྔ་སྤྱིའི་དམ་ཚིག་དང་། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཁྱད་པར་བ་རྣམས་ཏེ། དེ་ལ་རིགས་ལྔའི་དམ་ཚིག་ནི། ཕྱི་སྨོན་སེམས་དང་འཇུག་སེམས་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་། དཀོན་མཆོག་གསུམ་འཛིན་ཅིང་། སྦས་དོན་བདེ་སྟོང་དབྱེར་མེད་ཀྱི་བྱང་སེམས་དང་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་དུ་བཟུང་བ་སྟེ་དེ་བཞིན་རིགས་ཀྱི་དམ་ཚིག །ཕྱི་རྫས་ཀྱི་རྡོར་དྲིལ་དང་ལྷ་སྐུ་ཕྱག་ཆེན། ནང་ཡབ་ཡུམ་གཉིས་ཀྱི་མཁའ་གསང་ཕན་ཚུན་རྒྱས་བཏབ་སྟེ་སྦྱོར་བ། གསང་བ་ཁམས་དཀར་དམར་གཉིས་འབར་འཛག་གི་རྒྱས་ཟུང་དུ་འབྲེལ་བ། དེ་ཁོ་ན་ཉིད་བདེ་སྟོང་གཉིས་ཟུང་འཇུག་གི་རྒྱས་འཆིང་བ་སྟེ། དེ་ལྟར་ཕྱི་ནང་ལ་སོགས་པའི་རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་གསུམ་འཛིན་ཅིང་། དེ་དག་སྟོན་པའི་བླ་མ་ལ་གུས་པས་བསྟེན་པ་སྟེ་རྡོ་རྗེའི་རིགས་ཀྱི་དམ་ཚིག །ཕྱི་ཆོས་སྐྱོབ་ཟང་ཟིང་དང་དེའི་རྩ་བ་བྱམས་པའི་སྦྱིན་པ་སྟེ་བཞི་སྟེར་ཞིང་། སྦས་དོན་རྗེས་ཆགས་ཀྱི་མེས་བྱང་སེམས་དབབ་ལྡོག་གི་དགའ་བཞིའི་ཡེ་ཤེས་སྦྱིན་པ་ནི་རིན་ཆེན་རིགས་ཀྱི་དམ་ཚིག །ཕྱི་ཉན་རང་། ནང་བྱང་སེམས། གསང་བ་བྱ་བ་སྤྱོད་པ་རྣལ་འབྱོར་ཕྱི་ནང་སྟེ་ཐེག་པ་གསུམ་འཛིན་ཅིང་། སྦས་དོན་རླུང་དབུ་མར་བཅིངས་པས་གཞོམ་མེད་ཀྱི་གསུང་སྒྲུབ་པ་ནི་པདྨ་རིགས་ཀྱི་དམ་ཚིག །སྔར་གྱི་སྡོམ་པ་དེ་ཐམས་ཅད་དང་མཆོད་པའི་ལས་ཀྱང་ཅི་ནུས་སུ་སྒྲུབ་ཅིང་། འཇུག་པར་གཏོགས་པའི་སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་ཕྱིན་པ་རྣམས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཟློ་བ་ལ་འགོད་ཅིང་། སྦས་དོན་དུ་ཐམས་ཅད་ཟུང་འཇུག་ཨེ་ཝཾ་གྱི་སྡོམ་པས་རྒྱས་འདེབས་པ་དང་། ཞུ་བདེས་ཕུང་ཁམས་དབང་ཡུལ་གྱི་ལྷ་རྣམས་ཚིམ་པར་མཆོད་ཅིང་ཕྲ་རགས་ཀྱི་སྒོ་གསུམ་ཤིན་ཏུ་ཕྲ་བ་རྡོ་རྗེ་གསུམ་གྱི་རང་བཞིན་གཞི་རྫོགས་ཡེ་གྲོལ་ཆེན་པོར་སྒྲོལ་དགྲོལ་དབྱུང་ཞིང་ཟློ་བར་བྱེད་པ་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ །རྩ་བའི་དམ་ཚིག་ནི། སྤྱིར་སྒོ་གསུམ་མི་དགེ་བ་ལས་ལྡོག་ཅིང་ལྷ་སྔགས་ཏིང་ངེ་འཛིན་ལས་མི་འདའ་བ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡིན་ལ། ཁྱད་པར་དུ་སྒོ་གསུམ་གཡོ་ཟོལ་མེད་པས་ཅི་མཉེས་ཀྱིས་བླ་མ་བཀུར་བ་དང་། མཆེད་ལྕམ་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་བསམ་པས་བརྩེ་གདུང་རྒྱུན་མི་ཆད་པའི་བྱམས་པས་བྱ་བ་གཉིས་ནི་རྡོ་རྗེའི་སྐུའི་དམ་ཚིག །སྔགས་དང་ཕྱག་རྒྱ་བརྩོན་པ་རབ་འབྲིང་གི་དབང་ལ་ཉིན་མཚན་དུས་དྲུག་གམ་ཟླ་ཞག་ལོ་དུས་རྣམས་ལས་མི་འདའ་བར་བྱེད་པ་ནི་རྡོ་རྗེ་གསུང་གི་དམ་ཚིག །གསང་བའི་དོན་གཞན་དུ་མི་སྨྲ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་ཕྱག་རྒྱ་ལས་མི་འདའ་བ་གཉིས་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །ཁྱད་པར་དུའང་འགྲོ་བ་མཐའ་དག་ཡེ་ནས་རང་བཞིན་རྣམ་དག་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བ་ནི་མཉམ་པ་ཆེན་པོའི་དམ་ཚིག་སྟེ། དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱས་པ་ལ་དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར་བརྩོན་པར་བྱའོ། །ཡན་ལག་གི་དམ་ཚིག་ནི། ལྔ་ཚན་ལྔ་ལས། ཤེས་པར་བྱ་བ་ལྔ་ནི། ཕུང་ཁམས་སོགས་ལྔ་ཚན་གྱི་རྟོག་ཚོགས་རྣམས་ཡེ་ནས་རིགས་ལྔ་ཡབ་ཡུམ་སོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱེད་པ་སྟེ་ལྟ་བའི་དམ་ཚིག་གོ །མི་སྤང་བ་ལྔ་ནི། དུག་ལྔ་ཐབས་གྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་པར་མི་སྤོང་ཞིང་། སྦས་དོན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྫོགས་པས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་ཕྱེད་པ་མེད་པའི་གཏི་མུག །མི་དམིགས་པའི་སྙིང་རྗེ་ཆེན་པོའི་འདོད་ཆགས། རང་རིག་པའི་ཡེ་ཤེས་རྟོག་པ་འཇོམས་པའི་ཞེ་སྡང་། ཟུང་འཇུག་ལྟ་བའི་རྒྱལ་པོ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ་རྟོགས་གོམས་ཀྱི་སྦྱོར་བས་མི་སྤོང་བའོ། །སྤྱད་པར་བྱ་བ་ལྔ་ནི། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་དང་། བརླང་ཚིག་སྨྲ་བ་རྣམས་ཞིང་བཅུ་སྒྲོལ་བ་ལ་སོགས་ཏེ་གཞན་དོན་དུ་འགྱུར་ན་སྤྱད་པར་བྱ་ཞིང་། སྦས་དོན་དུ་སྲོག་ནི་རླུང་སྟེ་བུམ་ཅན་ལ་སོགས་པའི་ཐབས་ཀྱིས་དགག་པའམ་གཟུང་འཛིན་རྟོག་པའི་སྲོག་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་པས། བཙུན་མོའི་ཤུ་ཀྲའམ་བདེ་ཆེན་གྱི་ཡེ་ཤེས་སུས་ཀྱང་སྦྱིན་པ་མེད་པར་དེ་བླང་བ་དང་། རང་རིག་ཉིད་ཡུལ་ཕྱག་རྒྱ་ཆེན་པོ་དང་ཁ་སྦྱོར་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་སྒྲུབ་པ་ནི་འདོད་པ་སྤྱོད་པ་དང་། འཁོར་བ་མེད་སྣང་ལས་འགྲོ་བ་སྒྲོལ་བའི་རྫུན་དང་། སྒྲ་ཐམས་ཅད་བརྗོད་མེད་དུ་རྟོགས་པས་གབ་སྦས་མེད་པར་བརྡ་སྤྲོད་པ་ལ་སོགས་པའི་བརླང་ཚིག་རྣམས་སོ། །དང་དུ་བླང་བ་ལྔ་ནི། བྱང་སེམས་དཀར་དམར། དྲི་ཆེན། དྲི་ཆུ། ཤ་ཆེན་གྱི་དྭངས་མ་རྣམས་གཙང་དམེའི་རྟོག་པ་སྦྱོང་བ་ལ་སོགས་པའི་དགོས་པས་བརྟེན་ཅིང་། སྦས་དོན་དུ་ཕུང་ལྔའི་དྭངས་མ་འཛག་མེད་དུ་འཆིང་བས་དང་དུ་བླང་བའོ། །བསྒྲུབ་པར་བྱ་བ་ལྔ་ནི། ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་དེ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་རང་རྒྱུད་ལ་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་སྟེ་སྒོམ་པའི་དམ་ཚིག་དང་། བར་མ་གསུམ་པོ་ཕྱི་ལྟར་ན་སྤྱོད་པའི་དམ་ཚིག་གཙོ་ཆེའོ། །རྩ་བའི་དམ་ཚིག་གསུམ་དང་ཡན་ལག་ཉེར་ལྔ་བསྡམས་པས་དམ་ཚིག་ཉེར་བརྒྱད་ཅེས་མ་ཧཱའི་སྤྱི་སྐད་དུ་གྲགས་སོ། །ལྷག་པའི་དམ་ཚིག་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་གང་ཟག་གིས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བར་བྱ་བ་ལྷག་པར་བསྟེན་པའི་དམ་ཚིག །གཅན་གཟན་གྱི་རྒྱལ་པོའི་ཁྲི་མི་བཤིག་པ་ལ་སོགས་ཉི་ཤུ་སྟེ། བརྡས་བསྟན་པའི་དོན་གོ་བདེ་བར་བཀྲོལ་ན། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་གཅོག །བླ་མའི་ཡུམ་ལ་མི་སྤྱོད། དད་ཅན་ཚོགས་མི་གཅོག །དཀོན་ཅོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་མྱོས་པར་མི་འཐུང་། རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱོད། མཚན་ངན་གྱི་གཟུངས་མ་མི་བསྟེན། མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན། མཁས་པའི་ཡོན་ཏན་ལ་མི་གཤེ། སྣོད་མིན་ལ་གསང་ཆོས་མི་སྟོན། མཚན་ལྡན་གྱི་གཟུངས་མ་དང་། སྣོད་ལྡན་གྱི་སློབ་མ་མི་སྤང་། དོན་བདེ་སྟོང་དང་རྟགས་ཡབ་ཡུམ་དང་མི་འབྲལ། མཆེད་ལ་ཀྱལ་ཀ་ཙམ་དུའང་ནང་འཐབ་མི་བྱེད། གཞན་གྱིས་སྤྱད་པའི་ལྷག་མི་སྤྱོད། བླ་མའི་གདན་ས་མི་རློམ། རང་གཞན་གྱི་མཚམས་མི་འདྲལ། ཏིང་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བཟླས་པ་དང་ཆོ་ག་མི་ཚིག་གིས་བར་མི་གཅོད། དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་བརྡ་མི་བརྗེད། རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུགས་ཤིང་སྐྱེ་བོའི་མཐུ་ཟློག་མི་བྱེད། སློབ་དཔོན་གཙུག་ཏུ་ཁུར་བ་ལས་ཉམས་པར་མི་བྱ་བ་རྣམས་སོ། །དེ་དག་སྲུང་པའི་ཐབས་ནི། གནང་བཀག་གི་གནས་རྣམས་མི་བརྗེད་པའི་དྲན་པ་དང་། དམ་ཚིག་ལས་འདས་མ་འདས་རྟོག་དཔྱོད་བྱེད་པའི་ཤེས་བཞིན་དང་། གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་། ཉམས་ན་བདག་ཉིད་ངན་སྙམ་དུ་རང་ལ་བརྟེན་ནས་འཛེམ་པའི་ངོ་ཚ་ཤེས་པ་དང་། ཡུལ་གཞན་ལ་བརྟེན་ནས་འཛེམ་པའི་ཁྲེལ་ཡོད་པ་དང་། ཉམས་པའི་ཉེས་དམིགས་མཐོང་བས་འཇིགས་པ་དང་། ཕན་ཡོན་ལ་བྲོད་པས་གུས་པ་སྟེ་དེ་དག་གི་སྒོ་ནས་འབད་པས་བསྲུང་བའོ། །དེ་ཡང་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། །ཉམས་ན་ཕྱིར་བཅོས་པ་ནི། ཡུལ་གང་ཟག་ལས་ཉམས་པ་རྣམས་དེ་དག་གི་དྲུང་དུ་བཤགས་ཤིང་། གཞན་རྣམས་འགྱོད་སྡོམ་གྱི་སྒོ་ནས་ཇི་ལྟར་རིགས་པས་བཤགས་པར་བྱ་ལ། ཉམས་པ་ཆེན་པོ་ནི། ཡུལ་གང་ལ་བརྟེན་ནས་ཉམས་ཀྱང་རུང་སྟེ། ཐོག་མར་སོ་སོའི་ལུགས་བཞིན་བཤགས་ནས་སླར་དབང་དང་དམ་ཚིག་ནོད་པར་བྱ་བ་ཡིན་ནོ། །སྔགས་པས་རྩ་བའི་དམ་ཚིག་ལས་འགལ་ན་རྡོ་རྗེའི་དམྱལ་པར་ཟང་ཐལ་དུ་འགྲོ་བས་མཚོན་ཉམས་པའི་ཉེས་དམིགས་དང་། དམ་ཚིག་ཚུལ་བཞིན་ཏུ་བསྲུང་ན་རབ་ཚེ་གཅིག །འབྲིང་དང་ཐ་མས་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་མཆོག་འགྲུབ་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །གསུམ་པ་སྐྱེད་སྲིང་བ་ལ་གཉིས། ཚིག་གོང་མ་དང་མཚམས་སྦྱར་བའི་ཚུལ་གྱིས་མིང་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ རིམ་པ་ནི༔ ཞེས་གསུངས་ཏེ། དེ་ལྟར་དབང་བཞིས་རྒྱུད་སྨིན་ཅིང་དམ་ཚིག་མ་ཉམས་པས་སྒོ་གསུམ་རྣམ་པར་དག་པའི་གང་ཟག་སྔགས་ཀྱི་ལམ་ལས་དངོས་གྲུབ་མྱུར་དུ་སྒྲུབ་པར་འདོད་པ་དག་གིས་ས་བོན་བཏབ་པ་དེ་ཉིད་བྱང་ཆུབ་ཀྱི་ལམ་དུ་སྐྱེད་སྲིང་བར་བྱེད་པའི་ཐབས་ཟབ་མོ་ལམ་གྱི་རིམ་པ་ནི་འདི་ལྟར་རོ། །ཞེས་སོ། །དེའང་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ནི་བསྐྱེད་རྫོགས་གཉིས་ཡིན་ལ་དེ་གཉིས་ཀྱི་སྤྱི་དོན་ཅུང་ཟད་བཤད་ན། རིམ་གཉིས་སོ་སོའི་ངོ་བོ། ངེས་ཚིག །དབྱེ་བ། གོ་རིམ། དགོས་པ་སྟེ་ལྔ་ལས། དང་པོ་བསྐྱེད་རིམ་གྱི་ངོ་བོ་ནི། རྗེས་དཔག་གི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་། དེ་ཡང་ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ལ། ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱལ་བས་སྔགས་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་དང་སྟོང་ཉིད་ཀྱིས་རྒྱས་བཏབ་པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ་ཁྱད་ཆོས་བཞི་ལྡན་ནོ། །རྫོགས་རིམ་གྱི་ངོ་བོ་ནི། མངོན་སུམ་པའི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པ་རྒྱུའི་རྫོགས་རིམ་དང་། དེ་བརྟན་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་གཞི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཁྱད་ཆོས་རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད་ རྣམ་པའི་ཁྱད་པར་བདེ་བ་ཆེན་པོ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ་ཁྱད་པར་གསུམ་ལྡན་ནོ། །གཉིས་པ་ནི། བསྐྱེད་རིམ་གྱི་སྐད་དོད་ཨུཏྤཏྟི་ཀྲ་མ་ཞེས་པའི་ཨུཏྤཏྟི་ནི་བཅོས་པའམ་བཏགས་པ་སོགས་ལ་འཇུག་པས་རྣམ་པར་རྟོག་པས་གསར་དུ་བཅོས་པའམ་བཏགས་པའི་དོན་ཏེ་བསྐྱེད་པ་ཡིན་ལ་གང་ལས་བཅོས་ཤིང་གདམས་པའི་གཞི་ནི་རྫོགས་པའི་རིམ་པ་སྟེ། དེ་ཉིད་ཀྱི་སྐད་དོད་ནིཥྤནྣ་ཀྲ་མ་ཞེས་པའི་ནིཥྤནྣ་ནི་མ་བཅོས་པ། གྲུབ་པ། རྫོགས་པ་སོགས་ལ་འཇུག་པས་བཅོས་མེད་ཤུགས་འབྱུང་གི་དོན་ནོ། །དེ་གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ཐབས་སམ་ལམ་གྱི་གོ་རིམ་གྱི་དོན་དུ་འགྱུར་རོ། །གསུམ་པ་ནི། ངོ་བོའི་སྒོ་ནས་དབྱེ་ན། བཅོས་ཤིང་བཏགས་པ་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་བསྐྱེད་རིམ་དང་། བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་རྫོགས་རིམ་སྟེ་གཉིས། སྦྱང་བྱ་སྦྱོང་བྱེད་ལ་ལྟོས་ན། ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བསྐྱེད་རིམ་ཀུན་རྫོབ་བདེན་པའི་རྣལ་འབྱོར་དང་། དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་དོན་དམ་བདེན་པའི་རྣལ་འབྱོར་ཞེས་པ་གཉིས། སྒོམ་ཚུལ་གྱི་སྒོ་ནས། སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ནས་བསྐྱེད་རིམ་སྒོམ་ཚུལ་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་སོ། །རྫོགས་རིམ་ནི། ཀུན་རྫོབ་རང་བྱིན་རླབས་པའི་རིམ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་། གཞན་ལུས་ལ་བརྟེན་པ་དཀྱིལ་འཁོར་འཁོར་ལོ། དེ་དག་རྣམས་ཀྱི་རྒྱས་འདེབས་སུ་གྱུར་པ་དོན་དམ་འོད་གསལ་ཆེན་པོ་བརྗོད་མེད་ལྷན་ཅིག་སྐྱེས་པའི་རིམ་པ་སྤྱི་དང་། ཁྱད་པར་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་རྣམས་སོ། །བཞི་པ་ནི། གནས་ལུགས་ཀྱི་ལམ་ལ་འཇུག་པའི་སྔོན་དུ་རྒྱུད་སྦྱོང་བའི་ཕྱིར་བསྐྱེད་རིམ་ལམ་གྱི་སྔོན་འགྲོར་སྦྱང་ཞིང་། རྒྱུད་བྱང་ནས་གནས་ལུགས་དངོས་བསྒོམ་པའི་ཕྱིར་རྫོགས་རིམ་ལམ་གྱི་དངོས་གཞི་ཡིན་པའི་རིམ་པའམ། ཡེ་ཤེས་ཀྱི་ཚོགས་ཀྱི་གཞི་འདིང་བ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སྐྱེ་བའི་གེགས་བསལ་བའི་རྒྱུར་ཡང་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་པ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་དང་། རིམ་ལྔ་ལས་ཀྱང་། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་འབྱུང་སྟེ་མདོར་ན་སྦྱང་བྱ་འཁྲུལ་བ་ཀུན་བཏགས་དང་ས་བོན་གྱི་ཆ་གཉིས་སྦྱོང་བྱེད་རྟེན་དང་བརྟེན་པ། གྲུབ་འབྲས་ཐུན་མོང་དང་མཆོག་གི་གོ་རིམ་སོགས་ལ་ལྟོས་པའོ། །ལྔ་པ་ནི། སྣོད་བཅུད་ཐ་མལ་དུ་འཛིན་པ་སྤོང་ཞིང་། ལམ་མ་དག་ས་བདུན་དང་། འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་ནི་བསྐྱེད་རིམ་དང་། འཕོ་བའི་བག་ཆགས་ཀྱི་དྲི་མ་སྤོང་ཞིང་། ལམ་དག་པ་ས་གསུམ་དང་འབྲས་བུ་ལྷན་ཅིག་སྐྱེས་སྐུའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་རྫོགས་རིམ་གྱི་དགོས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་པ་ལྟར་རོ། །གཉིས་པ་ལ་བཞི། བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་བསྒོམ་པ། གསང་དབང་དང་རྗེས་སུ་འབྲེལ་བའི་ཟབ་ལམ་གསལ་སྟོང་ཟུང་འཇུག་བསྒོམ་པ། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་ཕོ་ཉའི་ལམ་བདེ་སྟོང་ཟུང་འཇུག་བསྒོམ་པ། དབང་བཞི་པ་དང་རྗེས་སུ་འབྲེལ་པའི་རྫོགས་ཆེན་རིག་སྟོང་ཟུང་འཇུག་ཏུ་བསྒོམ་པའོ། །དང་པོ་ལ་གསུམ། བསྐྱེད་རིམ་གྱི་དགོས་པ་བསྟན་པ། བསྐྱེད་རིམ་དངོས། དེའི་དོན་བསྡུ་བའོ། །དང་པོ་ནི། དང་པོ་བུམ་པའི་དབང་ ནས་ དག་ལ་བསླབ༔ ཅེས་གསུངས་ཏེ། ལམ་གྱི་རིམ་པ་དེ་ལའང་དབང་བཞི་སོ་སོ་དང་རྗེས་སུ་འབྲེལ་བའི་ལམ་བཞི་ཡོད་པ་ལས། དང་པོ་བུམ་པའི་དབང་དང་རྗེས་སུ་འབྲེལ་བའི་ལམ་ནི། བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཐ་མལ་གྱི་དངོས་པོར་སྣང་བ་ལ་དེ་དང་དེར་ཞེན་པའི་ཀུན་ཏུ་རྟོག་པ་འདི་ཉིད་སྦྱང་བར་བྱ་བའི་ཕྱིར་དུ། ཐུན་མོང་བ་མ་ཧཱ་དང་ཁྱད་པར་བ་ཡོ་ག་གོང་མ་གཉིས་ཀྱི་ཚུལ་དང་མཐུན་པའི་བསྐྱེད་རིམ་དག་ལ་བསླབ་པར་བྱའོ། །གཉིས་པ་ལ་གཉིས། སྡོམ་གྱི་སྒོ་ནས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ ནས་ འབྲས་བུར་བཅས༔ ཞེས་གསུངས་ཏེ། དེའང་དཔེར་ན་ཚོང་དོན་དུ་གཉེར་བ་ལ། བསྒྲུབ་བྱ་རིན་ཐང་ཆེ་བའི་ནོར། སྒྲུབ་བྱེད་རིན་ཐང་དཔོག་པའི་ཟོང་། སྒྲུབ་ཚུལ་ཚོང་གི་ཐབས་ལ་མཁས་པས། གྲུབ་འབྲས་འདོད་པའི་ནོར་བདེ་བླག་ཏུ་ཐོབ་པ་བཞིན། བསྐྱེད་རིམ་གྱི་ལམ་དེ་ལའང་བསྒྲུབ་བྱ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ལྷ་དང་། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང་། དེ་དག་གི་བྱིན་རླབས་མཚན་མའི་ལྷར་གྲགས་པ་སྟེ་གསུམ། སྒྲུབ་བྱེད་ཀྱི་ཐབས་སྔོན་འགྲོ་དངོས་གཞི་རྗེས་ཀྱིས་བསྡུས་པ་རྣམས་དང་། ཇི་ལྟར་སྒྲུབ་པའི་ཚུལ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་རྣམས་དང་། བསྒྲུབས་པའི་འབྲས་བུ་རིག་འཛིན་བཞིན་གྲུབ་པའི་ཚུལ་དང་བཅས་ལྟོས་ནས་འབྲེལ་བའི་ཚུལ་གྱིས་རིམ་པར་བསྟན་པར་བྱའོ། །གཉིས་པ་ལ་བཞི། གང་བསྒྲུབ་བྱའི་ལྷ། གང་གིས་སྒྲུབ་པའི་ཐབས། ཇི་ལྟར་སྒྲུབ་པའི་ལམ། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། བསྒྲུབ་བྱ་ ནས་ མངོན་དུ་བྱ༔ ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ་བསྒྲུབ་པར་བྱ་བའི་ལྷ་ནི་སྤྱིར་གོང་དུ་སྨོས་པ་ལྟར་གསུམ་ལས། དང་པོ་ནི། འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་པ་མེད་པའི་གནས་ལུགས་ཡེ་ཤེས་གསུམ་ལྡན་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འགྲོ་བ་ཀུན་ལ་ཁྱད་པར་མེད་པར་གདོད་ནས་བཞུགས་པ་ནི་དམ་ཚིག་སེམས་དཔའ་དང་། གཉིས་པ་ནི། འཁོར་འདས་ཐམས་ཅད་ལ་ཁྱབ་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་མ་ནས་དབྱེར་མི་ཕྱེད་པའི་རང་བཞིན་ཅན་དུ་བཞུགས་པ་ནི་དམ་ཡེ་གཉིས་མེད་ཀྱི་དོན་ཏེ། དྲི་མ་སྦྱང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལ་རྒྱུའི་ཐེག་པར་རིགས་དང་ཁམས་དང་བདེ་བར་གཤེགས་པའི་སྙིང་པོ་སོགས་ཀྱིས་བསྟན་ལ། སྔགས་ཀྲི་ཡ་བས་བདག་གི་དེ་ཁོ་ན་ཉིད་དང་། ཨུ་བྷ་ཡས་བྱང་ཆུབ་ཀྱི་སེམས། ཡོ་གས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། མ་ཧཱ་ཡོ་ག་བས་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུས་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བཏགས་ཤིང་། མན་ངག་སྡེ་པས། ལུས་ཅན་རྣམས་ཀྱི་སྙིང་དབུས་ན་དྭངས་མ་ལྔ་འདུས་ལ་བརྟེན་པའི་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པར་གསུངས་པ་དང་། གཞན་དུ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་འདི་དག་གི་སྣང་གཞི་གཉུག་མའི་ཕུང་སོགས་སམ་ཕུང་ཁམས་སྐྱེ་མཆེད་གཞན་ཞེས་གྲགས་པ་ཡེ་ནས་གདན་གསུམ་ཚང་བའི་ལྷའི་དཀྱིལ་འཁོར་དུ་རྣམ་པར་དག་པ་དང་། ཤིན་ཏུ་ཕྲ་བའི་སྒོ་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་དུ་གནས་པར་བཤད་པ་རྣམས་ཀྱང་དོན་གཅིག་ཏུ་འབབ་བོ། །དེ་ལྟར་ཡིན་ཀྱང་རང་ངོ་མ་ཤེས་པས་ཐ་དད་དུ་བཟུང་བས་འཁྲུལ་ཏེ་མ་རྟོགས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། དཔེར་ན་ནོར་བུ་ཉིད་འདམ་གྱི་དྲི་མ་ལས་མ་གྲོལ་བར་རང་གི་བྱ་བ་བྱེད་མི་ནུས་པ་ལྟར་གཉིས་མེད་ཀྱི་དོན་དེ་ཡང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་དྲི་མ་སྦྱང་དགོས་ལ། དེ་སྦྱོང་བྱེད་ཀྱི་ཐབས་ནི་འཁྲུལ་བ་གློ་བུར་བ་ཀུན་བཏགས་ཀྱི་ཆ་རྣམས་བསྐྱེད་རིམ་གྱིས་དང་། ས་བོན་གྱི་ཆ་ནི་རྫོགས་རིམ་གྱིས་སྦྱོང་བ་ཡིན་ཞིང་། ཇི་ལྟར་སྦྱོང་ན། འཁྲུལ་བའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བར་བྱེད་པ་ལ། སྒྱུར་ཚུལ་དེའི་རང་ངོ་ལ་བསལ་བཞག་མེད་པར་བཞག་པས་གང་ཤར་གྱི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ། རྒྱུ་མཚན་དེས་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་བྱེད་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་ན་མཚན་ཉིད་ཐེག་པ་བས་གཞི་སྤོང་བགེགས་སྦྱོང་བའི་ལམ་ལས་ཁྱད་བར་དུ་འཕགས་པའོ། །དེ་ལྟར་བསྒྲུབ་གཞི་དམ་ཡེ་དབྱེར་མེད་ངོས་ཟིན་ནས་སྐབས་ཀྱི་བསྒྲུབ་བྱ་དངོས། དེ་དག་གི་བྱིན་རླབས་སམ་རྩལ་ལས་ཤར་བའི་མཚན་མའི་ལྷ་སྟེ། དེའང་ངོ་བོ་བརྒྱུད་གསུམ་གྱི་བླ་མ་རིག་འཛིན། ཐེག་རིམ་དགུའི་ཡི་དམ། གནས་གསུམ་མཁའ་འགྲོའི་ཚོགས་ཏེ་རྩ་བ་གསུམ། རྣམ་པ་ཞི་བ་དང་ཁྲོ་བོ། ཆགས་བྲལ་དང་ཆགས་བཅས། འཁོར་ལོའི་དབང་ཕྱུག་དང་འཁོར་གྱི་ཚུལ་དུ་བསྟན་པའི་བྱེ་བྲག་བསམ་ལས་འདས་པ་ཡོད་ཀྱང་། བྱིན་རླབས་དང་དངོས་གྲུབ་རྣམ་པ་གཉིས་གཞན་ལས་ཁྱད་པར་དུ་མས་འཕགས་པ་མྱུར་དུ་ཐོབ་པར་འདོད་ནས་རྩ་བ་གསུམ་པོ་དེ་ཀུན་གྱི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་གཅིག་ཏུ་འདུས་པ་པདྨ་ཐོད་ཕྲེང་རྩལ་ང་ཉིད་བསྒོམ་པར་བྱའོ། །དེ་ལྟར་ཡང་ཐུགས་སྒྲུབ་གསང་འདུས་གནད་ཡིག་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་དང་། བྱང་གཏེར་ལས། དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས༔ དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ༔ པདྨ་འབྱུང་གནས་ང་ཉིད་སྒོམ་པ་ཡིས༔ ཞི་ཁྲོ་རབ་འབྱམས་ཐམས་ཅད་རྫོགས་པར་འགྱུར༔ ཞེས་སོགས་འབྱུང་བ་ལྟར་རོ། །དེ་ལྟར་བདེ་གཤེགས་ཀུན་འདུས་གུ་རུ་པདྨ་སྒྲུབ་པའི་ཚུལ་གཏེར་ཁ་རེ་རེར་ཡང་སྤྱི་དང་ཁྱད་པར་མཐའ་ཡས་པ་ཞིག་མཆིས་པ་ལས། འདིར་སྙིགས་མའི་རྒུད་པ་མཐར་ཐུག་པ་སྐྱོབ་པའི་དཔལ་མགོན་གཅིག་པུ་པ་གཏེར་འབྱིན་རིག་འཛིན་གྲུབ་པའི་རྒྱལ་པོ་རྣམ་གཉིས་ཀྱི་ཟབ་གཏེར་དང་འབྲེལ་བའི་དབང་དུ་བྱས་ནས། ཕྱི་ལྟར་བྱང་ཆུབ་སྒྲུབ་པའི་ལམ་ལ་འཕྲལ་དང་ཡུན་དུ་ཕྱི་ནང་གསང་བའི་བགེགས་དང་བར་ཆད་ཀུན་སེལ་བའི་ཕྱིར་དུ། སྣང་སྲིད་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གཙོ་བོ་རྒྱལ་བ་སྐུ་གསུམ་གྱི་རྣམ་པར་ཤར་བ་གུ་རུ་པདྨ་འབྱུང་གནས་ལ། འཁོར་གུ་རུ་རྒྱལ་བའི་གདུང་འཛིན་སོགས་རིག་འཛིན་རྩལ་འཆང་ཆེན་པོ་རྣམ་འཕྲུལ་བཅུ་གཉིས། སྒོ་སྲུང་དཔའ་བོ་ཡབ་ཡུམ་གྱིས་བསྐོར་བ་བཅས་དཀྱིལ་འཁོར་ཡོངས་རྫོགས་སྤྱི་དང་། བྱེ་བྲག་ཆོས་སྐུ་ཚེ་དཔག་མེད་ལྷ་བཅུ་གསུམ་པ་སྒེར་དུ་ཕྱུང་བས་མཚོན་སོ་སོའི་ཚུལ་དུ་བསྙེན་པར་བྱ་སྟེ་རྒྱལ་པོ་ཆེན་པོ་ལ་སྙན་གསན་འབེབས་པ་ལྟ་བུའོ། །ནང་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཡིད་ལ་གང་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་དུ། གཙོ་བོ་ཁྱབ་བདག་བདེ་བ་ཆེན་པོ་གུ་རུ་ཡིད་བཞིན་ནོར་བུ་ལ། འཁོར་གུ་རུ་ཆེ་བའི་ཆེ་མཆོག་སོགས་རྣམ་འཕྲུལ་བཅུ་གསུམ་སྒོ་སྲུང་བཞི་དང་བཅས་པ། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་ནས་ཐབས་ལམ་དང་གྲོལ་བའི་ལམ་ལ་ཞུགས་ནས་ཉེ་བར་བསྙེན་པར་བྱ་སྟེ་རྒྱལ་པོ་ལ་འབྲེལ་བཏགས་པ་ལྟ་བུའོ། །གསང་བ་དོན་རང་སེམས་ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་ཀ་དག་དང་ལྷུན་གྲུབ་རིག་པ་དབྱེར་མེད་ཟུང་དུ་འཇུག་པ་ཉིད་རྟགས་ཕྱག་རྒྱའི་གཟུགས་སུ་ཤར་བ་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། རྩ་བ་གསུམ་པོ་ཀུན་ཁ་གཅིག་ཏུ་འདྲིལ་བ་རང་བྱུང་བདེ་ཆེན་རོལ་པའི་འཁོར་ལོ་ཉིད། བསྐྱེད་རྫོགས་དབྱེར་མེད་ལམ་ཟབ་སྙིང་པོའི་རྣལ་འབྱོར་གྱིས་ཉམས་སུ་བླངས་ནས་མི་འགྱུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒྲུབ་པར་བྱ་སྟེ་རྒྱལ་པོ་མཉེས་ནས་འདོད་དོན་སྒྲུབ་པ་ལྟ་བུའོ། །ཡང་གསང་རིག་འཛིན་གཙོ་མཆོག་རྡོ་རྗེ་དྲག་པོ་རྩལ་ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཀུན་འདུས་ཤིང་འབར་བ་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་རབ་འབྱམས་ཡོངས་སུ་རྫོགས་པའི་ཡི་དམ་གྱི་ལྷ་གསང་བ་གཅིག་འགྲུབ་ཉིད། སྒྲུབ་པ་ཆེན་པོ་དང་འབྲེལ་བའི་ཉེ་རྒྱུའི་སྤྱོད་པའི་བརྟུལ་ཞུགས་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ལྔ་མངོན་དུ་བྱ་སྟེ། རྒྱལ་པོའི་གོ་སར་རང་ཉིད་འཁོད་ནས་དབང་བསྒྱུར་བ་བཞིན་ནོ། །གཉིས་པ་གང་གིས་སྒྲུབ་པའི་ཐབས་བསྟན་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། གང་ཡང་ ནས་ བྱ་བས་འཇུག༔ ཅེས་གསུངས་ཏེ། དེ་ལྟར་བསྒྲུབ་བྱ་བླ་མ་ཕྱི་ནང་གསང་བ་ཡང་གསང་དེ་དག་གང་ལའང་སྒྲུབ་བྱེད་ཐབས་ཀྱི་རིམ་པ་ནི། ཐོག་མར་སྔོན་དུ་འགྲོ་བ་བསགས་སྤྱངས་འགལ་སྤོང་མཐུན་སྒྲུབ་ཀྱི་རིམ་པ་དང་། བར་དུ་དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ་དང་། མཐར་ཕྲིན་ལས་ཀྱི་ཁ་སྐོང་བ་རྗེས་ཀྱི་བྱ་བ་སྟེ་རྣམ་པ་གསུམ་གྱིས་ཉམས་ལེན་ལ་འཇུག་པར་བྱའོ། །གཉིས་པ་ལ་གཉིས། རྩ་བའི་དཀྱིལ་འཁོར་སྒྲུབ་པའི་ཐབས་དང་། དེ་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་ཐབས་སོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལའང་གཉིས། ཁྲིད་ཀྱི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོའོ། །དང་པོ་ཁྲིད་ཀྱི་སྔོན་འགྲོ་ལའང་བཞི། ལམ་གྱི་རྩ་བ་སྐྱབས་སེམས། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་རིམ་པ། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། དེ་ལ་སྐྱབས་སོགས་རྐང་པ་གཅིག་སྟེ། སྒྲུབ་བྱེད་ཀྱི་ཐབས་དེ་ལའང་ཐོག་མར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་སོང་ཞིང་། ལྷག་པའི་བསམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས་ཉམས་ལེན་རྣམས་ལ་རིམ་གྱིས་འཇུག་པར་བྱ་དགོས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ཡིན་པའི་ཕྱིར། དེ་དག་གི་དོན་རྒྱས་པར་གོང་དུ་བསྟན་ཟིན་ཅིང་མདོར་བསྡུ་ན། སྐྱབས་འགྲོའི་རྒྱུ་ངེས་འབྱུང་དང་གཞན་ཕན་གྱི་བསམ་པ། ཡུལ་ཚངས་སོགས་ལོག་པའི་སྟོན་པ་དང་རྟག་ཆད་ཀྱི་ལམ་དང་དེ་འཛིན་གང་ཟག་བཅས་སྤངས་ནས། དེ་དག་ལས་ཁྱད་པར་དུ་མས་འཕགས་པ་ཐུན་མོང་དཀོན་མཆོག་གསུམ། ཁྱད་པར་རྩ་བ་གསུམ། ཀུན་འདུས་རྡོ་རྗེ་སློབ་དཔོན་ལ། གང་ཟག་རང་གིས་ཐོག་དྲངས་མར་གྱུར་མཁའ་ཁྱབ་ཀྱི་འགྲོ་བས། དུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཚུལ་ཅི་མཛད་ཁྱེད་ཤེས་ཀྱི་གུས་པ་ཆེན་པོས། དམིགས་འདོན་ཕྲིན་ལས་སོ་སོའི་གཞུང་ལས་གསུངས་པ་ལྟར་བྱེད་པ་ནི་ཡུལ་དང་བྱེད་པོ་གཉིས་སུ་འཛིན་པས་ཀུན་རྫོབ་རྒྱུའི་སྐྱབས་འགྲོ་དང་། སེམས་ཉིད་ཡེ་ནས་རང་བཞིན་རྣམ་དག་ཡེ་ཤེས་སུམ་ལྡན་དཀོན་མཆོག་རྩ་གསུམ་དུ་ལྷུན་གྱིས་གྲུབ་པ་ལ་དེ་ལྟར་ཤེས་པས་ཡུལ་དང་བྱེད་པ་པོ་གཉིས་མེད་དུ་རྟོགས་པ་ནི་དོན་དམ་འབྲས་བུའི་སྐྱབས་འགྲོ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །སེམས་བསྐྱེད་ཀྱང་མདོར་ན་རྟེན་སྙིང་རྗེ་དང་། བརྟེན་པ་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་བས་ཀུན་རྫོབ་སྨོན་འཇུག་དང་། དོན་དམ་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་འོད་གསལ་བའི་དབྱིངས་སུ་མཉམ་པར་འཇོག་པ་ལ་གནད་ཐམས་ཅད་ཚང་སྟེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །གཉིས་པ་ནི། ཉམས་རྟོགས་ ནས་ ལེགས་པར་སྦྱང༔ ཞེས་གསུངས་ཏེ། སྤྱིར་སོ་སོ་སྐྱེ་བོའི་རྒྱུད་ལ་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཚན་པོ་ཆེ་ཡོད་པས་ཐར་པ་དང་རྣམ་མཁྱེན་ལ་བར་དུ་གཅོད་ཅིང་། ཁྱད་པར་ལམ་གྱི་དངོས་གཞིའི་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཚུལ་བཞིན་དུ་མི་སྐྱེ་བའི་གེགས་གཅིག་པུ་ནི། སྔར་བསགས་ཀྱི་སྡིག་པ་དང་བཅས་པ་ལས་འགལ་བའི་ལྟུང་བ་རྣམས་ཡིན་པས་དེ་དག་ལ་གནོང་ཞིང་འགྱོད་པ་ཆེན་པོས་དེ་སྦྱོང་བྱེད་ཀྱི་གཉེན་པོ་ཁྱད་པར་དུ་འཕགས་པ། བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐྱབས་སུ་རྩེ་གཅིག་པར་བཟུང་ཞིང་། ཕྱི་ནང་གསང་བའི་རྣལ་འབྱོར་གང་རུང་དང་འབྲེལ་བར་སྐུ་ལྷའི་རྣམ་པ་བསྒོམ། སྙིང་པོའི་གསང་སྔགས་ཡི་གེ་བརྒྱ་པ་བདུད་རྩི་འབེབས་སྦྱོང་སོགས་དམིགས་པའི་འཕྲོ་འདུ་དང་བཅས་ཏེ་བཟླ། སྡིག་ལྟུང་སྔར་བྱས་བཤགས་ཤིང་ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དྲག་པོས་རང་གི་རྒྱུད་ལེགས་པར་སྦྱངས་ནས་རྣམ་པར་དག་པར་བྱའོ། །དེའང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར་སྡིག་པ་བཤགས་པ་ལ་སྟོབས་བཞི་ཚང་དགོས་ཤིང་དེ་ཚང་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བཤགས་པ་ཚད་ལྡན་ལན་གཅིག་གིས་བྱང་བར་འགྱུར་ཏེ། མདོ་ལས། གང་གིས་བསྐལ་པ་དུ་མ་རུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་སོ། །དེ་ལ་སྐབས་འདིར་རྟེན་གྱི་སྟོབས་ནི། བཤགས་ཡུལ་གྱི་རྟེན་བླ་མ་རྡོ་རྗེ་སེམས་དཔའ། རང་རྒྱུད་ཀྱི་རྟེན་དེ་ལ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ལ། དེའང་འདིར་བདག་གཞན་གྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ་སྙམ་པ་དང་། །སྔགས་དོན་བསམ་པ་ལ་ཚང་། སྔགས་དོན་ནི། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོང་། ཞེས་སོགས་གསོལ་འདེབས་ཐུགས་རྒྱུད་བསྐུལ་བའི་ཚིག་ཡིན། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་མི་དགེ་བའི་གཉེན་པོར་དགེ་བ་ལ་སྤྱོད་པ་སྟེ་འདིར་ལྷ་སྒོམ་སྔགས་བཟླ་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་སོགས་ཡིན། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་པ་དང་། སོར་ཆུད་པའམ་སླར་ལྡོག་པའི་སྟོབས་ཕྱིན་ཆད་སྡོམ་པའི་སེམས་ཡིན་པས། སྟོབས་གཉིས་པོ་དེ་བཟླས་པའི་མཇུག་ཏུ་བདག་ནི་མི་ཤེས་སོགས་ཚིགས་བཅད་ལྷུག་གི་བཤགས་པ་བཏོན་ན་དེ་ལ་ཚང་ཞིང་། གལ་ཏེ་མི་འདོན་ནའང་གནོང་འགྱོད་མེད་ན་བཤགས་པའི་བློ་མི་སྐྱེ་ཞིང་། འགྱོད་པ་གཤའ་མ་ཞིག་སྐྱེས་ཕྱིན་ཆད་ཉེས་དམིགས་ཤེས་པས་སྡོམ་སེམས་ཤུགས་ལ་འབྱུང་བ་ཆོས་ཉིད་དོ། །འདི་ཉིད་གསང་སྔགས་བླ་མེད་ཀྱི་ནང་གི་ཁྲུས་ཡིན་པས་ཐོག་མར་སྦྱོར་བའང་ཤིན་ཏུ་འབྲེལ་ཆགས་པ་ཡིན་ཞིང་། སྤྱིར་སྒོམ་བཟླས་འདིའི་ཕན་ཡོན་ཚད་མེད་པར་གསུངས་ཏེ། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། རྡོ་རྗེ་སེམས་དཔའ་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆགས་ཐམས་ཅད་འཇོམས་པར་བྱེད། །ཅེས་དང་། དྲི་མེད་བཤགས་པའི་རྒྱུད་ལས། འདི་དག་དུས་གཅིག་ལ་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆགས་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་ལས་ཐར་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་ནི། ཡེ་ཤེས་ ནས་ མཛོད་དུ་འབུལ༔ ཞེས་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་འདྲའི་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། ཞེས་པ་ལྟར་ཆོས་ཐམས་ཅད་རྒྱུ་འབྲས་འབྲེལ་བ་ཅན་དུ་གྲུབ་པས། བདེན་གཉིས་དབྱེར་མེད་ཀྱི་ལྟ་བས་གཞི་བཟུང་། ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པས་རྒྱུ་བྱས། ཆོས་སྐུ་དང་གཟུགས་སྐུའི་འབྲས་བུ་འབྱུང་བ་ཡིན་ཞིང་། དེའང་རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་དེ་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འབྱུང་བ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་འབྲས་བུའི་མཐར་ཐུག་ཆོས་སྐུ་ཐོབ་པའི་རྒྱུ་མཐུན་ཞི་ལྷག་གིས་བསྡུས་པའི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེའང་བསོད་ནམས་ཀྱི་ཚོགས་བསགས་པ་ལ་རག་ལས་ཤིང་སྦྱིན་སོགས་ཕར་ཕྱིན་གྱིས་བསྡུས་པའི་བསོད་ནམས་བསགས་ཐབས་མཐའ་ཡས་པ་ཞིག་མཆིས་ཀྱང་། བྱ་སླ་དོན་ཆེ་བ་མཎྜལ་ཕུལ་བ་ལས་ལྷག་པ་གང་ཡང་མེད་པས་དེ་ལ་འབད་དགོས་པ་ཡིན་པས། དེའང་གང་ལ་འབུལ་བའི་ཡུལ་སྒྲུབ་པའི་མཎྜལ་རྩ་གསུམ་རབ་འབྱམས་རྒྱ་མཚོ་མཁའ་ཁྱབ་ཀྱི་འཁོར་ལོར་མངོན་སུམ་བཞིན་དུ་བཞུགས་པར་མོས་པ་ལ། འབུལ་བྱའི་དངོས་པོ་མཆོད་པའི་མཎྜལ་གཙང་ཞིང་དག་ལ་གྱ་ནོམ་པ་ལག་ལེན་མཐོང་བརྒྱུད་ལྟར་བཀོད་པས་དམིགས་རྟེན་ཏུ་བྱས་ཏེ། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་མིའི་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱིས་ཡོངས་སུ་གཏམས་པ་དང་། ནང་ལྟར་ན། རང་ལུས་ཕུང་པོ་ལྔ་ཁམས་ལྔ་སྐྱེ་མཆེད་དྲུག་གིས་བསྡུས་པ་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་སྟེ། པགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། སྒལ་ཚིགས་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་པ་དང་། གསང་བ་ལྟར་ན། འཁོར་འདས་ཀྱི་རྒྱུར་གྱུར་པའི་ཀུན་གཞི་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དྲིའི་བྱུག་པ། རང་རིག་པ་རང་བྱུང་འོད་གསལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རི་རབ། དེ་ལས་ཚད་མེད་བཞི་དང་དགའ་བ་བཞི་དང་ཡེ་ཤེས་བཞི་སོགས་འབྱུང་བ་གླིང་བཞི་ཐབས་ཤེས་ཟུང་དུ་འབྲེལ་བ་ཉི་ཟླ་ལ་སོགས་པར་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་ཡུལ་ཆོས་ཀྱི་དབྱིངས་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་མེ་ལོང་ཤིན་ཏུ་དྭངས་པ་ལྟ་བུའི་ངོས་ལ། རང་རིག་པ་རང་བྱུང་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་རོལ་པ་ཅིར་ཡང་མ་འགགས་པའི་རྩལ་སྣང་གཟུགས་བརྙན་ལྟ་བུ་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་མཆོད་པའི་སྤྲིན་ཆེན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྨོན་ལམ་གྱི་སྟོབས་ལས་རྣམ་པར་འཕྲུལ་བ་ལྟར་མོས་ཤིང་འཁོར་གསུམ་ཡོངས་དག་གི་ངང་དུ་འབུལ་ལོ། །དེ་ལྟར་ཕྱི་ནང་གསང་བ་ཐམས་ཅད་མཆོད་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན་ལ། མཎྜལ་འདི་ཉིད་དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཁྱད་པར་ཅན་གྱིས་སྤེལ་བས་བསོད་ནམས་མཐའ་ཡས་པ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ཕ་རོལ་ཕྱིན་པ་འདི་རྣམས་ཉིད། །ཐུབ་པས་མཎྜལ་བྱས་པས་ཐོབ། །བདེ་གཤེགས་ཕོ་བྲང་དམ་པ་འདི། །ལུས་ཀྱིས་ལས་རྣམས་བྱས་པ་ནི། །གསེར་གྱི་ཁ་དོག་དང་ལྡན་ཞིང་། །ནད་ཀུན་ལས་ནི་གྲོལ་བ་དང་། །ཟླ་བ་ལྟར་གསལ་ཡིད་འོང་བའི། །ལྷ་མི་ཁྱད་པར་འཕགས་པ་དང་། །ནོར་དང་གསེར་ནི་ཕུན་ཚོགས་པས། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་དང་། ཀ་མ་ལ་ཤཱི་ལས། གླིང་བཞི་ཕུལ་བའི་བསོད་ནམས་ཀྱིས། །བདུད་བཞི་མ་ལུས་ཞི་བར་འགྱུར། །གླིང་ཕྲན་ཕུལ་བའི་བསོད་ནམས་གྱིས། །ཚད་མེད་བཞི་དང་ལྡན་པར་འགྱུར། །རིན་ཆེན་སྣ་བདུན་ཕུལ་བ་ཡིས། །འཕགས་པའི་ནོར་བདུན་ཐོབ་པར་འགྱུར། །གཏེར་ཆེན་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་ལོངས་སྤྱོད་འཕེལ་བར་འགྱུར། །ཉི་ཟླ་ཕུལ་བའི་བསོད་ནམས་ཀྱིས། །ལྟ་སྒོམ་སེམས་ལ་གསལ་བར་འགྱུར། །རིན་ཆེན་ཕུལ་བའི་བསོད་ནམས་ཀྱིས། །རང་བྱུང་ཡེ་ཤེས་ཐོབ་པར་འགྱུར། །མཎྜལ་གཅིག་ཕུལ་དྲུག་དང་ལྡན། །བསོད་ནམས་ཚོགས་ནི་བསམ་མི་ཁྱབ། །དེས་ན་དེ་ལ་བརྩོན་པར་བྱ། །ཞེས་སོ། །བཞི་པ་ནི། ཁྱད་པར་ ནས་ རང་ངོ་བསྐྱང༔ ཞེས་གསུངས་ཏེ། བསག་སྦྱང་དེ་དག་ཀུན་ཀྱང་སྔགས་ཀྱི་ལམ་འདིར་ཁྱད་པར་དུ་གལ་ཆེ་བ་ནི། རང་རྒྱུད་ལ་བྱིན་རླབས་མྱུར་དུ་འཇུག་པ་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཀུན་གྱི་གཞི་རྟེན་དུ་གྱུར་པ་ནི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཁོ་ན་ཡིན་པས་དེ་ཉིད་ཕྱོགས་དུས་དཀོན་མཆོག་ཀུན་འདུས་སུ་ངེས་པའི་ཤེས་པ་བརྟན་པོས་རྣལ་འབྱོར་དུ་བྱེད་པ་ལ་འབད་ཅིང་། དེའང་ཐོག་མར་ཚད་མེད་པའི་བཀའ་དྲིན་དྲན་ཏེ་ཅི་མཛད་ལེགས་པར་མཐོང་བའི་སྒོ་ནས་མོས་གུས་ལ་གནད་དུ་བསྣུན། གོམས་ནས་བཅོས་མིན་གྱི་མོས་གུས་དྲག་པོས་ཐ་མལ་གྱི་སྣང་བ་བཙན་ཐབས་སུ་སྒྱུར་ནུས་པ་ལ་བསླབ། དེའང་ཐོག་མར་ཁྲིད་རིམ་སོ་སོར་ལྟར་ཡུལ་ལམ་རྟེན་གསལ་གདབ། སྤྱི་འགྲོའི་ཡན་ལག་བདུན་པའམ་ཁྱད་པར་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་བཅུ་པ་གང་རུང་གིས་ཚོགས་བསག །དང་གུས་དྲག་པོས་རྩ་བརྒྱུད་བླ་མ་ལ་གསོལ་བ་ཡང་ཡང་གདབ། མཐར་བྱིན་རླབས་དབང་བཞིའི་ཡེ་ཤེས་ལམ་དུས་འོད་ཟེར་སྤྲོས་ཐིམ་གྱི་ཚུལ་དུ་བླང་། མོས་གུས་ཤུགས་ཀྱིས་འོད་དུ་ཞུ་ནས་རང་ལ་བསྟིམ། བླ་མའི་ཐུགས་རྣམ་པར་དག་པའི་ཡེ་ཤེས་དང་རང་གི་ཡིད་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་གཅིག་ཏུ་བསྲེས་ལ་རང་སྣང་རིས་མེད་ཆེན་པོའི་དགོངས་པའི་རང་ངོ་རྩོལ་བྲལ་ལྷུག་པར་བསྐྱངས་ལ་མཉམ་པར་བཞག་གོ །དེའི་དོན་ཅུང་ཟད་སྨོས་ན། སློབ་དཔོན་བྷ་བི་ལྷས། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །ཞེས་པ་ལྟར། རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ལས་གཞན་ཅིས་ཀྱང་ཚུལ་བཞིན་གྲུབ་པ་མ་ཡིན་པས་བླ་མའི་རྣལ་འབྱོར་གྱི་ལམ་ལ་འཇུག་དགོས། དེའང་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པས་རྩ་བའི་བླ་མ་དེ་ཉིད་སོ་སྐྱེའམ་འཕགས་པ་གང་ཡིན་ཀྱང་རུང་། སངས་རྒྱས་དངོས་སུ་ལྟ་དགོས་ཤིང་། དོན་ལ་དེ་བཞིན་གཤེགས་པ་གཅིག་ལ་གསོལ་བ་བཏབ་པས་ཐམས་ཅད་ལ་བཏབ་པར་འགྱུར་ནའང་། རང་ཉིད་ཀྱི་བསམ་པའི་ཁྱེར་སོས་མོས་པ་འཇུག་ཚུལ་གྱི་ཁྱད་པར་ལས་ཕན་ཡོན་རྒྱ་ཆེ་ཆུང་འབྱུང་བས་ན་ཕྱོགས་བཅུའི་དཀོན་མཆོག་ཀུན་འདུས་སུ་བལྟ་དགོས་པ་དང་། དེར་མ་ཟད་བདག་ཅག་གི་སྣང་ངོར་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཆེ་ཞིང་ཆེས་ལྷག་སྟེ། ཅིའི་ཕྱིར་ཞེ་ན་བདག་ཅག་ལ་སངས་རྒྱས་གཟུགས་ཀྱི་སྐུ་དངོས་ཀྱི་ཞལ་བལྟ་བ་དང་གསུང་ཐོས་པའི་སྐལ་བས་ཕོངས་པའི་སྐབས་འདིར་རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇོག་པའི་བདག་རྐྱེན་མཛད་པས་སངས་རྒྱས་ཆོས་ཀྱི་སྐུའི་ཞལ་བལྟ་བ་ལ་སྦྱོར་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་སངས་རྒྱས་ཀུན་ལས་ལྷག་པར་ངེས་པས་སོ། །དེ་ལྟར་ཡང་ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་། ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་དང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས། རྡོ་རྗེ་སློབ་དཔོན་ལ་བརྙས་པའམ་མཆོད་ན་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་དེ་ལྟར་བྱས་པར་འགྱུར་བས་ཁེ་ཉེན་གཉིས་ཀ་གཞན་ལས་ཆེས་ཆེ་བ་ཡིན་ཞིང་། གསོལ་འདེབས་ཀྱི་ཡུལ་གསལ་གདབ་པ་ལའང་། ཡེ་ཤེས་པ་ལྟར་གཞན་ནས་སྤྱན་འདྲེན་པ་དང་། སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་སྒོམ་པ་གཉིས་དོན་ལ་ཁྱད་པར་མེད་དེ། མདོ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཅེས་སོ། །ཚོགས་བསགས་ཡན་ལག་བདུན་པ་མདོ་སྡེ་རྣམས་ལས་རྒྱས་བསྡུས་ཅི་རིགས་པ་ཕན་ཡོན་བཅས་ཡང་ཡང་གསུངས་ཤིང་། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་གསུངས། ཡན་ལག་བརྒྱད་པ་ནི། སངས་རྒྱས་གསང་བའི་ལམ་རིམ་དུ། ཡན་ལག་བརྒྱད་པའི་ཚུལ་བཟུང་ལ། །ཞེས་པའི་དོན་སྒེག་པ་རྡོ་རྗེའི་རྒྱུན་བཤགས་རྩ་བར། རྒྱལ་བ་འཁོར་བཅས་སྤྱན་དྲངས་ཏེ། །བླ་མ་སྙིང་པོར་བཞུགས་པ་ལ། །ཕྱག་སྐྱབས་མཆོད་དང་བཤགས་པ་དང་། །ཡི་རང་སེམས་བསྐྱེད་ལུས་དབུལ་དང་། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཞེས་དང་། དེ་ཡི་ལས་བྱང་དུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་འབྱུང་བ་འདིའི་སྐབས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། ཆོས་འཁོར་བསྐོར་བ་གཉིས་མི་འབྱུང་བ་ནི་སྔགས་ཀྱི་སྟོན་པ་ངེས་པ་ལྔ་ལྡན་ཡིན་ཕྱིར་མྱ་ངན་ལས་འདའ་བར་མི་སྟོན་པ་དང་། དེ་བཞིན་དུ་ཆོས་དུས་གསུམ་དུས་མེད་དུ་སྟོན་པ་ལས་བསྐུལ་བ་ལ་མི་ལྟོས་པས། ཐུན་མོང་མ་ཡིན་པའི་སྐབས་འདིར་དེ་གཉིས་མི་དགོས་པར་བཞེད་ཅིང་། གཉིས་པོའི་ཚབ་ཏུ་སྐྱབས་སེམས་ལུས་དབུལ་བསྣན་པས་ཡན་ལག་བརྒྱད་དང་། བཅུ་པ་ནི་བཀའ་བརྒྱད་ཡོངས་རྫོགས་དང་གཏེར་རྙིང་ཐུགས་སྒྲུབ་འགའ་ཞིག་ལས་ཀྱང་འབྱུང་ཞིང་སྤྱི་མཐུན་དྲུག་པོའི་སྟེང་དུ་སྤྱན་འདྲེན་བཞུགས་གསོལ། བསྔོ་བ་དང་སྨོན་ལམ་ཁྱད་པར་ཕྱེ་བས་བཅུར་བརྩི། དེ་དག་གི་དམིགས་པ་ནི་འདིར་ཡིག་ཚོགས་ལ་འཇིགས་པས་མ་སྤྲོས་སོ། །གསོལ་བ་གང་ལ་འདེབས་པའི་ཡུལ་ཡང་རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་རྒྱུད། གང་ཟག་སྙན་བརྒྱུད་གསུམ་གྱི་སྟེང་དུ་གཏེར་མའི་ཕྱོགས་འདིར་ཐུགས་རྗེ་བྱིན་རླབས། མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར་གསུམ་གྱི་ཆུ་བོ་ཡང་སྤྲུལ་སྐུ་གཏེར་སྟོན་ཉིད་ལ་ཚང་བས་བརྒྱུད་པ་དྲུག་ལྡན་གྱི་རྩ་བརྒྱུད་རིག་འཛིན་བླ་མ་རྣམས་ཕྱོགས་དུས་དཀོན་མཆོག་རྩ་གསུམ་མ་ལུས་པའི་ངོ་བོར་ཤེས་པ་དང་། གང་གིས་འདེབས་པ་པོ་མཁའ་མཉམ་འགྲོ་བ་ཀུན་གྱི་བྱང་རང་གིས་དྲངས་པས་དང་། ཇི་ལྟར་འདེབས་ན་རྩ་བརྒྱུད་བླ་མ་དེ་རྣམས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དགོས་འདོད་ཀུན་འབྱུང་དུ་བློ་ཐག་བཅད་ནས་རེ་ལྟོས་ལིང་བསྐྱུར་གྱི་གདུང་ཤུགས་དྲག་པོས་དང་། གང་གི་ཕྱིར་ན། རིམ་གཉིས་སྒོམ་པའི་བར་ཆད་ཞི་ཞིང་དངོས་གྲུབ་སྤྱི་དང་ཁྱད་པར་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་ནས་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་སླད་དུའོ། །བླ་མའི་རྣལ་འབྱོར་སྒོམ་པའི་ཕན་ཡོན་ནི། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་སོགས་གསར་རྙིང་རྒྱུད་གཞུང་ཀུན་ལས་མཐའ་ཡས་པ་གསུངས་སོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་གཉིས། འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་བསྒྲུབ་པའོ། །དང་པོ་ལ་གཉིས། བགེགས་བསྐྲད་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ནི། རང་བཞིན་ ནས་ དྲག་ཏུ་བསྐྲད༔ ཅེས་གསུངས་ཏེ། ཇི་སྐད་དུ། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཞེས་པ་ལྟར། གདོད་ནས་རང་བཞིན་གྱིས་དངོས་མཚན་དུ་མ་གྲུབ་ཀྱང་རང་གི་ཉོན་མོངས་པའི་རྟོག་ཚོགས་ཕྱི་རོལ་ཏུ་ཤར་བས་མཚན་མ་ལྟར་སྣང་བ། བདག་འཁོར་ཡོ་བྱད་རྣལ་འབྱོར་རྣམས་ལ་འཚེ་ཞིང་གླགས་ལྟ་བའི་བགེགས་ཀྱི་ཚོགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ལ། བདག་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བཤམས་པའི་གཏོར་མ་སྔགས་དང་ཕྱག་རྒྱས་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་བརླབས་ཏེ་བརྔན་པར་བྱིན་ལ། བདེན་པའི་ཚིག་གིས་གནོད་འཚེ་མེད་པར་གཞན་དུ་སོང་ཞིག་པའི་བཀའ་བསྒོ། བརྔན་ཀྱང་མི་ཚིམས་ཤིང་ཞི་བའི་ཚིག་ལ་མི་ཉན་པའི་གདུག་པ་ཅན་མཐའ་དག་དྲག་པོའི་སྔགས་དང་མེ་མཚོན་ཁྲོ་ཆུང་འབར་བའི་ཆར་དབབ་པས་སྡིགས་བསྐྲད་གཟིར་ཏེ་དཔག་ཚད་མང་པོའི་ཕ་རོལ་ཏུ་བསྐྲད་པར་བྱའོ། །གཉིས་པ་ནི། རྡོ་རྗེའི་ ནས་ བར་ཆད་བསྲུང༔ ཞེས་གསུངས་ཏེ། རྐུན་མ་བསྐྲད་ནས་སྒོ་གཅོད་པའི་དཔེ་ལྟར་བར་གཅོད་ཀྱི་བགེགས་བསྐྲད་ནས་ཕྱིན་ཆད་མི་འཇུག་པའི་སླད་དུ་སྲུང་པའི་འཁོར་ལོ་བསྒོམ་པ་ལ་ལྔ་སྟེ། དང་པོ་ནི། བདག་ཉིད་ཞེ་སྡང་རྡོ་རྗེ་ལས་འཕྲོས་པའི་འོད་ཟེར་གྱིས། འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེ་རྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ར་གུར་གྱི་ཕྱི་རོལ་ཏུ་རྡོ་རྗེའི་དྲྭ་བས་གཏམས་པའི་གུར་ཁང་རྒྱལ་ཐབས་ཏེ་རྒྱལ་པོའི་ཕོ་བྲང་གི་ལྕགས་རི་བཙན་པོ་ལྟ་བུ་མི་ཕྱེད་མི་ཤིགས་པ། གཉིས་པ་ནི། དེའི་ཕྱི་རོལ་ཏུ་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་སྟེ་རིགས་བསྡུས་པའི་ཕྱག་མཚན་ལྔ་པོ་རེ་རེ་བཞིན་འབར་ཞིང་བརྟན་པ་གྲངས་མེད་པའི་གུར་ཁྱིམ་ཟླུམ་པོ་ཕྱི་ནང་ལྔ་སྦྲགས་ཀྱིས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་གཏམས་པ། གསུམ་པ་ནི། དེ་དག་ལས་སྐྱེས་པའི་མེ་ཡེ་ཤེས་ལྔ་ལྡན་གྱི་ཁ་དོག་ཅན་བསྐལ་པ་འཇིག་པའི་མེ་ཕུང་ལྟ་བུ་རབ་ཏུ་འབར་བས་མགར་གྱི་ཞུན་མེ་ལ་སྦྲང་བུ་བཞིན་དུ་བར་དུ་གཅོད་པས་ཕྱོགས་སུའང་ཉེ་མི་ནུས་པར་དམིགས་པའོ། །བཞི་པ་ནི། རང་གཞན་གྱི་སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་སུ་གདོད་ནས་ཡིན་པ་ལ་ཡིན་པར་ཤེས་པ་ནི་རང་བཞིན་ལྷུན་གྲུབ་ཀྱི་སྲུང་འཁོར་ཆེན་པོ་སྟེ། བདེ་འདུས་ལས། ཐམས་ཅད་སྐུ་དང་ཡེ་ཤེས་དང༔ བགེགས་སུ་རྟོག་པ་གང་ཡང་མེད༔ བསྲུང་བར་བྱ་དང་སྲུང་བྱེད་མེད༔ ཅེས་སོ། །ལྔ་པ་ནི། གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་པ་ལྟར་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་ཀྱི་ལྟ་བས་ཟིན་པ་སྟེ། བར་དུ་གཅད་བྱ་གཅོད་བྱེད་བར་ཆད་གསུམ་ཀའང་རང་བཞིན་གྱིས་མི་དམིགས་པ་ཀ་དག་མཉམ་ཡངས་ཆེན་པོ་ཤེས་ན་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་པས་སྲུང་བ་རྣམས་ཀྱི་མཆོག་ཡིན་ཏེ། སློབ་དཔོན་ཆེན་པོས། རྟོག་སེམས་བློ་ཡི་དྲི་མ་དག༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཅེས་གསུངས་སོ། །དེ་དག་གི་དགོས་པའང་གལ་ཕྲེང་ལས། ངོ་བོ་བདག་གཞན་གཉིས་མེད་ཀྱང་། །དང་པོའི་ལས་ཅན་རྣལ་འབྱོར་པའི། །ཏིང་འཛིན་ཉམས་ལེན་བར་གཅོད་དག །ངེས་པར་བསལ་ཕྱིར་མཚམས་གཅད་བྱ། །ཞེས་སོ། །གཉིས་པ་མཐུན་རྐྱེན་སྒྲུབ་པ་ལའང་གཉིས། བྱིན་དབབ་པ། མཆོད་རྫས་བྱིན་བརླབ་བོ། །དང་པོ་ནི། ཡེ་ཤེས་ ནས་ རྟོག་པ་བསལ༔ ཞེས་གསུངས་ཏེ། རྣལ་འབྱོར་གྱི་འགལ་རྐྱེན་བསལ་ནས་མཐུན་རྐྱེན་གཙོ་བོ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབ་པ་ལ། དབབ་བྱ་ཡེ་ཤེས་ལྷའི་འབྲས་ཆོས་རྣམ་ལྔའི་གཟི་བརྗིད་བྱིན་རླབས་ཆེན་པོ། དབབ་པའི་ཡུལ་བདག་སྒྲུབ་པ་པོ་དང་གནས་ཁང་སྒྲུབ་པའི་ཡོ་བྱད་དང་བཅས་པ་རྣམས་ལ། འབེབས་པའི་ཚུལ་དད་མོས་གདུང་ཤུགས་སྔགས་དང་ཏིང་འཛིན་ཁྱད་པར་གྱི་སྦྱར་སྤོས་ཡི་དྭགས་ཀྱི་མེར་བསྲེགས་པ་དང་ཅང་ཏེའུ་དྲིལ་བུ་སོགས་ཀྱི་སྒྲས་བསྐུལ་ཏེ། ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་མཁའ་ཁྱབ་ཏུ་སད་པའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་ལ་ལྷག་པར་བསྟིམ་ཞིང་དབབ་པས། མ་དག་གཉིས་སྣང་མཚན་མའི་རྟོག་པ་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་ཤར་བ་སྟེ། གལ་ཕྲེང་ལས། སྔགས་བརྗོད་འོད་བསྡུའི་ཕྱག་རྒྱ་ཡིས། །འབྲས་བུ་རྣམ་ལྔའི་བྱིན་རླབས་དབབ། །ཅེས་སོ། །གཉིས་པ་ནི། ཕྱི་ནང་ ནས་ འདོད་རྒུར་སྤེལ༔ ཞེས་གསུངས་ཏེ། བྱིན་དབབ་པའི་རྗེས་སུ་གལ་པོ་ལས། མི་དམིགས་ཆོས་ལ་བློ་བཏགས་ཤིང་། །ཡེ་ཤེས་ཅན་གྱི་སྦྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ། །ཅེས་འབྱུང་བ་ལྟར་མཆོད་རྫས་བྱིན་གྱིས་བརླབ་པའི་ཐོག་མར་ཡེ་ཤེས་རང་རྩལ་མེ་རླུང་ཆུར་ཤར་བས་མ་དག་གཉིས་འཛིན་གྱི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་བསང་། ཐ་མལ་དུ་ཞེན་པའི་དངོས་པོ་རྣམས་སྤྲོས་བྲལ་སྟོང་ཉིད་དུ་སྦྱངས་ནས། ཕྱི་མཆོད་ལྷ་རྫས་ཀྱི་མེ་ཏོག་སོགས་ཉེར་སྤྱོད་ལྔ། དབང་ལྔའི་པུཥྤེ་སོགས་རང་བྱུང་གི་དམ་རྫས་ལྔ། རྡོ་རྗེའི་གཟུགས་སོགས་འདོད་པའི་ཡོན་ཏན་ལྔ་པོ་རྣམས་སོ་སོའི་མིང་གི་ཐོག་མ་ལས་དེ་དང་དེའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་མཆོད་པའི་རྡུལ་རེ་རེ་ལས་ཀྱང་མཆོད་རྫས་སོ་སོ་ཐོགས་པའི་ལྷ་མོ་རྡུལ་སྙེད་དུ་འཕྲོ་བའི་མཆོད་སྤྲིན་རབ་འབྱམས་ཀྱིས་ནམ་མཁའི་ཁམས་གང་བར་བསམ་པ་དང་། ནང་མཆོད་སྨན་གཏོར་རཀྟ་གསུམ་སོ་སོར་མེ་རླུང་ས་བོན་སོགས་ཀྱིས་སྦྱོར་བས་མཚན་འཛིན་རང་ག་མའི་རྟོག་པ་སྦྱང་། དམ་ཡེ་གཉིས་མེད་ཀྱི་བདུད་རྩི་དང་ཟག་མེད་འདོད་ཡོན་གྱི་ཕུང་པོ་དང་ཆགས་མེད་དམར་ཆེན་གྱི་རྒྱ་མཚོར་རྟོག །ཆེས་ཆེར་འཕེལ་བས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྦར་བ་དང་། གསང་མཆོད་གཉིས་སྣང་ལོག་རྟོག་གཉིས་མེད་ཆོས་དབྱིངས་སུ་བསྒྲལ་བ་དང་། ཡུལ་དབང་ཤེས་གསུམ་ཐབས་ཤེས་ཟུང་འཇུག་ཏུ་སྦྱོར་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྣོད་དག་པའི་ཞིང་བཅུད་ལྷ་དང་ལྷ་མོ་སྟེ་སྣང་སྤྱོད་ཐམས་ཅད་མཆོད་པའི་ཕྱག་རྒྱ་ལས་འདའ་བ་མེད་པ་དང་། མཆོད་པའི་ཡོ་བྱད་ཇི་སྙེད་པའང་སེམས་ཉིད་ཡེ་ཤེས་ཆེན་པོའི་རོལ་པར་སྡུད་པ་རོལ་པ་ཡེ་ཤེས་ཀྱི་མཆོད་པ་སྟེ། ཐམས་ཅད་ཀྱང་མཆོད་རྫས་དམ་ཚིག་གི་ཕྱག་རྒྱ་ལ་སོ་སོའི་རང་སྔགས་བརྗོད་པ་ཆོས་རྒྱ། བཅའ་བ་ལས་རྒྱ། བསྒོམ་པ་ཡེ་རྒྱ། ཀུན་ཀྱང་ཆོས་ཉིད་རྩལ་ཅིར་ཡང་སྣང་བ་ཡེ་ཤེས་སྒྱུ་མའི་རོལ་པར་ཤེས་པ་ཕྱག་རྒྱ་ཆེན་པོ་རྣམས་དང་ལྡན་པས་བདེ་བ་ཆེན་པོའི་རང་བཞིན་གྱི་མཆོད་པའི་སྤྲིན་ཕུང་དཀྱིལ་འཁོར་བ་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་འདོད་རྒུར་འབྱུང་བར་སྤེལ་ཏེ་བྱིན་གྱིས་བརླབ་བོ། །སྔོན་འགྲོ་དེ་རྣམས་ལ་དག་རྫོགས་སྨིན་གསུམ་སྦྱོར་ན། སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱང་ཞིང་བསྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་གསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་། འོད་ཟེར་ཆེན་པོས་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུ་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་བགེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་སྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བར་བཤད་དོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ་གཉིས། རྩ་བའི་རྣལ་འབྱོར་དང་། དེའི་ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི། རྒྱུ་ཏིང་འཛིན་གསུམ་གྱི་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། གསལ་བརྟན་དག་གསུམ་བཤད་པ། སྲོག་སྡོམ་གཟེར་བཞིའི་མན་ངག་བཤད་པའོ། །དང་པོ་ལའང་གཉིས། དག་པ་དང་བཅས་ཏེ་མདོར་བསྟན་པ། དེ་རྒྱས་པར་བཤད་པའོ། །དང་པོ་ནི། དངོས་གཞི་ ནས་ ཏིང་འཛིན་ནི༔ ཞེས་གསུངས་ཏེ། སྒྲུབ་ཐབས་ཀྱི་དངོས་གཞི་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་ཐོག་མར། སྦྱང་བྱ་སེམས་ཅན་རྣམས་ཀྱི་འཆི་སྲིད་དང་བར་དོའི་སྲིད་པ་དང་སྐྱེ་བའི་སྲིད་པའི་ཚུལ་རིམ་པར་འབྱུང་བ་དང་མཐུན་པར། སྦྱོང་བྱེད་ཟབ་པ་དང་རྒྱ་ཆེ་བ་དེ་བཞིན་ཉིད། ཀུན་ཏུ་སྣང་། རྒྱུའི་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། དེས་ནི་སྦྱངས་འབྲས་སྐུ་གསུམ་འགྲུབ་རུང་གི་རྟེན་འབྲེལ་འགྲིགས་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། སྲིད་པའི་རིམ་པ་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་སོ། །གཉིས་པ་ལ་གསུམ། དེ་བཞིན་ཉིད། ཀུན་སྣང་། རྒྱུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། སྟོང་ཆེན་ ནས་ མཉམ་པར་བཞག༔ ཅེས་གསུངས་ཏེ། དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ནི། སྦྱང་བྱ་འགྲོ་བ་རྣམས་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་ཞེས་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་སྒྲིབ་བྲལ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་གནས་པ་དེ་ཡིན་ལ། སྦྱོང་བྱེད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ལས་གཞན་དུ་མེད་ཅིང་སེམས་ཀྱང་རང་གི་ངོ་བོས་མ་གྲུབ་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟར་དག་པ། ཀུན་རྫོབ་དང་དོན་དམ་དུ་འཛིན་པའི་བཟང་ངན་དབྱེ་བ་བྱར་མེད་པས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་དབྱིངས་སུ་མ་བཅོས་པར་མཉམ་པར་བཞག །དེ་ལམ་དུ་ཇི་ལྟར་འགྱུར་ན། རྣམ་པར་མི་རྟོག་པའི་སྟོང་ཉིད་དེ་འཆི་བ་འོད་གསལ་དང་། འབྲས་བུ་ཆོས་སྐུ་གཉིས་ཀ་དང་རྣམ་པ་མཐུན་ཞིང་དེ་ལྟར་བསྒོམས་པའི་རྗེས་ཐོབ་ཉིད་དུ་འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཞིང་དེ་ལྟར་བསྒོམས་པས་མར་འཁོར་བའི་དྲི་མ་འཆི་སྲིད་སྦྱོང་ཞིང་རྟག་པར་ལྟ་བ་དང་། གཟུགས་མེད་ཀྱི་ཁམས་དག་པར་བྱེད། ཡར་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་སྐུ་མངོན་དུ་བྱེད་པའི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་ན་ལམ་གོང་མའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་ནི། སྙིང་རྗེ་ ནས་ ཀུན་ཏུ་སྤྲོ༔ ཞེས་གསུངས་ཏེ། སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྦྱང་བྱ་འཆི་སྲིད་ཀྱི་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་ལྷུན་གྲུབ་ལོངས་སྐུའི་འོད་གསལ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ལ་ཡེ་ཤེས་ལྔའི་རང་སྣང་འོད་དང་ཐིག་ལེ་ཚོམ་བུའི་རྣམ་པ་སྒྱུ་མ་ལྟ་བུར་ཤར་ཡང་ངོ་མ་ཤེས་པས་ལས་རླུང་གི་རྐྱེན་ལས་སེམས་སྣང་གསུམ་ལུགས་ལྡོག་གི་རིམ་པ་ཤིན་ཏུ་ཕྲ་ཞིང་དྭངས་པའི་བར་དོའི་ལུས་དབང་པོ་ཀུན་ཚང་བར་གྲུབ་པ་རྨི་ལམ་ལྟར་ཡད་ཡུད་ཕྱད་ཕྱོད་དུ་སྣང་བ་དེ་ཉིད་ཡིན་ལ། སྦྱོང་བྱེད་དེ་ཁོ་ན་ཉིད་མ་རྟོགས་པའི་འགྲོ་བ་ཀུན་ལ་རང་རིག་པའི་རང་རྩལ་སྙིང་རྗེ་སྒྱུ་མ་ལྟ་བུའི་སྤྲིན་སྤྲོ་བ་སྟེ། དེའང་ནམ་མཁའ་དག་པ་ལས་སྤྲིན་དང་འཇའ་ཚོན་གསལ་བར་སྣང་ཡང་ནམ་མཁའི་ཆོ་འཕྲུལ་ཙམ་ལས་བདེན་པར་མ་གྲུབ་པ་བཞིན་དུ་སྙིང་རྗེ་དེའང་རྣམ་པ་གསལ་ལ་ངོ་བོ་འཛིན་པ་མེད་པ་མཁའ་ལྟར་ཁྱབ་པར་བརྡལ་ཞིང་རིས་སུ་མ་ཆད་པ་ཀུན་ཏུ་སྤྲོ། དེ་ལམ་དུ་ཇི་ལྟར་འགྱུར་ན། དེ་ཉིད་སྒྱུ་མ་ལྟར་སྣང་བའི་ཆ་ནས་བར་དོ་དང་འབྲས་བུ་ལོངས་སྐུ་གཉིས་ཀ་དང་རྣམ་པ་མཐུན་པ་དང་། རྗེས་ཐོབ་ཏུ་བར་དོར་དག་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་དག་རྫོགས་ཀྱི་ང་རྒྱལ་བྱེད་ཅིང་དེ་ལྟར་བསྒོམས་པས་བར་དོའི་སྲིད་པ་སྦྱོང་། ཆད་པར་ལྟ་བ་དང་གཟུགས་ཀྱི་ཁམས་དག་པར་བྱེད། ལོངས་སྐུ་སྒྱུ་མ་ལྟ་བུ་མཚན་དཔེས་སྤྲས་པ་མངོན་དུ་འགྱུར་པའི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་སྐུར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་རྫོགས་རིམ་གྱི་སྨོན་བྱེད་དུ་འགྱུར་རོ། །གསུམ་པ་ནི། ཕྱག་རྒྱ་ ནས་ ཚད་དུ་འདོན༔ ཞེས་གསུངས་ཏེ། རྒྱུའི་ཏིང་ངེ་འཛིན་ནི། སྦྱང་བྱ་བར་སྲིད་དེ་ཕྱི་མའི་སྲིད་པ་ལེན་པ་ལ་མངོན་དུ་ཕྱོགས་པ་ན་གང་དུ་སྐྱེ་བར་འགྱུར་བའི་གནས་ལ་སྲིད་པ་སྐྱེ་བའི་རྐྱེན་གྱིས་དེར་འཇུག་ལ་ཁད་ཀྱི་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱོང་བྱེད་ནི་ལྷ་སྐུ་ཕྱག་རྒྱ་གཅིག་པ་དང་ཕྲ་མོ་ཡིག་འབྲུའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་སྐྱེད་ཅིང་སྤྲུལ་པར་བྱེད་པ་དང་། དེ་ཉིད་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་བསྒོམས་ནས་དཀྱིལ་འཁོར་ཐམས་ཅད་ཀྱང་བདེ་གསལ་གྱི་རྣམ་པར་འཕྲུལ་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་འཆར་བའི་རྒྱུ་བྱེད་པའི་ཕྱིར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་རྩལ་རྒྱུའི་ས་བོན་ནི། རང་རིག་ལས་གཞན་དུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྙིང་པོ་ཧྲཱིཿདང་ཧཱུྃ་ལ་སོགས་པ་གཟུང་འཛིན་གཉིས་སྟོང་གི་ནམ་མཁའ་ལ་སྐད་ཅིག་གིས་ཤར་བར་བསྒོམས་ནས་ཡིད་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་སེམས་བཟུང་ལ་གསལ་སྣང་ཚད་དུ་ཕྱིན་པར་འདོན་པར་བྱ་སྟེ། དེའང་ས་ལེ། སིང་ངེ་། ལྷག་གེ །ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང་། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་བཅས་ཚད་བརྒྱད་གྱད་དུ་གྱུར་པ་ལ་བསླབ། དེ་ལམ་དུ་ཇི་ལྟར་འགྱུར་ན། དེ་ཉིད་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་རྒྱུར་འགྱུར་བ་ལྟར་འཁོར་བའི་སྐྱེ་གནས་སུ་འཇུག་ཀའི་བར་དོའི་རླུང་སེམས་ཉིད་ཀྱིས་སྲིད་པ་ཕྱི་མའི་རྒྱུ་བྱེད་པ་བཞིན་དུ་སངས་རྒྱས་སྤྲུལ་པའི་སྐུས་ཀྱང་གདུལ་བྱའི་ཆེད་དུ་གཟུགས་སྐུའི་རྣམ་པར་འཕྲུལ་པ་སྣ་ཚོགས་པར་སྟོན་པའི་ཆ་ནས་དེ་གསུམ་རྣམ་པ་མཐུན་པས་ན་སྐྱེ་བ་གནས་སུ་དག་པ་སྤྲུལ་པའི་སྐུའོ་ཞེས་ང་རྒྱལ་བྱ། དེ་ལྟར་བསྒོམས་པས་སྐྱེ་གནས་སུ་འཇུག་པའི་སྲིད་པ་སྦྱོང་ཞིང་འདོད་པའི་ཁམས་དག་པར་བྱེད། གདུལ་བྱ་གང་འདུལ་དུ་སྣང་བའི་སྤྲུལ་སྐུ་མངོན་དུ་བྱེད་རུང་གི་ཐར་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བདེ་བ་དང་རླུང་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་ནུས་པའི་གཞི་བཏིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱང་ལམ་རིམ་ལས། སྟོང་པས་རྣམ་ཀུན་མཚན་མ་མེད། །བདག་ཏུ་འཛིན་པའི་ཞེན་པ་གྲོལ། །དེ་ཕྱིར་མཐོང་རྗེས་དེ་བཞིན་ཉིད། །སྙིང་རྗེ་འབྱུང་བའི་གཞི་རུ་བཞག །གོ་རིམ་འགྱུར་བའང་དེ་བཞིན་ངེས། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །གཉིས་པ་དཀྱིལ་འཁོར་བསྐྱེད་པ་ལ་གཉིས། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷར་བསྐྱེད་པའོ། །དང་པོ་ནི། དེ་ལས་ ནས་ ཆེན་པོར་གསལ༔ ཞེས་གསུངས་ཏེ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་སྤྱིའི་གོ་རིམ་ནི། སྣོད་ཆགས་པའི་རྗེས་སུ་བཅུད་རིམ་པར་ཆགས་པའི་ཞེན་པ་སྦྱོང་བ་དང་། དེ་བཞིན་གཤེགས་པ་རྣམས་གང་དུ་འཚང་རྒྱ་བའི་ཞིང་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རང་སྣང་གི་ཞིང་ཁམས་ཚད་མེད་པ་དེར་འཚང་རྒྱ་བ་དང་། ལམ་གོང་མའི་དུས་སུ་ཐོག་མར་རགས་པ་ལུས་རྩའི་ཁམས་སྦྱངས་ནས་ཕྲ་བ་ངག་རླུང་དང་ཡིད་ཐིག་ལེ་རིམ་པར་འཆིང་ཞིང་དག་པར་བྱེད་དགོས་པས་རྟེན་དང་བརྟེན་པའི་གོ་རིམ་ངེས་པ་ཡིན་ལ། དེའི་ཕྱིར་དང་པོ་རྟེན་གྱི་དཀྱིལ་འཁོར་བསྒོམ་དགོས་ཤིང་དེའང་མ་དག་པའི་གནས་སྐབས་འཇིག་རྟེན་ཆགས་རིམ་དང་བསྟུན་ནས་སྒོམ་པར་བྱེད་པ་སྟེ། གལ་ཕྲེང་ལས། སྣོད་ཀྱི་རིམ་པ་འབྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་སོ། །དེ་ཇི་ལྟར་བསྒོམ་ན། ནམ་མཁར་གནས་པའི་རྒྱུའི་ས་བོན་དེ་ལས་འབར་བ་ཆེན་པོའི་འོད་ཟེར་མེ་རླུང་ཆུའི་རྣམ་པར་སྤྲོས། སྣོད་བཅུད་དངོས་པོར་འཛིན་པ་ཐམས་ཅད་སྦྱངས་ནས་སྟོང་ཉིད་དུ་གྱུར་པར་མོས། སྔར་དེ་ཏིང་སྐབས་སྟོང་པར་བསྒོམ་པ་ནི་ནང་འཛིན་རྟོག་སྦྱོང་བ་ཡིན་ལ། འདིར་ནི་གཟུགས་ཡུལ་སྦྱོང་པའི་དགོས་པ་ཐ་དད་ཡིན་པས་བལྡབས་པར་མི་འགྲོའོ། །དེ་ནས་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞིར་གྱུར་པ་ནམ་མཁའི་ཁམས་དང་ཆགས་པར་འགྱུར་བའི་རྒྱུའི་གཙོ་བོ་ཀུན་བྱེད་སེམས་ཉིད་དང་བྱེ་བྲག་འགྲོ་བའི་ལས་སྤྱི་མཐུན་པར་བསགས་པའི་བག་ཆགས་སེམས་ལ་ཞེན་པས་ཡུལ་སྣང་གྱུར་ཐུན་མོང་དུ་སྨིན་པའི་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་གྲུབ་པ་དེ་ཡིན་ལ། སྦྱོང་བྱེད་རྒྱུའི་ཡི་གེ་ལས་རིམ་པར་ཆད་པའི་ས་བོན་རྣམས་ལས་ཆོས་འབྱུང་ནམ་མཁའི་ཁོངས་སུ་རླུང་མེ་ཆུ་ས་སྟེ་འབྱུང་བ་བཞི་རི་རབ་དང་བཅས་རིམ་པར་བརྩེགས་པར་བསྒོམ་སྟེ། དེ་དག་ཀྱང་སྒྱུ་འཕྲུལ་རོལ་པ་ལས། ཕྱི་རོལ་འབྱུང་སོགས་ཡུམ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བ་ལྷ་མོ་མཱ་མ་ཀི །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་པ་ལྟར་འབྱུང་ལྔ་དག་པ་ཡུམ་ལྔའོ་ཞེས་ང་རྒྱལ་བཟུང་བས། སྦྱངས་འབྲས་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་དང་དེའི་ཕྱག་རྒྱ་ཡུམ་ལྔར་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་འབྱུང་ལྔ་ཡུམ་ལྔའི་རང་བཞིན་གྱི་མཁའ་ཀློང་དུ་གཞལ་ཡས་ཁང་གསལ་བཏབ་སྟེ། དེའི་སྦྱང་བྱ་སེམས་ཅན་རྣམས་རང་གི་ཚེ་དང་རྗེས་སུ་འབྲེལ་བའི་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་ཡུལ་ཕྱོགས་དང་ཁང་ཁྱིམ་དང་ཡོ་བྱད་ལ་སོགས་པའི་ཞེན་རྟོག་ཡིན་ལ། སྦྱོང་བྱེད་རྣམ་སྣང་གི་ངོ་བོ་བྷྲཱུྃ་ཡིག་ལས་ཞི་བ་ཐར་པ་ཆེན་པོའི་གཞལ་མེད་ཁང་ངམ། དྲག་པོ་ལ་ཧེ་རུ་ཀ་དཔལ་ཆེན་པོ་རབ་ཏུ་དགྱེས་པས་རོལ་པའི་དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་གི་རྣམ་པ་ལམ་དུ་བྱེད་པ། འོག་གཞི་ཁོར་ཡུག་ལོགས། ཐོག་དབུབ། སྒོ། རྟ་བབས། རྒྱན་གྱི་ཁྱད་པར་སོགས་དང་ལྡན་པའི་ཕྱི་རོལ་ཏུ་རྡོ་རྗེའི་སྲུང་པའི་འཁོར་ལོ་རང་བྱུང་གི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བཀོད་པ་བཅས་བསྒོམས་ནས་འབྲས་དུས་ཀྱི་ཞིང་དང་གཞལ་ཡས་ཁང་དུ་མོས་པའི་ང་རྒྱལ་བྱས་པས། སྦྱངས་འབྲས་སངས་རྒྱས་ཀྱི་གནས་ཆོས་དབྱིངས་སྤྲོས་བྲལ་གྱི་རང་བཞིན་རྡོ་རྗེ་བཙུན་མོ་ལྔའི་བྷ་ག་གསང་བ་དགྱེས་པ་ཆེན་པོ་མངོན་དུ་བྱེད་པའོ། །ལམ་དུས་སུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་རྩ་འཁོར་ལོ་ལྔ་དང་དབུ་མའོ། །གཞལ་ཡས་ཁང་གི་འོག་གཞི་སྣ་ཚོགས་རྡོ་རྗེ་པད་ཉི་རྣམས་ནི་རྩ་འཁོར་རྣམས་ཀྱི་ལྟེ་བར་གནས་པའི་རླུང་དང་ཁམས་རྣམས་སོ། །དེ་རྣམས་དང་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་གཞལ་ཡས་ཁང་སྟེ་དེ་ཉིད་ལེགས་པར་བསྒོམས་པས་རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་ནས་ཡེ་ཤེས་ཁྱད་པར་ཅན་གྱི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོའོ། །དེའི་ནང་དུ་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བར་འགྱུར་བའི་གནས་མའི་པདྨ་དང་། ཕ་མའི་ཁུ་ཁྲག་དྲོད་གཤེར་ལ་སོགས་པའི་རྟོག་པ་སྦྱོང་བྱེད་ཞི་བ་ལ་པདྨ་ཉི་ཟླ། ཁྲོ་བོ་ལ་པད་ཉི་དྲེགས་པ་ཅན་བྱོལ་སོང་གི་གདན་ལ་སོགས་པ་བསྒོམས་པས། སྦྱངས་འབྲས་མ་ཆགས་པ་དང་འོད་གསལ་བ་སོགས་གདན་དེ་དག་གི་མཚོན་དོན་མཐུན་པར་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་འཆར་བ་ཡིན་ལ། ལམ་དུས་སུ་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་ཡིག་སྟེ། འབར་འཛག་གི་ཞུ་བདེ་དང་ཡང་ན་ཤེས་རབ་མའི་པདྨའི་ལྟེ་བར་ཉི་མ་བྱང་ཆུབ་ཀྱི་སེམས་གནས་པ་ཡབ་ཀྱི་ཀུནྡ་བརྟན་པའི་རིམ་པ་ཇི་ལྟ་བ་བཞིན་པད་ཉི་ཟླ་བའོ། །དེ་ལྟར་བསྒོམས་པས་རྫོགས་རིམ་གྱི་དུས་སུ་གཏུམ་མོ་དང་། ཕྱག་རྒྱའི་ལས་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་ཆེན་པོ་ཐོབ་པའི་གཞི་བཏིང་བས་ན་སྨིན་བྱེད་དུ་འགྲོའོ། །མདོར་ན་སྦྱང་བྱ་ཕྱི་སྣོད་ཀྱིས་བསྡུས་པའི་འཇིག་རྟེན་ཐ་མལ་དུ་སྣང་བ་འདི་ཉིད། སྦྱོང་བྱེད་རྒྱ་དང་ཚད་ལས་འདས་པས་ཞི་བ་དང་ཁྲོ་བོ་ཞིང་ཁམས་ཆེན་པོ་རྒྱན་སྟུག་པོ་བཀོད་པར་གསལ་བཏབ་པས། སྦྱངས་འབྲས་སངས་རྒྱས་རང་སྣང་གི་ཞིང་ཁམས་མཐའ་དང་དབུས་མེད་པ་ལ་དབང་འབྱོར་ཐོབ་པར་འགྱུར་རོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ནི། ནང་བཅུད་ ནས་ རིམ་པ་ནི༔ ཞེས་གསུངས་ཏེ། དེ་ལྟར་རྟེན་གཞལ་ཡས་ཁང་བསྐྱེད་པའི་རྗེས་སུ་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་ནི། སྤྱིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་པ་ལྟར་རིམ་པ་དང་པོ་ནི་སྐྱེ་སྲིད་སྦྱོང་བྱེད་ཡིན་པས་སྲིད་པར་སྐྱེ་བའི་རིམ་པ་དང་མཐུན་པར་བསྒོམ་པ་ཡིན་ལ། དེའང་སྦྱང་བྱ་ནང་བཅུད་ཀྱི་སེམས་ཅན་མངལ་སོགས་སྐྱེ་བའི་གནས་རྣམ་པ་བཞིས་བསྡུས་པའི་ལུས་ཀྱི་བག་ཆགས་རགས་པ་ཀུན་ཡིན་ལ། སྦྱོང་བྱེད་སྣང་ལ་རང་བཞིན་མ་གྲུབ་པ་སྟོང་པའི་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་མེ་ལོང་གི་གཟུགས་ལྟ་བུའི་ལྷའི་ཕྱག་རྒྱར་བསྒོམས་པས། སྦྱངས་འབྲས་སངས་རྒྱས་ཀྱི་གཟུགས་སྐུ་རྣམ་གཉིས་འགྲུབ་པའི་ཉེར་ལེན་དུ་འགྱུར་བ་སྟེ། དེ་ལྟ་བུའི་ལམ་བསྒྲུབ་པའི་རིམ་པ་དང་པོ་ནི་འདི་ལྟ་སྟེ། གཉིས་པ་ནི། རྒྱུ་ལས་ ནས་ རྫུས་སྐྱེས་སྦྱོང༔ ཞེས་གསུངས་ཏེ། འདི་ལ་བཞི། དབང་བརྟུལ་ལས་དང་པོ་པ་སྤྲོས་བཅས་རྣམས་ལ་སྒོང་སྐྱེས་དང་མཐུན་པར་རྒྱས་པ་ཆེན་པོའི་བསྐྱེད་རིམ་དང་། དབང་འབྲིང་སྤྲོས་པ་ཆུང་བ་མངལ་སྐྱེས་དང་མཐུན་པར་མངོན་བྱང་གི་བསྐྱེད་ཆོག་དང་། དབང་རྣོན་སྤྲོས་མེད་ཀྱི་གང་ཟག་ལ་དྲོད་གཤེར་སྐྱེས་དང་མཐུན་པར་སྔགས་ཙམ་གྱི་བསྐྱེད་པ་དང་། ཡང་རབ་ཤིན་ཏུ་སྤྲོས་མེད་ལ་རྫུས་སྐྱེས་དང་མཐུན་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཆོག་རྣམ་པ་བཞི་ཡོད་པ་ལས། དང་པོ་ནི། གཉིས་སྐྱེས་རྣམས་ཐོག་མར་མའི་མངལ་དང་དེ་ནས་སྒོ་ང་སྟེ་ལན་གཉིས་སུ་སྐྱེས་པ་སྟེ། གསར་སྙིང་སྤྱི་ཁྱབ་ལྟར་ན་ཐོག་མར་རྒྱུའི་ས་བོན་ལས་རྒྱུ་རྡོ་རྗེ་འཛིན་པ་ལྷན་སྐྱེས་ཀྱི་སྐུར་བསྒོམ། དེ་ཉིད་རྗེས་ཆགས་ཀྱི་ཐིག་ལེར་ཞུ་བ་གླུས་བསྐུལ་བའི་རྐྱེན་ལས་འབྲས་བུ་རྡོ་རྗེ་འཛིན་པ་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུར་བཞེངས་པའམ། སྔ་འགྱུར་རང་སྐད་བདག་སྲས་གཞན་སྲས་སུ་བྱ་བའི་ཆོ་ག་ལྟར་ན། ཡེ་ཤེས་རྩེ་མོ་ལས། སྲས་དང་བཙུན་མོར་བཅས་པ་ནི། །འཁོར་པའི་ཆོས་ལས་སྐྱེས་པ་སྟེ། །སེམས་ཅན་གྱིས་ནི་སྲས་སུ་བྱ། །ཞེས་དང་། ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་། །ལྷུན་གྱིས་གྲུབ་པའི་ཆོ་ག་དང་། །ཆོ་གའི་ཡན་ལག་རྫོགས་པ་ལ། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་གསུངས་ཏེ། དེ་ལའང་མན་ངག་སྒྲུབ་སྡེའི་ལུགས་ལྟར་ན། བདེ་འདུས་ལས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ་སྟེ་རྒྱུའི་ས་བོན་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་བཀུག་ནས་མཁའ་རུ་བསྟིམ་པ་དང་། སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱང་བ་དང་། གཉིས་སུ་མེད་པ་ལ་ཆེ་བ་བརྗོད་པ་དང་། མཁའ་ནས་བཏོན་ལ་དཀྱིལ་འཁོར་དུ་འགོད་པའོ། །ཞེས་དང་། གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་དེ་གཙོ་བོ་ཡབ་ཡུམ་ཞུ་སྟེ་རྒྱུའི་ས་བོན་དུ་གྱུར་པ་དང་། དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང་། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང་། ཡུམ་ལས་འོད་འཕྲོ་ཞིང་ལྷ་ལ་གསོལ་བ་གདབ་པ་དང་། དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམས་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང་། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང་། བདག་གི་རྟོག་པ་ཞེ་གཉིས་ལྷར་བསྐྱེད་དེ་ཕྱིར་འདོན་པ་དང་། སྤྱན་དྲངས་པ་ལ་རྒྱས་གདབ་པའོ། །ཞེས་པ་ལྟར་རོ། །རྒྱུད་སྡེ་སྒྱུ་འཕྲུལ་ལྟར་ན་གཙོ་བོ་ཡབ་ཡུམ་ལྷར་བསྐྱེད་ནས་སྙོམས་པར་འཇུག་ཅིང་ངོ་མཚར་རྫས་ཀྱི་དཀྱིལ་འཁོར་ཡི་གེའི་སྤྲིན་སྤྲོ་བ་བདག་གི་སྲས་སུ་གཞན་བྱ་བ་དང་། ཐུགས་དམ་བསྐུལ་ཞིང་བྱིན་རླབས་རྗེས་གནང་གི་རྐྱེན་གྱིས་གོང་བུ་ཡི་གེ་ཕྱག་མཚན་སྐུ་ཡོངས་རྫོགས་སུ་བྱེད་པས་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཞེན་པ་སྦྱོང་བ་གཞན་གྱི་སྲས་སུ་བདག་བྱ་བ་སྟེ། དེ་དག་གིས་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །གཉིས་པ་ནི། འདི་ལའང་དགོས་དོན་ཚང་ཚུལ་མཚུངས་པ་ལ་ཆོ་ག་རྒྱས་འབྲིང་བསྡུས་གསུམ་དུ་འབྱུང་བའི་རྒྱས་པ་མ་རྒྱུད་རྣམས་ཀྱི་དགོངས་པ་མངོན་བྱང་ལྔ་བསྐྱེད་ལ་ཐོག་མར་མངལ་ཞུགས་ཀྱི་རིམ་པ་དང་སྦྱོར་ན། ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་བར་དོ་ནས་ལུས་འཚོལ་བ་ཚོགས་ལམ། མངལ་དུ་ལུས་ལེན་པ་དངོས་ལ་སྦྱོར་བས་སྦྱོར་ལམ། མངལ་དུ་ཞུགས་པ་ནས་བཟུང་བྱང་ཆུབ་ལྔའི་རིམ་པ་མཐོང་སྒོམ་གྱི་ལམ་དུ་བཞག་སྟེ། ཟླ་བ་བཅུའི་ངོ་ས་བཅུར་མཚོན་ནས་མི་སློབ་པའི་ཟུང་འཇུག་རང་བཞིན་སྤྲུལ་པའི་སྐུར་གྲུབ་པ་ནི་སྐྱེ་བ་སྤྲུལ་པའི་སྐུ་སྟེ། གཞི་ལམ་འབྲས་བུའི་འབྲེལ་དུ་བབས་ཀྱིས་གྲུབ་པའོ། །སྦྱང་གཞི་དེ་ལ་བརྟེན་པའི་སྦྱོང་བྱེད་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། སྦྱང་གཞི་གཟུགས་ཀྱི་ཕུང་པོ་ནམ་མཁའི་ཁམས། ལུས་ཀུན་གཞིའི་རྣམ་ཤེས། ཉོན་མོངས་པ་གཏི་མུག །ཕའི་ཁམས་དཀར་ཆ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་དགའ་བ་བཅུ་དྲུག་ཡས་བབས་ཐབས་ཀྱི་རང་བཞིན་དུ་ཤར་བའི་ཡེ་ཤེས་དང་པོ་སེམས་སོ་སོར་རྟོག་པའི་ངོ་བོར་རྫོགས་པའི་རྣམ་པ་ལམ་བྱེད་ཟླ་བའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་སྨིན་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་བོ། །མངོན་བྱང་གཉིས་པ་ཉི་མའི་དཀྱིལ་འཁོར་ནི། སྦྱང་གཞི་ཚོར་བའི་ཕུང་པོ་སའི་ཁམས། ཉོན་མོངས་པ་ཅན་གྱི་ཡིད་དེ་སེར་སྣ་ང་རྒྱལ། མའི་ཁམས་དམར་ཆ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་རྣམ་པར་བྱང་བའི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ངོ་བོ་མས་བརྟན་ཤེས་རབ་ཀྱི་རང་བཞིན་གཟུགས་ལ་སོགས་པའི་ཕུང་པོ་ལྔ། འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་ཚད་མེད་བཞིས་ཕྱེ་བའི་ལམ་སྟོང་པ་ཉིད་ཉི་ཤུར་ཤར་བའི་ཡེ་ཤེས་གཉིས་པ་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་རྣམ་པ་ལམ་བྱེད་ཉི་མའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས་འབྲས་བུའི་དུས་ན་དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་དུ་སྨིན་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་དང་བཅས་པ་ནི། ཁུ་རྡུལ་གཉིས་ཀྱི་བར་དུ་དྲི་ཟ་ཉེ་བར་ལེན་པའི་སེམས་བར་དོའི་རྣམ་ཤེས་ཞུགས་པ་དང་། འདུ་ཤེས་ཀྱི་ཕུང་པོ་མེའི་ཁམས། ངག་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་པ་འདོད་ཆགས། བར་དོའི་རྣམ་ཤེས་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་ལུགས་ལྡོག་ཏུ་དག་པའི་རྗེས་སུ་ལས་རླུང་དུས་སྦྱོར་དང་བཅས་པ་འགགས་པས་ཡེ་ཤེས་གསུམ་པ་བརྟན་པའི་རྡོ་རྗེར་རྫོགས་པའི་རྣམ་པ་ལམ་བྱེད་ས་བོན་ཕྱག་མཚན་གྱི་ཚུལ་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་ཆོས་ཐམས་ཅད་མ་འདྲེས་པར་རྟོགས་པའི་རང་བཞིན་དུ་སྨིན་ཅིང་སོ་སོར་རྟོག་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་བཞི་པ་ས་བོན་ཕྱག་མཚན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ནི་ཁུ་རྡུལ་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་དང་། འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས། བྱ་བ་སྒོ་ལྔའི་རྣམ་ཤེས། ཉོན་མོངས་པ་ཕྲག་དོག །བར་དོའི་རྣམ་ཤེས་དང་ཁུ་ཁྲག་འདྲེས་པ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་རྣམ་པར་དག་པ་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་དང་། ཇི་སྙེད་པའི་ཡེ་ཤེས་བཞི་པ་ཤེས་བྱ་ཀུན་ལ་ཁྱབ་པ་རྡོ་རྗེའི་བདག་ཉིད་དུ་རྫོགས་པའི་རྣམ་པ་ལམ་བྱེད་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེའམ་གོང་བུ་གཅིག་ཏུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་སྨིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་ལྔ་པ་དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི། མངལ་གྱི་གནས་སྐབས་ཡོངས་སུ་རྫོགས་ནས་ཕྱིར་བཙས་པ་དང་། རྣམ་ཤེས་ཀྱི་ཕུང་པོ་ཆུའི་ཁམས། ཡིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ། ཉོན་མོངས་པ་ཞེ་སྡང་། སྐྱེ་བ་ལེན་པའི་ལུས་ཀྱི་སྐྱེ་མཆེད་རྫོགས་པའི་གནས་སྐབས་རང་བཞིན་སྤྲུལ་པའི་སྐུར་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་འབྲས་བུའི་རྡོ་རྗེ་འཛིན་པ་དང་། རང་བཞིན་སངས་རྒྱས་རྣམས་ཀྱི་ཇི་ལྟ་བའི་ཡེ་ཤེས་རྣམ་པར་གྲོལ་བའི་འབྲས་བུ་ལྔ་པ་དེ་བཞིན་གཤེགས་པའི་བདག་ཉིད་རང་རྒྱུད་ལ་རྫོགས་པའི་རྣམ་པ་ལམ་བྱེད་ལྷའི་སྐུ་རྒྱན་དང་ཆ་ལུགས་རྫོགས་པར་བསྒོམས་པས་འབྲས་བུའི་དུས་ན་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དབྱིངས་དང་རང་བཞིན་དབྱེར་མེད་པའི་བདག་ཉིད་དུ་སྨིན་ཅིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པ་སྟེ། རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །འབྲིང་པོ་མངོན་བྱང་བཞི་བསྐྱེད་པ་ནི། གལ་པོ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་པས་སྟོང་པ་ཉིད་ཀྱིས་འཆི་སྲིད་བར་དོ་དང་བཅས་པ་སྦྱོང་། ལྷའི་ས་བོན་བསྒོམས་པས་སྐྱེ་སྲིད་ཀྱི་ཉེར་ལེན་དྲི་ཟའི་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་པ་སྦྱོང་། ལྷ་སྐུ་རྫོགས་པར་བསྒོམས་པས་རླུང་བཅུས་རིམ་གྱིས་བསྐྱེད་ནས་ལུས་གྲུབ་པ་སྦྱོང་། གནས་གསུམ་ལ་སོགས་པར་ཡི་གེ་བཀོད་པར་བཙས་ནས་དབང་པོ་ཡུལ་ལ་སྲེད་པའི་གནས་སྐབས་སྦྱོང་བ་སྟེ་རྡོ་རྗེ་བཞིའི་ཆོ་གས་བསྐྱེད་པ་འདི་དང་འདྲ་བར། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་སོ། །བསྡུས་པ་ཕ་རྒྱུད་ལྟར་ཆོ་ག་གསུམ་བསྐྱེད་ནི། གདན་གྱི་ཉི་མས་མའི་རྡུལ། ཟླ་བས་ཕའི་ཁུ་བ། ས་བོན་ཡི་གེ་གདན་སྟེང་དུ་བབས་པས་ནི་བར་དོའི་རྣམ་ཤེས་ཏེ་སྦྱོང་བྱེད་གསུམ་པོ་དེས་དཀར་དམར་ཚོགས་ཟིན་པ་ལ་རྣམ་ཤེས་འཇུག་པར་ཉེ་བ་ཉིད་སྦྱོང་བ་ཡིན་ལ། དེ་ཕྱག་མཚན་དུ་བསྒྱུར་བས་ནི་ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔའི་རིམ་པ། དེ་ལ་ཡི་གེས་མཚན་པ་ལས་འོད་ཟེར་སྤྲོ་འདུ་བྱས་པས་ནི་མངལ་དུ་ལུས་ཆགས་པ་དེ་ཉིད་འབྱུང་བ་ལྔས་འཕེལ་སྡུད་སྨིན་བརྟན་གོ་ཕྱེས་ཏེ་ཕུང་ཁམས་སྐྱེ་མཆེད་རིམ་པ་བཞིན་གྲུབ་པ་དེ་སྦྱོང་། སྐུ་ཡོངས་སུ་རྫོགས་པས་ནི་དབང་པོ་རྣམས་རྫོགས་ནས་ཕྱི་རོལ་ཏུ་བཙས་པ་སྦྱོང་བར་བྱེད་དོ། །དེ་གསུམ་གྱི་དངོས་བསྟན་ནི་ཕྱག་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ། ཡིག་འབྲུ་གསུང་རྡོ་རྗེ་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་སྐུའི་རྡོ་རྗེར་དག་པར་བྱེད་པའོ། །སྦྱངས་འབྲས་དེ་བཞིན་གཤེགས་པ་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པར་ལྷུམས་སུ་ཞུགས་པ་དང་བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་མངོན་བྱང་ལྔའི་ཆོ་གས་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །དེའང་སྦྱང་བྱའི་གཙོ་བོར་བསྟན་པ་ཙམ་ལས་སྒོང་སྐྱེས་སོགས་སྐྱེ་གནས་གཞན་གྱི་བག་ཆགས་སྦྱོང་བྱེད་དུ་འགྲོ་བའང་ཤེས་པར་བྱའོ། །གསུམ་པ་ནི། སྲིན་བུ་སོགས་དྲོད་དང་གཤེར་ཙམ་ལ་གནས་ལུས་ཀྱི་སྲེད་ལེན་ཞུགས་ནས་ཕུང་པོར་གྲུབ་པ་དང་མཐུན་པར་ལུང་ཨ་ནུ་ཡོ་གའི་དགོངས་པ་སྤྲོས་མེད་ཀྱི་བསྐྱེད་རིམ་ལའང་གཉིས་ཏེ། རང་ཤར་ལས། གཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་འཇུག་ནས་ནི། །ཞེས་འབྱུང་བ་ལྟར་ལ། རིམ་གྱིས་འཇུག་པས། ཤེས་རབ་ཀྱི་དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་ཀུན་རྫོབ་ཀྱི་སྣང་ཆ་ཐམས་ཅད་ལྷའི་ཕྱག་རྒྱར་རང་བཞིན་གྱིས་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་སྐད་ཅིག་གིས་བཞེངས་པ་དང་། གཅིག་ཅར་དུ་འཇུག་པས་ལྷ་རྣམས་ཚིག་གིས་མ་བསྐྱེད་ཀྱང་སྔགས་དྲན་པ་ཙམ་ལས་དཀྱིལ་འཁོར་འཁོར་ལོར་གསལ་བར་གྲུབ་པ་སྟེ། འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་སྐྱེས་རྫོགས་པའི་ལྷ་རུ་བསྒོམ། །ཞེས་སོ། །དེ་དག་གིས་གཙོ་བོར་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །བཞི་པ་ནི། རྫུས་སྐྱེས་རྣམས་སེམས་ཙམ་ལ་བརྟེན་ནས་སྐད་ཅིག་གིས་ལུས་སུ་གྲུབ་པ་དང་མཐུན་པར་མན་ངག་ཨ་ཏི་ཡོ་ག་ཤིན་ཏུ་སྤྲོས་མེད་ཀྱི་སྐྱེད་ཚུལ་ཆོ་ག་དང་ཚིག་ལ་མ་ལྟོས་པར་ཡིད་ཆོས་གདོད་ནས་ལྷའི་འཁོར་ལོ་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་གནས་པ་ཉིད་དྲན་པས་གསལ་འདེབས་ཙམ་གྱིས་ཡོངས་སུ་རྫོགས་པ་མེ་ལོང་ལ་གཟུགས་བརྙན་བཙན་ཐབས་སུ་ཤར་བ་ལྟར་བསྐྱེད་རྫོགས་དབྱེར་མེད་དུ་བསྒོམ་པ་སྟེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །དེ་ལྟར་བསྐྱེད་ཆོག་རྣམ་པ་བཞི་པོ་དེ་གཙོ་བོར་སྐྱེ་བ་གང་གིས་བསྡུས་པ་དེས་དེ་དང་མཐུན་པར་བསྒོམ་ལ། ཐོག་མེད་ཀྱི་བག་ཆགས་སྦྱང་ཕྱིར་སྐྱེ་བ་རེ་རེས་ཀྱང་ཐམས་ཅད་བསྒོམ་པ་དང་། ཁྱད་པར་ལས་དང་པོ་པ། སེམས་ཅུང་ཟད་བརྟན་པ། བརྟན་པ་ཆེར་ཐོབ་པ། ཤིན་ཏུ་ཐོབ་པའི་གོ་རིམ་དང་སྦྱར་ཏེ་བསྒོམ་པ་ཀུན་མཁྱེན་ཀློང་ཆེན་པས་གསུངས་སོ། །དེའང་རྟེན་དང་བརྟེན་པའི་དཀྱིལ་འཁོར་བ་ཐམས་ཅད་གཅིག་ཅར་དུ་གསལ་མི་ནུས་ལ་རིམ་གྱིས་མ་འདྲེས་པར་ཅི་འདོད་དུ་གསལ་ནུས་པ་ཚུན་ཆད་ནི་ལས་དང་པོ་ཡིན་ལ། རགས་པའི་དཀྱིལ་འཁོར་གཅིག་ཆར་གསལ་ལ་ཐེབས་ཤིང་སྐྱེ་མཆེད་ཀྱི་ལྷ་ལ་སོགས་པ་གཅིག་ཆར་གསལ་མི་ཐེབས་པ་ནི་གཉིས་པ་དང་། སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱང་གཅིག་ཆར་གསལ་ཐེབས་པ་ནི་གསུམ་པ་སྟེ་དེ་ཡན་ཆད་བསྐྱེད་རིམ་ཁོ་ནས་འབྱུང་ལ། དེ་ནས་རྫོགས་རིམ་དང་སྦྲགས་ཏེ་བསྒོམས་པས་ཕྲ་ཐིག་གི་དབུས་སུ་དཀྱིལ་འཁོར་སྤྲོ་བསྡུ་ནུས་ཤིང་ཐུན་དང་ཐུན་མཚམས་ཉིན་མཚན་དབྱེ་བ་མེད་ཅིང་བསམ་གཏན་གྱི་ལས་ཚོགས་ཐོགས་མེད་དུ་འགྲུབ་པར་འགྱུར་ལ། བཞི་པ་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་གྱི་གསལ་སྣང་ཟད་མི་ཤེས་པར་འབྱུང་ཞིང་ཡིད་ལ་བསམ་པ་ཙམ་གྱིས་སེམས་ཅན་གྱི་དོན་མང་པོ་སྒྲུབ་ནུས་པས་གྲུབ་པའི་སྐྱེས་བུ་ཞེས་བྱ་སྟེ། དེ་དག་ལ་རིམ་བཞིན་ལས་དང་པོ་པ། ཡེ་ཤེས་ཕེབ་པ། ཡེ་ཤེས་ལ་ཅུང་ཟད་དབང་བ། ཆེར་དབང་བ་ཞེས་མཉམ་སྦྱོར་རྒྱུད་སོགས་ཀྱི་དགོངས་པ་ཡེ་ཤེས་ཞབས་རྗེས་འབྲངས་དང་བཅས་པས་རྩལ་དུ་འདོན་པར་མཛད་དོ། །གསུམ་པ་ནི། གང་ཡང་ ནས་ སྦྱོང་བར་བྱེད༔ ཅེས་གསུངས་ཏེ། སྐྱེད་ཐབས་ཀྱི་ཆོ་ག་བཞི་པོ་དེ་དག་གང་ལའང་ལས་དང་པོ་པས་རྩ་བའི་ལྷ་ཕྱག་རྒྱ་གཅིག་པ་བསྒོམས་པས་ལུས་ཅན་རྣམས་དང་པོར་སྐྱེས་ནས་བྱིས་པར་གྱུར་པའི་གནས་སྐབས་དང་། དེ་ལ་གསལ་སྣང་ཐོབ་ནས་ཕྱག་རྒྱ་སྤྲོས་བཅས་ཀྱིས་ལང་ཚོ་དར་ལ་བབས་པའི་གནས་སྐབས་དང་། དེ་ལ་བརྟན་པ་ཐོབ་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པས་ན་ཚོད་ཡོལ་ནས་རྒན་པོའི་གནས་སྐབས་ཏེ་སྐྱེ་བའི་སྲིད་པའི་རིམ་པ་གསུམ་པོ་དེ་སྦྱོང་བར་བྱེད་པ་ཡིན་ལ། དེའི་རྒྱུ་མཚན་གང་ཟག་གཅིག་གི་རྒྱུད་ལའང་རིམ་གྱིས་གོམས་པ་བརྟན་པའི་དབང་གིས་དབང་པོ་བརྟུལ་འབྲིང་རྣོན་པོ་གསུམ་དུ་ན་འཕོ་བའི་ཕྱིར་རོ། །གསུམ་པ་གསལ་བརྟན་དག་གསུམ་ལ་བསླབ་པ་ནི། སྦྱོང་བྱེད་ ནས་ ལྷ་རུ་སྦྱོར༔ ཞེས་གསུངས་ཏེ། སྐྱེད་པའི་ཚུལ་དེ་ཉིད་སྦྱོང་བར་བྱེད་པའི་ཐབས་ཀྱི་ཁྱད་པར་ནི། སྒྲུབ་ཐབས་ཀུན་བཟང་ལས་ ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་བའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེ་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་པ་བཞིན་ཐ་མལ་བདག་དང་བདག་གི་བའི་དངོས་པོར་ཞེན་པ་དང་འཛིན་སྟངས་འགལ་བའི་ཏིང་ངེ་འཛིན་ལྷག་པར་ལམ་དུ་བྱེད་དགོས་ཤིང་། དེ་ལ་གསུམ། དང་པོ་རྣམ་པ་གསལ་བ་ཞེས་ལྷའི་གསལ་སྣང་སྒྲུབ་པ་ནི་ལས་དང་པོ་པས་དཀྱིལ་འཁོར་ལ་གསལ་སྣང་ཐོན་དཀའ་ཡང་ལྷག་པར་མོས་པས་བསྒོམས་པས་རྒྱུད་སྨིན་བྱེད་ཀྱི་སྟོབས་ཆེ་བ་དང་། ཕྱག་རྒྱ་གཅིག་པ་ལྟ་བུར་གང་སེམས་བཟུང་སླ་ས་ནས་བརྩམས་གོ་རིམ་སོགས་མ་ངེས་པར་ཞལ་དང་སྐུ་དང་ཕྱག་མཚན་རྒྱན་ཆའི་ཆ་ཤས་རྣམས་རེ་རེ་ལ་སེམས་ཟིན་པས་སོ་སོའི་གསལ་སྣང་སྐྱེས་པ་དང་གཅིག་ཆར་དུ་གསལ་འདེབས། མཐར་རྙོག་པ་མེད་པའི་རྫིང་བུ་མི་གཡོ་བ་གསལ་དྭངས་ཀྱི་ནང་དུ་གཟུགས་བརྙན་གསལ་བཀྲ་མ་འདྲེས་པར་སྣང་བ་ལྟར་ཡུལ་གསུམ་ལ་མངོན་སུམ་བཞིན་དུ་སྣང་བའི་གོམས་པ་བརྟན་པོར་གྱུར་པས་ནི་ཕྱི་རོལ་གཟུགས་ཕུང་དུ་སྣང་བ་རྣམས་སྦྱོང་བར་བྱེད་དོ། །གཉིས་པ་ང་རྒྱལ་བརྟན་པ་ནི། ལྷའི་གསལ་སྣང་ཐོབ་མ་ཐོབ་གང་ལྟར་ལྷ་དེར་ཤེས་པ་ཙམ་གྱི་ང་རྒྱལ་ཉི་ཚེ་བ་མིན་པར་འབྲས་དུས་ཀྱི་སངས་རྒྱས་སྐྱོན་ཐམས་ཅད་ཟད་ཅིང་ཡོན་ཏན་མཐའ་དག་རྫོགས་པ་དེ་ཉིད་དངོས་སུ་མོས་པའི་ང་རྒྱལ་བརྟན་པོ་དང་། གསལ་སྣང་ཐོབ་ནས་དེ་ཉིད་ཡེ་ཤེས་ཀྱི་སྐུར་དངོས་སུ་ངེས་པའི་ཤེས་པ་དྲག་པོས་རང་ཉིད་སེམས་ཐ་མལ་དུ་ཞེན་པའི་འཛིན་སེམས་སྦྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་དག་པ་དྲན་པ་ནི། རྒྱས་པར་ཞི་ཁྲོའི་དཀྱིལ་འཁོར་གང་དང་གང་བསྒོམ་པ་དེའི་ཞལ་ཕྱག་སྐུ་མདོག་རྒྱན་ཆས་སོགས་རྟེན་དང་བརྟེན་པར་བཅས་པ་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་དེ་དང་དེའི་རྣམ་པར་ཤར་བའི་བརྡ་དོན་རྟགས་གསུམ་རེ་རེ་ནས་དྲན་པར་བྱ་དགོས་ཀྱང་། མདོར་ན་གཉུག་མ་ཆོས་ཉིད་ཀྱི་སྟེང་ན་འབྲས་བུ་རྣམ་བྱང་གི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས་ཡོན་ཏན་གང་དང་གང་ཞིག་ལྷའི་རྣམ་པ་དེ་དང་དེའི་ངོ་བོར་གདོད་ནས་དག་པར་བཞུགས་པ་ལ་ཏིང་ངེ་འཛིན་གྱིས་བསྒོམ་པའི་ལྷ་དེ་ཡང་དེ་ལས་གཞན་དུ་མ་གྱུར་པ་རྣམ་པར་དག་པར་མོས་པས་སྣང་ཞེན་ཐམས་ཅད་ཀྱང་གདོད་ནས་རྣམ་པར་དག་པའི་ལྷ་ཡེ་ཤེས་ཀྱི་འཁོར་ལོ་རུ་སྦྱོང་བར་བྱེད་དོ། །བཞི་བ་སྲོག་སྡོམ་གཟེར་བཞི་བཤད་པ་ལ་བཞི། ཏིང་ངེ་འཛིན་གྱི་གཟེར། སྙིང་པོ་སྔགས་ཀྱི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར་བཤད་པའོ། །དང་པོ་ལ་གཉིས། ཏིང་ངེ་འཛིན་གྱི་རྩལ་སྦྱང་བ་དང་། འབྱོངས་པའི་ཚད་འབྲས་བུ་དང་བཅས་པའོ། །དང་པོ་ནི། ཀུན་ཀྱང་ ནས་ རོལ་པར་ཁྱེར༔ ཞེས་གསུངས་ཏེ། བསྐྱེད་པའི་ཆོ་ག་དེ་དག་ཀུན་གང་ལ་བརྟེན་ཀྱང་བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་རོ་མཉམ་ཆེན་པོར་བརྟེན་པར་བསྒྲུབ་པའི་ཕྱིར་སྲོག་སྡོམ་གཟེར་བཞིའི་མན་ངག་དང་ལྡན་པར་གཅེས་ཏེ། གསང་རྫོགས་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་གི་ཉི་མ་ཀུན། མ་བཟུང་པར་ཡང་སྲོག་སྟོང་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་གསུངས་པ་ལྟར་ལས་དང་པོ་པས། ལྷ་སྐུའི་རྣམ་པར་སེམས་འཛིན་པ་ལས་གཞན་དུ་མི་གཡོ་བའི་ཡིད་རྩེ་གཅིག་ཏུ་གནས་པའི་བསམ་གཏན་གྱིས། རང་གི་སེམས་ཉིད་རྣམ་ཤེས་ཚོགས་བརྒྱད་དང་ལྷའི་སྐུ་དང་ཡེ་ཤེས་སུ་རྫོགས་པའི་ཕྱིར་ཏིང་ངེ་འཛིན་གྱི་གཟེར་གདབ་པར་བྱ་སྟེ། དེའང་། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཞེས་པ་ལྟར། ཐོག་མར་ལྷ་ཕྱག་རྒྱ་གཅིག་པ་ལ་ཕྲ་བ་ས་བོན་ཨ་དཀར་པོའམ་ཧཱུཾ་སྔོན་པོ་ལ་སོགས་པ་ཁྲུ་གང་པ་གསལ་བར་བྲིས་པ་དང་། རགས་པ་ལྷའི་གཟུགས་མཚན་ཉིད་དང་ལྡན་པ་ཐོད་པར་བྲིས་པ་སོགས་འདུ་བྱས་ལ། རང་མདུན་ཁད་ཉེ་བར་དམིགས་པ་གཏོད་པའི་རྟེན་དུ་བསྐྱེད་པའི་ཚུལ་ལ་མཁས་པའི་སྒྲུབ་པ་པོས་བཞག་པར་བྱ། དེ་ལྟར་བྱས་ནས་ཀྱང་བདེ་བའི་སྟན་ལ་ལུས་གནད་བསྲང་། རླུང་རོ་ལན་གསུམ་བསལ་ཞིང་ཡིད་ཀྱི་འཛིན་སྟངས་མིག་གི་ལྟ་སྟངས་རླུང་གི་འགྲོ་ལྡོག་གསུམ་ཡུལ་སོ་སོ་ལ་ཡ་བྲལ་དུ་མ་སོང་བར་ཕྱོགས་མཉམ་པོར་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏད་དེ་ཡུན་ཐུང་ལ་གྲངས་མང་བར་བསྒོམས་པས་ཉམས་ལྔ་རིམ་པར་འཆར་བར་འགྱུར་ཏེ། དེའང་དམིགས་རྟེན་ལ་སེམས་མི་གནས་པར་འདུ་བྱེད་ཀྱི་རྟོག་པ་མང་པོ་བན་བུན་ལང་ལོང་དུ་འགྱུ་བ་ནི་གཡོ་བའི་ཉམས་རི་གཟར་གྱི་ཆུ་ལྟ་བུ། དེ་ནས་རྣམ་རྟོག་ཅུང་ཟད་ཞི་ནས་ཕལ་ཆེར་དམིགས་རྟེན་ལ་སེམས་གནས་ཤིང་དེའི་རྣམ་འགྱུར་གྱི་བག་ཆགས་བརྟས་པས་མིག་བཙུམ་ཡང་ཡིད་ཡུལ་དུ་ཝལ་གྱིས་འཆར་བ་ནི་ཐོབ་པའི་ཉམས་གཅོང་རོང་གི་ཀླུང་ལྟ་བུ། དམིགས་རྟེན་ལ་སྒོམ་པ་ཇི་ལྟ་བར་རང་ཉིད་དེ་དང་དེར་གསལ་ཐེབས་ཤིང་དེའང་ཆེ་ཆུང་རྣམ་འགྱུར་མ་ངེས་པ་ཅི་འདོད་བསྒྱུར་དུ་བཏུབ་ཅིང་དེ་ལས་རྟོག་པ་གཞན་དུ་མི་གཡོ་བ་ནི་གོམས་པའི་ཉམས་ཆུ་ཆེན་དལ་འབབ་ལྟ་བུ། ལྷའི་རྣམ་པ་དེའང་རང་སེམས་དང་དབྱེར་མེད་དུ་བསྲེས་ནས་བསྒོམས་པས་རྟོག་པ་གང་གིས་ཀྱང་བར་དུ་མི་ཆོད་པར་སྐུ་ཡོངས་རྫོགས་ལ་སེམས་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་ནི་གཡོ་པའི་ཉམས་མཚོ་ཆུང་རླུང་གིས་བསྐྱོད་པ་ལྟར་བུ། དེ་ལས་ཀྱང་སྤྱན་གྱི་དཀར་ནག་བ་སྤུའི་བུ་ག་ཚུན་ཆད་གསལ་ནུས་ཤིང་ཉིན་མཚན་རྟག་ཏུ་ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་གསལ་བརྟན་ཚད་བརྒྱད་གྱད་དུ་གྱུར་པ་ནི་མཐར་ཕྱིན་པའི་ཉམས་རྒྱ་མཚོ་ཆེན་པོ་རླབས་དང་བྲལ་བ་ལྟ་བུ་སྟེ། དེ་ལྟར་མ་གྱུར་གྱི་བར་དུ་ལེགས་པར་བསླབ་ཅིང་དང་པོ་ནས་མི་སུན་པར་བྱ་བའི་ཕྱིར་གོམས་རིམ་གྱིས་ཐུན་ཚོད་ཀྱི་ཡུན་རིམ་པར་བསྲིངས་ཏེ་བསྒོམ་པར་བྱ་དགོས་ལ། དེའི་ཚེ་སེམས་མི་གསལ་བའི་བྱིང་བ་དང་། འགྱུ་བ་སྤུན་པོར་གྱུར་པའི་རྒོད་པ་དང་། ལ་སོགས་པའི་ཁོང་ནས་རྨུགས་འཐིབས་དང་། འཐོར་ཡས་སོགས་ཏིང་ངེ་འཛིན་གྱི་སྐྱོན་བྱུང་ན་ངོ་ཤེས་ཤིང་བཏང་སྙོམས་སུ་མ་ཤོར་བར་ཀུན་ལ་སོ་སོའི་གཉེན་པོ་བརྟེན་ཏེ་བསལ་ལོ། །དེ་ཉིད་རྩལ་སྦྱོང་ཞིང་བོགས་འབྱིན་པའི་ཐབས་ཉང་གཏེར་མཚོ་རྒྱལ་ཞུས་ལན་དང་། བླ་མ་དགོངས་འདུས་ལས་ལྷག་ལམ་དུ་སློང་བ་སོགས་རྣམ་པ་དྲུག་ཏུ་གསུངས་པ་ལྟར་གནད་བསྡུ་ན། སྐབས་སུ་སེམས་རྣམ་པར་མི་རྟོག་པ་གཉུག་མའི་ངང་དུ་རང་བབས་སུ་ལྷོད་ཀྱིས་ཀློང་ལ་ངལ་གསོ། རེས་འགར་ལྷ་སྐུ་དེ་ཉིད་ཆེ་བ་རི་རབ་ནས་ཆུང་བ་ཏིལ་འབྲུ་ཙམ་སོགས་ཆེ་ཆུང་མདོག་དབྱིབས་སྤྱོད་ལམ་ཉེ་རིང་བཞུགས་གནས་མ་ངེས་པར་བསྒོམས་པས་རྩལ་སྦྱོང་ཞིང་ལམ་དུ་སློང་། སྐབས་རེར་ལྷའི་རྣམ་པ་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་བསྒོམ་བྱ་སྒོམ་བྱེད་ཀྱི་གཉིས་འཛིན་སྤོངས་ལ་སྒོམ་མཁན་རང་ངོ་རིག་པའི་ཚུལ་གྱིས་གནས་ལུགས་ཀྱི་དོན་ལ་བལྟ་བ་རྣམས་ཀྱིས་མཉམ་བཞག་གི་རྣལ་འབྱོར་བསྐྱང་། རྗེས་ཐོབ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ། བགོ་བ་ཞི་ཁྲོའི་ཆས། བཟའ་བཏུང་ཚོགས་འཁོར། འགྲོ་འདུག་རྡོ་རྗེའི་གར་སོགས་མདོར་ན་སྤྱོད་ཡུལ་ཅི་དང་ཅིར་སྣང་བ་ཐམས་ཅད་ལྷ་ཡེ་ཤེས་པའི་རོལ་པ་འབའ་ཞིག་པར་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་ནི། དེ་ལྟར་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་མན་ངག་གི་རྩ་བ་ཏིང་ངེ་འཛིན་གྱི་གཟེར་ཁོ་ན་ལ་བརྟེན་ནས་ཀྱང་ཡུལ་གསུམ་གྱད་དུ་གྱུར་ཏེ་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པར་འགྱུར་ཏེ། དང་པོ་རང་གི་ཡིད་ཀྱི་ཡུལ་དུ་གང་བསྒོམ་པའི་ལྷ་སྐུ་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་གསལ་ལ་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟར་འཆར་བའི་གསལ་སྣང་རྫོགས། གཉིས་པ་སེམས་ཤིན་ཏུ་སྦྱངས་པའི་མཐུ་ལས་ཡིད་དཔྱོད་མ་ཡིན་པར་མིག་སོགས་དབང་པོའི་སྤྱོད་ཡུལ་དུ་ལྷའི་ཕྱག་རྒྱ་མངོན་སུམ་དུ་ཤར། གསུམ་པ་སེམས་ཀྱིས་ལུས་འབྱོངས་ཏེ་ལྷ་ཉིད་རེག་པ་ལུས་ཀྱི་ཡུལ་དུ་གསལ་བས་ལུས་ཤིན་ཏུ་སྦྱང་པ་ཐོབ་པའི་ལྟས་གཞན་གྱི་སྣང་བ་ཟིལ་གྱིས་གནོན་ཅིང་རང་དབང་དུ་སྒྱུར་བ་དང་།ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབ་ནུས་པ་སོགས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོ་ཅིར་ཡང་འཆར་ཞིང་སྐུའི་སྲོག་འཕྲོག་པས་མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། སྔགས་ཀྱི་གཟེར་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། ངག་ལ་སྙིང་པོ་སྔགས་ཀྱི་གཟེར་གདབ་པ་ནི། ལྷ་སོ་སོའི་རིགས་མི་འགྱུར་བའི་རང་བཞིན་ཐུགས་སྲོག་ས་བོན་གང་ཡིན་པ་དང་། དེའི་མཐར་རྩ་སྔགས་སམ་སྙིང་པོའི་ཡི་གེ་གསལ་བར་བཀོད་པ་ལ་སེམས་གཏད་པ་ནི་བསྙེན་པའི་ཡན་ལག་སྟེ་ཟླ་བ་སྐར་ཕྲེང་ལྟ་བུའི་དགོངས་པ་དང་། ཐུགས་སྲོག་ལས་སྔགས་ཕྲེང་བྱུང་། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དང་དེ་ནས་ཐུགས་ཀར་བརྒྱུད་ཡུམ་གྱི་གསང་བ་ནས་ཡབ་གྱི་གསང་བར་ཞུགས་ཏེ་ཐུགས་ཀར་ཐིམ། སླར་ཡང་དེ་ལྟར་བར་མ་ཆད་པ་འགལ་མེ་ལྟ་བུར་འཁོར་བ་ནི་ཉེ་བསྙེན་གྱི་ཡན་ལག་སྟེ་འགལ་མེ་ཀླད་ཀོར་གྱི་དགོངས་པ་ཡིན་ལ། དེ་དག་གིས་སྔགས་རླུང་དབྱེར་མེད་དུ་དག་ནས་གསུང་གི་སྲོག་འཕྲོག་པས་མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་ནི། འཕྲོ་འདུའི་གཟེར་ནས་དབང་འབྱོར་ཞིང༔ ཞེས་གསུངས་ཏེ། གང་འདོད་ཕྲིན་ལས་ཀྱི་ཁ་སྒྱུར་བ་འཕྲོ་འདུའི་གཟེར་ནི། ཐུགས་སྲོག་སྔགས་ཕྲེང་ལས་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས་ཏེ་རང་དོན་བསྒྲུབ། འགྲོ་བའི་སྒྲིབ་གཉིས་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་བཀོད་པས་གཞན་དོན་འགྲུབ་པ་སྟེ་དོན་གཉིས་མཛད་པ་དང་། སླར་ཡང་འོད་ཟེར་སྤྲོ་བསྡུས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདག་ཉིད་ཀྱི་དབང་དུ་བྱ་བ་ནི་སྒྲུབ་པའི་ཡན་ལག་སྟེ་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་དགོངས་པ་ཡིན་ལ། མཐར་དེ་ལྟར་བསྒྲུབས་པའི་གྲུབ་མཐའ་སྣོད་བཅུད་ཀྱི་གཟུགས་སྣང་། གྲགས་པའི་སྒྲ་སྐད། ཡིད་ཀྱི་རྟོག་ཚོགས་ཇི་སྙེད་པ་ཐམས་ཅད་སྣང་སྟོང་ལྷའི་སྐུ། གྲགས་སྟོང་སྔགས་ཀྱི་སྒྲ་དང་རིག་སྟོང་ཡེ་ཤེས་ཆེན་པོའི་འཁོར་ལོར་འཆར་བ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་གི་དགོངས་པ་སྟེ། དེ་དག་གིས་ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཕྲིན་ལས་སྣ་ཚོགས་ལ་རང་དབང་བརྙེས་པས་མཐར་ཐུག་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཀུན་ལ་དབང་འབྱོར་ཆེན་པོ་ཐོབ་པར་འགྱུར་རོ། །ཞིང་ཞེས་པའི་ཚིག་ཕྲད་ནི་ལྷག་མ་འདྲེན་པའི་སྒྲའོ། །བཞི་པ་ནི། དགོངས་པ་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། དེ་དག་སྤྱིའི་རྒྱས་འདེབས་གལ་པོ་ཆེ་དགོངས་པ་མི་འགྱུར་བའི་གཟེར་ནི། ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཇི་སྙེད་པ་ཀུན་ཀྱང་ཤེལ་ལས་འཇའ་ཚོན་བཞིན་རང་གི་རིག་པའི་རང་རྩལ་ལས་གཞན་ཏུ་མ་གྲུབ་པར་རྟོགས་ཤིང་དེའི་རྒྱུན་ལ་གོམས་པ་ཆེར་བརྟས་པ་ལས། བག་ཆགས་ཀྱི་བཞོན་པ་རླུང་དང་དེའི་ཁ་ལོ་སྒྱུར་བ་པོ་སེམས་དང་བྱིན་གྱིས་རློབ་པ་པོ་ཡེ་ཤེས་ཀྱི་ལྷ་སྐུ་གསུམ་ཀའང་སེམས་ཉིད་ཀྱི་ངང་དུ་དབྱེར་མེད་རོ་མཉམ་དུ་སྨིན་པའི་མཐུ་ལས་དགོངས་པའི་རྩལ་རྫོགས་ཏེ་སྟོང་སྲོག་གཅིག་ཅར་དུ་འཕྲོག་པ་ཐོབ། མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་རྣལ་འབྱོར་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ་སོགས་དཀྱུས་གཅིག་ཏུ་བསྟན་པ་ནི། རྣལ་འབྱོར་ཡན་ལག་ནས་ང་རྒྱལ་སྐྱེད༔ ཅེས་གསུངས་ཏེ། སྔར་བཤད་པ་དེ་རྣམས་རིམ་པ་དང་པོའི་རྣམ་འབྱོར་དངོས་གཞི་ཡིན་ལ། དེ་ཉིད་རྫོགས་པར་བྱེད་པའི་ཡན་ལག་གི་རྣམ་འབྱོར་རྣམས་གང་ལ་འབྱུང་བའི་གཞི་དང་པོ་ལྷ་དམ་ཚིག་པའི་སྐུར་བསྐྱེད་པ་དེ་ལའང་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་ཀྱི་དབྱེ་བས་བསྟན་པ་གང་ཡང་གཙོ་བོའི་སྐུ་རྫོགས་པར་བསྒོམ་པ། ཡུམ་གྱི་ས་བོན་བསྐྱེད་པ། དེ་ལས་ཡུམ་བསྒོམ་པ། སེམས་དཔའ་སུམ་བརྩེགས་བསྒོམ་པ། རིགས་བདག་གི་རྒྱས་འདེབས་པ་དང་ལྔ་རིམ་པ་ཇི་ལྟ་བར་གཞི་དུས་སུ། བྱིས་པ་བཙས་པ། ནར་སོན་ནས་འདོད་པའི་ཚོར་བས་གདུངས་ཏེ་དེ་དོན་དུ་གཉེར་བ། ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ། རང་རིགས་ཀྱི་བྱ་བ་ལ་དབང་སྒྱུར་བ་རྣམས་སྦྱོང་ཞིང་འབྲས་དུས་སུ་སངས་རྒྱས་སྤྲུལ་པའི་སྐུ་བལྟམས་པ་དང་། བྱང་ཆུབ་དོན་དུ་གཉེར་བས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ་དང་། དེ་ལས་བཞེངས་ཏེ་བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་ཏེ་བསམ་གཏན་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་རྣམས་ཡིན་ལ། ལམ་གོང་མའི་ཚེ་ན་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་གྲུབ་པར་བྱ་བའི་ཕྱིར། བདེ་རླུང་སེམས་ལ་ལྷ་སྐུར་ལྡང་བ་དང་། དེ་ནས་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་པས་ན་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཡན་ལག་རྣལ་འབྱོར་དངོས་ལ་བདུན་ཡོད་པའི་དང་པོ་བྱིན་གྱིས་བརླབ་པ་ནི། སྦྱང་བྱ་བྱིས་པ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་པའི་རྩལ་ནར་སོན་པ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་པའི་འཁོར་ལོ་བསྐྱེད་ཟིན་པ་ན་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསལ་ཞིང་འབར་བའམ། ཡང་ན་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་བསྒོམས་ནས་དམ་ཚིག་པའི་སྐུ་གསུང་ཐུགས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་དང་དབྱེར་མེད་པར་བྱིན་གྱིས་བརླབས་ཤིང་སྒོ་གསུམ་རྣམ་པར་དག་པ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་སུ་མོས་པའི་ང་རྒྱལ་བྱས་པས། ལམ་གོང་མའི་དུས་ན། ཁུ་རྡུལ་རླུང་གི་ཁམས་གསུམ་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་སྙིགས་མ་ཟད་ནས་དྭངས་མ་འཕེལ་བ་ལས་བྱུང་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་དབང་བསྐུར་བ་ལ། སྦྱང་བྱ་ནི། བྱིས་པ་དེ་རྩ་ཁམས་འཕེལ་བས་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་དེ་ཡིན་ཞིང་། སྦྱོང་བྱེད་ནི། བྱིན་རླབས་ཀྱི་རྗེས་སུ་ལྷ་ཚོགས་རྣམས་ཀྱི་མགོ་བོའི་གནས་ལྔར་རིགས་བདག་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ལྔ་རང་རང་གི་ཡུམ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་གྱི་བདུད་རྩི་ལྔར་ཞུ་བའི་ཆུ་བོའི་རྒྱུན་བབས་པས་དབང་བསྐུར། སྐུ་ལུས་ཀྱི་ནང་གང་། ཉོན་མོངས་པ་ལྔའི་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེའི་རིགས་ལ་མི་བསྐྱོད་པས་མཚོན། ལྷ་སོ་སོའི་རིགས་དང་མཐུན་པའི་རིགས་ཀྱི་བདག་པོ་རིགས་གཞན་དུ་མ་འཆོལ་བའི་ཕྱག་རྒྱས་བཏབ་སྟེ་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་བའི་ང་རྒྱལ་བཟུང་བས། རྫོགས་རིམ་གྱི་སྐབས་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པས་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་སྣང་བའི་རྟོག་པ་བསལ་བའི་ཕྱིར་དུ་ཡེ་ཤེས་ཀྱི་འཁོར་ལོ་སྒྲུབ་པ་ནི། སྦྱང་བྱ་བྱིས་པ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་གྱུར་པས་དགོངས་པ་གཉིས་སུ་མེད་པར་རོ་མཉམ་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་པའི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་གྱིས་རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཡེ་ཤེས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་བསྒོམས་པ་དང་འདྲ་བའི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་པ་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་དམ་ཚིག་པའི་འཁོར་ལོ་དང་རོ་མཉམ་དུ་འདྲེས། གདོད་ནས་ལུས་དམ་ཚིག །སེམས་ཡེ་ཤེས་སེམས་དཔར་ལྷུན་གྱིས་གྲུབ་པར་བལྟ། དེས་དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤོང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དེ་ཉིད་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ཉིད་ལ་འཇུག་པ་སོགས་ཀྱི་དགོས་པ་ཡོད་ཅིང་ལམ་གོང་མའི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །བཞི་པ་བཞུགས་སུ་གསོལ་བ་ནི། དེ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་བཻཌཱུརྻའི་བྱ་མ་བུམ་ནས་སྦྲེང་བའི་མཆོད་ཡོན་དང་། འདག་ཆལ་དང་ལྡན་པའི་ཆུ་གཙང་གིས་ལྷ་རྣམས་ཀྱི་རྡོ་རྗེའི་ཕྱག་དང་ཞབས་དག་ནི་བཀྲུས་ཏེ་དྲི་མ་བསིལ་བར་བྱས་ནས་ཀྱང་། ཁྲི་རྐང་པད་ཉི་ཟླ་བ་སོགས་གཙོ་འཁོར་སོ་སོ་དང་འཚམས་པས་ཐུགས་དགྱེས་པའི་གདན་བརྗིད་ཅིང་མཛེས་པ་ལ་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་དངོས་གྲུབ་ཀྱི་འབྲས་བུ་མ་ཐོབ་པ་དེ་སྲིད་དུ་བརྟན་ཅིང་གཡོ་བ་མེད་པར་བཞུགས་སུ་གསོལ་ལོ། །ལྔ་པ་ཕྱག་བྱ་བ་ནི། འདི་དང་མཆོད་བསྟོད་རྣམས་ཀྱི་སྦྱང་བྱ་ནི། བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་ནོར་གྱི་བཅད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ན་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་གྱུར་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི་ཕྱག་མཆོད་བསྟོད་པའི་ལས་རིམ་རྣམས་ཏེ། དེས་ལམ་གོང་མའི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །དེ་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་དབྱེར་མེད་པའི་ལྷར་རྟོགས་པ་ཉིད་འདྲེས་པ་ནན་ཏན་གྱི་ཕྱག་ཅེས་བྱ་བ་རྣལ་འབྱོར་མཆོག་གི་ཕྱག་ཡིན་ལ། འཇིག་རྟེན་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཏེ་ཕྱག་མཆོད་ཕུལ་བ་ལ་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རྩེ་བ་བཞིན་རང་གི་སྙིང་ག་སོགས་ལས་རྣམ་པར་སྤྲུལ་པ་རང་གི་རིག་པའི་རང་བཞིན་ལས་གཞན་དུ་མ་གཡོས་པའི་ལྷ་མོ་དཔག་ཏུ་མེད་པས་ཤིན་ཏུ་གུས་པའི་ཚུལ་གྱིས། ཨ་ཏི་བྷུ་ཧོཿཞེས་བརྡའི་ཕྱག་འཚལ་བས་ལྷ་རྣམས་མཉེས་ཏེ་པྲ་ཏི་བྷུ་ཧོཿཞེས་དོན་གྱི་ཕྱག་གི་ལན་བཏབ་པར་མོས། དྲུག་པ་མཆོད་པ་ནི། ལྷ་རྣམས་ཀྱི་སྤྱན་སོགས་གཟུགས་ཅན་དྭངས་པ་ཕྱིའི་དབང་པོ་ལྔ། དེ་ལ་བརྟེན་པའི་རྣམ་ཤེས་ནང་གི་དབང་པོ་ལྔ། དེ་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པར་བཞུགས་པ་གསང་བའི་དབང་པོ་སྟེ་ལོངས་སྤྱོད་པའི་ཡུལ་ཅན་སོ་སོར་དགྱེས་རྒུར་སྐྱེད་པ། ལོངས་སྤྱོད་བྱའི་ཡུལ་ཕྱི་མཆོད་ཞི་བ་ལ་ཐང་སྐྱེས་ཆུ་སྐྱེས་མཛེས་པའི་མེ་ཏོག་སོགས་དང་དྲག་པོ་ལ་དབང་ལྔའི་པུཥྤེ་སོགས་རང་བྱུང་དུར་ཁྲོད་ཀྱི་རྫས་ཏེ་དབང་ཤེས་ཀྱི་ཉེ་བར་སྤྱོད་པ་ལྔ། ནང་མཆོད་ཡིད་དུ་འོང་བའི་གཟུགས་སོགས་བརྡ་དང་། སྙོམས་འཇུག་ལས་བྱུང་བ་དོན་ཏེ་དབང་ཤེས་ཀྱི་སྒོ་ལྔའི་འདོད་པ་ཚིམ་བྱེད་ཀྱི་ཡོན་ཏན་ལྔ། ནང་མཆོད་ཁྱད་པར་དུག་ལྔ་རྣམ་དག་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་མཆོད། འདོད་ཡོན་ཟག་མེད་ཀྱི་བདེ་བས་ཡེ་ཤེས་ཀྱི་སྟོབས་སྐྱེད་པའི་གཏོར་མ། རྒྱུ་དྲུག་ཁམས་གསུམ་གྱི་རྩ་བ་ཆགས་མེད་དམར་ཆེན་གྱི་དྭངས་མར་བསྐྱིལ་བའི་རཀྟ་རྣམས་དང་། གསང་མཆོད་དོན་དབྱིངས་དང་ཡེ་ཤེས་རྟགས་ལྷ་ཚོགས་ཡབ་ཡུམ་མཉམ་པར་སྦྱོར་བའི་ཞུ་བདེ་ཁྱད་པར་ཅན་གྱིས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་རིམ་པ་ལས་སྐྱེས་པའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱིས་ཚིམས་པ་སྦྱོར་མཆོད་དང་། ཐོག་མར་རང་གི་གཉིས་འཛིན་གྱི་རྟོག་ཚོགས་གཉིས་མེད་ཤེས་རབ་ཟབ་མོས་ཆོས་ཀྱི་དབྱིངས་སུ་བཅོམ་ནས། དེ་ལས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་བདག་ལྟའི་ཉེར་ལེན་ལ་བརྟེན་ནས་ལོག་པར་ཞུགས་པའི་དགྲ་བགེགས་མཐའ་དག་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་འཕྲུལ་འཁོར་གྱིས་འཁོར་འདས་རོ་མཉམ་ཀློང་དུ་བསྒྲལ་བའི་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བྱེད་ལས་གསུམ་གདོད་མ་ནས་རྣམ་པར་དག་པས་སྣང་ཤེས་ཐམས་ཅད་སྐུ་དང་ཡེ་ཤེས་ཆེན་པོར་ཟུང་དུ་འཇུག་པར་ཤེས་པ་སྟེ། དེ་ལྟར་ན་དངོས་བཤམས་དང་ཡིད་བྱུང་ཏིང་ངེ་འཛིན་གྱི་རོལ་པས་སྤེལ་པའི་མཆོད་པའི་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་རྒྱས་པར་བཀང་སྟེ་ལྷ་རྣམས་ཀྱི་དབང་པོའི་ཡུལ་དུ་ཕུལ་བས་བདེ་བ་ཆེན་པོའི་ལོངས་སྤྱོད་ལྷག་པར་སྤེལ་བར་བྱའོ། །བདུན་པ་བསྟོད་པ་ནི། ཆོས་ཀྱི་སྐུ་ལས་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་ཞི་ཆགས་ཁྲོ་བོའི་རྣམ་པར་ཤར་བ་དང་། དེ་ལས་གང་འདུལ་སྤྲུལ་པའི་སྐུར་བསྟན་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྔགས་པ་བརྗོད་པ་ཟབ་ཅིང་རྒྱ་ཆེ་བའི་རྡོ་རྗེའི་གླུས་རབ་ཏུ་སྒྲོག་ཅིང་བསྟོད་པས། སྐུ་དང་ཡེ་ཤེས་རྟག་ཅིང་ཁྱབ་པའི་ཕྲིན་ལས་དང་བཅས་པའི་གཟི་བྱིན་ལྷག་པར་འཕེལ་བར་མོས་པ་ཉོན་མོངས་པ་དང་བྲལ་བ་ཆེ་བའི་ང་རྒྱལ་བསྐྱེད་པར་བྱའོ། །ལམ་རིམ་ཉམས་སུ་ལེན་པའི་སྐབས་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པའི་ཞར་བྱུང་དུ་བཟླས་པའི་རྣལ་འབྱོར་འབྱུང་བས། དེའི་སྦྱང་བྱ་ནི། འཁོར་བར་མིང་ཚིག་ཡི་གེའི་ངག་གི་བརྗོད་པ་དུ་མ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་རྣམས་སྦྱོང་ཞིང་། སྦྱངས་འབྲས་ནི་སངས་རྒྱས་ནས་གདུལ་བྱ་ལ་ཆོས་འཁོར་བསྐོར་བ་སོགས་གསུང་རྡོ་རྗེའི་ཕྲིན་ལས་ཀྱིས་དོན་མཛད་པའི་རྟེན་འབྲེལ་སྒྲིག །ལམ་གོང་མའི་སྐབས་སུ་རྩ་རླུང་དབྱངས་གསལ་གྱི་ཡི་གེར་སྨིན་པ་དང་། སྲོག་ཐུར་འདྲེས་ཤིང་བདེ་གསལ་མི་རྟོག་པར་འཆར་བའི་སྨིན་བྱེད་དུ་འགྲོ། སྦྱོང་བྱེད་ནི་ངག་བཟླས་ཡིད་བཟླས་རྡོར་བཟླས་མཁའ་ཁྱབ་ཀྱི་བཟླས་པ་སོགས་དང་འབྲེལ་བའི་ཏིང་ངེ་འཛིན་ཇི་སྙེད་པ་རྣམས་སོ། །རྩ་བའི་ས་བཅད་གསུམ་པ་སྒྲུབ་ཐབས་རྗེས་ཀྱི་བྱ་བ་རྣམས་དཀྱུས་གཅིག་ཏུ་བཤད་པ་ནི། ཏིང་འཛིན་སྒོམ་པའི་ ནས་ དགེ་ལེགས་སྤེལ༔ ཞེས་པའི་བར་གྱི་བསྟན་ཏེ། དེ་ལྟར་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དེ་དག་བསྒོམས་ཟིན་པའི་རྗེས་ཀྱི་བྱ་བ་ཡང་ནི་བཅུ་གསུམ་སྟེ། དང་པོ་གཏོར་མ་འབུལ་བ་ནི། དགོས་པ་ནི། གཟུགས་ཅན་གཟུགས་མེད་ཀྱི་བར་གཅོད་ཐམས་ཅད་བསལ་ཞིང་ཚོགས་རྣམ་པ་གཉིས་རྫོགས་པ་ལས་དངོས་གྲུབ་རྣམ་པ་གཉིས་ཀྱི་སྟོབས་སྤེལ་བར་བྱེད་དེ། བརྟག་གཉིས་ལས། སེམས་ཅན་ཀུན་གྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཅེས་པས་མཚོན་གསར་རྙིང་གི་རྒྱུད་དང་མན་ངག་ལས་མང་དུ་གསུངས་པའི་ཕྱིར། དུས་རྣལ་འབྱོར་ལས་ལྡང་བའི་ཐུན་མཚམས་ཀུན་ཏུ་གཏང་བར་བྱ་ཞིང་ཁྱད་པར་བླ་མེད་ནང་གི་གཏོར་མ་ནི་སྲོད་ཀྱི་དུས་སུ་ལྷག་པར་བསྔགས་སོ། །གཏོར་མའི་ངོ་བོ་ནི། ཇི་སྐད་དུ། གཏོར་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་རིག་པའི་ཡེ་ཤེས་ཡིན། །ཞེས་པ་ལྟར་དབྱིངས་ཡེ་གཉིས་སུ་མེད་པའོ། །ངེས་ཚིག་ནི། བ་ལའི་སྒྲ་ལས་ཕུང་པོ་ལྔ་དང་འབྱུང་བ་བཞི་རྣམས་ཀྱི་སྟོབས་སྐྱེད་པའོ། །དབྱེ་བ་ནི། ཕྱི་རྫས། ནང་ཕུང་པོ། གསང་བ་བྱང་སེམས། ཡང་གསང་དེ་ཁོ་ན་ཉིད་ཀྱི་གཏོར་མ་བཞི། དེ་རེ་རེ་ལའང་རྣམ་དབྱེ་མང་བ་ལས་འདིར་ཕྱིའི་གཏོར་མ་གཙོ་བོར་བསྟན། དེ་ལའང་རྟེན་གཏོར་རྟག་གཏོར་འཛིན་གཏོར་རྒྱུན་གཏོར་འཕྲལ་གཏོར་སོགས་ཡོད་པ་ལས། འདིར་ཐུན་མཚམས་སུ་འཕྲལ་དུ་བཏང་བའི་གཏོར་མའི་མཆོད་པ་སྟེ། གཏོར་རྫས་རིན་པོ་ཆེ་དང་པདྨ་བྷཉྫའི་སྣོད་དུ་ཁ་ཟས་བཟང་རྒུ་སྤུངས་པའམ་ཡུལ་ལུགས་བཤམས་པའི་དབྱིབས་འདས་མ་འདས་ཚན་དུ་བཅོས་པ་ལ་བཟའ་བཏུང་དང་བཅས་པ། ཡུལ་འཇིག་རྟེན་ལས་འདས་པ་རྩ་གསུམ་དམ་ཅན་རྣམས་དང་འཇིག་རྟེན་པ་སྲིད་གསུམ་འབྱུང་པོའི་ཚོགས་རྣམས་ལ་འབུལ་ལོ། །གཉིས་པ་ཚོགས་ཀྱི་འཁོར་ལོས་མཆོད་པ་ལ། ངོ་བོ་ནི། ཐབས་ཤེས་དབྱེར་མེད་ཀྱི་ཀུན་སྤྱོད་ཁྱད་པར་ཅན་ཡིན་ལ། ངེས་ཚིག་ག་ཎ་ཙཀྲའི་སྒྲ་ལས། བདེ་བ་ཆེན་པོའི་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པར་བྱེད་པའོ། །དབྱེ་ན། སྐལ་ལྡན་མིའི་ཚོགས། དགྱེས་ལྡན་ཡོ་བྱད་མཆོག་གི་ཚོགས། དངོས་གྲུབ་ལྷའི་ཚོགས་དང་། ཚོགས་ཆེན་པོ་བསོད་ནམས་ཡེ་ཤེས་དང་བཅས་བཞིར་གསུངས་ལ། དེ་དག་ཀྱང་རིམ་བཞིན། ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དམ་པ་འདུས་པ་དང་། ཁྱད་པར་ཡོ་བྱད་ལྔ་ལ་སོགས་པ་ཚང་བ་དང་། དངོས་གྲུབ་ཀྱི་རྟེན་ཏུ་གཟུགས་བརྙན་བཀོད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྲུང་མ་བཅས་བསྒོམ་པ་དང་། སྣང་ལ་མ་འགགས་པར་སྤྱད་པས་བསོད་ནམས་དང་སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། །དེ་དག་གི་ལས་ཀྱི་རིམ་པ་ནི། སྤྱིར་ལས་རྒྱ་ལ་བརྟེན་པའི་ཚོགས་འཁོར་མཚན་ཉིད་པ་ལ་གང་དུ་འཚོགས་པའི་གནས་དུར་ཁྲོད་སོགས་དབེན་པའི་གནས་སུ་སྐོར་ཁང་རིམ་པ་གསུམ་པ་བརྩེགས་ལ། གང་གི་ཚེ་འཚོགས་པའི་དུས་སྤྱི་དང་ཁྱད་པར་བ་རྣམས་དང་། ཇི་ལྟར་བྱ་བའི་ཁྱད་པར་བརྡ་དང་བརྡའི་ལེན་བྱ་བ་སོགས་ཕྲིན་ལས་ཀྱི་ཁ་སྐོང་བའི་ཚོགས་མཆོད་ཉི་ཚེ་བ་ཙམ་ལ་མི་འགྲུབ་པས་མ་སྨོས་ཤིང་གང་ལའང་རྣལ་འབྱོར་ཕོ་མོ་ལྷའི་ཏིང་ངེ་འཛིན་ལ་གནས་པས་ཐབས་ཤེས་ཀྱི་རྫས་རྣམས་དམ་ཡེ་གཉིས་མེད་ཀྱི་བདུད་རྩིར་བྱིན་བརླབ། དམ་ཚིག་གི་རྫས་རྣམས་ལས་ཕྱི་ཉེར་སྤྱོད་ནང་འདོད་ཡོན་གསང་བ་རིག་མའི་ཚོགས་དཔག་ཏུ་མེད་པར་སྤྲུལ་པ་དང་། ཐམས་ཅད་ཀྱང་ཀ་དག་རྩོལ་བྲལ་གདོད་མའི་གཞི་ལ་ངང་གིས་རྫོགས་པ་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་ཕྱི་ལྟར་དཀྱིལ་འཁོར་བ་རྣམས་མཆོད་པས་བསྒྲུབ་བྱའི་ལྷ་མཉེས་ཤིང་སྒྲུབ་པ་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བར་བྱེད། ཚོགས་གྲལ་དུ་འཐབ་རྩོད་ཀུ་ཅོ་ཐ་མལ་གྱི་བདེན་ཞེན་སྤངས་ཏེ་བདུད་རྩིའི་མཆོད་རྫས་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་ནང་གི་ལྷ་ཚོགས་ཐམས་ཅད་མཆོད་པར་བསམས་པས་ནང་ལྟར་རྣལ་འབྱོར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་མཆོད། སྨིན་སློབ་སྤྲོས་བཅས་ལ་ནུབ་ཐ་མའི་ནམ་གུང་གི་དུས་སུ་ཏ་ནའི་མཛད་སྤྱོད་རྨད་དུ་བྱུང་བ་ལ་སྦྱོར་ཏེ། དེའང་བསྒྲལ་བྱའི་ཞིང་རྟོགས་པས་བསྒྲལ་བྱ་གཉིས་འཛིན་གྱི་ཞེན་རྟོག་དང་སྙིང་རྗེས་བསྒྲལ་བྱ་ཞིང་བཅུ། སྒྲོལ་བྱེད་སློབ་དཔོན་ཡང་རང་བཞིན་གྱིས་སྒྲོལ་བའི་ལྟ་བ། ཏིང་ངེ་འཛིན་གྱིས་སྒྲོལ་བའི་ཉམས། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ། ཐབས་ཆེན་པོས་སྒྲོལ་བའི་སྔོན་བྱུང་གི་རྗེས་སུ་འཇུག་པའི་གདམས་ངག །མངོན་དུ་ཕྱུང་བས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པ་དང་། བསྒྲལ་བྱ་འཛིན་པ། སྒྲོལ་བ། སྟོབ་པ་ལ་མཁས་པའི་ཀིང་ཀ་ར་གསུམ་ཚོགས་པ་རྣམས་ཀྱིས་སྒྲོལ་བ་ལམ་དུ་ལོངས། རྣལ་འབྱོར་ཕོ་མོ་འཁྲིག་པའི་ཀུན་སྤྱོད་ཀྱིས་སྙོམས་པར་ཞུགས་པས་སྔར་གྱི་ཚོགས་ཞིང་གི་ལྷ་རྣམས་ཀྱང་འདོད་ཆགས་ཆེན་པོས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས་རང་ལ་རོ་གཅིག་ཏུ་ཐིམ་ཞིང་། རེག་པའི་བདེ་བ་ས་དང་། གཤེར་བ་ཆུ་སོགས་ལུགས་ལྡོག་གི་འབྱུང་ལྔའི་རིམ་པས་རིན་ཆེན་མཁའ་འགྲོ་ལ་སོགས་པ་རིགས་ལྔའི་བདེ་བ་སྐྱེད་ཅིང་། ལུགས་འབྱུང་གི་དགའ་བཞི་མྱོང་བའི་མཐར་རླུང་སྦྱོར་གྱིས་ཁམས་འཛག་མེད་དུ་བཟུང་བ་ལྡོག་ཁྱབ་བསྲེ་བའི་སྦྱོར་བས་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའི་མཚོན་རིམ་གྱི་དཔེས་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་མཉམ་པ་ལ་ཡང་དག་པར་སྦྱར་བས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་གསང་བའི་བསྲེག་བླུགས་ཀྱིས་མཉེས་པར་བསམས་པས་གསང་བ་རྩ་ཁམས་ཀྱི་ལྷ་རྣམས་མཉེས་ཏེ་སྦྱོར་བ་ཚད་དུ་ཕྱིན། ཡུལ་སྟོང་པ་ཉིད་དང་། ཡུལ་ཅན་རང་རིག་ཟུང་དུ་འཇུག་པས་འཁོར་འདས་གདོད་ནས་དཀྱིལ་འཁོར་དུ་གྲུབ་པ་ཉིད་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བསམས་པས་ཡང་གསང་མཆོག་གི་ཚོགས་འཁོར་མཐར་ཕྱིན་ནོ། །མོས་སློབ་འདྲ་འབག་གི་ཚེ་གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། །ཅེས་པ་ལྟར་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད། བར་པ་བདུད་རྩིར་བརླབས་ལ་བཤགས། ཐ་མར་གསང་བ་ལ་འཁུ་བའི་དགྲ་བགེགས་འགུགས་བསྒྲལ་བསྟབས་ནས་ཚོགས་རྫས་ནང་གི་བསྲེག་བླུགས་སུ་ལོངས་སྤྱད་ལ་སློབ་དཔོན་གྱིས་གནང་བ་ཐོབ་ན་རྡོ་རྗེའི་གླུ་དང་གར་ལ་སོགས་པའང་བྱ། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ་བདུད་རྩིར་སྦར་བས་མར་གྱི་གནས་བདུན་སོགས་ལྷག་མའི་དམ་ཚིག་ཏུ་གཏོགས་པ་རྣམས་ལ་བསྔོས་ཏེ། སྒྲུབ་ཁང་ནས་གོམ་པ་བདུན་ཅུ་བོར་བ་ནི་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ལོ། །དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་དེར་འདུས་པ་ཐམས་ཅད་དཔལ་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་དངོས་གྲུབ་ཆེན་པོ་དུས་དེ་ཉིད་དུ་འཐོབ་པར་འགྱུར་ལ། རྗེས་མཐུན་པས་ཀྱང་རིམ་གྱིས་དེ་ལྟར་འཐོབ་པའི་སྐལ་བ་ཅན་ཏུ་འགྱུར་བ་སོགས་ཕན་ཡོན་ཆེ་སྟེ། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་སོ། །གསུམ་པ་ཐུགས་དམ་བསྐུལ་བ་ནི། བརྟན་གཡོ་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་ལྷ་ལ་བསྐུལ་དང་མ་བསྐུལ་བས་བསྙེན་བསྲིང་སྟེ་ཉེ་རིང་མི་མངའ་ཡང་། འཁོར་བར་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་རྣམས་ཀྱི་དོན་མཛད་པའི་ཕྱིར་དུ་སྔོན་ཇི་ལྟར་ཐུགས་དམ་བཅས་པའི་ཐ་ཚིག་གི་གནད་ནས་སྨོས་ཏེ་གདུང་ཤུགས་དྲག་པོ་དང་གསང་བའི་རྔེའུ་ཆུང་སོགས་ཀྱི་སྒྲས་བསྐུལ་ལོ། །བཞི་པ་ཆད་ཐོ་བསྒྲགས་པ་ནི། འཇིག་རྟེན་རང་རྒྱུད་པའི་ཚུལ་དུ་སྟོན་ཅིང་སྟོན་པའི་བསྟན་པ་དང་ཁྱད་པར་བླ་མེད་རྡོ་རྗེ་ཐེག་པ་སྲུང་བའི་གཉེར་ཁ་དང་ལྡན་པ་ཕོ་རྒྱུད་མོ་རྒྱུད་མ་ནིང་སྟེ་རྒྱུད་གསུམ་གྱིས་བསྡུས་པའི་ཆོས་སྐྱོང་དམ་ཚིག་ཅན་ཅི་བསྒོ་བའི་བཀའ་ཉན་པ་རྣམས་ལ་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསྔོས་ཏེ། སྔོན་བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་ཀྱིས་ཇི་ལྟར་བསྒོས་པ་ལས་མི་གཡེལ་བའི་ཐ་ཚིག་བསྒྲག་ཅིང་ཕྲིན་ལས་བཞི་སོགས་ཇི་ལྟར་འདོད་པའི་ལས་ཀྱི་གཉེར་བྱང་བཅོལ་དམ་དུ་གཏད་པར་བྱའོ། །ལྔ་པ་བརྟན་མ་སྐྱོང་བ་ནི། དགོས་པ་ཁྱད་པར་ཅན་དུ་གྱུར་པ་སྔོན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བོད་ཁམས་ལ་མཐའ་དམག་ཆོས་མིན་གྱི་ཉེར་འཚེ་མི་འབྱུང་བའི་སླད་དུ་ཕྱོགས་བཞིའི་སོ་ཁ་སྲུང་བར་བཀའ་བསྒོས་པའི་ཕྲིན་ལས་རྟག་ཏུ་མཛད་པའི་ཕྱིར། ཆེ་ཞེ་སྟེ་མ་སྲིང་གི་ཚུལ་དུ་བརྩེ་ཞིང་གདུང་བའི་སེམས་ལྡན་བདུད་མོ་གནོད་སྦྱིན་སྨན་མོའི་རིགས་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་སྲུང་མའི་གཏོར་གཞོང་བཤལ་བའི་ཆུ་བདུད་རྩིར་བརླབས་པ་ལས་ཀྱི་བརྔན་པར་སྦྱིན། །དྲུག་པ་རོལ་པའི་བྲོ་བརྡུང་བ་ནི། ཕྲིན་ལས་རྣམ་པ་བཞིའི་བྱ་བ་བསྒྲུབས་ཟིན་པ་དེ་རྣམས་ཞི་བ་ལ་མ་ཞི་བ་སོགས་ལྡོག་ཕྱོགས་སུ་གསོར་མི་རུང་བར་བྱེད་པའི་མཐའ་སྡུད་ཀྱི་ཕྲིན་ལས་ནི། ཞི་རྒྱས་དབང་དྲག་རྣམ་པ་བཞི་ལ་རིམ་བཞིན་སྣང་སྲིད་ཐམས་ཅད་བཛྲ་རཏྣ་པདྨ་ཧེ་རུ་ཀའི་དལ་དུ་གསལ་ནས་ལས་བཞིའི་དབྱིབས་དང་མཐུན་པའི་བྲོ་ར་བསྐོར་ཏེ་རྡོ་རྗེའི་རྟ་སྐད་ཀྱི་དགོངས་པ་ལྡན་པས་བྲོ་བརྡུང་ངོ་། །བདུན་པ་དངོས་གྲུབ་བསྐུལ་བ་ནི། བསྒྲུབ་བྱ་ཡེ་ཤེས་ལྷའི་དཀྱིལ་འཁོར་ལ་མཚན་ལྡན་གྱི་ཐོད་པར་ཛ་གད་དང་གསོལ་བྱང་བཅུག་པ་སོགས་བཀྲ་ཤིས་པའི་རྫས་ལ་བརྟེན་ཏེ་ཐུན་མོང་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། ཐུན་མིན་སྐུ་དང་ཡེ་ཤེས་མཆོག་ཉིད་ཀྱི་དངོས་གྲུབ་མྱུར་བ་ཉིད་དུ་སྩོལ་བའི་གསོལ་བ་ཁྱད་པར་དུ་བཏབ་སྟེ། དེའང་སྒྲུབ་པའི་སྐབས་སུ་ལྟས་བཟང་བྱུང་ན་དེ་མ་ཐག་ཏུ་དངོས་གྲུབ་མ་བླངས་ན་ཡལ་བའི་ཉེན་ཡོད་པས་དེ་ལྟར་ལེན་པ་ལ་རྒྱུན་གྱི་དངོས་གྲུབ་བླང་བ་ཞེས་གྲགས་པ་དང་། སྒྲུབ་པ་མཐར་ཕྱིན་པའི་ཐོ་རངས་སྐྱ་རེངས་ཤར་བའི་དུས་སུ་ལྷག་པར་ཏེ་ངེས་པ་ཁོ་ནར་དངོས་གྲུབ་བླང་བའི་ཆོ་ག་བྱའོ། །བརྒྱད་པ་གཏང་རག་འབུལ་བ་ནི། བསྒྲུབ་བྱའི་དཀྱིལ་འཁོར་པ་རྣམས་ཀྱིས་དམིགས་པ་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་དགོངས་ཏེ་བདག་ཅག་གི་དང་པོར་བསྙེན་པ་དང་ཉེ་བསྙེན་གྱི་དུས་ན་ཐུགས་ཉེ་བར་མཛད། སྒྲུབ་པ་དང་སྒྲུབ་ཆེན་གྱི་དུས་སུ་ཇི་ལྟར་འདོད་པའི་དོན་ཐམས་ཅད་བསྒྲུབས་པར་མཛད་པའི་བཀའ་དྲིན་རྗེས་སུ་གསོབ་པའི་ཕྱིར་དུ་ཕྱི་ནང་གི་མཆོད་པ་ཇི་སྙེད་པས་མཆོད་ཅིང་ཆེ་བའི་ཡོན་ཏན་ལ་གུས་པ་ཆེན་པོས་བསྔགས་ཤིང་བསྟོད་པས་ལས་སྒྲུབ་པའི་གཏང་རག་དག་ཀྱང་དབུལ་ལོ། །དགུ་པ་ནོངས་བཤགས་ནི། བསྙེན་སྒྲུབ་ཀྱི་དུས་སུ་ཆོ་ག་ཏིང་ངེ་འཛིན་གྱི་རིམ་པས་རྟེན་སྒྲུབ་མཆོད་པའི་རྫས་སོགས་དགོས་པའི་ཡོ་བྱད་རྣམས་ལ་གཞུང་ལས་མ་གསུངས་པའི་ལྷག་པ་དང་གཞུང་མཐུན་མ་ཚང་བས་ཆད་པ་དང་ཆོ་གའི་ཡན་ལག་བཟླས་བརྗོད་ཀྱི་ཚུལ་སོགས་གཞུང་དང་མི་མཐུན་ཅིང་ཡོ་བྱད་མ་དག་པས་ཉམས་པ་སྟེ། མདོར་ན་ཉེས་པའི་རྒྱུ་བཞིས་ནོངས་པར་གྱུར་པ་རྣམས་ཀྱིས་འཕྲལ་ཡུན་གྱི་དངོས་གྲུབ་ལ་སྒྲིབ་པར་བྱེད་པས། སེམས་གནོང་ཞིང་འགྱོད་པའི་ངང་ཚུལ་ལུས་ཀྱིས་ཕྱག་དང་ངག་གིས་གསོང་པོར་སྨྲ་བས་མཐོལ་པའི་སྨྲེ་སྔགས་དང་རྡོར་སེམས་ཡིག་བརྒྱ་བཟླས་པ་རབ་ཏུ་བཤགས་ཏེ་སོར་ཆུད་པར་བྱའོ། །བཅུ་པ་བསྡུ་རིམ་ནི། དགོས་ཆེད་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཁྲུལ་སྣང་རྟག་པར་ལྟ་བའི་མཐའ་ལ་ཞེན་པ་ཡོད་པས་དེ་སྦྱོང་བའི་ཕྱིར་ཡིན་ལ། སྡུད་ཚུལ་སྔར་བསྒོམས་པའི་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷའི་འཁོར་ལོར་སྣང་བ་ཀུན་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་རིམ་པར་བསྡུས་ཏེ། མཐར་ས་བོན་དང་ནཱ་ད་ཤིན་ཏུ་ཕྲ་བའི་བར་དང་དེའང་འོད་གསལ་སྟོང་པ་ཉིད་གདོད་གནས་རང་བྱུང་གི་ཐིག་ལེ་ཆེན་པོ་སྤྲོས་པ་མཐའ་དག་བྲལ་བའི་དབྱིངས་སུ་བསྡུས་ལ་ཅི་གནས་སུ་མཉམ་པར་བཞག་གོ །བཅུ་གཅིག་པ་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི། སྟོང་ཉིད་ཁོ་ནར་སྙོམས་པར་འཇུག་པ་ནི་ཆད་པའི་མཐའ་ཡིན་པས་དེ་བསལ་བའི་སླད་དུ་སླར་ཡང་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེའི་རང་རྩལ་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷའི་སྐུ་རང་བྱུང་གཉུག་མའི་ཚུལ་ཅན་དུ་ལམ་གྱིས་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རྒྱས་གདབ་ཅིང་། གཟུགས་སྣང་སྒྲ་གྲགས་སེམས་ཀྱི་རྟོག་ཚོགས་ཐམས་ཅད་ཡི་དམ་གྱི་ལྷ་དང་དེའི་སྔགས་ཀྱི་སྒྲ་དང་གནས་ལུགས་ཆོས་ཀྱི་སྐུར་ཤེས་པས་སྤྱོད་ལམ་ལ་འཇུག་གོ །འདི་དག་གི་སྦྱང་བྱ་ནི། བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པ་སྟེ། སྣོད་བཅུད་སྲུང་འཁོར་ལ་བསྡུས་པ་ནི་གཟུགས་སོགས་སྣང་བ་ཐིམ་པ་དང་། སྲུང་འཁོར་ནས་སྙིང་པོའི་ཕོ་བྲང་གི་ལྟེ་བའི་བར་བསྡུ་བ་ནི་ས་ཆུ་ལ་ཐིམ་པ་སོགས་རགས་པ་ཐིམ་པ། འཁོར་རྣམས་རིམ་པར་གཙོ་བོ་ལ་ཐིམ་པ་སྣང་བ། ཡུམ་ཡབ་དང་དེ་ཡེ་ཤེས་སེམས་དཔའ་ལ་ཐིམ་པ་མཆེད་པ། ཡེ་ཤེས་སེམས་དཔའ་ས་བོན་ལ་ཐིམ་པ་ཐོབ་པ། དེ་གྱེན་རྫོགས་ཀྱིས་ནཱ་དའང་བསྡུས་པ་ཉེར་ཐོབ་སྟེ་འཆི་བའི་འོད་གསལ་དང་། དེ་ལས་ལྷར་ལྡང་བ་བར་དོ་སྦྱོང་ཞིང་། སྦྱངས་འབྲས་ནི། སངས་རྒྱས་གཟུགས་ཀྱི་སྐུའི་སྣང་བ་ནི་ཆོས་སྐུའི་ཕྲིན་ལས་ཡིན་ཞིང་། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེར་ཐིམ་པ་དང་། དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པས་ན་དེ་ལས་ལྡང་བ་མཚོན་ནོ། །ལམ་གོང་མའི་དུས་སུ་དབང་བཞི་པའི་ཉམས་ལེན་སྣོད་བཅུད་འོད་གསལ་དུ་བཅུག་ནས་སླར་ཡང་ཟུང་འཇུག་གི་སྐུར་ལྡང་ནུས་སུ་སྒྲུབ་པའི་རྒྱུར་འགྲོ་བས་སྨིན་བྱེད་དོ། །བཅུ་གཉིས་པ་བསྔོ་སྨོན་ནི། དེ་ལྟར་ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་བླ་ན་མེད་པའི་དགེ་བ་ཚོགས་གཉིས་ཟུང་འབྲེལ་དུ་བསྒྲུབས་པས་མཚོན། དུས་གསུམ་གྱི་དགེ་རྩ་ཐམས་ཅད་འགྱོད་པ་སོགས་ཀྱིས་ནམ་ཡང་མི་ཟད་པར་ཉིན་རེ་བཞིན་གོང་ནས་གོང་དུ་འགྱུར་ཁྱད་ཆེན་པོས་འཕེལ་བ་དང་། སེམས་དང་པོར་བསྐྱེད་པ་ནས་བརྩམས་ལམ་སྒྲུབ་པ་ཐམས་ཅད་ཀྱི་འབྲས་བུ་རྒྱ་ཆེར་སྨིན་ཅིང་མཐར་དབྱུང་བ་ལ་མཆོག་ཏུ་བསྔགས་པ། འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་དངོས་སམ་རྗེས་མཐུན་པས་རྒྱས་བཏབ་ཅིང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གྱི་ཚུལ་ལས་འབྱུང་བའི་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱང་གདབ་པས་ལས་བྱས་པ་དོན་ཆེན་པོ་དང་ལྡན་པར་འགྱུར་རོ། །བཅུ་གསུམ་པ་ཤིས་བརྗོད་ནི། དེ་དག་གི་མཐར་ཕྱོགས་དུས་རྒྱལ་བ་སྲས་བཅས་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡ་ར་བའི་ཆར་ཆེན་འབེབས་པར་བསམ་ལ་རང་ཉིད་ཀྱང་དེ་དང་མཐུན་པའི་ཤིས་བརྗོད་དབྱངས་རོལ་མེ་ཏོག་འཐོར་བ་སོགས་བྱ་སྟེ། ཕྱོགས་བཅུ་དུས་བཞི་གནས་སྐབས་ཇི་ལྟ་བུར་སྤྱོད་ཀྱང་ཀུན་ཏུ་མི་མཐུན་པའི་མིང་ཡང་མི་གྲགས་ཤིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་དགེ་མཚན་དང་ལེགས་པའི་དཔལ་འབྱོར་གོང་འཕེལ་དུ་སྤེལ་བར་བྱའོ། །ཕྲིན་ལས་ཀྱི་རིམ་པ་དེ་དག་ཀྱང་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཏེ། ཇི་སྐད་དུ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་པ་ལས་སྔགས་ཚིག་ཏིང་ངེ་འཛིན་གསུམ་ནི་ཐམས་ཅད་དུ་འབྲེལ་དགོས་ཤིང་མཆོད་པ་སོགས་ལ་ཕྱག་རྒྱའང་དགོས་པ་ཡིན་ནོ། །གཉིས་པ་དེ་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་གཉིས། གང་གིས་སྒྲུབ་པའི་གང་ཟག་ཐུན་མོང་དུ་བཤད་པ། གང་སྒྲུབ་པའི་ཕྲིན་ལས་སོ་སོར་ཕྱེ་སྟེ་བཤད་པའོ། །དང་པོ་ནི། གཞན་ཡང་ལམ་གྱི་སོགས་རྐང་པ་གཅིག་གསུངས་ཏེ། རྩ་བའི་སྒྲུབ་ཐབས་བསྟན་ཟིན་ནས་ཉེ་བར་མཁོ་བའི་ཕྲིན་ལས་རབ་འབྱམས་ཀྱི་ནང་ནས་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་གཙོ་བོར་གྱུར་པ། གཞན་ཡང་ཇི་ལྟར་སྒྲུབ་པའི་ཚུལ་བསྟན་པར་བྱ་སྟེ། ལས་དེ་དག་གང་ཟག་གང་གིས་སྒྲུབ་ན་སྤྱིར་དེ་ཉིད་བཅུ་དང་ལྡན་པས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་བ་དང་ཁྱད་པར་རིམ་པ་གཉིས་ཀྱི་ལམ་ཚུལ་བཞིན་ཉམས་སུ་བླངས་པས་ཕྱི་ནང་གསང་བའི་དྲོད་དང་རྟགས་ཚད་ཐོབ་པའི་རྣལ་འབྱོར་པས་བསྒྲུབ་པར་བྱ་བ་ཡིན་ཏེ། རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་པ་ལྟར་རོ། །གཉིས་པ་ལ་བདུན། རབ་གནས། སྦྱིན་སྲེག །བཅུད་ལེན། གནས་ལུང་། རྗེས་བཟུང་དང་ཚར་གཅོད་ཀྱི་ཕྲིན་ལས། བམ་སྒྲུབ། བདུད་རྩིའི་སྒྲུབ་པའོ། །དང་པོ་ལ་གཉིས། དགོས་པ་བསྟན་ཏེ་མཚམས་སྦྱར་བ། རབ་ཏུ་གནས་པའི་ཆོ་ག་དངོས་སོ། །དང་པོ་ནི། འཇིག་རྟེན་ ནས་ གནས་པ་ནི༔ ཞེས་གསུངས་ཏེ། དེའང་རྟེན་ལ་རབ་གནས་བྱེད་པའི་དགོས་པ་ནི། རྟེན་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ན་མི་ཤིས་ཤིང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ལ་དེ་དག་ཚུལ་བཞིན་བྱས་ན་རྟེན་དེ་ལ་མཆོད་པས་དཀོན་མཆོག་གསུམ་དངོས་ལ་མཆོད་པའི་བསོད་ནམས་ཐོབ་ཅིང་གཞན་རྒྱུད་བྱིན་གྱིས་རློབ་ནུས་པར་འགྱུར་ཏེ། གསང་སྙིང་ལས། ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོ། །དེ་ཡི་མཐུ་ལས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་འབྱུང་བར་འགྱུར་ཏེ། རྔམ་གློག་ལས། རབ་གནས་ཆོ་ག་ཡང་དག་བྱ། །བཀྲ་ཤིས་དཔལ་དང་བདེ་ལེགས་བྱེད། །ཅེས་པས་མཚོན་རྒྱུད་ལུང་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ངོ་བོ་ནི། རྒྱལ་བའི་ཕྲིན་ལས་སྤྲུལ་པའི་གཟུགས་བརྙན་དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཀྱི་གསང་གསུམ་ཡོན་ཏན་མཐའ་དག་བསྟིམ་ཞིང་དབྱེར་མེད་པར་དགེ་ཞིང་བཀྲ་ཤིས་པའི་རང་བཞིན་དུ་བྱེད་པ་སྟེ། གལ་པོ་ལས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་སོ། །ངེས་ཚིག་ནི། སུ་པྲ་ཏིཥྛའི་སྒྲ་ལས། རྟེན་ཉིད་ལྷག་པར་ཡེ་ཤེས་པའི་ངོ་བོར་ཡུན་རིང་པོར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་སྟེ་དེའི་ཚུལ་ནི་འདི་ལྟར་རོ། །གཉིས་པ་ལ་གསུམ། གང་ལ་རབ་ཏུ་གནས་པའི་ཡུལ། གང་གིས་རབ་ཏུ་གནས་པའི་ཚུལ། ཇི་ལྟར་རབ་ཏུ་གནས་པའི་བྱ་བའོ། །དང་པོ་ནི། མཚན་ཉིད་སོགས་རྐང་པ་གཅིག་སྟེ། རབ་ཏུ་གནས་བྱའི་རྟེན་རྒྱུད་དང་མཁས་པས་བཤད་པའི་ཆ་ཚད་དང་ལྷ་སོ་སོའི་རྒྱན་དང་རྣམ་འགྱུར་ཚུལ་བཞིན་ལྡན་པ་དང་། དམ་ཚིག་གི་གླེགས་བམ་རྒྱུད་བཞིན་བྲིས་པ་སོགས་སོ་སོའི་མཚན་ཉིད་ཚུལ་བཞིན་རྫོགས་ཤིང་བཟོ་འཕྲོ་ལུས་པ་མ་ཡིན་པ་བྱ་བ་མཐར་ཕྱིན་པའི་སྐུ་གསུང་ཐུགས་ཀྱི་རྟེན་གཙོ་བོར་གྱུར་པ་རྣམས་ནི། ཇི་སྐད་དུ། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པ་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། གནས་དུས་སོགས་རྐང་པ་གཅིག་སྟེ། གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བ་སྟེ། གལ་པོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོ། །དུས་ནི་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་སོ། །ཡོ་བྱད་དཀྱིལ་འཁོར་སྒྲུབ་མཆོད་ལ་དགོས་པ་རྣམས་དང་རྫས་སུམ་ཅུ་སོགས་དང་ལྡན་པའི་ཁྲུས་བུམ་འདག་ཆལ་གོས་ཟུང་མངའ་དབུལ་སྤྱི་དང་བྱེ་བྲག་གཟུངས་བུམ་མེ་ཏོག་བཟང་པོ་ལ་སོགས་པ། བྱེད་པ་པོ་སྟོན་པ་རྡོ་རྗེ་སློབ་དཔོན་དེ་ཉིད་བཅུ་ལྡན། འཁོར་དམ་ཚིག་དང་སྡོམ་པས་རྒྱུད་དག་ཅིང་ཆོ་གའི་བྱ་བ་སོ་སོ་ལ་མཁས་པ་སྟེ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་རབ་ཏུ་གནས་པའི་ཆོ་ག་བརྩམ་པར་བྱའོ། །གསུམ་པ་ནི། བགེགས་དང་ ནས་ བདེན་ཚིག་བརྗོད༔ ཅེས་གསུངས་ཏེ། ཐོག་མར་གང་ལ་བརྟེན་པའི་བདག་གི་རྣལ་འབྱོར་དཀྱིལ་འཁོར་སྒྲུབ་མཆོད་ལྷ་བུམ་ཁྲུས་བུམ་བསྒྲུབ་པ་སོགས་བྱས་ནས། རབ་གནས་དངོས་ལ་དོན་ཚན་བཅུ་གཅིག་ཡོད་པའི་དང་པོ་བར་གཅོད་ཀྱི་བགེགས་རྣམས་ལ་གཏོར་མ་སྦྱིན་ཏེ་ཞི་བས་སྦྱང་བ་དང་། རྫས་ཞི་བ་དང་སྔགས་དྲག་པོ་སྟེ་ཕྱེད་མས་སྦྱང་བ་དང་། རྡོ་རྗེའི་ཁྲོ་བོའི་སྙེམས་པས་སྤྲུལ་པའི་ཕོ་ཉ་དང་བཅས་པས་བསྡིགས་ཤིང་ཚར་གཅོད་པ་དྲག་པོའི་སྒོ་ནས་སྦྱངས་ཏེ་བསལ་བའི་རྗེས་འབྲེལ་དུ་ཟན་ཆང་སོགས་རྫས་བཞི་སྔགས་དང་བཅས་པས་མི་ཤིས་པ་སྦྱང་བ་དང་། ཏིལ་དང་མེ་ཆུའི་སྦྱོར་བས་སྡིག་པ་སྦྱང་། སྦྱང་གཞི་རྟེན་དེ་ལ་སྦྱང་བྱ་བཟོ་བོ་ལ་སོགས་པའི་མི་གཙང་བའི་དྲི་མ་སྦྱོང་བྱེད་བུམ་ཆུ་བདུད་རྩིར་བསྒྲུབས་པ་དང་། སྦྱོང་བ་པོ་སློབ་དཔོན་རྗེས་འབྲང་དང་བཅས་པས། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་བྱེད་པ་ནི་ཉེས་ཚོགས་བསལ་བའི་ཆོ་གའོ། །གཉིས་པ་མཁའ་མཉམ་ཕ་མ་སེམས་ཅན་མ་བརྒལ་པ་རྣམས་བསྒྲལ་ཞིང་མ་གྲོལ་བ་དགྲོལ་བའི་སླད་དུ་བཟང་པོ་སྤྱོད་པར་དམ་བཅའ་བའི་གོ་ཆ་བརྟན་པོ་བགོ་སྟེ་བྱང་ཆུབ་སེམས་མཆོག་རྣམ་པ་གཉིས་ལྷག་པར་བསྐྱེད་ཅིང་བཟུང་བས་རང་གནས་ཀྱི་རྒྱུ་རྐྱེན་ནུས་ལྡན་དུ་བསྒྲུབ། གསུམ་པ་རྟེན་སོ་སོ་དང་མཐུན་པའི་ལྷའམ། རིགས་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཁོ་ནར་བསྐྱེད་ཀྱང་ཆོག་ལ། ཡང་ན་གལ་པོ་ལས། གཟུགས་སྐུའི་རྟེན་གྱི་སྐུ་གསུང་ཐུགས། །ལུག་མ་རི་མོ་ལ་སོགས་པ། །སྤྱིར་ན་རྣམ་པར་སྣང་མཛད་གཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པུསྟི་གླེགས་བམ་ལ་སོགས་གསུང་། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་དྲིལ་བུ་ལ་སོགས་ཀུན། །མི་བསྐྱོད་རྡོ་རྗེ་འཛིན་པའམ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། །ཞེས་གསུངས་པ་ལྟར་སངས་རྒྱས་རིགས་ལྔས་བསྡུས་པའི་དམ་ཚིག་པ་བསྐྱེད་ཅིང་། བཞི་པ་བདག་དང་དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་བཀུག་སྟེ་མདུན་མཁར་བཞུགས་པ་ལ་མཆོད། དེ་ཉིད་དམ་ཚིག་པ་ལ་དགུག་གཞུག་བཅིང་མཉེས་ཀྱི་ཕྱག་རྒྱ་བཞིས་ཆུ་དང་འོ་མ་ལྟར་དབྱེར་མེད་དུ་བསྟིམ། ལྔ་པ་དེ་ལ་ཆོ་ག་རྒྱས་བསྡུས་གང་ཡང་རུང་བས་དབང་བསྐུར་ཏེ། དེའང་སྦྱང་གཞི་ལྷའི་རྒྱུད་ཉེས་པས་རྙོག་པ་ཅན་དུ་བྱས་པའི་དྲི་མ་སྦྱོང་བྱེད་ལྷ་རྣམས་ཆགས་པ་ཆེན་པོས་ཞུ་བའི་བྱང་སེམས་ཡེ་ཤེས་ཀྱི་ཆུ་རྒྱུན། སྦྱོང་པ་པོ་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་ལྷ་རྣམས། སྦྱངས་འབྲས་དམིགས་མེད་ཀྱི་རྒྱུད་དག་པས་ཡེ་ཤེས་ལྷའི་ངོ་བོ་ཁྱད་པར་ཅན་དུ་སྒྲུབ་པ་དབང་བསྐུར་བའི་བྱེད་པ་ཅན་ཏེ། ངེས་ཚིག་དྲི་མ་བཀྲུ་བ་དང་ནུས་པ་འཇོག་པས་འབྲེལ་བས་སོ། །བདུན་པ་དབང་བསྐུར་བའི་ཆུ་ཞབས་ཀྱི་སྤྱི་བོར་རིགས་ཀྱི་བདག་པོའི་ཕྱག་རྒྱ་དང་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རྒྱས་གདབ་པའང་བྱ་སྟེ། ཀུན་མཁྱེན་འཇིགས་བྲལ་ཆེན་པོས། མི་ལ་དབང་བསྐུར་བ་དང་ལྷ་ལ་རབ་ཏུ་གནས་པ་དོན་གཅིག་ཡིན་པར་གསུངས་སོ། །དེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རྟེན་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོར་རྒྱས་བཏབ་པ་ལས་འདའ་བར་མི་བསྐྱོད་པས་རབ་ཏུ་གནས་པའི་དོན་གྱི་སྙིང་པོ་གྲུབ་པར་བྱས་པ་ཡིན་ནོ། །བརྒྱད་པ་སྔར་རྟེན་བསྐྱེད་ཀྱི་སྐབས་རིགས་ལྔ་གང་དུ་བསྒོམས་པ་དེ་སྐབས་འདིར་ཇི་ལྟར་གནས་བྱའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་སོ་སོའི་རྣམ་པ་གང་ཡིན་པ་དེ་དང་དེའི་ཕྲིན་ལས་གདུལ་བྱའི་མོས་པའི་ཡུལ་ལ་ཇི་ལྟར་འཇུག་པ་བཞིན་དུ་ཞལ་བསྒྱུར་ཅིང་གོང་འོག་ཇི་ལྟར་རིགས་པར་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་ཡུལ་འདོད་ཡོན་ལ་སྤྱོད་ཡུལ་མཚུངས་པར་བྱ་བའི་ཕྱིར་སྤྱན་དབྱེ་བ་སོགས་དབང་པོའི་སྒོ་བསལ་བ་རྣམས་ནི་ཡོན་ཏན་མངོན་པར་སྒྲུབ་པའི་ཆོ་གའོ། །དགུ་པ་འཇིག་རྟེན་ན་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་དེ་ལ་འཁོར་འབངས་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཡོ་བྱད་ཀྱིས་མངའ་གསོལ་བ་བཞིན་དུ་འདིར་ཡང་གོ་འཕང་གི་ཆོས་ལ་དབང་ཐོབ་པར་གྱུར་པའི་རྟེན་དེ་ལ། སྤྱིར་ཆུ་གཉིས་ཉེར་སྤྱོད་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ཀྱིས་མཆོད་ཅིང་བསྟོད་པ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་དང་འབྲེལ་བ་ཉེ་བར་མཁོ་བའི་ཡོ་བྱད་དང་། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བ་ཞེས་པ་ལྷའི་ཟས་སུ་གྲགས་པ་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱི་མངའ་དབུལ་བ་རྣམས་ལ་མངའ་དབུལ་རྣམ་པ་བཞིར་གྲགས་པས་མངའ་གསོལ་ཞིང་། རང་གི་དམ་ཚིག་བཞིན་དུ་འཁོར་བ་ཇི་སྲིད་བར་རྟེན་དེ་ལ་བཞུགས་སུ་གསོལ་བས་རབ་ཏུ་གནས་པ་དངོས་གཞི་སྟེ་དེ་དག་ནི་ཕུན་ཚོགས་སྤེལ་བར་བྱེད་པའི་ཆོ་གའོ། །བཅུ་པ་རྟེན་ཡེ་ཤེས་པའི་ངོ་བོར་བསྒྲུབས་པ་དེ་ཉིད་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་ཡུལ་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྲུང་ཞིང་མཆོད་པ་པོ་མི་སྣང་བ་ལྷ་ལ་གཏོད་པ་རྡོ་རྗེའི་ཆོས་སྐྱོང་བ་རྣམས་ལ་མཆོད་གཏོར་ཕུལ་ཏེ་དམ་ཚིག་བསྒྲགས་ཤིང་གཉེར་གཏད་པ་དང་། སྣང་བ་མི་ལ་གཏོད་པ་ཡོན་བདག་བསྒོ་ཞིང་ཞལ་བསྲོ་བའི་མཆོད་པ་ཕུལ། བཅུ་གཅིག་པ་སྦྱིན་བདག་ལྷར་བསྐྱེད་ཅིང་བགེགས་བསལ་ནས་བཀྲ་ཤིས་པའི་རྫས་བརྒྱད་གཏོད་པ་སྔོན་དུ་འགྲོ་བས་ཞལ་ནས་གསུངས་པའི་ཚིགས་བཅད་ཀྱིས་ཐོག་དྲངས་བཀྲ་ཤིས་པའི་བདེན་ཚིག་བརྗོད། དེས་ཀྱང་སློབ་དཔོན་ལ་གཏང་རག་གི་ཡོན་འབུལ་ཞིང་སློབ་དཔོན་གྱིས་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་བྱས་པས་རྒྱུད་ཀྱི་དགོངས་པ་གྲུབ་པའི་མན་ངག་གིས་བཀྲལ་བའི་ཆོ་ག་རྒྱས་པར་གྲུབ་པ་ཡིན་ནོ། །གཉིས་པ་སྦྱིན་སྲེག་བཤད་པ་ལ་གསུམ། དགོས་པ། ཆོ་ག་དངོས། དེའི་འབྲས་བུའོ། །དང་པོ་ནི། ལྷ་རྣམས་སོགས་རྐང་པ་གཅིག་སྟེ། སམྦུ་ཊི་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་པར་གྱུར་ལས་དངོས་གྲུབ་སྩོལ། །ཞེས་སོགས་རྒྱུད་རྣམས་ནས་རྒྱ་ཆེར་བསྔགས་པ་ལྟར་བསྒྲུབ་བྱའི་ལྷ་རྣམས་ཚིམས་ཤིང་དེ་ལས་གང་འདོད་པའི་དོན་ཐོགས་མེད་མྱུར་དུ་འགྲུབ་པར་བྱེད་པའི་ཕྲིན་ལས་ནི་མཆོད་སྦྱིན་གྱི་ཁྱད་པར་སྲེག་པ་མེའི་སྦྱོར་བ་ཡིན་ཏེ། དེའི་རྒྱུ་མཚན་དང་ཇི་ལྟར་བྱ་བའང་སྙིང་པོ་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ལྟར་རོ། །གཉིས་པ་ནི། དབྱིབས་དང་ ནས་ སྤྲོ་བསྡུ་བཅས༔ ཞེས་གསུངས་ཏེ། དགོས་པ་དེ་ལྡན་གྱི་སྦྱིན་སྲེག་བྱ་བའི་ཡུལ་ནི་སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གུད་དུ་ཕྱེ་ན། གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་དང་། སྒྲིབ་གཉིས་བག་ཆགས་རྣམས་སོ། །བྱེད་པའི་དུས་ནི། སྤྱིར་བསྙེན་སྒྲུབ་གྲུབ་པའི་རྗེས་དང་ས་ཆོག་སྐབས་པྲ་ངན་ན་ཞི་བ། རབ་གནས་ལ་རྒྱས་པ། དབང་སྐུར་བའི་གོང་དུ་དབང་། སློབ་མ་སྟ་གོན་གྱི་རྨི་ལམ་ངན་པ་ལ་དྲག་པོ། མཆོད་བཤགས་སོགས་ལ་ལྷུན་གྲུབ་བྱ་བར་རྡོ་རྗེ་ལས་རིམ་སོགས་ལས་བཤད། བྱེ་བྲག་ཞི་རྒྱས་ལ་དཀར་ཕྱོགས་དང་སྲོད་སྔ་དྲོ། དབང་དྲག་ལ་དམར་ཕྱོགས་དང་དགོང་མོ་གུང་གཉིས་སུ་བྱ་བར་གསུང་། བྱ་བའི་ཕྲིན་ལས་ནི། ཐུན་མོང་བཞི་སོགས་ལས་བཞི་དང་། ཐུན་མོང་མ་ཡིན་པ་མཆོག་སྒྲུབ་ལྷུན་གྲུབ་ཀྱི་ལས་སོ། །བྱ་བའི་ཐབས་ལ། ཕྱི་ནང་གསང་བ། ཡང་གསང་བཞི་ལས་དང་པོ་ལའང་སྦྱོར་དངོས་རྗེས་གསུམ་ཡོད་པའི་དང་པོ་སྦྱོར་བ་ནི། སའི་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་སྦྱངས་པའི་གཞིར། ལས་སོ་སོའི་དབྱིབས་དང་མཐུན་པའི་བརྐོས་ཐབ་རྩིག་ཐབ་བྲི་ཐབ་གང་ཡང་རུང་བ་ཞི་བ་ལ་དཀར་ཟླུམ་རྒྱར་ཁྲུ་གང་པ་རྡོ་རྗེས་མཚན་པ། རྒྱས་པ་ལ་སེར་པོ་གྲུ་བཞི་ཁྲུ་དོ་པ་རིན་ཆེན། དབང་ལ་དམར་པོ་ཟླ་གམ་མཛུབ་གང་པ་ལྕགས་ཀྱུ། དྲག་པོ་ལ་གྲུ་གསུམ་ནག་པོ་སོར་ཉི་ཤུ་པ་རལ་གྲི། ལྷུན་གྲུབ་ལ་ཞི་བ་དང་འདྲ་བ་ལས་འཁོར་ལོས་མཚན་པ་སྟེ། ཐམས་ཅད་ཀྱང་དཔངས་སུ་རང་གི་ཕྱེད་ཚད་དང་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པས་བསྐོར་བ། སྲེག་རྫས་ནི་ཞི་བ་ལ་ཏིལ་ཡུངས། རྒྱས་པར་དཱུརྦ་ནས་འབྲས། དབང་ལ་མྱོས་བྱེད་ཟས་མཆོག་གཙོར་གྱུར་པའི་རྫས་ཆེན་བཅུ་གཅིག་ཏུ་གྲགས་པ་དང་། དྲག་པོར་དུག་ཁྲག་ལིངྒ་ལན་ཚྭ་ཐུན་རྫས་ལ་སོགས་པ། མཆོག་ལ་ཞི་རྒྱས་ཀྱི་རྫས་ཀུན་འཚོགས་པ། དེ་དག་གི་ཁ་དོག་དཀར་སེར་དམར་ནག་ལས་མཐུན་བསྒྱུར་ཅིང་། སྣོད་ཀྱང་དངུལ་ཤེལ་དུང་སོགས་དཀར་པོ་ལས་གྲུབ་པའི་ཟླུམ་པོས་མཚོན་སོ་སོ་བ་དང་། དགང་བླུགས་ཚད་ལྡན་སོགས་ཡོ་བྱད་མ་ཚང་བ་མེད་པ་ཕྱག་ལེན་ལྟར་བཤམ། དངོས་གཞི་སློབ་དཔོན་མཐུན་པའི་སྟན་ལ་ཞི་བ་ལ་པདྨའི་སྟབས། རྒྱས་པ་ལ་བཟང་པོའི་སྟབས། དབང་ལ་སྐྱིལ་ཀྲུང་། དྲག་པོ་ལ་ཙོག་པུའི་འདུག་སྟངས་ཀྱིས་ཞི་བ་ལ་ཤར། རྒྱས་པར་བྱང་། དབང་ལ་ནུབ། དྲག་པོར་ལྷོར་བལྟས་ཏེ་འཁོད། ཞི་བར་གོས་དཀར་པོ་གྱོན་ཅིང་དུང་ཤེལ་གྱི་རྒྱན་གདགས་པ་སོགས་ལས་དང་རྗེས་སུ་མཐུན་པའི་ཆས་གོས་བསྟར། བསམ་པའམ་གཙོ་སེམས་ལ་གཉིས་ཀྱི། དོན་གྱི་སེམས་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ནི་ལས་ཐམས་ཅད་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་སོ། །སྟངས་ཀྱི་སེམས་ནི། ལས་བཞིས་ཀུན་ནས་སློང་བའི་བསམ་པ་སྟེ། ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཞེ་སྡང་ཁྲོས་པའི་སེམས་ཀྱིས་ཏེ། ལས་སོ་སོའི་མཐུན་པའི་གྲོགས་བྱེད་པས་ན་རྐྱེན་གྱི་སེམས་ཞེས་ཀྱང་ཟེར་ཏེ་དེ་དག་གི་སེམས་རྩེ་གཅིག་པས་འཇུག །ཆོ་གའི་རིམ་པ་བདག་གི་རྣལ་འབྱོར་བཟླས་པ་བསྡུ་ལྡང་བཅས་གྲུབ་ནས་མཆོད་སྲེག་གི་རྫས་བྱིན་བརླབ། ལས་མཐུན་གྱི་ཐབ་ཁུང་བསྐྱེད་ནས་ཞི་བ་ལ་གཙུབ་ཤིང་གི་མེ། རྒྱས་པ་ལ་རཏྣ་ལས་བྱུང་བ། དབང་ལ་སྨད་འཚོང་མའི། དྲག་པོ་ལ་གདོལ་ཤན་ནམ་རོ་བསྲེགས་པའི་མེ་དུ་བ་མེད་པས་སྦར་པའི་འཇིག་རྟེན་སྲིད་པའི་མེ་ལྷ་བསྐྱེད་བསྟིམས་ཕྱག་མཆོད་བྱས་ནས། དགང་བླུག་ཡམ་ཤིང་སྲེག་རྫས་ཕུལ་བས་མེའི་ལས་ཀྱིས་མེ་ལྷ་ཚིམས་པས་དེས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམས་པའི་དགོས་པ་ཡོད་དེ། ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ཞེས་པ་ལྟར་ཏེ། དཔེར་ན་ཟས་ཟོས་པས་ལུས་ཀྱི་ལང་ཚོ་བརྟ་བར་བྱེད་ཅིང་། དེའི་མཐུས་དེ་ལ་བརྟེན་པའི་སྐྱེ་མཆེད་རྣམས་རྒྱས་པར་བྱེད་པ་བཞིན་ནོ། །དེ་ནས་ཞི་བ་འཇིག་རྟེན་ལས་འདས་པའི་མེ་ལྷ་ནི། གཞུང་སོ་སོའི་དགོངས་པས་མེ་ལྟའི་ལྟོ་བར་བསྐྱེད་པ་དང་། སྙིང་གར་བསྐྱེད་པ་དང་། རང་བཞིན་མེ་ལྷ་ཐབ་ཀྱི་ཤར་ལྷོར་བཞག་སྟེ། དམ་ཚིག་པ་མེར་བསྒྱུར་བའམ། དམ་ཡེ་དབྱེར་མེད་དུ་འབར་བའི་རྣམ་པར་བསྒྱུར་པའི་དབུས་སུ་བསྐྱེད་པ་སྟེ་ལུགས་བཞི་ཡོད་པས་རང་རང་གི་ལུགས་ལྟར་བྱས་ལ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ཅིང་གནས་གསུམ་བྱིན་གྱིས་བརླབས་ཏེ། ཡེ་ཤེས་པ་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར་པ་ལ་མཆོད་ཅིང་བསྟོད་དེ་ལྗགས་དང་གཟར་བུ་བྱིན་གྱིས་བརླབ། དགང་བླུགས་ཡམ་ཤིང་མར་ཁུ་སྲེག་རྫས་སྤྱི་དང་ཁྱད་པར་མཉེས་བྱེད་དུ་གྱུར་པ་རྣམས་རྩ་སྔགས་ལ་སྤེལ་ཚིག་མཐར་ལས་སྐུལ་བའི་ས་བོན་སོ་སོ་བཏགས་པས་འབུལ་ཞིང་ཡེ་ཤེས་ཀྱི་བདུད་རྩི་ལས་བཞི་གང་ཡིན་གྱི་ཁ་དོག་ཅན་གྱི་ངོ་བོར་དྭངས་པ་གསོལ་བར་བསམས་ལ་ཕྲིན་ལས་བཅོལ། མཆོད་བསྟོད་འདོད་དོན་གསོལ་བས་ལྷ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་ལས་གང་ཡིན་སྒྲུབ་པར་མོས་པའི་ཏིང་ངེ་འཛིན་གྱི་སྤྲོ་བསྡུའང་བྱ་སྟེ། ཞི་བ་ལ་འོད་ཟླ་ཟེར་ལྟ་བུ་འཕྲོས་པས་ནད་གདོན་སྡིག་སྒྲིབ་རྣམས་སྦྱངས། རྒྱས་པ་ལ་འོད་ཟེར་གསེར་མདོག་ཉི་ཟེར་ལྟ་བུའི་རྩེ་ལས་རིན་པོ་ཆེའི་ཆར་བབས་པས་དབུལ་བ་བསལ། དབང་ལ་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་བསྒྲུབ་བྱའི་སྙིང་ནས་དྲངས་ཏེ་བདག་ལ་འདུད་ཅིང་དབང་དུ་གྱུར། དྲག་པོ་ལ་མེ་ལྕེའམ་འོད་ཟེར་མཚོན་ཆ་ལྟ་བུའི་རྩེ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་རྣམས་བརླག་པར་བྱེད། ལྷུན་གྲུབ་ལ་འོད་ཟེར་སྣ་ལྔའི་རྩེ་ལས་བདུད་རྩིའི་བུམ་པ་ཐོགས་པའི་སངས་རྒྱས་ཚད་མེད་པས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པར་བསམ། ནོངས་པ་བཤགས་ཏེ། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་ལྷ་ཚོགས་རྣམས་མི་ཤིགས་པའི་ཐིག་ལེར་བསྡུ། སླར་བླུགས་གཟར་ཕུལ་བས་མེ་ལྷ་གསལ་བཏབ་སྟེ་མཆོད་སྲེག་གི་རྫས་ཕུལ། བསྟོད་པ་གཏོར་འབུལ་ཕྲིན་བཅོལ་གཤེགས་གསོལ་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱ། རྗེས་ནི་མེ་རྣམས་རང་ཞིའམ། ཡང་ན་ཞི་བ་འོ་མ། རྒྱས་པ་དྲི་སེར་པོའི་ཆུ། དབང་ཆང་། དྲག་པོ་དུག་ཆུ། མཆོག་དྲི་དང་འོ་མ་རྣམས་ཀྱིས་གཞིལ་ཏེ། ཐལ་སོལ་རྣམས་རིམ་བཞིན་འབབ་ཆུར་སྐྱེལ་བ་དང་། བང་མཛོད་དུ་སྦ་བ་དང་། རི་རྩེའམ་ཆུར་སྦྱང་བ་དང་། གཞི་མདོར་གནོན་པ་དང་། མཆོག་ནི་ཆ་གཅིག་འབབ་ཆུར་གཤེགས་ཤིང་ཆ་གཅིག་གཏེར་དུ་སྦའོ། །ཞར་བྱུང་ནང་གི་སྦྱིན་སྲེག་ནི། རང་ལུས་ལྷར་གསལ་བའི་སྐུའི་ནང་དུ་དཔའ་བོ་དང་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར་བཞུགས་པ་ལ་ཁ་ཟས་བདུད་རྩིར་སྦར་བ་ལྟེ་པའི་ཐབ་ཁུང་དུ་ལག་པའི་དགང་བླུགས་ཀྱིས་ཕུལ་བ་ཉིད་གཏུམ་མོའི་མེས་ཞུ་བའི་དྭངས་མས་ལྷ་རྣམས་ཚིམ་ཞིང་སྙིགས་མ་ཐལ་བར་སྦྱངས་པར་བསམ་སྟེ་རླུང་ཁ་སྦྱོར་དུ་འཆིང་བའོ། །གསང་བའི་སྦྱིན་སྲེག་ནི། །རང་ལྷར་གསལ་བའི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་འཁོར་ལོ་དང་རྩ་ཁམས་ཐམས་ཅད་ལ་རྒྱལ་བ་ཏིལ་གྱི་གོང་བུ་ལྟར་བཞུགས་པར་མོས་ཏེ། བདེ་བ་བསྐུལ་ནུས་པའི་རླུང་གིས་གཏུམ་མོ་སྦར་བས་སྤྱི་བོའི་ཧཾ་བཞུ་བའི་བདུད་རྩིའི་དྭངས་མས་ལྷ་ཐམས་ཅད་ཚིམ་པར་བསམ་ཞིང་། ཞུ་བདེས་དྲངས་པའི་བདེ་སྟོང་གི་ངང་མདངས་བསྐྱང་བའོ། །ཡང་གསང་མཆོག་གི་སྦྱིན་སྲེག་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་མ་རིག་བག་ཆགས་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་བསྲེགས་པའི་ཟུང་འཇུག་བདེ་ཆེན་གྱི་བདུད་རྩིས་འཁོར་འདས་རོ་མཉམ་དཀྱིལ་འཁོར་གྱི་འཁོར་ལོར་དག་པ་ཉིད་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་མཆོད་པའོ། །གསུམ་པ་ནི། རྣོ་ལ་ ནས་ མེད་པར་འགྲུབ༔ ཅེས་གསུངས་ཏེ། དེ་ལྟར་བྱས་པའི་ཡོན་ཏན་ནི། མཚོན་རྣོན་པོ་ལ་སླར་ཡང་ངར་གྱིས་གདགས་པ་ཇི་ལྟ་བ་བཞིན་དུ་སྤྱིར་བསྙེན་སྒྲུབ་སྐབས་སུ་སྔགས་བཟླས་པ་རྣམས་ཀྱི་ལྷག་ཆད་ཁ་སྐོང་ཞིང་ཡིད་ལ་འདོད་པའི་དངོས་གྲུབ་མྱུར་དུ་སྟེར་བར་བྱེད་པ་དང་། ནད་གདོན་ཞི་ཞིང་ཚེ་བསོད་འཕེལ་བ་སོགས་ཕྲིན་ལས་བཞིའི་དགོས་པ་བྱེ་བྲག་པ་རྣམས་ཀྱང་འབད་པ་དང་དཀའ་བ་མེད་པར་འགྲུབ་སྟེ། དཔལ་ཁ་སྦྱོར་ལས། གང་ཞིག་སྔགས་ཀྱི་ལྷག་ཆད་དང་། །དེ་ཀུན་སྦྱིན་སྲེག་གིས་ནི་དགང་། །ཞེས་དང་། ཕྱག་ཆེན་ཐིག་ལེར། གང་ཞིག་ཡིད་ལ་ཅི་བསམ་པ། །དངོས་གྲུབ་ཆེན་པོ་མཐའ་ཡས་སྟེར། །རེ་བ་ཐམས་ཅད་འགྲུབ་བྱེད་པ། །དེ་ལྟའི་སྦྱིན་སྲེག་བདག་གིས་གསུངས། །ཞེས་སོ། །གསུམ་པ་བཅུད་ལེན་ལ་གཉིས། དགོས་པ་བསྟན། བཅུད་ལེན་དངོས་བཤད་པའོ། །དང་པོ་ནི། རྡོ་རྗེའི་ ནས་ སྒྲུབ་པ་ནི༔ ཞེས་གསུངས་ཏེ། ཛམ་གླིང་ལས་ཀྱི་ས་པར་སྐྱེས་ཤིང་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པར་ནུས་པའི་དལ་རྟེན་མཆོག་འདི་ཡུན་རིང་དུ་འཚོ་ཞིང་གནས་པར་བྱེད་པའི་ཐབས་ལ་འབད་དགོས་པ་ནི། པཎ་ཆེན་ངག་དབང་གྲགས་པས། འཚོ་བ་ལས་གཞན་སྙིང་པོ་ནི། །འཁོར་བར་ཅུང་ཟད་མ་མཐོང་ངོ་། །དེ་ཕྱིར་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བར་བརྩམ་པར་བྱ། །ཞེས་གསུངས། དེས་ན་འཆི་བ་མེད་པའི་ཚེ་དང་རྒ་བ་མེད་པའི་ལུས་ཀྱི་བཅུད་ལེན་སྒྲུབ་པའི་ཐབས་ནི་འདི་ལྟ་སྟེ། གཉིས་པ་ལ་གསུམ། གང་ལ་བཅུད་དུ་ལེན་པའི་ཡུལ། གང་བཅུད་དུ་ལེན་པའི་དངོས་པོ། ཇི་ལྟར་ལེན་པའི་ཐབས་སོ། །དང་པོ་ནི། ཉམས་ཤིང་སོགས་རྐང་པ་གཅིག་སྟེ། གསོ་བྱའི་ཚེ་ལ་རྣམ་གྲངས་མང་དུ་བཤད་པ་ལས་སྐབས་འདིར་བཅུད་ལེན་བྱ་བའི་ཡུལ་གཙོ་བོ་ནི་ཡུལ་སེམས་འདོད་པའི་ཚོར་བས་ཉམས་ཤིང་གཅིག་ཏུ་མི་བརྟན་པར་འཕོ་བའི་རྟེན་ཐིག་ལེ་དཀར་དམར་གྱིས་བསྡུས་པ་དང་། དེ་ལ་བརྟེན་པའི་རླུང་སེམས་བཅས་ཉམས་ཤིང་འགྱུར་བ་ལས་ན་རྒ་འཆི་བའི་གནས་སྐབས་འབྱུང་བར་འགྱུར་བས་དེ་དག་བཅུད་ལེན་སོགས་ཀྱིས་རྒྱས་ཤིང་བརྟན་པར་བྱ་བའོ། །གཉིས་པ་ནི། འཁོར་འདས་བཅུད་ཀྱིས་ཞེས་འབྱུང་སྟེ། གང་ཞིག་བཅུད་དུ་ལེན་པའི་དངོས་པོ་ལ་གཉིས་ཏེ་འཁོར་བའི་བཅུད་རྫས་ལ་བརྟེན་པ་དང་། མྱང་འདས་ཀྱི་བཅུད་རླུང་རིག་ལ་གཙོ་བོར་བརྟེན་པའོ། །དང་པོ་ལ་ཕྱི་འབྱུང་བ་ལྔ། སྨན་དང་རྩི་ཤིང་། གྲུབ་པའི་དངུལ་ཆུ། ནང་རང་བྱུང་གི་བདུད་རྩི་གཉིས་སོགས་བཅུད་ལེན་གདམས་པ་བརྒྱ་རྩར་གྲགས་པས་མཚོན་རྒྱུད་དང་གྲུབ་པའི་མན་ངག་ལས་མཐའ་ཡས་པ་འབྱུང་བ་རྣམས་ཏེ། རྟག་ངུའི་བཅུད་ལེན་ཁོ་ན་ལའང་ཉང་གཏེར་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལས་རྒྱ་ཆེར་བཤད་པས་མཚོན་ནོ། །གཉིས་པ་ལ། སྲིད་ལས་འདས་པའི་བཅུད་མཆོག་བསོད་ནམས་ཀུན་གྱི་སྔོན་འགྲོ་དད་པ་རྣམ་གསུམ་བརྟན་པ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ནན་ཏུ་བྱ་བ་གཙོར་གསུངས་པ་དང་། རྡོ་རྗེ་ཐེག་པའི་ལམ་ལས་ལྷག་པའི་ལྷའི་བསྐྱེད་བཟླས། མཚན་བཅས་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་སྟེང་འོག་གི་སྒོ་ལ་བརྟེན་པའི་བཅུད་ལེན་ཁྱད་པར་བ་རྣམས་དང་། རྗེས་འབྲེལ་རྡོ་རྗེའི་བཟླས་པ། བྷཱུ་རླུང་གི་སྦྱོར་བ། ལྕེ་རྩེ་རྐན་སྦྱར། བདུད་རྩི་སྡུད་པ། ནམ་མཁར་བ་འཇོའི་བསམ་གཏན་ལ་སོགས་པ་རྣམས་དང་། མཚན་མེད་རྫོགས་རིམ་རྣམ་པར་མི་རྟོག་པ་དང་ཟུང་འཇུག་འོད་གསལ་མངོན་སུམ་ལམ་དུ་བྱེད་པའི་བཅུད་ལེན་གྱིས་ཡེ་ཤེས་ཀྱི་ལང་ཚོ་བརྟས་པས་འཆི་བདག་གི་བདུད་བཅོམ་པར་འགྱུར་ཏེ། སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་འཛིན་པ་རྣམ་པར་སྤང་། །སྟོང་པ་ཉིད་ནི་རྟག་བསྒོམས་པ། །འཆི་བ་ཡིས་ནི་མཐོང་མི་འགྱུར། །ཅེས་སོ། །གསུམ་པ་ནི། བསྐྱེད་བསྲིང་ ནས་ བརྟན་པར་བྱ༔ ཞེས་གསུངས་ཏེ། བཤད་མ་ཐག་པའི་ཕྱི་སྲིད་པ་དང་འབྲེལ་བའི་བཅུད་ལེན་དེ་དག་སློབ་དཔོན་མཁས་པའི་ཕྱག་རྒྱུན་བཞིན་བསྟེན། ནང་ཞི་བའི་བཅུད་རྣམས་བླ་མའི་ཞལ་ལས་བླངས་ཏེ་ཉམས་སུ་བླངས་པས་ལུས་ཟུངས་ཀྱི་ལང་ཚོ་དང་ཚེ་སྲོག་གི་མྱུ་གུ་རིམ་པར་བསྐྱེད་བསྲིང་ཞིང་རྒྱས་པར་འགྱུར་ལ། དེ་ཉིད་བརྟན་ཅིང་མི་འགྱུར་བར་བྱ་བའི་སླད་དུ་ཐབས་མང་དཀའ་བ་མེད་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་འཆི་མེད་ཚེ་སྒྲུབ་ཀྱི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དེའང་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལ་བརྟེན་པ་དང་། རྒྱུད་ལུང་མན་ངག་གི་ཆོ་ག་སྤྱི་དང་ཁྱད་པར་ཟབ་གཏེར་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གདམས་ཟབ་ལ་བརྟེན་ཏེ་དཀྱིལ་འཁོར་བཞེངས་ཤིང་ཚེའི་རྟེན་བཅའ། བདག་མདུན་ཚེ་ལྷའི་ཏིང་ངེ་འཛིན་གསལ་ཞིང་ཚེ་ཛཔ྄་བཟླས་པའི་མཐར་ཚེ་འགུགས་ཀྱི་ཕོ་ཉ་བཏང་ལ་བརྟན་གཡོའི་དྭངས་མ་བཅུ་བཞི་བསྒྲུབ་རྫས་དང་བསྒྲུབ་བྱར་དགུག་ཅིང་བསྟིམ། ཆོས་ཉིད་འོད་གསལ་བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཐིག་ལེ་ཆེན་པོ་གདོད་ནས་སྐྱེ་འཆི་བྲལ་བའི་དབྱིངས་སུ་རྒྱས་གདབ་ནམ་ཡང་མི་འགྱུར་བར་རྟག་ཅིང་བརྟན་པར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་སྨོས་པ་ལ་དྲུག །ལུས་སེམས་ཀྱི་ངོ་བོ། སྒྲ་དོན། མཚན་ཉིད། དབྱེ་བ། དེའི་དོན། བསྒྲུབ་བྱ། སྒྲུབ་བྱེད་ཀྱི་འབྲེལ་བསྟན་པའོ། །དང་པོ་ནི། ཚེ་སྲོག་གི་ངོ་བོ་རྣམ་ཤེས་དྲོད་དང་བཅས་པ་རྒྱུན་ཆགས་སུ་གནས་པའི་རྟེན་མི་ལྡན་པའི་འདུ་བྱེད། ལུས་ཀྱི་ངོ་བོ་འབྱུང་ལྔ་བདེ་བ་བཅས་ཁམས་དྲུག་འདུས་པ་རགས་པའི་གཟུགས་ཅན་ནོ། །གཉིས་པ་ནི། ཨཱ་ཡུའི་སྒྲ་འགྲོ་བའི་དུས་སྐབས་ལ་འཇུག་པས་ལས་ཀྱིས་འཕངས་པའི་འཚོ་བའི་དུས་ཇི་སྲིད་དུ་འགྲོ་བས་ཚེ་དང་། པྲཱ་ཎའི་སྒྲ་རབ་ཏུ་འགྲོ་བའི་དོན་ལས་གསོན་པའི་དུས་དེ་སྲིད་དུ་རྗེས་སུ་འགྲོ་བས་སྲོག་སྟེ། དེ་གཉིས་ངོ་བོའི་ཆ་ནས་དབྱེ་བ་བྱར་མེད་ཀྱང་རྟེན་དང་བརྟེན་པར་འབྲེལ་བའི་ལྡོག་ཆའི་རྣམ་པ་ཙམ་ལས་བཏགས་པའོ། །ཀཱ་ཡའི་སྒྲ་བསགས་པ་ཕུང་པོ་གནས་སོགས་ལ་འཇུག་པས་འབྱུང་བ་བསགས་པའི་ཕུང་པོ་ངག་ཡིད་ཀྱི་གནས་སུ་གྱུར་པས་ལུས་སོ། །གསུམ་པ་ཚེ་སྲོག་གི་མཚན་ཉིད་ནི། ལས་ཀྱི་རྣམ་པར་སྨིན་པས་ཇི་སྲིད་འཕངས་པ་དེ་སྲིད་དུ་གནས་པའི་དུས་སྐབས་ལ་སྤྱོད་པ། ལུས་ཀྱི་མཚན་ཉིད་སེམས་ཡིད་རྣམ་ཤེས་གསུམ་རྟེན་པའི་བྱ་བ་ཅན་ནོ། །བཞི་པ་ནི། རྒྱུད་ལས། མི་འགྱུར་རྟག་པ་གཉུག་མའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །གློ་བུར་ལྟར་སྣང་སྲོག་གི་ཚེ། །ཞེས་དབྱེ་བ་གསུམ་དུ་གསུངས་ཤིང་། ལུས་ནི་ཁམས་གསུམ་དང་རིགས་དྲུག་གི་རྟེན་སོ་སོ་བ་རྣམས་སོ། །ལྔ་པ་ནི། དྲངས་མ་ཐག་པའི་ལུང་དོན་དང་པོ་ནི། སེམས་ཅན་ཀུན་གྱི་རྒྱུད་ལ་དུས་གསུམ་དུ་མི་འགྱུར་བ་རྟག་གཙང་བདེ་བ་བདག་དམ་པའི་རང་བཞིན་དུ་གཤིས་སམ་གཉུག་མར་བཞུགས་པ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་འཆི་མེད་རྟག་པའི་ཚེ་སྒྲུབ་པའི་གཞིར་གྱུར་པ་དང་། དེའི་རང་མདངས་དབུ་མའི་ཡར་མར་དུ་གནས་པའི་དཔྱིད་ཐིག་གཉིས་དང་རྗེས་འབྲེལ་འཁོར་ལོ་དྲུག་གི་ཐིག་ལེ་བདག་པོར་གྱུར་པའི་དྭངས་མ་བཅུ་གཉིས་དང་སྙིགས་མ་ཉེར་བཞི་སོགས་འབབ་ཅིང་། དེ་དག་ཀྱང་ཡེ་ཤེས་དང་རྗེས་སུ་འབྲེལ་བར་འཁོར་ལོ་བཞིར་དགའ་བཞི་འགྲོས་ཀྱིས་འཕོ་བ་དང་། རྣམ་ཤེས་དང་རྗེས་སུ་འབྲེལ་བར་ལུས་ལ་ཟུངས་སམ་གནད་ཀྱི་ངོ་བོ་ཉིད་དུ་འཕོ་བ་བླ་གནས་ཞེས་གྲགས་པ་སྟེ། དེ་དག་ཇི་སྲིད་རང་གནས་ལས་མི་གཡོ་ཞིང་སྟོབས་མ་ཉམས་པ་དེ་སྲིད་དུ་འཚོ་བ་བརྟན་པོར་འགྱུར་པས་ཐིག་ལེའི་ཚེ་ནི་བསྒྲུབ་བྱའི་གཙོ་བོ་དང་། ཐོག་མར་ལུས་རྟེན་རྩའི་གཙོ་མོ་ཆགས་པའི་ཚེ་གློ་བུར་རྟེན་ཅིང་འབྲེལ་བ་ལྟར་སྣང་ཞིང་གདོས་བཅས་རགས་པ་དབང་རྟེན་ཁོག་པ་དང་བཅས་པ་རྣམ་པར་ཤེས་པས་ཡོངས་སུ་བཟུང་བ་མི་འབྲལ་བའི་ཟུངས་སུ་གྱུར་པས་སྔ་མ་རྟེན་དང་བརྟེན་པར་འབྲེལ་བ་སྲོག་གི་དབང་པོའི་ཚེ་ནི་ཁྱད་པར་གྱི་བསྒྲུབ་བྱ་ཡིན་ནོ། །དྲུག་པ་ལ། དང་པོའི་སྒྲུབ་བྱེད་ཀྱི་འབྲེལ་ནི། ཆོས་ཉིད་ཀྱི་རང་བཞིན་གདོད་ནས་འགྱུར་མེད་དུ་གྲུབ་པ་མ་འགྱུར་བ་ལྟར་སྣང་གློ་བུར་འཕོ་བའི་དྲི་མ་བསལ་བས་གནས་ལུགས་མངོན་དུ་འགྱུར་བའི་ཕྱིར། སྒྲུབ་བྱེད་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཆེན་པོའི་བཅུད་ལེན་རྣམ་ཐར་སྒོ་གསུམ་དང་རྗེས་སུ་འབྲེལ་བའི་ཏིང་ངེ་འཛིན་ལ་གནས་དགོས་པ་དང་། བར་པ་ལ་འཕོ་བའི་བྱེད་པ་རླུང་སེམས་ཡིན་པས་ཐབས་ལམ་ཟབ་མོས་དེ་དག་གི་བྱེད་པ་འཛག་མེད་དུ་བཅིང་ཞིང་གནས་སྐབས་ཐབས་ཀྱི་ཁྱད་པར་རྫས་ཀྱི་བཅུད་ལེན་མན་ངག་ལྟར་བརྟེན་པས་རྟེན་ཀུན་རྫོབ་ཀྱི་དྭངས་མ་རྒྱས། དེས་བརྟེན་པ་བདེ་ཆེན་གྱི་ཡེ་ཤེས་འཕེལ་བར་འགྱུར་བ་དང་། གསུམ་པ་གཙོ་བོར་ད་ལྟའི་ལས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་བཤད་པས་སྲོག་གཅོད་སྤང་ཞིང་སྲོག་བསླུ་བས་མཚོན་བསོད་ནམས་མ་ཡིན་པ་སྤང་ཞིང་བསོད་ནམས་ཅི་ནུས་བསགས་པ་དང་། སྔགས་ཀྱི་ཐབས་མཁས་རྡོ་རྗེ་ཚེ་སྒྲུབ་པའི་ཆོ་ག་རྣམས་ཀྱིས་སྲོག་གི་ཀ་བ་བརྟན་ཅིང་དེ་ལ་བརྟེན་པའི་ཚེ་ཡུན་རིང་དུ་གནས་པར་བྱེད་དོ། །བཞི་པ་གནས་ལུང་ལ་གཉིས། དགོས་པ་བསྟན། གནས་ལུང་དངོས་བཤད་པའོ། །དང་པོ་ནི། སྙིང་རྗེའི་ ནས་ རྫོགས་པའི་ལུང༔ ཞེས་གསུངས་ཏེ། ཚེ་འདིའི་སྣང་བ་ནུབ་ནས་གདོས་བཅས་ཀྱི་རྟེན་དང་བྲལ། རྣམ་པར་ཤེས་པ་ལས་ཀྱི་རླུང་གིས་བདས་ཏེ་འཇིགས་པའི་སྒྲ་བཞི་ཡ་ང་བའི་གཡང་ས་གསུམ་སོགས་ལོག་པའི་འཁྲུལ་སྣང་དུ་མ་དང་བཅས་སྐྱབས་བྲལ་གཏད་མེད་དུ་འཁྱམས་པས་སྙིང་རྗེའི་ཡུལ་དུ་གྱུར་པ། མ་ངེས་པའི་རྟགས་དྲུག་དང་ལྡན་པའི་སྲིད་པ་བར་མ་དོའི་འགྲོ་བ་རྣམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་ཁ་ལོ་སྒྱུར་སླ་བ་ཡིན་པས། སངས་རྒྱས་རྣམས་ཀྱི་ངོ་མཚར་གསང་བའི་མཛོད་ཁང་ལས་བྱུང་བ་ཆོ་ག་དང་ཏིང་འཛིན་ཟབ་མོའི་ཐུགས་རྗེས་ངན་འགྲོའི་སྐྱེ་གནས་ལས་སྐྱོབ་ཅིང་མྱུར་དུ་ཐར་པ་ཞི་བ་ཐོབ་པའི་ཐབས་མཁས། རིགས་དྲུག་གི་གནས་ནས་རིམ་པར་དྲངས་ཏེ་སྤར་ཞིང་ལམ་ལྔ་གདན་ཐོག་གཅིག་ཏུ་རྫོགས་པར་བྱེད་པའི་གནས་ལུང་ཐུགས་རྗེའི་དཔྱངས་ཐག་ནི་འདི་ལྟ་སྟེ། ཞེས་སོ། །འདིར་ཡང་འཕྲོས་དོན་ཅུང་ཟད་སྨོས་ན། བར་དོ་སྤྱིའི་ངོ་བོ་ནི། གཞི་དབྱིངས་ཀ་དག་གི་སྦུབས་ལས་ལྷུན་གྲུབ་སྣང་བའི་སྒོར་ཤར་བ་ཉིད་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་ཡིན་ལ། དེའང་གཞི་སྣང་ཡེ་ཤེས་སུ་ཤར་བའི་ཆ་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་རྣམས་ནི་མ་དག་འཁྲུལ་པའི་བར་དོ་ཞེས་བཏགས་པར་བཤད་དོ། །བྱེ་བྲག་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་མ་གྲུབ་པ་ཚུན་དུ་བག་ཆགས་ལས་རྫུས་སྐྱེས་ཀྱི་ལུས་རྟེན་རྨི་ལམ་ལྟ་བུར་སྣང་བའོ། །ངེས་ཚིག་ནི། སྤྱིར་འཁྲུལ་གྲོལ་གྱི་བར་ན་གནས་པ་དང་། བྱེ་བྲག་ཆོས་ཉིད་ཀྱི་སྣང་བ་ནུབ་ནས་རིགས་དྲུག་གི་ལུས་དངོས་མ་བླངས་བའི་བར་གྱི་སྣང་བ་ལ་གནས་པ་དང་། འཁྲུལ་གྲོལ་དང་རྟེན་མཐོ་དམན་ཅིར་ཡང་འགྱུར་སྲིད་པས་བར་སྲིད་ཅེས་བྱའོ། །དབྱེ་བ་ནི། ཐལ་འགྱུར་ལས་སྐྱེ་འཆིའམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་བཞིར་གསུངས་པ་ལས་འདིར་གནས་ལུང་བྱ་བའི་ཡུལ་སྲིད་པ་བར་དོའོ། །དེའི་མཚན་ཉིད་ནི། མཛོད་ལས། སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་དང་། རྒྱུད་ཆེན་ཉི་ཟླ་ཁ་སྦྱོར་ལས་རྒྱ་ཆེར་གསུངས་པ་ལྟར་ཏེ། རིང་མཐའ་ཞག་ཞེ་དགུ །ཐུང་མཐའ་བདུན་ནམ་ཡུད་ཙམ་གནས་པའོ། །འདིའི་དུས་གཡུལ་ངོར་རྟ་ལས་ལྷུང་བ་འཛེགས་པ་ལ་རིངས་པ་ལྟར་སྲིད་པ་ཕྱི་མ་ལ་རིངས་ཞིང་ཕྱོགས་པས་དགེ་བའི་སྡོང་གདབ་པ་ལ་མྱུར་དུ་འབད་དགོས་པ་ཡིན་ནོ། །གཉིས་པ་གནས་ལུང་དངོས་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཡུལ་དང་སོགས་རྐང་པ་གཅིག་སྟེ། གནས་ལུང་བྱ་བའི་ཡུལ་གསལ་གདབ་པ་དང་། དེའི་སྡིག་སྒྲིབ་སྦྱོང་ཞིང་ཡོན་ཏན་ཡར་ལྡན་དུ་འཕེལ་བས་ལམ་ལྔ་བདེ་བླག་ཏུ་བགྲོད་པའི་ཐབས་དང་། གནས་ལུང་མཐར་ཕྱིན་པའི་རྗེས་ཀྱི་བྱ་བ་སྟེ་གསུམ་གྱིས་བསྡུས་སོ། །གཉིས་པ་ལ་གསུམ། ཡུལ་གསལ་གདབ། སྒྲིབ་སྦྱོང་གནས་སྦར་གྱི་ཐབས། རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་བསྐྱེད་དགུག་བསྟིམ། ཞེས་པས་བསྟན་ཏེ། སློབ་དཔོན་གྱིས་ལྷ་གང་ལ་བརྟེན་པའི་བདག་མདུན་བུམ་པ་སྒྲུབ་པ་སོགས་རྒྱས་བསྡུས་ཅི་རིགས་པ་སོང་ནས། འཕགས་ཡུལ་བའི་ཡུལ་ཆོས་དང་མཐུན་པར་དཀྱིལ་འཁོར་ལྷོ་སྒོར་ཚེ་འདས་ཀྱི་དྲི་རྟེན་བཅས་པ་ལ་དམིགས་རྟེན་བྱས་ནས་གསོན་པོའི་གནས་སྐབས་ཇི་ལྟ་བར་བསྐྱེད་ཅིང་གསལ་གདབ། ཐུགས་ཀའི་འོད་ཟེར་གྱིས་བར་དོར་འཁྱམས་པའི་རྣམ་ཤེས་སྡིག་པ་དང་བཅས་པ་བཀུག་ནས་ཕྱག་རྒྱ་བཞིས་དབྱེར་མེད་དུ་བསྟིམས་ལ་མི་གཡོ་བར་བྱའོ། །གཉིས་པ་ནི། བར་ཆད་ ནས་སྲས་སུ་བསྐྲུན༔ ཅེས་གསུངས་ཏེ། མཐོ་རིས་དང་ཐར་ལམ་གྱི་བར་ཆད་གསོན་པོའི་བདུད་དང་གཤིན་གྱི་ལྕགས་སུ་བྱེད་པའི་བགེགས་ཀྱི་ཚོགས་ལ་ཞི་བས་གཏོར་གླུད་སྦྱིན། ཞི་དྲག་ཕྱེད་མས་བཀའ་བསྒོ། མི་ཉན་པ་རྣམས་དྲག་པོའི་ཚམ་རྔམས་ཀྱིས་རྒྱང་རིང་པོར་བསྐྲད་ཅིང་ལྷག་མེད་དུ་སྦྱངས་ལ་སྲུང་བའི་གོ་བསྒོ་བ་ནི་ཚོགས་ཀྱི་ལམ་མོ། །ཐོག་མ་མེད་ནས་རིགས་དྲུག་གི་གནས་སུ་འཁོར་བ་ཁ་བརྒྱུད་པའི་ཚེ་མ་རིག་པའི་བག་ཆགས་ཚན་པོ་ཆེ་ལ་བརྟེན་ཡང་དང་ཡང་དུ་བསགས་པའི་སྡིག་ལྟུང་གི་ཕུང་པོ་ལས་ཀྱི་སྒྲིབ་པ་ལུས་དང་གྲིབ་མ་ལྟར་འགྲོགས་པས་འཁོར་བ་དང་ངན་སོང་གི་རྒྱུ་བྱེད་པའི་ཕྱིར་དེ་ཐམས་ཅད་སྤང་དགོས་ལ། སྦྱོང་བྱེད་སྔགས་རྒྱ། ཕྱིར་ཟློག །བུམ་ཁྲུས། བདེན་སྟོབས་སོགས་ཀྱིས་འབྲལ་བའི་ཐབས་མང་དུ་གསུངས་པ་ལས་གཙོ་བོར་ཀུན་འདུས་རིག་པའི་མདོ་སོགས་ལས་རྒྱ་ཆེར་བསྔགས་པའི་སྤྱི་ཁྲུས་ཏིང་འཛིན་རིག་རྩལ་གྱི་ཐབས་མཆོག །དམིགས་བྱའི་ལུས་ཀྱི་གནས་དྲུག་ཏུ་སྦྱང་བྱ་རིགས་དྲུག་གི་ས་བོན་རྩ་ཡིག་རང་ཆས་སུ་ཡོད་པ་དང་སྦྱོང་བྱེད་འབྲུ་གསུམ་ལྷན་ཅིག་པ་ཉིད་ཐུགས་ཀའི་འོད་ཀྱིས་སྦྱོང་བྱེད་བསྐུལ་བས་དེ་ལས་ཡེ་ཤེས་ཀྱི་རང་རྩལ་མེ་འབར་བས་སྦྱང་བྱ་བསྲེགས། རླུང་གཡོས་པས་ཐལ་བ་གཏོར། ཆུ་བྱུང་བས་དྲི་མའི་རྗེས་ཤུལ་ལྷག་མེད་དུ་བཀྲུ་བར་བྱེད་པ་ནི་སྦྱོར་ལམ་མོ། །རྒྱུད་རྣམ་པར་དག་པ་དེ་ཉིད་སར་གནས་རིག་འཛིན་གྱི་གྲལ་དུ་འགོད་པའི་ཕྱིར་ལྷ་དམ་ཚིག་པར་གསལ་བ་ལ་བུམ་པ་སོགས་དབང་བཞི་རྒྱས་པའམ་བསྡུས་པ་སྐུ་གསུང་ཐུགས་དབང་གིས་མཚོན་རྡོ་རྗེའི་གཏོར་བླུག་གི་ཆོ་གས་དབང་བསྐུར་ཞིང་རྒྱས་གདབ་པ་ནི་མཐོང་ལམ་མོ། །དེ་ལ་ཞལ་བསྲོ་བ་དང་བག་ཆགས་ཀྱི་ཞེན་འཁྲིས་བཅད་པའི་ཕྱིར་བཟའ་བཏུང་དངོས་སུ་བཤམས་པ་ལ་རྟེན་བྱས་ཏེ་རྣམ་པ་འདོད་པའི་ཡོན་ཏན་ལྔ་པོ་ཟད་མི་ཤེས་པའི་རྒྱ་མཚོ། ངོ་བོ་ཟག་མེད་བདེ་བ་ཆེན་པོའི་སྤྲིན་ཕུང་དུ་སྔགས་དང་ཕྱག་རྒྱས་སྤེལ་ནས་བསྔོ། འཁོར་བར་ཕྱིར་མི་ལྡོག་པའི་སླད་དུ་དེའི་ཉེས་སྐྱོན་དང་ཐར་པའི་ཡོན་ཏན་བསྔགས་པ་ལས་བརྩམ་ཟབ་མོའི་ཆོས་བཤད་ལ་རིགས་ལྔའི་གནས་སོགས་དག་པའི་ཞིང་ཁམས་སུ་ལམ་བསྟན་ཅིང་དབུགས་དབྱུང་བ་ནི་སྒོམ་པའི་ལམ་མོ། །ལམ་ལྔ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་བར་བྱ་བའི་ཕྱིར་རྣམ་པར་ཤེས་པ་དཀྱིལ་འཁོར་གྱི་གཙོ་བོ་ཀུན་ཏུ་འཆང་བ་ཆེན་པོ་ཡབ་ཡུམ་གྱི་ཐུགས་དང་དབྱེར་མེད་དུ་བྱས་ལ། དེས་ཀྱང་སྦྱོར་མཚམས་ནས་རྒྱལ་བའི་སྲས་སུ་བསྐྲུན་ཏེ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་མོས་པ་ནི་མི་སློབ་པའི་ལམ་མཚོན་པའོ། །གསུམ་པ་ནི། སྙིགས་མ་ ནས་ མི་འཆད་པར་བྱ༔ ཞེས་གསུངས་ཏེ། དྭངས་མའི་རྣམ་ཤེས་གནས་སྤར་བའི་སྙིགས་མ་ཕུང་པོ་བག་ཆགས་ཀྱི་རྟེན་ཤུལ་དུ་ལུས་པ་དེ་ཉིད་དཀྱིལ་འཁོར་བའི་ཐུགས་ལས་སྤྲོས་པའི་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་སྦྱངས་པས་ལྷག་མེད་དུ་བྱེད་པ་ནི་རང་དོན་ཆོས་སྐུ་བརྙེས་པ་དང་། བྱང་ཐལ་དྲི་བཟང་ཆུ་འཇིམ་པ་དང་བསྲེས་པས་སྐུ་གདུང་སཱཙྪ་ཆོ་ག་བཞིན་གདབ་པ་ནི་གཞན་དོན་གཟུགས་སྐུ་འབྱུང་བའི་རྟེན་འབྲེལ་ཡིན་ལ། དེ་ལྟར་ན་ལམ་ལྔ་ཡོངས་སུ་རྫོགས་ཤིང་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་བརྙེས་པས། འགྲོ་བའི་དོན་ནམ་མཁའ་དང་མཉམ་པར་མཛད་པའི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་པའི་ཐབས་ཟབ་མོ་རྒྱུད་དང་མན་ངག་གི་ངེས་པ་ལས་འབྱུང་བ་བཞིན་ལྷག་ཆད་མེད་པར་བྱའོ། །ལྔ་པ་ཕྲིན་ལས་ལ་གཉིས། དགོས་པ་དང་བཅས་ཏེ་མདོར་བསྟན་པ་དང་དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཐུན་མོང་ ནས་རྣམ་པ་གཉིས༔ ཞེས་གསུངས་ཏེ། རང་གཞན་ཐུན་མོང་ལ་གལ་ཆེ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལ་མཁས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བ། ཇི་ལྟར་བསམ་པའི་དོན་ཀུན་ཡོངས་སུ་རྫོགས་པར་བྱེད་པ་རོལ་པ་ཕྲིན་ལས་ཀྱི་རིམ་པ་ནི། སྒོ་གསུམ་གྱི་ལས་སམ་བྱ་བའི་སྒོ་ནས་ཀུན་ལ་ཕན་པ་དང་བདེ་བ་སྒྲུབ་པ་སྟེ། ཁོག་གཞུང་ལས། བདག་གཞན་དོན་སྒྲུབ་ཕྲིན་ལས་ཏེ། །ཞེས་སོ། །དེ་ལ་ནང་གསེས་ཀྱི་རྣམ་གྲངས་མང་ཡང་མདོར་བསྡུ་ན་རང་གཞན་ལ་ཕན་གདགས་ཤིང་དོན་གཉེར་རྗེས་སུ་བཟུང་བ་དང་། སྡང་ཞིང་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་ཏེ་རྣམ་པ་གཉིས་སུ་འདུའོ། །དེ་ལ་ཕྲིན་ལས་ཀྱི་ངོ་བོ་ནི། བསམ་དོན་སྒྲུབ་བྱེད་ཐབས་མཁས་ཀྱི་བྱ་བ་སྙིང་རྗེའི་རྒྱུ་ལས་བྱུང་ཞིང་ཤེས་རབ་ཟབ་མོས་ཟིན་པའོ། །ངེས་ཚིག་ཀརྨའི་སྒྲ་ལས་ཕྲིན་ལས་ཏེ་སྒོ་གསུམ་གྱི་ལས་སུ་གྱུར་པའོ། །རྣམ་གྲངས་ནི་ལས་བཞི་སྒྲུབ་པའི་ཐབས་ཀྱི་ཁྱད་པར་འོག་ནས་འབྱུང་བ་ལ་སོགས་པ་སྟེ། དེའང་བྱ་བའི་ཡུལ་སྤྱིར་ཁམས་གསུམ་གྱི་འགྲོ་བ། བྱེ་བྲག་ཞི་སོགས་ལ་རིམ་བཞིན་གནོད་སྡིག་དབུལ་ཕོངས་ལོག་ལྟ་གདུག་པ་ཅན་རྣམས། བྱེད་པའི་ཕྲིན་ལས་བཞི་དང་ལྷུན་གྲུབ་རྣམས་ལ་སོ་སོའི་འདུག་སྟངས་སྔགས་ཀྱི་བཟླ་ཚུལ་དབྱངས་ཀྱི་འགྱུར་བ་སྟངས་ཀྱི་སེམས་སོགས་ཀྱི་ཁྱད་པར་དང་ལྡན་པ། བྱེད་ཚུལ་ལམ་གྱི་རྒྱུད་ཚོད་དང་མཐུན་པའི་གཞི་ཏིང་ངེ་འཛིན་ཐབས་སྤྲོས་མེད་ལ་བརྟེན་པ། བྱ་བའི་དུས་ལས་སོ་སོ་དགོས་པའི་ཡུལ་ཉེ་བར་གནས་པ་སྟེ། བྱས་པའི་དགོས་པ་ཞི་བས་ཕྱི་ནད་གདོན་ནང་མཚན་རྟོག་འཇོམས། རྒྱས་པས་ཕྱི་འཁོར་དང་ལོངས་སྤྱོད་ནང་ཚེ་བསོད་ཉམས་རྟོགས་སྤེལ། དབང་གིས་ཕྱི་འདོད་པའི་ཡུལ་ནང་རླུང་སེམས་ལ་དབང་ཐོབ། དྲག་པོས་ཕྱི་དགྲ་བགེགས་ནང་དུག་ལྔའི་རྟོག་པ་བཅོམ་པར་བྱེད་དོ། །གཉིས་པ་ལ་གཉིས། རྗེས་བཟུང་། ཚར་བཅད་དོ། །དང་པོ་ནི། སྲུང་དང་ ནས་ རྫས་ཀྱིས་བསྒྲུབ༔ ཅེས་གསུངས་ཏེ། དེ་ལ་རྗེས་སུ་བཟུང་བའི་ཕྲིན་ལས་ནི། བསྒྲུབ་བྱ་ནད་གདོན་བར་ཆད་སོགས་མི་མཐུན་པའི་ཕྱོགས་མི་འབྱུང་བར་སྲུང་བ་དང་འཇིགས་པ་བཅུ་དྲུག་ཞི་བ་དང་འབྱོར་པ་དྲུག་རྒྱས་པ་དང་ཡིད་ལ་འདོད་པ་མོས་པ་བཞིན་དབང་དུ་སྒྱུར་བ་རྣམས་ཡིན་ལ། སྒྲུབ་བྱེད་ཀྱི་གཙོ་བོ་གསལ་སྣང་ཐོབ་པའི་ཏིང་ངེ་འཛིན་དང་སྔགས་ཀྱི་བཟླས་པ་ཚད་དུ་འཁྱོལ་བ་དང་འཆིང་འགྲོལ་གྱི་ཕྱག་རྒྱ་གཞི་བཟུང་སྟེ། ཕལ་པའི་ལས་མཆོད་རྟེན་ནམ་སཱཙྪས་ལས་དངོས་དང་འབྱུང་བ་གཞན་ལས་ཡིད་ཀྱིས་སྤྲུལ་ཏེ་སོ་སོ་ལ་ཤིས་པའི་དབྱིབས་མདོག་ཅན་གཟུངས་སྔགས་དང་ལྡན་པར་ལས་མཐུན་གྱི་ལྷར་གསལ་བའི་འོད་ཀྱིས་བསྒྲུབ་བྱ་བཀུག་ཅིག་འོག་ཏུ་མནན་པ་ལ་འོད་ཀྱིས་གདུང་བས་ལས་འགྲུབ་པར་མོས་པ་དང་། སྡིག་སྒྲིབ་ནད་གདོན་གྲིབ་དང་མི་གཙང་བ་སེལ་བ་ལ་དེ་དང་དེའི་གཉེན་པོར་བསྔགས་པའི་ལྷ་རྣམས་བུམ་པ་བཅུད་ལྡན་དུ་བསྐྱེད་བཟླས་འོད་ཞུ་བྱས་པའི་ཁྲུས་ཀྱི་ཆོ་གས་བཀྲུ་བ་དང་། རྣལ་འབྱོར་པའི་བློ་ཁྱད་དང་བསྟུན་པའི་ཕྱི་ནང་གསང་བའི་མེའི་བསྲེག་བླུགས་ཀྱི་སྦྱོར་བས་ཇི་ལྟར་འདོད་པའི་ལས་སྒྲུབ་པ་དང་། བསྒོམ་པ་ཡིད་དང་བཀོད་པ་བྲིས་པའི་འཁོར་ལོ་མན་ངག་ལས་འབྱུང་བ་ལྟར་སྒོམ་སྒྲུབ་ཚུལ་བཞིན་བསྟེན་པས་ལས་གང་ཡིན་སྒྲུབ་པ་དང་། ལས་བཞིའི་སོ་སོའི་རྒྱུ་དབྱིབས་ཚད་མདོག་ཅན་གྱི་ཕུར་བུ་བསྙེན་ཅིང་བསྒྲུབས་པ་ཡུལ་སོ་སོའི་ཕྱོགས་སུ་འདེབས་པ་དང་། ལས་བཞིའི་དབྱིབས་མཐུན་པོར་བཅས་པ་ལ་ལྷ་སོ་སོའི་ང་རྒྱལ་གྱིས་རྐང་པས་རྡོ་རྗེའི་བྲོ་བརྡུང་ཞིང་ལག་པས་གར་སྟབས་བསྒྱུར་ཏེ་ལུ་གུ་རྒྱུད་ཀྱི་ལས་བྱ་བ་དང་། འཁྱུད་དཔྱད་སོགས་ལས་འབྱུང་བ་ལྟར་བྱ་སླ་བའི་ཐབས་ཀྱི་འཕྲུལ་འཁོར་རྟེན་འབྲེལ་སྣ་ཚོགས་པ་བྱ་བ་དང་། གུ་གུལ་དུད་པས་འདྲེ་གདོན་བསྐྲད་པས་མཚོན་རྫས་གཅིག་རྐྱང་ངམ་མང་དུ་སྦྱར་བའི་ནུས་པ་ཁོ་ནས་ཀྱང་ནད་ཞི་བར་བྱེད་པ་ལ་སོགས་ཏེ་ཐབས་དེ་རྣམས་ཀྱིས་འདོད་པའི་ལས་ཐམས་ཅད་འགྲུབ་པར་བྱའོ། །གཉིས་པ་ནི། ཁྱད་པར་ ནས་ སྲེག་པས་བསྡུ༔ ཞེས་གསུངས་ཏེ། ཁྱད་པར་བསྒྲལ་བའི་ཞིང་བཅུར་གྱུར་པ་སོགས་ཞི་བས་མི་འདུལ་ཞིང་ཚར་གཅོད་པར་འོས་པ་རྣམས་ལ་ནན་ཏུར་གྱི་ལས་བྱ་བའི་ཚུལ་ཡང་ཕྱོགས་ཙམ་བསྟན་པར་བྱ་སྟེ། དེའི་ཚུལ་མདོར་བསྡུ་ན་དྲག་སྔགས་རྡོ་རྗེ་གཙུག་ལག་གི་རྒྱུད་ལས་གཟིར་བ་པོ། གཟིར་བྱ། གཟིར་བྱེད་གསུམ་དུ་གསུངས་པའི། དང་པོ་ནི། སྒེག་རྡོར་དམ་ཚིག་གསལ་བཀྲ་ལས། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། ཞེས་འབྱུང་བའི་དོན། ལུས་ལྷ་སྐུ། ངག་བརྗོད་བྲལ། སེམས་སྐྱེ་མེད་དུ་དཔའ་བ་སྟེ་དཔའ་གསུམ། ལྟ་བ་མཐའ་བྲལ། སྒོམ་པ་བློ་འདས། སྤྱོད་པ་ཤུགས་འབྱུང་གི་གདེང་སྟེ་གདེང་གསུམ། རིག་པ་མདུང་ལས་རྣོ་བས་ཕྱིའི་དྲེགས་པ་འབིགས་པ། རིག་པ་གསེག་བདར་ལྟ་བུས་ནང་གི་ཉོན་མོངས་གཅོད་པ། རིག་པ་རླུང་ཤུགས་ལྟ་བུས་རྣམ་རྟོག་སྤྲིན་ཕུང་གཏོར་བའི་ངར་དང་ལྡན་པས་ངར་གསུམ་སྟེ་དཔའ་གདེང་ངར་བ་དགུ་དང་ལྡན་པ་ཞིག་དགོས་ལ། གཟིར་བྱ་དགྲ་བགེགས་གཉིས་ལས་དགྲ་ནི་ཞིང་བཅུར་གྱུར་པ་སྟེ། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འཚེ་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་དང་རྒྱུད་ལས་མི་དགེ་བཅུ་དང་མཚམས་མེད་ལྔ་སྤྱོད་ལ་བཤད་དོ། །བགེགས་ལ་གྲངས་ངེས་པ་སོགས་གོ་རིམ་དྲུག་གིས་བསྟན། གཟིར་བྱེད་རྫས་སྔགས་ཏིང་ངེ་འཛིན་གསུམ། རྫས་ལ་མཆོད་རྫས་རྟེན་རྫས་གཟིར་རྫས་གསུམ། སྔ་མ་གཉིས་ལ་སྤྱི་དང་ཁྱད་པར། ཕྱི་མ་ལ་གནས་བྲུབ་ཁུང་ལིངྒ་བླ་རྡོ་དབྱེ་གཟིར་ཐུན་རྫས་ནང་གསེས་དང་བཅས་པས་བསྡུས། སྔགས་ལ་མཚན་ཉིད་འགོད་ཐབས་བཟླས་སྔགས་གསུམ། ཏིང་ངེ་འཛིན་ལ་ལྷ་དང་སྔགས་དང་རྫས་ཀྱི་ཏིང་འཛིན་གསུམ་པོ་རྣམས་མ་འདྲེས་མ་ནོར་མ་ཚང་མེད་པ་བཅས་ཏེ། རྒྱུད་དེ་ལས། སྔགས་ནི་དུག་གི་མཚོན་ཆ་ལ། །ཏིང་འཛིན་གསལ་པས་གནས་སུ་སྐྱེལ། །རྫས་ནི་སྦྱོར་བ་ཐབས་ཀྱི་གྲོགས། །དེ་གསུམ་ལྡན་ན་ལྷ་དབང་ཡང་། །དངོས་སུ་སྒྲོལ་བར་ཐེ་ཚོམ་མེད། །ཅེས་སོ། །སྤྱིར་མངོན་སྤྱོད་ཀྱི་ཕྱག་ཆ་ལ་རྣམ་གྲངས་བཅུར་གསུངས་ཏེ། སྲོག་སེར། ཐོག་དང་ལྟས་ངན། སྲུང་ཟློག །བསད་མནན། འཕང་སྲེག་བཅས་ཐམས་ཅད་ལའང་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་སྤངས་པ་དང་། ཕན་གནོད་ཀྱི་ཕྲིན་ལས་ཀུན་ལ་གྲོགས་རྣམ་པ་ལྔ་བསྟན། དུག་རྣམ་པ་ལྔ་སྤང་། རྒྱན་རྣམ་པ་ལྔ་གདགས་པ་བཅས་རབ་ཏུ་གཅེས་པར་གསུངས་སོ། །དེ་ལས་འདིར་བཤད་བྱ་ནན་ཏུར་ཕྲིན་ལས་ཀྱི་གཙོ་བོ་ཐོག་མར་རང་ཉིད་སྲུང་བ་རྡོ་རྗེའི་རྫོང་མཁར་དུ་ཞུགས་ནས་སྒོ་གསུམ་ལོངས་སྤྱོད་བཅས་ཅིས་ཀྱང་མི་ཤིགས་པར་བྱ་བ་དང་། འགལ་རྐྱེན་བར་ཆད་ཟློག་པའི་རྡོ་རྗེའི་དཔུང་བཤམས་ཏེ་ཕས་རྒོལ་གྱི་བྱད་སྟེམས་ནུས་པ་རང་གཤེད་དུ་དབབ་པ་དང་། ལྟ་བ་ཆོས་ཉིད་ཀྱི་རྫོང་། སྒོམ་པ་ཏིང་ངེ་འཛིན་གྱི་འཕྲང་། སྤྱོད་པ་སྙིང་རྗེ་ཆེན་པོའི་སྲོག་དང་ལྡན་པ་ལ་གཞི་བཅས་ནས། མི་ལྡོག་པའི་གནད་རང་ཉིད་དཔལ་ཧེ་རུ་ཀར་གསལ། མི་རྡུགས་པའི་ཕྱིར་ཕུར་བུ་སྲས་མཆོག་ཏུ་གསལ། མི་འབྱམས་པའི་ཕྱིར་ལིངྒ་གཟས་པ་པོ་དངོས་སུ་གསལ་བ་ལ་ཚེ་ལུང་གསུམ་དང་ཁྲུས་ལུང་གསུམ་གྱི་དགོངས་པ་དང་ལྡན་པས་གདབ་པ་དང་བསྒྲལ་བ་དང་བསྟབ་པའི་ལས་བྱས་པས་ཚེ་བཅུད་ཀྱིས་བདག །རྣམ་ཤེས་སྤར་བས་དགྲ །ཤ་ཁྲག་བསྟབས་པས་ལྷ་སྟེ་འཚིང་བ་གསུམ་གྱིས་བསྒྲལ་བའི་འབྲས་བུའི་གནད་ལ་སྦྱོར་བ་དང་ལྡན་པས། ལྷ་རྟེན། ལུས་སེམས། ཤ་རུས་ཏེ་ཁ་སྦྱོར་གསུམ་པོ་དབྱེ་བ་ནི་བསད་པའི་ལས་ཀྱི་ཆོ་ག་སྟེ། དེ་ལྟར་མངོན་སྤྱོད་ཕྲིན་ལས་ཀྱི་གཙོ་བོ་སྲུང་ཟློག་བསད་པ་གསུམ་ཡིན་ལ་དེ་གསུམ་གྱི་མཐར་ནི། སྲུང་བ་ལ་མནན་པ། ཟློག་པ་ལ་འཕང་བ། བསད་པ་སྲེག་པས་བསྡུ་བར་བྱ་སྟེ། དེ་དག་གི་འཐད་པའང་སྲུང་བས་བར་གཅོད་མི་མཐུན་པའི་ཕྱོགས་ལས་སྐྱོབ། མནན་པས་ཕས་རྒོལ་གྱི་སྟོབས་ནུས་ཐམས་ཅད་འཆིང་བར་བྱེད་པས་འབྲེལ་ཏེ། དཔེར་ན་རྫོང་ལ་ལྕགས་རིས་བསྐོར་བ་དང་ཕས་རྒོལ་གྱི་ཆོམ་རྐུན་བཙོན་དུ་བཅུག་པ་གཉིས་ཀ་རང་ཕྱོགས་སྲུང་བའི་ཉེར་ལེན་དུ་དོན་མཚུངས་པ་ལྟ་བུ་དང་། ཟློག་པས་འགལ་རྐྱེན་ཉེར་འཚེ་ཐམས་ཅད་ཉེ་མི་ནུས་པར་རིང་དུ་བྱེད། འཕང་བ་ཟོར་གྱིས་དེ་དག་རྨེག་མེད་དུ་བརླག་པར་བྱེད་བས་འབྲེལ་ཏེ། དཔེར་ན་དགྲ་དཔུང་གིས་འཚེ་བ་ལ་ཐོག་མར་དམག་གི་དཔུང་བཤམ། མཐར་གཡུལ་སྤྲད་པས་རྒོལ་བ་བཅོམ་པ་ལྟ་བུ་དང་། བསད་པས་བསྒྲལ་བྱའི་རྣམ་ཤེས་སྤར་ཏེ་གཟུགས་ཕུང་ཚོགས་སུ་བསྒྲལ་བ་དེ་ཉིད། ལྷ་རྣམས་ཀྱི་ཞལ་མེ་ལ་བསྟབས་པས་ཤིན་ཏུ་མཉེས་པར་འགྱུར་བ་དང་སྤྱིར་ལས་ཀྱི་ནུས་པ་ཐམས་ཅད་བསྲེག་བླུགས་ཀྱིས་མྱུར་དུ་འབྱིན་པ་སྟེ་རྣོ་ལ་ངར་གྱིས་གདགས་པ་ལྟ་བུའོ། །མངོན་སྤྱོད་ཀྱི་དགོས་པའང་རྒྱུད་ལས། ལོག་ལྟ་ཅན་བཅུ་བསྒྲལ་བར་བྱ། །མ་བསྒྲལ་འཁོར་བར་འཁྱམས་པ་ལ། །བསྒྲལ་ཏེ་གནས་སྤར་བདེ་བ་ཐོབ། །བདག་གཞན་གཉིས་ཀ་མངོན་འཚང་རྒྱ། །འཁོར་བའི་ཆུ་ལས་བསྒྲལ་བའོ། །ཞེས་དང་། གསལ་བཀྲ་ལས། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་ལ་དམ་སྐོང་ཞིང་། །ལས་ངན་བག་ཆགས་སྡུག་ཡུན་བསྟུངས། །རང་གི་བསམ་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་སོ། །དྲུག་པ་བམ་ཆེན་མཆོག་སྒྲུབ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། མཆོག་གི་ ནས་ སྒྲུབ་པ་ནི༔ ཞེས་གསུངས་ཏེ། སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པར་བྱེད་པའི་ཕྲིན་ལས་ཏེ་ལས་སུ་བྱ་བ་ཀུན་ལས་ཁྱད་པར་དུ་འཕགས་པས་བླ་ན་མེད་པའི་ཕུལ་དུ་གྱུར་པ་ནི། སློབ་དཔོན་ཆེན་པོས། སྒྲུབ་པ་ཆེན་པོ་འདི་ཉིད་ནི། །སྒྲུབ་པ་མང་པོའི་རྩ་བ་སྟེ། །དཔེར་ན་ཆུ་བོ་ཆེན་པོ་ལས། །ཆུ་ཕྲན་ཐམས་ཅད་གྱེས་དང་མཚུངས། །གསང་སྔགས་བླ་ན་མེད་པ་ཡི། །སྒྲུབ་པ་རྣམས་ཀྱི་ཡང་སྙིང་ནི། །དངོས་གྲུབ་བམ་གྱི་སྒྲུབ་པའོ། །ཞེས་གསུངས་པ་དང་། ཁྱད་པར་དམ་ཚིག་ཉམས་ཆགས་ཞི་བ་ལ་ལྷག་པར་བསྔགས་ཤིང་། གལ་པོ་ལས། དངོས་གྲུབ་ཆེན་པོ་བླང་པ་ནི། །ལས་ལས་གྲུབ་པའི་དངོས་གྲུབ་ཅན། །ཞེས་བམ་ཆེན་ལ་ལས་ལས་གྲུབ་པའི་དངོས་གྲུབ་ཡོད་པས་ཡོན་ཏན་མཐའ་ཡས་པར་བསྔགས་པའི་བམ་གྱི་སྒྲུབ་པ་མཆོག་ནི་འདི་ལྟ་སྟེ། གཉིས་པ་ནི། མཚན་ཉིད་ ནས་ སྤྲོ་བས་བསྐང༔ ཞེས་གསུངས་ཏེ། དེའང་སྒྲུབ་པ་པོར་ལྟ་བའི་གདེང་ཐོབ་པ། འབྲིང་བསྙེན་སྒྲུབ་ཀྱི་དྲོད་རྟགས་དང་ལྡན་པ། ཐ་མ་རྟོག་པ་ཆུང་ཞིང་རོ་སྙོམས་པས། དུས་དབྱར་ཚ་བ་དང་དགུན་གྲང་བའི་སྒང་རུལ་ཁེངས་ཀྱི་སྐྱོན་འབྱུང་བ་མ་ཡིན་པའི་སྐབས་སུ་བསྒྲུབ་བྱ་རྒྱུད་དང་མན་ངག་ལས་འབྱུང་བ་ལྟར་མཚན་ཉིད་ལེགས་པར་བརྟགས་ནས་བླང་སྟེ། དེའང་སྐྱེས་ནས་ལོ་མ་འཁོར་བ་དང་ལྔ་བཅུ་ཡན་ཆད་རྒན་པ། དབང་ཐོབ་སྔགས་པ་དང་རིགས་ངན། གཅོང་ནད་རིམས་དུག་སོགས་ཀྱིས་ཤི་བ་མ་ཡིན་པ། རབ་སྐྱེ་བ་བདུན་པ། འབྲིང་རྒྱལ་རིགས་རྗེའུ་རིགས། ཐ་མ་སྐྱེས་དར་མ་གྲིར་ཤི་ནས་ཞག་གསུམ་མམ་བདུན་ནམ་དགུ་ལས་མ་ལོན་པ་བཀྲ་ཤིས་ཤིང་བྱ་གཅན་གྱིས་མ་བསྣད་པས་གཙང་མར་གྱུར་པའི་བམ་རོ་དེ་ཉིད། རྣལ་འབྱོར་པ་ལྟ་སྒོམ་གྱི་བརྟུལ་ཞུགས་དང་ལྡན་པས་སྔགས་དང་ཏིང་འཛིན་སྟངས་སྟབས་ཀྱིས་འདུལ་ཞིང་ཁྲོ་བོ་རོལ་པ་དང་ཕྲ་མེན་འགྱིང་ཚུལ་གྱིས་བཙལ་ལ་ཞི་བ་དང་ཁྲོ་བོའི་རྡོ་རྗེའི་འགྲོས་ཀྱིས་བླང་། དེ་ནས་ཤེས་པ་བདུན་ལྡན་གྱིས་སྦྱང་ཞིང་བསྒྲུབ་སྟེ། མི་གཙང་བར་ཤེས་པས་ཁྲུས་ཀྱིས་བཀྲུ། སེམས་ཅན་དུ་ཤེས་པས་སྡུག་བསྔལ་ཕྲལ། སློབ་མར་ཤེས་པས་དབང་བསྐུར། རིག་པའི་མེ་ཏོག་ཏུ་ཤེས་པས་དཀྱིལ་འཁོར་གྱི་དབུས་སུ་བཞག །ལྷར་ཤེས་པས་ཐོག་མར་བམ་ཧྲིལ་པོར་དཀྱིལ་འཁོར་བ་བསྐྱེད་ལ་བསྙེན། བར་དུ་ལུས་ཀྱི་རྒྱ་བཀྲལ་ནས་དོན་སྣོད་ཡན་ལག་རྣམས་ལྷ་གནས་སོ་སོར་བཀོད་ལ་དམ་ཡེ་དབྱེར་མེད་ཀྱི་བདུད་རྩིར་བསྒྲུབ། སྐབས་སུ་མཆོད་རྫས་སུ་ཤེས་པས་ཕུང་པོར་ཚོགས་སུ་འབུལ། མཐར་འཇའ་འོད་དང་སྔགས་སྒྲ་དང་དྲི་བཟང་དང་བདུད་རྩིའི་རྒྱུན་འཛག་ཅིང་བག་དྲོ་ཉམས་དགའ་བ་སོགས་གྲུབ་པའི་རྟགས་བྱུང་བ་དང་། ཐིག་ལེ་ཉག་གཅིག་ཏུ་ཤེས་པ་ནི་བམ་ལ་བསྐྱེད་པའི་ལྷ་ཉིད་འོད་དུ་ཞུ་ནས་རང་བྱུང་ཕུང་པོ་དམ་ཚིག་པའི་ལྷ་ལ་བསྐྱེད་ཅིང་སྤྱན་དྲངས་པ་ཡེ་ཤེས་ཀྱི་ལྷ་གཉིས་མེད་དུ་ཐིམ་པར་མོས་ལ་འཁོར་འདས་རོ་མཉམ་གནས་ལུགས་ཀྱི་ཚུལ་ལ་མཉམ་པར་བཞག་སྟེ་དུས་ཀྱི་དངོས་གྲུབ་ཆེན་པོ་བླང་། དེའང་རབ་ཡུལ་བམ་གྱི་རྫས་དང་ཡུལ་ཅན་རང་གི་དབང་པོ་དབྱེར་མེད་བདེ་བ་ཆེན་པོ་རྡོ་རྗེའི་བདུད་རྩི་ཟག་པ་མེད་པར་ཤེས་པས་དངོས་སུ་ལོངས་སྤྱོད། འབྲིང་རྫས་དང་སྤེལ་བ་དང་ཐ་མས་ཀྱང་དམིགས་པས་རོལ། བནྡྷ་དང་སྙིང་དངོས་གྲུབ་ཀྱི་རྟེན་དུ་བཟུང་བ་སོགས་ཡོ་བྱད་དུ་སྤེལ་བ་དང་། རྫས་དང་བསྲེས་པའི་རིལ་བུ་སླར་ཡང་བསྒྲུབ་ནས་འགྲོ་བ་ཀུན་ལ་སྤེལ་བ་དང་། ས་ཆུ་མེ་རླུང་ལས་མཁའ་ཁྱབ་ཏུ་སྤེལ་བ་སྟེ་སྤེལ་བ་དྲུག་ལྡན་གྱི་སྒོ་ནས་རྣལ་འབྱོར་པའི་དགྱེས་རྒུར་སྤྲོ་བས་རང་གཞན་ཉམས་ཆག་བསྐང་ཞིང་འབྲེལ་ཚད་དོན་དང་ལྡན་པར་བྱའོ། །དེའི་ཡོན་ཏན་གུ་རུའི་གསུང་ལས། གང་ཞིག་རྣལ་འབྱོར་སྒྲུབ་པ་པོ། །དངོས་གྲུབ་རྣམ་གཉིས་འདོད་པ་ན། །གཞན་གང་ནོར་བུ་མཆིང་བུ་ལྟར། །ཕྲན་ཚེགས་ཡིན་གྱི་འདི་ཉིད་ནི། །རིན་ཆེན་དབང་གི་རྒྱལ་པོ་ལྟར། །མཆོག་དང་ཐུན་མོང་ལ་སོགས་པ། །ཅི་འདོད་འབྱུང་ཕྱིར་འདི་ལ་འབད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །བདུན་པ་བདུད་རྩི་སྨན་གྱི་སྒྲུབ་པ་ལ་དགོས་པ་དང་བཅས་ཏེ་མདོར་བསྟན། དེའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། ཡེ་ཤེས་རྒྱས་བྱེད་སོགས་ཚིག་རྐང་གཅིག་སྟེ། དང་བླང་དམ་ཚིག་གི་རྫས་ཤ་ལྔས་དུག་ལྔ་སེལ་ཞིང་བདུད་རྩི་ལྔས་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་སྐྱེད་པའི་མཐུ་ལས་བདུད་བཞི་བཅོམ་ཞིང་དབང་བཞིའི་ཡེ་ཤེས་ལམ་དུ་བསླངས་ཏེ་གོང་ནས་གོང་དུ་རྒྱས་པར་བྱེད་པའི་ཐབས་མཆོག་བདུད་རྩི་སྨན་གྱི་སྒྲུབ་པ་ནི་དངོས་གྲུབ་རྣམ་པ་གཉིས་ཀྱི་གཏེར་དུ་གྱུར་པ་སྟེ། བདུད་རྩིའི་རྒྱུད་ལས། ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་འགྲུབ། །ཅེས་སོ། །གཉིས་པ་ལ་གཉིས། ཇི་ལྟར་སྒྲུབ་པའི་ཚུལ། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། སྣོད་བཅུད་ ནས་ མཉམ་སྦྱར་བས༔ ཞེས་གསུངས་ཏེ། དེ་ལ་བདུད་རྩིའི་ངོ་བོ། སྲིད་གསུམ་སྣོད་ཀྱིས་བསྡུས་པའི་འབྱུང་བ་ཕུང་པོ་འདོད་ཡོན་ཉོན་མོངས་པ་ལྔར་སྣང་བ་ཡེ་ནས་རང་བྱུང་གི་བདུད་རྩི་ཆེན་པོ་ལྔར་རྣམ་པར་དག་པས་རྐྱེན་གྱིས་བཅོས་མ་དགོས་པ་གདོད་ནས་འཁོར་འདས་ཐམས་ཅད་བདུད་རྩིའི་ངོ་བོར་གནས་པ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་སོ། །ངེས་ཚིག་ཨ་མྲྀཏའི་སྒྲ་ལས་འཆི་བ་མེད་པ་སྟེ་འཆི་བའི་འཇིགས་པ་བཅོམ་པའི་གསོས་སྨན་ཡིན་པའི་ངེས་པ་ལས་བདུད་རྩིར་གྲགས་པ་སྟེ། གསང་བ་འཁོར་ལོའི་རྒྱུད་ལས། །འཁོར་བ་བདུད་དང་འདྲ་བ་ལ། ཆོས་ཉིད་བདེན་པའི་རྩི་བཏང་ནས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཞེས་སོ། །བྱེད་ལས་ནི། དོན་གྱི་བདུད་རྩི་ལྔར་བཤད་པ་དེ་སྒོམ་པའི་ཉམས་མྱོང་གི་རྟོགས་པས་སྐྱེ་འཆི་མེད་པའི་ཡེ་ཤེས་ཀྱི་བཅུད་ཀྱིས་བྱང་ཆུབ་རྡོ་རྗེ་ཉེ་བར་ལེན་པར་བྱེད་པ་སྟེ། བདུད་རྩི་མཆོག་ལུང་ལས། ཐམས་ཅད་མ་ལུས་སངས་རྒྱ་ལྔ། །ལུས་པ་མེད་པ་ཡེ་ཤེས་ལྔ། །མ་བཅོས་ཡེ་ནས་དེ་ཉིད་དོ། །དེ་ཕྱིར་སྨན་ཆེན་བཅུད་ཀྱི་མཆོག །ཅེས་སོ། །རྟགས་ལུས་གནས་བདུད་རྩིར་དྭངས་མར་གྱུར་ན་འཆི་བ་མེད་པ་འགྲུབ་ཅིང་། དེའི་རིགས་གཏོགས་ཕྱི་རོལ་གྱི་རྫས་ལའང་ནུས་པ་ཆ་མཐུན་ཡོད་པས་སྦྱང་རྟོགས་སྦར་གསུམ་གྱིས་བརླབས་ཏེ་བསྟེན་ན་ལུས་ཁམས་བདུད་རྩི་དྭངས་མའི་བཅུད་ཀྱིས་རྒྱས་ཤིང་འཆི་བ་མེད་པའི་ཚེ་དབང་ཉེ་བར་ལེན་པའི་གྲོགས་བྱེད་དེ། བམ་བརྒྱད་ལས། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །བདུད་བཞི་ངེས་པར་འཇོམས་པར་བྱེད། །སྨན་གྱི་རྒྱལ་པོ་བཅུད་ཀྱི་མཆོག །ཅེས་སོ། །བསྒྲུབ་པའི་རྫས་ནི། བདུད་རྩིའི་རྒྱུད་ལས། གཙོ་བོའི་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ཞེས་གསུངས་པའི་གཙོ་བོ་མཆོག་གི་དམ་རྫས་རང་བྱུང་བདུད་རྩི་ལྔ་དང་། ཐུན་མོང་གི་རྫས་རྩ་བ་བརྒྱད་ལ་སྔོན་བྱུང་དང་ཕྱི་ནང་གསང་གསུམ་སྒྲུབ་པ་ལག་ལེན་གྱི་རྩ་བ་སྟེ་བརྒྱད་ཚན་ལྔར་བཤད་པའི་ཕྱི་མ་སྦྱར་བྱ་དངོས་ལ། སྙིང་པོ་ལྔ། འབྲས་བུ་ལྔ། ཡོན་ཏན་ལྔ། སྡུད་པ་ལྔ། དུལ་བ་ལྔ་དང་གཙོ་བོ་ལྔ་བཅས་ལ་རིགས་མཐུན་གྱི་རྩི་བཅུད་སྨན་དུ་གྱུར་ཚད་སྦྱར་བས་ཡན་ལག་སྟོང་དུ་གྲུབ་པ་ཡིན་ལ། དགོས་དོན་ལྔ་དང་དགོས་ཆས་ལྔ་རྣམས་ཀྱང་ཚོགས་པར་བྱས་ནས་ཐོག་མར་འཚོལ་བ་ལ་མཁས་པས་བཙལ། བར་དུ་བསྲེལ་བ་ལ་མཁས་པས་ལེགས་པར་སྦྱར་རོ། །སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམས་པའི་ཡར་གྱི་ཚེས་བརྒྱད་ལ་བྱ་བར་བཤད། ཇི་ལྟར་སྒྲུབ་པའི་ཚུལ་ནི། སྔོན་འགྲོ་བསྙེན་པ་གསོ་ཞིང་སྒྲུབ་པའི་གཞི་བཟུང་བ། ཕྱི་བཤགས་དང་ས་ཆོག ཁྱད་པར་གྱི་ཡོ་བྱད་དང་རྟེན་གྱི་དཀྱིལ་འཁོར་འདུ་བྱས་ཏེ་དམ་རྫས་ཀྱི་རིགས་དང་ཁ་དོག་གི་དབྱེ་བས་བཀོད། དངོས་གཞིའི་ཐོག་མར་ཁྲོལ་བུར་སྦྱོང་བ་ནི། རྡོ་རྗེ་བཀོད་པ་ལས། དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱོང་བའི་མཆོག་ཏུ་བྱ། །ཞེས་པ་ལྟར། འཁྲུལ་སྣང་གཉིས་ཆོས་དུ་མར་བདེན་པར་ཞེན་པའི་རྟོག་ཚོགས་དམ་པ་རིགས་བརྒྱ་སྐུའི་འཁོར་ལོར་སྦྱང་བ་དང་། རིགས་མང་པོ་བཟང་ངན་དུ་བལྟ་བའི་རྟོགས་པ་ལྡོག་ཕྱིར་དེ་ཉིད་རིགས་ལྔ་གསུང་གི་དབྱིངས་སུ་སྦྱོང་བ་དང་། རིགས་ཐ་དད་དུ་འཛིན་པའི་ཞེན་པ་བསལ་ཕྱིར་གསང་ཆེན་རིགས་གཅིག་ཐུགས་ཀྱི་ཐིག་ལེར་བསྡུས་ཏེ་མཆོད་ཅིང་བསྟོད་ལ་དངོས་གྲུབ་ཀྱི་དབྱིག་བསྡུ། སྐབས་སུ་སྨན་གྱི་དངོས་གྲུབ་མྱུར་བའི་གྲོགས་རིག་འཛིན་རྣམས་བསྐུལ་ཞིང་གཙང་སྦྲ་ལ་གནས་པ་དེ་དག་གཉིས་འཛིན་གྱི་རྟོག་པ་བསལ་བ་ཐམས་ཅད་བཟང་ངན་བླང་དོར་བྲལ་བའི་དམ་ཚིག་ལ་གནས་པར་བྱ། སྦྱོར་སྒྲོལ་གཉིས་མེད་ཀྱི་དགོངས་པས་བཏགས་ཤིང་བཙགས་ལ་སྦོལ། ཚད་གཞལ་ལ་རྒྱས་བཏབ་སྟེ་དཀྱིལ་འཁོར་དུ་བཀོད། དེ་ནས་ཕྱེ་མ་ཚུལ་བཞིན་བསྒྲུབ་པར་བྱ་སྟེ། དེའང་དང་པོ་འཇུ་འདུལ་གྱི་དགོངས་པ་ཞི་བའམ་ཁྲོ་བོ་ཧེ་རུ་ཀ་ཡབ་ཡུམ་དགའ་བཞིའི་རོས་དགྱེས་པ་ཆེན་པོའི་ཉམས་དང་ལྡན་པའི་ལྷའི་དཀྱིལ་འཁོར་སུམ་ལྡན་ནམ་བརྒྱད་ལྡན་དུ་བསྒོམས་ལ། ཡེ་ཤེས་རྫས་དང་ཐབས་ཤེས་སོགས་སྦྱོར་བ་བརྒྱད་ལྡན་གྱིས་མཚོན་གཞུང་སོ་སོ་ལས་བཤད་པའི་སྦྱོར་ཐབས་དུ་མས་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་མཁའ་ཁྱབ་ཏུ་སྤྲོས་ཏེ་དོན་གཉིས་བྱས། ཚུར་འདུས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་དང་བདུད་རྩིར་དབབ། བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དུ་བ་སྒྲ་དང་དྲི། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་བ་གྲུབ་རྟགས་ཡིན། །ཞེས་པ་ལྟར་གྲུབ་པའི་རྟགས་མཐོང་ནས་ཡབ་ཡུམ་མཁའ་གསང་གི་སྒོ་དབྱེ་ཞིང་འཁོར་འདས་དྭངས་བཅུད་ཐིག་ལེ་གཅིག་ཏུ་བསྐྱིལ་ནས་སྨན་གྱི་ཕོ་བྲང་དུ་དབབ། དབང་དུ་བྱ་བ་དང་གནད་ལ་དབབ་པ་སོགས་ཕྲིན་ལས་ཀྱི་བྱ་བ་རྣམས་གྲུབ་ནས། རྗེས་ཀྱི་རིམ་པ་ནི། ཉེ་སྙིང་ལས། འདུས་པའི་རྣལ་འབྱོར་རབ་གུས་པས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །ཅེས་པ་ལྟར་བྱས་ཏེ་གུ་ ་ལག་གི་ཕྱག་རྒྱས་བླངས་ལ་དབང་ནོད། དད་མོས་སྐལ་པ་ལྡན་པའི་འདུ་ཚོགས་གཞན་ལའང་དབང་དང་དངོས་གྲུབ་ཀྱི་བགོ་སྐལ་སྦྱིན་ཏེ་འབྲེལ་བར་བཅས་པ་ཐམས་ཅད་བདེ་བ་ཆེན་པོ་རྡོ་རྗེའི་རིགས་གཅིག་ཏུ་མཉམ་པར་སྦྱར་བས། རྒྱུད་དང་ལུང་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་འཐོབ་པར་འགྱུར་རོ། །གཉིས་པ་ནི། ཚེ་དང་སྐོང་དང་ ནས་ མཆོག་ལ་སྦྱོར༔ ཞེས་གསུངས་ཏེ། དེ་ལྟར་བསྒྲུབས་པའི་ཡོན་ཏན་ཀྱང་སྐབས་སུ་འཆི་མེད་ཚེ་དང་ཉམས་ཆག་སྐོང་བ་དང་འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་དང་ནད་གདོན་སྡིག་སྒྲིབ་སེལ་བ་སོགས་མདོར་ན་ཡོན་ཏན་གྱི་ཁྱད་པར་བརྒྱ་རྩ་བརྒྱད་འགྲུབ་ཅིང་། གང་དུ་སྒྲུབ་པའི་སྣོད་བཅུད་ཐམས་ཅད་ཀྱང་དཔལ་ཧེ་རུ་ཀའི་ཞིང་དང་སྐུའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་མཐར་ཐུག་འདུས་པའི་ཚོམ་བུ་འཁོར་དང་བཅས་པ་སྟན་ཐོག་གཅིག་ཏུ་གདོད་མའི་སར་རྣམ་པར་གྲོལ་བ་མཆོག་སྦྱོར་བར་བྱེད་དེ། དེ་དག་གི་ཚུལ་ཡང་བདུད་རྩིའི་ལུང་བམ་པོ་བརྒྱད་པ་སོགས་ལས་རྒྱ་ཆེར་གསུངས་སོ། །གསུམ་པ་ཇི་ལྟར་སྒྲུབ་པའི་ལམ་བཤད་པ་ལ་གཉིས། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ ལམ་རིམ་ནི༔ ཞེས་གསུངས་ཏེ། བཤད་ཟིན་པ་དེ་ལྟར་བསྐྱེད་རིམ་དང་འབྲེལ་བར་མཆོག་སྒྲུབ་གཙོར་གྱུར་པ་དང་ཐུན་མོང་གི་ཕྲིན་ལས་གཙོར་བསྟན་པ་སྟེ་དངོས་གྲུབ་རྣམ་པ་གཉིས་ཀྱིས་བསྡུས་པ་ཀུན་ཀྱང་རྒྱུད་ལུང་མན་ངག་གི་ཟབ་དོན་ལྟར་ཚུལ་བཞིན་དུ་སྒྲུབ་པ་ལ་ལུས་ཡོངས་སུ་རྫོགས་པའི་ལམ་ལ་བསྟེན་དགོས་པས་དེའི་རིམ་པ་ནི་འདི་ལྟ་སྟེ། གཉིས་པ་ལ་གཉིས། སྟོང་ཆེན་སོགས་རྣལ་འབྱོར་སྔ་མ་བཞི་མདོ་ཙམ་བཤད་པ་དང་། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་རྒྱས་པར་བཤད་པའོ། །དང་པོ་ནི། སྟོང་ཆེན་ ནས མངོན་གྱུར་ནས༔ ཞེས་གསུངས་ཏེ། དེ་བཞིན་ཉིད་སྟོང་པ་ཆེན་པོ་དང་ཀུན་སྣང་སྙིང་རྗེ་སྒྱུ་མའི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་བསྙེན་པ་དང་། ཕྲ་བ་ཡིག་འབྲུ་དང་རགས་པ་ལྷ་སྐུ་ཕྱག་རྒྱ་གཅིག་པའི་གསལ་སྣང་བརྟན་པོར་གྲུབ་ནས། ཕྱག་རྒྱ་སྤྲོས་བཅས་ཀྱི་དཀྱིལ་འཁོར་བསྒོམས་ཏེ་ཉེ་བར་བསྙེན་པའམ། ཡང་ན་དེ་རྣམས་ལས་དེ་ཏིང་གི་བསྙེན་པ་དང་ཀུན་ཏིང་གིས་ཉེ་བསྙེན་རྒྱུ་ཏིང་ཕྱག་རྒྱ་གཅིག་སྤྲོས་སྒྲུབ་པའི་ཚུལ་དུ་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་གོང་བཤད་ཉམས་ལྔ་མཐར་ཕྱིན་པའི་དྲོད་ཚད་ཕྱི་ནང་གསང་བ་དང་རྟགས་ཀྱི་རིམ་པ་དང་དངོས་གྲུབ་ཀྱི་མཚན་མ་ཅི་རིགས་པ་མངོན་དུ་གྱུར་ནས་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱའོ། །དེ་ལ་དྲོད་ནི་སྒྱུ་འཕྲུལ་ལམ་རིམ་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །ཞེས་པ་ལྟར་ཕྱིའི་དྲོད་ལུས་ཡང་བ་སྙམ་བྱེད་པ་དང་། ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་དོན་ཐོག་ཏུ་ཤིན་ཏུ་ཕེབས་པ་སྟེ། ལུས་བདེ་ངག་གསལ། སེམས་མི་རྟོག་པའི་དྲོད་གསུམ་མོ། །རྟགས་ནི་མིག་སྒྲོན་འགྲེལ་བར། ངེས་པར་དྲོད་གསུམ་མྱོང་ནས་ནི། །རྟགས་ཀྱི་རྣམ་པ་ཅིར་ཡང་སྣང་། །ཞེས་པ་ལྟར་དྲོད་བརྙེས་པའི་རྟགས་ཀྱང་ཕྱི་རྟགས་སུ་དངོས་པོ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མ་ཕྲ་མོས་སྤྱོད་ཡུལ་གང་བར་མཐོང་བ་དང་། གཞན་ཡང་དུ་བ་ལྟ་བུ་ལ་སོགས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁ་དོག་ལྔའི་ཟད་པར་གྱི་སྐྱེ་མཆེད་དང་། ནམ་མཁའ་ལས་པདྨ་ཆེན་པོའི་འོད་དང་རྡུལ་ཕྲན་དང་། སྐར་མ་དང་། ཟླ་ཚེས་སོགས་མཐོང་བ་དང་། ནང་རྟགས་སུ་ལུས་ངག་ལ་བཟོད་པ་ཐོབ་པ་དང་། ཉོན་མོངས་པ་ལྔའི་སེམས་རྒྱུན་བགས་ཀྱིས་ཆུང་དུ་འགྲོ་བས་ཆོས་བརྒྱད་འགོ་སྙོམས་པ་སོགས་འབྱུང་བ་དང་། གསང་རྟགས་རླུང་ལ་ཅུང་ཟད་དབང་ཐོབ་ཅིང་མངོན་ཤེས་ཕྲ་མོ་འཆར་བ་དང་། རྨི་ལམ་དུ་སྡིག་སྒྲིབ་དག་པ་དང་ས་ཐོབ་པ་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པའི་ལྟས་ཡང་ནས་ཡང་དུ་འབྱུང་བའོ། །དངོས་གྲུབ་ཀྱི་མཚན་མ་ཐུན་མོང་གི་ལས་དང་གྲུབ་པ་ཆེན་པོ་རྣམས་ཏེ། སྒྱུ་འཕྲུལ་རྩ་རྒྱུད་དུ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་དང་དེར་མ་ཟད་བཤད་རྒྱུད་རྣམས་སུ་མང་དུ་གསུངས་པ་སོགས་མཐའ་ཡས་ཏེ། དཀོན་མཆོག་བརྩེགས་པ་ལས། ཏིང་ངེ་འཛིན་གྲུབ་བའི་སེམས་ཀྱི་སྤྱོད་ཡུལ་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ། རྫས་དང་སྨན་དང་སྔགས་དང་ནོར་བུ་རྣམས་ཀྱི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། ཅེས་གསུངས་པ་ལྟར་རོ། །གཉིས་པ་ལའང་མདོར་བསྟན་པ་དང་། རྒྱས་པར་བཤད་པ་ལ་གཉིས། དང་པོ་ནི། ཚོམ་བུ་ ནས་ མཐར་ཕྱིན་སླད༔ ཅེས་གསུངས་ཏེ། བཤད་མ་ཐག་པའི་བསྙེན་པ་ཉེ་བསྙེན་སྒྲུབ་པ་གསུམ་གྱིས་དྲོད་རྟགས་མཚན་མ་མངོན་དུ་གྱུར་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དངོས་གཞི་དང་སྒྲུབ་པ་ཆེན་པོའི་ལས་སྦྱོར་ལ་བརྟེན་ནས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་མཐར་ཕྱིན་པའི་སླད་དུ་ཚུལ་འདི་ལ་འཇུག་པར་བྱའོ། །ཚོམ་བུ་ཚོགས་སྒྲུབ་ཅེས་པའི་དོན་ཡང་ཁོག་གཞུང་ལས། ཚོགས་ནི་འབྱོར་བ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་འདུས་པ་ཆུང་ངུའི་ཚེ་ཚོམ་བུ་གཅིག་གསུམ་ལྔ་པའི་གཙོ་བོ་ཡབ་ཡུམ་ཙམ་འཚོགས་པ་སྟེ་གཉིས་པ་དང་དྲུག་དང་བཅུ་ཚང་བ། འབྲིང་ལ་དཀྱིལ་འཁོར་གྱི་གྲངས། ཆེན་པོ་དེ་ཡན་ཆད་རབ་ཏུ་མང་པོ་འདུས་པ་དང་། རེ་རེའང་སྐབས་ཀྱིས་གསུམ་གསུམ་སྟེ། སྐལ་ལྡན་མི་དང་དགྱེས་ལྡན་ལྷ། །འབྱོར་ལྡན་ཡོ་བྱད་ལྔ་པོས་སོ། །ཞེས་གསུམ་གྱི་སྟེང་དུ་ཚོགས་ཆེན་པོ་བསྣན་པ་བཅས་མདོར་ན་རྟེན་དང་གང་ཟག་ཡོ་བྱད་ཁྱད་པར་ཅན་ཚོགས་ནས་སྒྲུབ་པའི་དོན་ནོ། །གཉིས་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་བསྒྲུབ་ཡན་ལག་བཞི་བྱེ་བྲག་དང་བཅས་པས་སྒྲུབ་པའི་གཞུང་བསྲང་བའོ། །དང་པོ་ནི། དབེན་ཞིང་ ནས་རྣམ་དག་པས༔ ཞེས་གསུངས་ཏེ། དེའང་སྒྲུབ་པ་ཆེན་པོ་བརྩམ་པ་ལ་ཕུན་སུམ་ཚོགས་པ་ལྔ་ཚོགས་དགོས་ཏེ། ལས་རིམ་ལས། དེ་ཡང་ཐོག་མར་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་པས་གང་དུ་སྒྲུབ་པའི་གནས་ནི། བསམ་གཏན་གཡེང་བའི་རྐྱེན་སྤྱི་དང་བྱེ་བྲག་དགྲ་རྐུན་གཅན་གཟན་གཏུམ་པོ་སོགས་གཟུགས་ཅན་དང་འབྱུང་པོ་གདུག་པ་ཅན་གྱི་གནས་རྟེན་མེད་པས་འཚེ་དོགས་ཀྱིས་དབེན་ཅིང་ལས་བཞིའི་དངོས་གྲུབ་སྒྲུབ་པའི་མཚན་ཉིད་ཚང་བས་ཉམས་དགའ་བ་དང་ཁྱད་པར་རྒྱལ་བ་རིག་འཛིན་གོང་མས་ཞབས་གཅགས་པས་བྱིན་རླབས་ཀྱི་ཟིལ་དང་ལྡན་ལ་བཀྲ་ཤིས་པའི་གནས་ཕུན་སུམ་ཚོགས་པ་དག་ཏུའོ། །གང་གི་ཚེ་སྒྲུབ་པའི་དུས་ནི། བྱང་བགྲོད་ལྷའི་ཉིན་མོ་དང་ར་བ་བཞིའི་ཡར་ངོའམ་མདོ་སྔགས་ཀྱི་སྟོན་པས་བྱིན་གྱིས་བརླབས་པའི་དུས་ཆེན་ཁྱད་པར་གཟའ་ཆེན་ལྷའི་བླ་མ་རྒྱུ་སྐར་རྒྱལ་དཀར་ཕྱོགས་ཀྱི་ཚེས་བརྒྱད་གསུམ་འཛོམ་དངོས་གྲུབ་སྦྱོར་བ་ལྟ་བུ་རྒྱུད་དང་གཙུག་ལག་གི་གཞུང་ལས་ཀྱང་ཡ་མཚན་ཆེན་པོར་བསྔགས་པའི་དུས་ཕུན་སུམ་ཚོགས་པར་རོ། །གང་ལ་བརྟེན་ནས་སྒྲུབ་པའི་རྫས་ནི། སྒྲུབ་པ་རྟེན་མཆོད་པ་རྫས་འཚོ་བ་ཟས་ནད་ཟློག་སྨན་རྐྱེན་ཟློག་ཐབས་ཀྱི་ཁྱད་པར་སོགས་སྤྱི་དང་ཁྱད་པར་དུ་བཤད་པ་ཕུན་སུམ་ཚོགས་པའི་ཡོ་བྱད་དང་བཅས་ཏེའོ། །གང་གིས་སྒྲུབ་པ་པོ་ནི། བསྐྱེད་རྫོགས་དམ་པའི་མཛོད་གསུམ་འཛིན་པ་སོགས་ཡོན་ཏན་བརྒྱད་ལྡན་གྱི་སྟོན་པ་རྡོ་རྗེ་སློབ་དཔོན་དང་། རྡོ་རྗེའི་གཟུངས་མ་རྒྱལ་ཚབ་རིགས་བཞིའི་རྒྱལ་ཐེབས་ནས་ཕྱག་ཚང་རྡུལ་ཕྱགས་ཀྱི་བར་སོ་སོའི་ལས་བསྐོས་ལ་མཁས་ཤིང་སྣོད་ཀྱི་སྐྱོན་གསུམ་བྲལ་ལ་ཡོན་ཏན་ལྔ་དང་ལྡན་པའི་འཁོར་ཕུན་སུམ་ཚོགས་པ་སྟེ་མཚན་ཉིད་ཚང་བའི་སྒྲུབ་པ་པོ་ཚོམ་བུ་ཆེ་འབྲིང་ཆུང་ངུ་གང་རུང་འདུས་པ་དེ་ཡིས་སོ། །ཇི་ལྟར་སྒྲུབ་པའི་ཐབས་ནི། རྣལ་འབྱོར་པ་རིམ་གཉིས་ཀྱི་ཏིང་འཛིན་གསལ་ཞིང་བརྟན་ལ་གཞུང་ནས་ཇི་སྐད་བཤད་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཆོ་ག་རྣམས་ལ་ཉམས་པའི་རྒྱུ་བཞི་དང་སླ་ཐལ་བས་མ་ལྷག་པ་དང་དཀའ་བས་མ་ཆད་པར་རྣམ་པར་དག་པའི་སྒྲུབ་ཐབས་ཕུན་སུམ་ཚོགས་པས་འདིར་འཇུག་པར་བྱའོ། །གཉིས་པ་ནི། ས་གཞི་ ནས་ དངོས་གྲུབ་བླང༔ ཞེས་གསུངས་ཏེ། སྒྲུབ་པའི་སྔོན་འགྲོ་ས་གཞི་ལེགས་པར་བརྟགས་ནས་རུང་བར་གྱུར་པ་དེ་སྣང་བ་གཟུགས་ཅན་གྱིས་བདག་ན་རིན་དང་བདེན་པས་བསླང་། མི་སྣང་བས་ལྷ་གཞི་གནས་ཀྱི་བདག་པོ་ལ་གཏོར་མ་གསེར་སྐྱེམས་ཀྱིས་བརྔན་ནས་བསླང་ཞིང་རྫས་དང་དམིགས་པས་བདག་གི་དབང་དུ་བྱས་ཏེ་སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་དང་ཁྲོ་བཅུའི་ཕུར་བུ་གདབ་ཅིང་འབར་བའི་སྟངས་སྟབས་རྣམས་ཀྱིས་སྲུང་། ཕྱི་བཤགས་མཆོད་སྦྱིན་གསུང་རབ་ཀློག་པ་སོགས་སྒྲིབ་སྦྱོང་ཚོགས་གསོག་གི་རིམ་པ་སྤྱི་དང་། ནང་རུ་ཆེན་བཞིའི་བཤགས་པ། གསང་བ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་རྣམས་ཀྱིས་རྒྱུད་སྦྱང་། ཕྱི་མཚམས་རྒྱལ་ཆེན་བཞི་ལ་གཉེར་གཏད། བར་མཚམས་སྔགས་ཀྱི་དམ་ཚིག་ཉམས་ནས་སྲི་རྐྱེན་དུ་སྐྱེས་པ་རྣམས་ནུས་པའི་སྟོབས་ཀྱིས་མནན། ནང་མཚམས་གལ་པོ་ལས། ཆོས་ཀྱི་རྒྱལ་པོ་བདུད་རྩི་ཡི། །ཕྱི་ནང་སྒོ་བྱང་གདགས་པར་བྱ། །ཞེས་པ་ལྟར་ལས་གཤིན་འཁྱིལ་པ་སྒོ་ཕྱི་ནང་གི་སྲུང་མར་བཅོལ། གསང་མཚམས་མཚོན་ཆ་ལྔ་དང་ཁྲོ་བོ་འཆོལ་བ་སོགས་ཀྱི་སྲུང་འཁོར་དང་དེ་བཞིན་ཉིད་ལྟ་བའི་མཚམས་བཅད་བཅས་བྱ་ཞིང་། བགེགས་ཕྲན་རྣམས་ཀྱིས་བར་དུ་གཅོད་མི་ནུས་པའི་ཕྱིར་དུ་བགེགས་ཀྱི་རྒྱལ་པོ་མ་ཏྲཾ་རུ་དྲ་དྲག་པོའི་སྟབས་ཀྱིས་བསྒྲལ་ཞིང་སྤར་ཏེ་རོལ་པའི་བྲོས་མནན་ལ་ཡན་ལག་སོགས་དུར་ཁྲོད་བརྒྱད་དང་ཁོག་པ་གཞལ་ཡས་ཁང་པ་སྟེ་རྡོ་རྗེའི་ཞིང་ཁམས་སུ་བྱིན་གྱིས་བརླབ། དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་དོན་དུ་ལྷ་དང་དབང་བསྐུར་བའི་དོན་དུ་བུམ་པ་དང་སློབ་མ་རྣམས་ལྷག་པར་གནས་པའི་སྟ་གོན་གྱི་རིམ་པ་ཚུལ་བཞིན་དུ་བྱ། དེ་ནས་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་ཐོག་མར་དྲི་དང་བདུད་རྩི་ལྔ་ལ་སོགས་པའི་ཆག་ཆག་གདབ། བྱིན་རླབས་ཀྱི་ཆོ་ག་དང་ལྡན་པས་ལས་དང་ཡེ་ཤེས་ཀྱི་ཐིག་བཏབ་ལ་རབ་འབྲིང་ཐ་མའི་རྡུལ་ཚོན་གྱིས་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཞེངས་ལ་སྒྲུབ་བརྟེན་དབང་ཆས་དངོས་གྲུབ་དང་མཆོད་རྫས་རྒྱན་གྱི་བྱེ་བྲག་རྣམས་ལེགས་པར་བཀོད། ཕྲིན་ལས་ལ་འཇུག་རུང་གི་བྱ་བ་སྒྲུབ་པ་པོ་མཆེད་ལྕམ་རྣམས་རང་གནས་སུ་འགོད་ཅིང་ཞི་ཁྲོའི་ཆས་ཀྱི་མངའ་གསོལ་མ་མོ་མཁའ་འགྲོས་རང་གི་སྡེ་ཚན་དུ་ཤེས་པའི་ཕྱིར་དཔལ་གྱི་རྟགས་གསུམ་གདབ། མཆེད་གསར་བུ་བ་བསྲེ་བསྣན་གྱི་ཆོ་གས་སྣོད་རུང་དུ་བྱའོ། །དེ་ནས་དངོས་གཞི་སྒྲུབ་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞིས་གཞུང་སྲོང་བ་སྟེ། ཏིང་འཛིན་རྣམ་པ་གསུམ་གྱིས་གཞི་བཟུང་རྣལ་འབྱོར་ཕོ་མོ་དང་ལྷ་ཡབ་ཡུམ་གྲངས་སྦྱར་ནས་སྒོམ་པའམ། མོས་སློབ་ལ་རྣལ་འབྱོར་པ་སྤྱིས་དཀྱིལ་འཁོར་སྤྱི་བསྒོམས་ལ་བདག་དམ་ཚིག་པ་ལྷ་ཡེ་ཤེས་པ་བར་གྱི་འཕྲོ་འདུ་སྟེ་གསལ་བ་གསུམ་ལྡན་གྱི་སྒོ་ནས་ཕྲིན་ལས་ཚུལ་བཞིན་དུ་བཏང་། སྒྲུབ་པ་ཇི་ཙམ་བྱེད་པའི་སུམ་ཆ་དང་པོར་བསྙེན་པའི་ཆོ་གས་སྣོད་གཞལ་ཡས་ཁང་དུ་སྦྱངས་ཏེ་རྟོག་ཚོགས་ཀྱི་སྒྲིབ་པ་བསལ། སུམ་ཆ་གཉིས་པར་ཉེ་བར་བསྙེན་པས་བཅུད་སྣང་སྟོང་ལྷའི་འཁོར་ལོར་སྦྱངས་ཏེ་དངོས་གྲུབ་ཀྱི་དབྱིག་བསྡུ། ཆ་གསུམ་པར་སྒྲུབ་པའི་དགོངས་པས་སེམས་ཀྱི་རྒྱུད་རང་བྱུང་ཡེ་ཤེས་ཆེན་པོར་སྦྱངས་ཏེ་དངོས་གྲུབ་གཉིས་ལ་རང་གི་དབང་དུ་གྱུར་པར་བྱ། དེ་དག་གི་སྐབས་ཉིན་མཚན་དུས་དྲུག་དུ་ཚོགས་ཀྱི་མཆོད་པས་ལྷ་དང་དམ་ཅན་དགྱེས་པ་བསྐྱེད་ཅིང་ཉམས་ཆག་བསྐང་། དུས་ཚོད་བཅུ་གཉིས་སུ་ལྟ་ཉན་གྱིས་ཉུལ་ཞིང་སྒྲུབ་པ་ལ་བར་གཅོད་བྱེད་པའི་འབྱུང་པོ་རྣམས་ཕུར་ཐུན་གྱིས་གཟིར་ཅིང་དཔལ་གྱི་ཕོ་ཉ་བཅུ་གཉིས་ཚར་གཅོད་དུ་བསྐུལ། དུས་དེར་དངོས་གྲུབ་སྦྱིན་པའི་ལྷ་རེའང་འབྱུང་བས་རྒྱན་གོས་སོགས་ཀྱིས་གཟི་བྱིན་བསྐྱེད་ལ་བདག་གནས་སྒྲུབ་པའི་རྟེན་རྣམས་ལ་བྱིན་ཆེན་དབབ། སྒྲུབ་པ་དབུ་བཙུགས་ནས་མཐར་མ་སོན་གྱི་བར་དུ་སྣང་བ་ལྷའི་དཀྱིལ་འཁོར་གྲགས་པ་སྔགས་ཀྱི་རང་སྒྲ་དྲན་རྟོག་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་བཟླས་པ་གསུང་མི་འཆད་དུ་བྱ་བ་དང་ཏིང་ངེ་འཛིན་གྱི་འཕྲོ་འདུ་རྒྱུན་མི་བཅད་པར་གཉིད་རྨུགས་ལེ་ལོ་ཆགས་སྡང་སོགས་ཀྱིས་ཡིད་རྣམ་པར་གཡེང་བ་སྤངས་ཏེ་རྩེ་གཅིག་ཏུ་བསྒྲུབས་པར་བྱས་པ་ལས། གྲུབ་པའི་རྟགས་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་སྒྲུབ་རྟེན་དམ་ཚིག་གི་བྲིས་སྐུ་བཞད་ཅིང་ནང་མཆོད་བདུད་རྩི་སོལ་སྒྲ་བཅས་ཁོལ་ནས་རླངས་པ་ཕྱུར་བ་དང་། མར་མེ་རང་བཞིན་གྱིས་འབར་ཞིང་གཏོར་མ་ལ་བདུད་རྩི་འབབས་པ་སོགས་སྒྲུབ་རྫས་ཞལ་དུ་འཁྱིལ་བ་དང་། ལྷའི་ཞལ་མཐོང་ཞིང་མཁའ་འགྲོས་ལུང་བསྟན་པ་དང་། འོད་དང་སྒྲ་དང་དྲི་བཟང་འཐུལ་བ་སོགས་སྤྱི་དང་། ཁྱད་པར་གྱི་རྟགས་ཉམས་དང་རྟོགས་པའི་རྩལ་ཆེན་ཕྱོགས་མེད་དུ་འབར་ཞིང་ཡང་དག་པའི་ཡེ་ཤེས་ལ་རང་དབང་ཐོབ་པས་འདོད་རྒུར་སྒྱུར་བ་སོགས་ངེས་པའི་རྟགས་རྫོགས་པར་བྱུང་བ་དང་། རྗེས་ཀྱི་ལས་རིམ་ནུབ་ཐ་མར་སྒྲུབ་པ་ཆེན་པོའི་ལས་ལ་སྦྱར་བར་བྱ་སྟེ། དེའང་ནམ་གྱི་སྲོད་ལ་མཱཾ་ས་ཟླ་རྒྱས་ཚེ་གལ་མ་ད་ནཱ་སོགས་བཀྲ་ཤིས་པའི་རྫས་ལ་རྟེན་བྱས་ཐུགས་དམ་གནད་ནས་བསྐུལ་ཏེ་ལྷ་ལས་དངོས་གྲུབ་བླང་བ་དང་། ནམ་གུང་དུ་འཁོར་ཁང་བར་མར་བསྒྲལ་བྱ་མཆོག་ཆེན་མཆོག་ཕྲན། སྒྲོལ་བྱེད་འཛིན་སྒྲོལ་སྟོབ་པའི་ཀིངྐ་ར། སྒྲོལ་བའི་ཐབས་ངོ་མཚར་བདུན་ལྡན་གྱི་ཆོ་ག་སོགས་ཀྱིས་སྒྲོལ་བ་ལམ་དུ་བྱས་ནས་དངོས་གྲུབ་བླང་བ་དང་། ཐོ་རངས་དུས་སུ་རྣལ་འབྱོར་བའི་ནུས་པ་དང་མཐུན་པའི་གཟུངས་མ་ལྷ་ཀླུ་མི་མོ་རིགས་ཅན་ལྔ་སོགས་ཁྲུས་ནས་དབྱུང་ཞིང་རྒྱན་བཏགས་སྣོད་རུང་དུ་བྱས་ཏེ་འཁོར་ཁང་ནང་མར་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་བསྐྱེད་པ་བསྙེན་པ། འདུ་ཤེས་གསུམ་ལྡན་གྱིས་སྦྱོར་བའི་བརྡས་བསྐུལ་བ་ཉེ་བསྙེན། ཕྱག་རྒྱ་བཞིསསྙོམས་པར་ཞུགས་ཏེ་ཡས་བབ་ཀྱི་དགའ་བཞི་ངོས་བཟུང་བསྒྲུབ་པ། མཁའ་ལས་བྱང་ཆུབ་སེམས་རྡོ་རྗེའི་ལྕེས་འཇིབ་སྟེ་ལྡོག་དགྲམ་གྱི་སྦྱོར་བས་མས་བརྟན་གྱི་དགའ་བཞི་མཐར་སྐྱེལ་བསྒྲུབ་ཆེན་ཏེ་སྦྱོར་དུས་གྱི་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པས་སྦྱོར་བ་ལམ་དུ་བྱས་ལ་དངོས་གྲུབ་བླང་། མོས་སློབ་ཙམ་ལ་ལྷ་ལས་དངོས་སུ་བླང་། གཞན་དག་ཏིང་ངེ་འཛིན་གྱིས་བསྒྲུབ་པ་སོགས་བྱས་ནས་གཞན་དག་ལ་སྒྲུབ་པའི་དབང་སྦྱིན། ལྷག་མའི་ཆོ་ག་དང་ཕྱི་རོལ་ཏུ་གཏོར་མ་བཏང་། དགོས་པ་དང་འབྲེལ་ན་དྲག་གཏོར་ཟོར་དུ་བསྐུལ། བཟོད་པར་གསོལ་ལ་དཀྱིལ་འཁོར་བསྡུ། སྤྱོད་ལམ་རྒྱུན་ཏིང་ལ་འཇུག་ཅིང་བསྔོ་སྨོན་གྱིས་རྒྱས་གདབ། ཕྱི་མཚམས་བཀྲོལ་ཞིང་གནས་སྲུང་བ་སོགས་སྒྲུབ་ཆེན་གྱི་ཁོག་གཞུང་རྣམས་ལས་འབྱུང་བ་བཞིན་ཤེས་པར་བྱའོ། །བཞི་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་རིག་འཛིན་གྲུབ་པའི་དུས་བསྟན་པ་ནི། དེ་ལྟར་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། ཟག་བཅས་ལམ་གྱི་རྣལ་འབྱོར་སྟོང་ཆེན་སྙིང་རྗེ་ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། ཚོགས་སྒྲུབ་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཇི་སྐད་བཤད་པ་དེ་ལྟར་སྨིན་པར་སློབ་པས་དབང་པོ་རབ་ཟླ་བ་དྲུག་འབྲིང་བཅུ་གཉིས་ཐ་མས་ཀྱང་ཟླ་བ་བཅོ་བརྒྱད་སོང་ནས། ཕྱི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན། ནང་རྫོགས་རིམ་གྱི་ཏིང་འཛིན་བརྟན་ནས་སེམས་ལ་རང་དབང་ཐོབ་པས་རླུང་དང་རིག་པ་ལས་སུ་རུང་། དེ་ལས་དོན་དམ་འོད་གསལ་གྱི་ཡེ་ཤེས་མངོན་དུ་འགྱུར་བས་ཟག་མེད་ཀྱི་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞིའི་འབྲས་བུ་ལ་སྦྱོར་ཏེ། གསང་སྙིང་ལས། ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་སོ། །དེ་ལ་དང་པོ་རྣམ་སྨིན་རིག་འཛིན་གྱི་རྒྱུ་དབང་བརྟུལ་གཅིག་སྤྲོས་ལ་བརྟན་པ་ཐོབ་ནས་ཚོགས་ཀྱི་སྒྲུབ་པས་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་པ་དང་ཉེ་རྒྱུའི་སྤྱོད་སྟོབས་ཆུང་བས། ངོ་བོ་གདོས་བཅས་ཀྱི་ཕུང་པོ་དང་མ་བྲལ་བ་རྣམ་པར་སྨིན་པའི་ལུས་ལ། སེམས་ཉིད་བསྒྲུབ་བྱའི་ལྷ་སྐུ་སྨིན་པ། ལུས་རྒྱ་བྲལ་མ་ཐག་ཕྱག་རྒྱའི་རིག་འཛིན་ལ་སྦྱོར་བ་མཚན་ཉིད་གསུམ་ལྡན་ལྷག་མེད་མྱང་འདས། དགོངས་པ་རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་བྱང་སེམས་འཕགས་པ་དང་མཉམ་པ། སྤྱོད་པ་བདག་དོན་བཀོད་པ་དཀྱིལ་འཁོར་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་ལྷའི་སྤྱན་སོགས་ཀྱིས་ཕྲིན་ལས་བཞིའི་སྒོ་ནས་གླིང་བཞིའི་འགྲོ་བའི་དོན་སྒྲུབ་བོ། །གཉིས་པ་ཚེ་དབང་རིག་འཛིན་གྱི་རྒྱུ་དབང་རྣོན་ཤེས་རབ་གསུམ་གྱི་ལྟ་བ་ཏིང་ངེ་འཛིན་ལ་རྟོགས་གོམས་ཁྱད་པར་ཅན་དུ་གྱུར་ནས་བློ་ནུས་དང་སྤྱོད་སྟོབས་ཆེ་བས། ངོ་བོ་ལུས་སྙིགས་མའི་ཟག་པ་ཁམས་འཕོ་བའི་ཟག་པ་སེམས་སྐྱེ་གནས་ལེན་བའི་ཟག་པ་གསུམ་ཟད་ནས་མཐོང་བའི་ལམ་དུ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཏེ་ཚེ་ལ་དབང་བ་ཐོབ་ནས་ཇི་ལྟར་འདོད་པ་བཞིན་དུ་བཞུགས་པ་ལྷག་བཅས་མྱང་འདས། དགོངས་པ་རྒྱུའི་ས་བརྒྱད་པའི་འཕགས་པ་དང་མཉམ་ཞིང་། སྤྱོད་པ་བདག་དོན་ལྟ་སྒོམ་ལ་རིག་རྩལ་སྦྱོང་ཞིང་ལྟ་བ་ཆེད་འཛིན་ཀུན་འགྲོའི་དྲི་མ་བསལ། མངོན་ཤེས་དྲུག་ལ་སོགས་པ་དང་ཆོ་འཕྲུལ་བཞིས་གཞན་དོན་མཛད་པའོ། །གསུམ་པ་ཕྱག་རྒྱའི་རིག་འཛིན་གྱི་རྒྱུ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་གོམས་པའི་རྒྱུན་དང་ཀུན་འགྲོའི་སྒྲིབ་པ་དག་པ་ལས། ངོ་བོ་བསྒོམ་བྱ་མངོན་དུ་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱོང་བ་ལ་ཞུགས་པ། ཡེ་ཤེས་སྒྱུ་མའི་སྐུས་སྤྲུལ་པ་ཅིར་ཡང་སྟོན་ཅིང་སྒོམ་ལམ་ས་དགུ་བགྲོད་པ། དགོངས་པ་རྒྱུའི་ས་དགུ་པའི་འཕགས་པ་དང་མཉམ་ལ། སྤྱོད་པ་བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་དབང་ཤེས་ཉེར་ལྔའི་ཡོན་ཏན་དང་ལྡན་པས་དགོངས་པ་མི་གཡོ་བའི་ངང་ནས་དག་མ་དག་གི་ཞིང་རྣམས་སུ་སྤྲུལ་པ་སྣ་ཚོགས་པས་གཞན་དོན་མཛད་པ་སྟེ། དེ་ལ་ནང་གསེས་སུ་ས་གཉིས་པ་ནས་ལྔ་པའི་བར་རྡོ་རྗེ། དྲུག་པ་དང་བདུན་པར་འཁོར་ལོ། བརྒྱད་པར་རིན་ཆེན། དགུ་པར་པདྨ། བཅུ་པར་རལ་གྲིའི་རིག་འཛིན་ཏེ་རིགས་ལྔའི་གདུང་འཛིན་པའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ལྷ་སྐུས་མཐར་ལམ་སྦྱོར་བའོ། །བཞི་པ་ལྷུན་གྲུབ་རིག་འཛིན་གྱི་རྒྱུ་སྒོམ་ལམ་དུ་མཐོང་གོམས་ཀྱི་མཐུ་རྫོགས་པས་ཤེས་རབ་གསུམ་མཐར་ཐུག་པས་ལྷན་གནས་ཀྱི་དྲི་མ་དག་པ་ལས། ངོ་བོ་ལམ་གྱི་རྟོགས་པ་མཐར་ཕྱིན་ཏེ་མི་སློབ་པའི་རང་བཞིན་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་ས་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་ལུགས་འཛིན་པ། དགོངས་པ་མདོ་ལམ་གྱིས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པ་དང་མཉམ་ཞིང་། སྤྱོད་པ་རང་དོན་དུ་སྐུ་ལྔའི་རྒྱལ་བ་ལ་སོགས་པར་བརྟེན་ཏེ་ཤེས་སྒྲིབ་ཕྲ་བ་སྦྱོང་ལ། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་སུ་སྤྲུལ་པའི་སྐུས་གཞན་དོན་མཛད་པའོ། །རྩ་བའི་ས་བཅད་གསུམ་པ་དོན་བསྡུ་བ་ནི། མདོར་ན་ ནས་ སྙིང་པོར་བྱ༔ ཞེས་གསུངས་ཏེ། དེ་ལྟར་རྒྱས་པར་ཕྱེ་ནས་བསྟན་པ་དེ་རྣམས་ཀྱང་ཉམས་ལེན་གནད་དུ་མདོར་དྲིལ་ན། ཐོག་མར་གཞི་རིམ་བར་བགྲོད་པར་བྱེད་པ་དབང་གིས་རྒྱུད་སྨིན་ཅིང་དེའི་སྲོག་མི་འདའ་བ་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་བརྟན་པོར་བཟུང་བ་དང་། དེ་ཁོ་ན་ཉིད་གནས་ལུགས་དང་རྗེས་སུ་མཐུན་པའི་ལྟ་བ་ལྷག་པའི་བདེན་པ་དབྱེར་མེད་ཀྱིས་རྒྱུད་སྦྱངས་ནས། ལམ་རིམ་གཉིས་ཀྱིས་ཏིང་ངེ་འཛིན་ལས་མི་གཡོ་བའི་སེམས་རྩེ་གཅིག་ཏུ་བརྟན་པ་ན། དཀྱིལ་འཁོར་སྒྲུབ་རྫས་སོགས་དམིགས་པའི་རྟེན་དུ་ལེགས་པར་བཀོད་ནས་འདོད་འབྲས་དོན་དུ་གཉེར་བའི་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པས། བཟླས་པ་ལས་ཀྱི་སྔགས་དང་འཆིང་བ་དང་ཚིག་ཕྱག་རྒྱ་འཆིང་འགྲོལ་དུ་བསྒྱུར་ལ་ཕྱི་ནང་གསང་བའི་མཆོད་པའི་དཔུང་བསྐྱེད་དེ་ལྷ་རྣམས་ཀྱི་དབང་པོར་སྟོབ་པས་དགྱེས་པ་བསྐང་། སྤང་བླང་མེད་པར་ལ་དོར་བའི་ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་བས་དངོས་གྲུབ་གཉིས་མྱུར་དུ་འགྲུབ་པའི་ནུས་མཐུ་ཐོབ་ནས། གཙོ་བོར་རང་གཞན་མཆོག་ལ་སྦྱོར་བ་དང་། ཞར་བྱུང་ཐུན་མོང་ཕྲིན་ལས་རྣམ་པ་བཞི་སོགས་ཡུལ་དུས་སྐལ་བ་དང་འཚམས་པར་རོལ་པའི་ལས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེས་ན་དང་པོ་གསུམ་ལམ་ཉམས་སུ་ལེན་པའི་གཞི་དང་། བར་པ་དྲུག་ལམ་གྱི་ཉམས་ལེན་དངོས་དང་། ཐ་མ་གཅིག་འབྲས་བུའི་ཚུལ་ཉིད་དུ་འབྱུང་བར་ཤེས་ནས། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བ་སོགས་ཀྱི་དགོངས་དོན་དངོས་པོ་བཅུ་ལ་གང་ཟག་གཅིག་གི་ཚེ་གཅིག་ཏུ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཡིན་པས་ཉམས་ལེན་གྱི་སྙིང་པོར་བྱ་བར་གཅེས་སོ། །གཉིས་པ་གསང་དབང་གི་ལམ་དང་འབྲེལ་བ་བདག་བྱིན་བརླབ་པའི་རིམ་པ་བསྒོམ་པ་ལ་གཉིས། གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་དག་རྒྱས་པར་བཀྲོལ་བའོ། །དང་པོ་ནི། དེ་ལྟར་ ནས་ ལམ་རིམ་ནི༔ ཞེས་གསུངས་ཏེ། དེ་ལྟར་ན་དབང་བཞིའི་རྩ་བ། བུམ་དབང་ལམ་དུ་ཁྱེར་བའི་ཐབས་གཙོ་བོར་གྱུར་པའི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་རྒྱུད་དང་འབྲེལ་པར་ལམ་གོང་མའི་སྟེགས་སུ་བསྙེན་པས་གཞི་བཟུང་སྟེ། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པའི་ཡེ་ཤེས་དེ་ཉིད་ལམ་དུ་བྱེད་ཅིང་ཤེར་ཡེ་ལ་ཉེ་བར་བསྙེན་པའི་ལམ་གྱི་རིམ་པ་ནི་འདི་ལྟ་སྟེ། གཉིས་པ་ལ་གཉིས། ལམ་དངོས་དང་། ལམ་གཞན་འདུ་བའི་ཚུལ་འབྲས་བུ་དང་བཅས་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྟེན་དང་ ནས་ ཉིད་ཡིན་པས༔ ཞེས་གསུངས་ཏེ། དེའང་རྟེན་རྡོ་རྗེའི་ལུས་དང་བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བ་རྫོགས་པ་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་གྱི་ལུང་དང་འབྲེལ་བའི་ལམ། སྔ་མ་ལས་ཟབ་པས་ཟབ་མོའི་བསྐྱེད་རིམ་ཐོག་མར་རྩ་དང་རླུང་དང་ཐིག་ལེའི་ཁམས་རྣམས་གྲུབ་ཙམ་ཉིད་ནས་རང་བྱུང་གི་སྣོད་འཁོར་དང་བཅུད་དཀྱིལ་གྱི་རང་བཞིན་ཤུགས་ཀྱིས་གྲུབ་པས་རྟོག་པས་གསར་དུ་སྒྲོ་བཏགས་ནས་བཅོས་མར་བྱས་པ་མིན་པའི་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ཉིད་ཡིན་པས་ཁྱད་པར་དུ་འཕགས་ཏེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང་། དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པ་ལྟར་རོ། །སྤྱིར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་དེའི་གནས་ལུགས་ཤེས་པ་གལ་ཆེ་སྟེ་དེའི་རྒྱུ་མཚན་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་ལ། དེ་གསུམ་ཡང་དོན་དམ་པའི་རིགས་དྲུག་གི་ལྷ་ཡབ་ཡུམ་གྱི་བདག་ཉིད་འབྱུང་ལྔ་སེམས་ཀྱི་དྭངས་མ་དྲུག་པོ་ཡང་གཉིས་གཉིས་སུ་ཟུང་དུ་འཇུག་པ་ལས། ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེར་བཞུགས་ཤིང་། དེ་གསུམ་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་དམ་པར་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དེ་སྦྱང་གཞི། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་རྐྱང་མ་རོ་མ་དབུ་མ་གསུམ་ཁུ་རྡུལ་རླུང་གི་རྟེན་དང་། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཡང་ཡིན་ལ། དེ་ཉིད་རགས་པ་གྲུབ་པ་ན་རྩ་ལས་ལུས། རླུང་ལས་ངག །ཐིག་ལེ་ལས་སེམས་ཀྱི་ཆོས་འགྲུབ་པ་ནི་སྦྱང་བྱ་འཁྲུལ་བའི་སྒོ་གསུམ་ཡིན་ཞིང་། དེ་སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་ཁྱད་པར་ཅན་རྣམས་ཀྱིས་བྱེད་པ་བཅིང་ཞིང་འོད་གསལ་དུ་སྦྱངས་པས་གློ་བུར་སྒྲིབ་པ་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་བདེ་བ་ཆེན་པོས་ཁྱབ་བྱེད་དུ་བྱས་པའི་སྐུ་གསུམ་པོ་འགྲུབ་པར་འགྱུར་བ་ཡིན་པས་དེ་དག་གི་ཚུལ་མདོ་ཙམ་སྨོས་ན་བཞི། ལུས་འགྲུབ་པའི་རྒྱུ་རྐྱེན། གནས་པ་རྩ། གཡོ་བ་རླུང་། བཀོད་པ་ཐིག་ལེའོ། །དང་པོ་རྡོ་རྗེ་ཐེག་པའི་རྟེན་ཁྱད་པར་དུ་འཕགས་པ་ཛམ་བུའི་གླིང་པའི་མི་ཁམས་དྲུག་ལྡན་གྱི་ལུས་ནི། དྲི་མ་དང་བཅས་པའི་སེམས་ཀྱིས་འདུ་བྱས་ཤིང་། ལས་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཏེ། དེ་གསུམ་ཚོགས་པ་ཉི་ཟླ་སྒྲ་གཅན་ཞེས་བཏགས་པའི་ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་དང་བཅས་པ་ལས་ལུས་ངག་ཡིད་གསུམ་བསྐྱེད། བར་དོའི་ཤེས་པ་དེས་ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་སའི་ཁམས་གྲུབ་ཅིང་། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་པའི་རང་བཞིན་ཆུ། བསྐྱོད་པ་ལས་དྲོད་སྐྱེ་བ་མེ། རྩ་གནས་ཐམས་ཅད་ལས་བྱང་སེམས་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་འབྱུང་བ་ལྔ། རྣམ་པར་ཤེས་པ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་གྲུབ་སྟེ་མའི་མངལ་དུ་ས་བཅུའི་རང་བཞིན་གྱི་ཟླ་བ་ངོ་བཅུར་གནས་པའི་ཚེ་རྩའི་གཙོ་མོ་གསུམ་ནས་བརྩམས་ཏེ་སྟོང་ཕྲག་ལྔ་བཅུ་རྩ་བཞི་དང་། བཙས་ནས་ཟླ་བ་གསུམ་པ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པར་ལུས་ཆགས་པའི་གནས་སྐབས་རྫོགས་པའོ། །གཉིས་པ་ནི། ལུས་ཀྱི་དབུས་གསང་གནས་ནས་གཙུག་ཏོར་གྱི་བར་དུ་རྩ་ཨ་བ་དྷུ་ཏི་སྲོག་ཤིང་གི་ཚུལ་དུ་ཡར་སྣ་སྨིན་མཚམས་སུ་ཟུག་པ་དེའི་གཡས་ན་རོ་མ་དང་། གཡོན་ན་རྐྱང་མ་གཉིས་ཡར་སྣ་སྣ་བུག་ཏུ་ཟུག་སྟེ་སྨིན་མཚམས་ནས་སུམ་གཤིབས་ཀྱི་ཚུལ་དུ་སོང་བའི་འཁོར་ལོ་བཞིའི་ལྟེ་བར་སོ་སོར་མདུད་པའི་ཚུལ་གྱིས་ནང་འབྲེལ་བར་གནས་པ། ལྟེ་བའི་འོག་ནས་རྩ་གསུམ་འདྲེས་ཤིང་དབུ་མའི་མར་སྣ་དུང་ཅན་མ་གཡས་ངོས་སུ་སོང་སྟེ་ཁུ་བ། རྐྱང་མ་དབུས་སུ་སོང་སྟེ་དྲི་ཆུ། རོ་མ་གཡོན་དུ་སོང་སྟེ་ཁྲག་དང་དྲི་ཆེན་འབྱིན་སྡོམ་བྱེད། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་ཀའི་དབུས་ནས་ཕྱོགས་བཞིར་རྩ་བཞི་བཞི་གྱེས་པ། སྙིང་གར་དེ་བཞི་ལས་གཉིས་རེ་གྱེས་པས་བརྒྱད། མགྲིན་པར་དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག །སྤྱི་བོར་དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་འཕོ་བའི་རྩ་བཅུ་གཉིས་དང་། དེའི་སྔར་གྱེས་པ་བརྒྱད་ལས་ལྔ་ལྔ་དང་མ་གྱེས་པ་བཞི་ལས་དྲུག་རེ་གྱེས་པ་དྲུག་ཅུ་རྩ་བཞིའོ། །དེའང་སྤྱི་བོ་སྐུའི་འཁོར་ལོའམ་བདེ་བ་ཆེན་པོའི་རྟེན་ཧཾ་ཡིག་བཞུགས་པས་བདེ་ཆེན་འཁོར་ལོ། མགྲིན་པར་གསུང་གི་འཁོར་ལོའམ་རོ་དྲུག་མྱོང་བའི་ཕྱིར་ལོངས་སྤྱོད་འཁོར་ལོ། སྙིང་གའི་རྩ་འདབ་ཐུགས་སམ་ཆོས་ཀྱི་འཁོར་ལོ། ལྟེ་བ་ནི་ལུས་ཐོག་མར་བསྐྱེད་པ་དང་སྤྲུལ་པའི་གནས་སམ་ཁམས་གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོར་གྲགས་ཏེ། དེ་རྣམས་ལ་འཁོར་ལོར་བརྗོད་པའི་རྩིབས་ལ་སོགས་པ་དབྱིབས་མཚུངས་པ་དང་། དེ་དང་དེར་བྱེད་པ་བཅིངས་པ་ལས་རྟོག་པ་གཅོད་པའི་ཕྱིར་འཁོར་ལོ་དང་བྱེད་ལས་མཚུངས་པས་ཀྱང་དེ་སྐད་ཅེས་བྱའོ། །རྩ་དེ་དག་ལས་ཀྱང་ཕྱེ་ན་ནང་གི་གནས་ཉེར་བཞི་དང་ཡུལ་སོ་བདུན་དང་། རོ་རྐྱང་དབུ་མ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ཚོ་གསུམ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་རྣམས་ལས་གྱེས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བ་སྤུའི་གྲངས་ཇི་སྙེད་པའི་རྩའི་གྲངས་ཀྱང་དེ་སྙེད་དོ། །གཞན་ཡང་དབུ་མའི་ཡར་སྣར་གཙུག་ཏོར་དང་། འོག་ཏུ་གསང་བའི་འཁོར་ལོ་བསྣན་པ་སོགས་མང་ཉུང་མཐའ་གཅིག་ཏུ་མ་ངེས་པར་གསུངས་ཤིང་། མདོར་ན་རྣལ་འབྱོར་པས་ཤེས་པར་བྱ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། དེ་རྣམས་ཀྱི་གཙོ་བོར་གྱུར་པ་འཁོར་ལོའི་རྩ་དང་། དེ་རྣམས་ལས་ཀྱང་གཙོ་བོར་གྱུར་པའི་རྩ་སུམ་ཅུ་རྩ་གཉིས་ལ་སོགས་པ་བཤད་ལ། འཁོར་ལོ་དྲུག་གི་རླུང་སེམས་ཀྱི་དྭངས་མ་འཛིན་ཅིང་སྙིགས་མས་ནད་སྐྱེད་པར་བྱེད་དེ། གཙུག་ཏོར་དང་དཔྲལ་བས་བད་ཀན། མགྲིན་སྙིང་གིས་མཁྲིས་ནད། ལྟེ་གསང་གི་ཕྱི་སྐོར་གྱིས་རླུང་ནད། གསང་བའི་ནང་སྐོར་གྱིས་འདུས་པའི་ནད་བསྐྱེད་དོ་ཞེས་འབྱུང་ངོ་། །དེ་ཡང་ལུས་ལ་རགས་ཕྲ་ཤིན་ཏུ་ཕྲ་བའི་ལུས། དེ་རྣམས་ཀྱི་ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་རྩ་ནི་རང་རིག་པའི་རྣམ་པར་ཤར་བའི་ཕྱིར་ཐ་མལ་གྱི་རྩ་ཐམས་ཅད་ལ་ཁྱབ་བྱེད་དུ་བཞུགས་པས་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་ཞེས་ཀྱང་གྲགས་ལ། དེ་ཉིད་རྣམ་པ་ཐམས་ཅད་པ་ཡིན་པས་ཀུན་རྫོབ་ཀྱི་རྩ་ཡང་དེའི་རྗེས་སུ་འགྲོ་བའི་ཕྱིར། རྣལ་འབྱོར་པའི་སེམས་ཀྱི་རྣམ་པ་གར་གཏད་དེ་དང་འདྲ་བར་ཐ་མལ་བའི་རྩ་རྣམས་ཀྱིས་ཀྱང་བྱ་བ་བྱེད་པས་རྒྱུད་སྡེ་ཐ་དད་ལས་གསུངས་པའི་རྩའི་རྣམ་བཞག་མི་འདྲ་བ་རྣམས་ཀྱང་མི་འགལ་བའི་གནད་ཤེས་པར་བྱའོ། །གསུམ་པ་ནི། སྤྱིར་ལུས་ཅན་རྣམས་ཀྱི་ངག་གི་ཆོས་དང་། ཕྱི་རོལ་ཏུ་དབུགས་སྲང་ཆུ་ཚོད་ཞག་སོགས་དུས་ཀྱི་ཆོས་རྣམས་ཀྱི་འཆར་གཞིར་གྱུར་པ་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། རླུང་མཐའ་དག་གི་གཤིས་ལ་རྒྱུན་མི་ཆད་པར་ཁྱབ་པ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡིན་ལ། དེའི་གློ་བུར་གྱི་དྲི་མ་ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ཡུལ་ལ་གཡོ་བ་ནི་ལས་ཀྱི་རླུང་སྟེ། དེ་ལ་ཕུང་པོ་ལྔའི་རྟེན་བྱེད་པ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ལྔ་ནི་རྩ་བ་ཕུང་པོའི་རླུང་སྟེ། བྱེད་ལས་ཀྱང་། སྲོག་གནས་པ་དང་། དབུགས་འབྱུང་རྔུབ་དང་། ལུས་གནས་པ་དང་། དྲོད་འབེབས་པ་དང་། འགྲོ་འདུག་བཤང་གཅི་ཁུ་གསུམ་འབྱིན་སྡོམ་དང་བཅས་པའི་བྱ་བ་བྱེད་ལ། གལ་ཏེ་ལོག་ན། བརྒྱལ་སྨྱོ་ཤི་བ་སོགས་དང་། སྟོད་ནད་དང་། ཞ་རེངས་ཀྱི་ནད་དང་། ཕོ་བའི་ནད་དང་། སྨད་ཀྱི་ནད་རྣམས་བསྐྱེད་ཅིང་། དེ་དག་ལུས་ཀྱི་དབུས་དང་། སྟོད་དང་། པགས་པའི་མཐར་ཐུག་པ་དང་། ཞུ་བའི་མཚམས་དང་། ལྟེ་བ་མན་ཆད་ན་གནས་པར་བཤད་ལ། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་ནི། དབང་པོ་ལྔ་ལ་གནས་ཤིང་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་པ་དང་། བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ནི་ཉིན་ཞག་ཕྲུགས་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ཡང་འཕོ་བ་བཅུ་གཉིས་པའི་དབང་དུ་བྱས་ན། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་ལས། སྔར་དྲུག་ཏུ་གྱེས་པའི་ཡ་གྱལ་བཞི་པོ་དབུ་མའི་འཕོ་བ་ཡིན་པའི་ཕྱིར། དཀྱིལ་འཁོར་མི་འབབས་པས་སྟོང་པའི་རྩ་བཞི་ཞེས་བྱའོ། །དེ་ལྷག་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི། བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རྩ་འཁོར་གྱི་རླུང་རྣམས་ལྟེ་བའི་རླུང་དང་འདྲེས་ཏེ་རོ་རྐྱང་གི་ལམ་ལས་སྣ་སྒོར་འབབ་ལ། དེ་ཡང་འབྱུང་བ་ལྔ་གཡས་གཡོན་སྡུད་བསྐྱེད་ཀྱི་རིམ་པས་འཕོ་བ་རེ་ལ་དབྱུག་གུ་ལྔ་རེ། དབྱུག་གུ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། འཕོ་བ་རེ་ལ་དབུགས་སྟོང་བརྒྱད་བརྒྱ་པ་རེ་རྒྱུ་ནའང་། དེའི་སྟེང་ན་སྟོང་པའི་རྩ་བཞིའི་དབྱེ་བས་དབུགས་གཅིག་གི་ཕྱེད་བཅས་སོ། །གཉིས་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབྱུག་གུ་རེ་ལ་དབུགས་བཅུ་གཅིག་དང་བཞི་ཆ་གཅིག །འཕོ་བ་རེ་ལ་ང་དྲུག་རྐང་བཅས། ཉིན་ཞག་གཅིག་ལ་དྲུག་བརྒྱ་དོན་ལྔ་རྣམས་རྒྱུ་ཞིང་། དེ་ཆུ་ཚོད་དུ་དྲིལ་ན། ཆུ་ཚོད་གཅིག །ཆུ་སྲང་ང་གཉིས། དབུགས་གསུམ། དེ་ཟླ་བ་གཅིག་ཏུ་བསགས་པས་ཆུ་ཚོད་ང་དྲུག་དང་། ཆུ་ཆུང་བཅོ་ལྔ། དེ་བཅུ་གཉིས་སུ་ཟློས་པས་ཞག་བཅུ་གཅིག་དང་། ཆུ་ཚོད་བཅོ་ལྔ་རྣམས་ལོ་གཅིག་གི་ཡེ་རླུང་གི་གྲངས་ཏེ་ཕྱི་རོལ་ཏུ་ཟླ་ཤོལ་གྱི་རྒྱུར་འགྱུར་ལ། སྐྱེས་བུ་ལོ་བརྒྱ་པའི་ཡེ་རླུང་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་སོགས་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་སོ། ཁ་དོག་ས་ཆུ་མེ་རླུང་ནམ་མཁའ་རིམ་པར་སེར་དཀར་དམར་ནག་སྔོན་པོ། ཚད་ཀྱང་ལྟེ་འོག་སོར་བཞི་ནས་བརྒྱུད་དེ་སྣ་རྩེ་ལས་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་འགྲོ་བ་ཡིན་ནོ། །རླུང་དེ་དག་ལས་སྣ་སྒོར་རྒྱུ་བ་དང་སྒུལ་སྐྱོད་བྱེད་པའི་རླུང་སོགས་རགས་པ། ལུས་ནང་དུ་མི་གཡོ་ཞིང་འཁོར་བའི་རང་བཞིན་འབྱུང་ལྔའི་རླུང་དང་། རྣམ་འགྱུར་རླུང་བཅུ། རྣམ་རྟོག་སྣ་ཚོགས་གཡོ་བའི་བཞོན་པ་རྣམས་འབྲིང་པོ། སྣང་བཞིའི་བཞོན་པར་གྱུར་པའི་རླུང་རྣམས་ཕྲ་བ། ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་ནི་ཤིན་ཏུ་ཕྲ་བ་ཡིན་ལ། དེ་ཡང་མན་ངག་ཐ་དད་པ་ལས་རླུང་གི་རྣམ་བཞག་མི་འདྲ་བ་བྱུང་བ་རྣམས་ཀྱང་། ཡེ་ཤེས་ཀྱི་རླུང་རྣམ་པ་ཐམས་ཅད་པ་ཡིན་པས། དེའི་རྗེས་སུ་འགྲོ་བའི་ཕྱིར་གནད་གཅིག་ཏུ་འདུ་བ་ཡིན་ནོ། །དེ་ནས་རླུང་བཅིངས་པས་རགས་པའི་ལས་རླུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་དུ་གྱུར་ནས་ཡོན་ཏན་བསྐྱེད་པར་གསུངས་སོ། །བཞི་པ་ལ་ཡེ་ཤེས་དང་རྣམ་ཤེས་ཀྱི་ཐིག་ལེ་གཉིས་ལས་དང་པོ་ནི། །ཐིག་ལེ་ཐམས་ཅད་ཀྱི་རྩ་བ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡེ་ཤེས་སྙིང་པོའི་ཐིག་ལེའམ་མི་ཤིགས་པའི་ཐིག་ལེ་ཞེས་བཤད་པ་གང་ཡིན་པ་སྟེ། སྟོང་གསལ་འགག་མེད་ཀྱི་ངོ་བོར་བཞུགས་པའོ། །གཉིས་པ་ནི། རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་གསུངས་ཏེ། སྙིང་གའི་མི་ཤིགས་པའི་ཐིག་ལེའི་ངེས་པས། རླུང་གི་བྱེད་བཅིངས་ལས་གཟུང་འཛིན་གྱི་སྣང་བ་རང་གྲོལ་དུ་གྱུར་པ་ནི་རླུང་ཐིག །སྣ་རྩེར་ཐིག་ལེ་ལ་ལྷའི་མཚན་མ་བསྒོམས་པས་ཐ་མལ་གྱི་སྣང་ཞེན་ལས་ཡིད་སྐྱོབ་པའི་ཕྱིར་སྔགས་ཐིག །འོག་གི་སྣ་རྩེར་ཐིག་ལེ་བསྒོམ་པ་ལས་བདེ་བ་འཆར་པ་སོགས་རྫས་ཐིག་གོ །དེའང་ཕྱི་མ་ཅུང་ཟད་བཤད་ན། ཁམས་དཀར་དམར་གཉིས་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ། སྤྱི་བོར་ཕ་ལས་ཐོབ་པའི་དཀར་ཆ་ཧཾ་གི་རང་བཞིན་དང་། ལྟེ་འོག་རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་ཏེ། ལུས་ཀྱི་དཀར་ཆ་དང་དམར་ཆ་ཐམས་ཅད་ཀྱི་བདག་པོར་གྱུར་པ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པའོ། དེ་ལས་ཀྱང་དྭངས་སྙིགས་གཉིས་སུ་འགྱུར་ཏེ། མངལ་དུ་མའི་རྩ་དང་འབྲེལ་བས་བསྐྱེད་ཅིང་། བཙས་ནས་བཟའ་བཏུང་རྣམས་ཕོ་བར་བད་ཀན་གྱིས་མྱགས་བར་བྱེད། མཁྲིས་པས་མདོག་འགྱུར། རླུང་མེ་མཉམ་སྟེ་མེ་དྲོད་གསུམ་གྱིས་སྦར་བཞུ་མྱགས་པར་བྱས་པས། དྭངས་མ་མཆིན་པར་ཁྲག་ཏུ་གྱུར་ཏེ། རྩ་ལ་བརྒྱུད་ནས། དེ་ཤ །རིམ་པར་ཚིལ། རུས། རྐང་། བྱང་སེམས། དེས་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་བཞིན་དུ། དྲི་ཆེན་དང་། མཁྲིས་པ་དང་། པགས་པ་དང་། རྨེན་བུ་དང་། སོ་སེན་དང་། སྦུབས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་གྲགས་ཤིང་། དེ་དག་གི་རྣམ་དབྱེ་ཡང་། སྤྱི་བོ་མི་ཕྱེད་པ་ནས་སོ་སེན་འབབ་པ་སོགས་ཁམས་ཉི་ཤུ་རྩ་བཞི། དེ་རེ་རེ་ལའང་ཐིམས་ལོངས་སྤྱོད་བདག་པོ་གསུམ་དུ་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་པར་རླུང་། རླུང་ཇི་སྙེད་པར་ཐིག་ལེས་ཁྱབ་པར་གསུངས་སོ། །རྣལ་འབྱོར་པའི་རྒྱུད་ལས་ཁམས་ཉེར་བཞིའི་སྟེང་དུ་རྩའི་གཙོ་མོ་གསུམ་དང་། སུམ་སྒྲིལ་མ་ལ་སོགས་ཏེ་ལྔ་བསྣན་ན་སོ་གཉིས་སུ་གསུངས་ཏེ། ཧེ་རུ་ཀ་གལ་པོ་ལས། ལུས་ལ་བྱང་ཆུབ་སེམས་རྒྱུ་བའི། །རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་སོ། །དེའི་སྟེང་དུ་རྩ་བའི་རླུང་ལྔ་རྒྱུ་པའི་སྲོག་ཆེན་པོ་མ་གཏོགས་པའི་བཞི་བསྣན་ནས་སུམ་ཅུ་རྩ་དྲུག་ཏུ་བཤད་པའང་སྣང་ངོ་། །དེ་དག་ཀྱང་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཡེ་ཤེས་དང་རྗེས་སུ་འབྲེལ་བར་འཕོ་བ་དང་། ལུས་ལ་ཟུངས་སམ་ནུས་པའམ་གནད་ཀྱི་ངོ་བོ་ཉིད་དུ་རྣམ་ཤེས་དང་རྗེས་སུ་འབྲེལ་པར་འཕོ་བ་བླ་གནས་ཞེས་གྲགས་པའོ། །མདོར་ན་ཐིག་ལེ་མཐའ་དག་ཁུ་རྡུལ་མུན་གསུམ་འདུ་ཞིང་། དེ་གསུམ་གྱིས་ཆགས་སྡང་རྨོངས་གསུམ་སྐྱེད་པ་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་དང་། དེས་ལས་བསགས་ནས་འཁོར་བའི་འཁྲུལ་སྣང་གི་སྡུག་བསྔལ་སྣ་ཚོགས་འབྱུང་པ་ཡིན་ལ། དེ་གསུམ་འགྱུར་མེད་དུ་བཅིངས་པ་ལས་འཁོར་བ་ལྡོག་པར་འགྱུར་ཞིང་། ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་རྣམ་པ་ཐམས་ཅད་པ་ཡིན་པས། བརྟགས་པ་དང་མ་བརྟགས་པའི་ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཀུན་དངོས་བརྒྱུད་གང་རུང་གི་སྒོ་ནས་ཡང་དག་པའི་ལམ་དུ་འགྲོ་བའི་གནད་ཀྱང་ཤེས་པར་བྱའོ། །དེ་དག་ནི་བླ་མེད་རྒྱུད་སྡེ་སྤྱིར་གྲགས་པ་ལྟར་ཏེ་འོད་གསལ་རྫོགས་པ་ཆེན་པོའི་རང་ལུགས་ཐུན་མོང་མ་ཡིན་པ་ནི་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ལས་རྒྱ་ཆེར་འབྱུང་པ་ལྟར་རོ། །གཉིས་པ་ལ་གཉིས། རྟེན་རྡོ་རྗེའི་ལུས་ཀྱི་སྒོམ་ཚུལ་བཤད་པ་དང་། བརྟེན་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པའོ། །དང་པོ་ལའང་ལམ་དངོས་དང་། དེ་གོམས་པའི་འབྲས་བུ་གཉིས། དང་པོ་ནི། འབྱུང་བཞིའི་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། ཟབ་མོའི་བསྐྱེད་རིམ་མ་བཅོས་རང་བྱུང་གི་དཀྱིལ་འཁོར་དེ་ཇི་ལྟར་ན། འབྱུང་བཞི་རིམ་བརྩེགས་ཆོས་འབྱུང་དང་བཅས་པ་ནི་ཐོག་མར་ཕ་མའི་འདུ་འཕྲོད་ཀྱི་རྐྱེན་ལས་མངལ་དུ་འབྱུང་བཞིའི་ཚོགས་པ་ལ་རླུང་སེམས་ཀྱི་རྟོག་པས་བདག་ཏུ་བཟུང་བའི་རྟེན་ཨེ་དབྱིངས་ཡུམ་གྱི་བྷ་ག་རུ། གཟུགས་ཀྱི་ཕུང་པོ་རགས་པར་གྲུབ་པ་གཞལ་མེད་ཀྱི་ཁང་པ་ཆེན་པོ་སྟེ། དེའང་ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་། ཡན་ལག་བརྒྱད་ཀ་བ་བརྒྱད། འབྱུང་ལྔའི་རླུང་རྒྱུ་བའི་དབང་པོ་སྒོ་ལྔ་ལས་མིག་ཉི་ཟླའི་སྐར་ཁུང་། རྣ་བ། སྣ། ཁ། འོག་སྒོ་བཞི་པོ་སྒོ་བཞི། ཤ་དཀྱིལ་འཁོར་གྱི་གཞི། ཁྲག་མཚོ་རྫིང་། དྲོད་མེ་ཕུང་། དབུགས་འཇའ་འོད། སོགས་ཁོངས་ནས་སྙིང་ནོར་བུའམ་ཙིཏྟའི་ཕོད་ཏོ། རྒྱུ་མ་དྲྭ་བ་དྲྭ་ཕྱེད། སོར་མོ་རྣམས་ཟླ་ཕྱེད་མེ་ལོང་། སོ་མདའ་ཡབ། ལྕེ་པུ་ཤུ། བུ་ག་བརྒྱད་དུར་ཁྲོད། སྐྲ་དང་པགས་པ་རུས་ཚིགས་སྲུང་འཁོར་སོགས་རང་བྱུང་གི་རྒྱན་དང་བཀོད་པ་གཟི་བརྗིད་ཀྱི་དཔལ་དུ་འབར་བའི་རྟེན་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པ་དང་། ནང་གི་རྩ་གཡས་རོ་མ་ཐབས་དཔའ་བོ། གཡོན་རྐྱང་མ་ཤེས་རབ་དཔའ་མོ། དབུ་མ་ཧེ་རུ་ཀ་སྤྱི་དཔལ་ཆེན་པོ་ཁྱབ་བདག་ཀུན་ཏུ་བཟང་པོ། འཁོར་ལོའི་གནས་ལྔ་ནི་སྤྱི་བོ་སངས་རྒྱས། མགྲིན་པ་པདྨ། སྙིང་ག་རྡོ་རྗེ། ལྟེ་བ་རིན་ཆེན། གསང་བ་ལས་ཏེ་རིགས་མཆོག་རྣམ་ལྔའི་ཞི་ཁྲོའི་གཙོ་བོ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀ་ལ་སོགས་པ་དང་། དེ་དག་གི་རྩ་འདབ་ཐམས་ཅད་ནི་རིགས་ཆུང་རྣམས་ཀྱི་ཚོམ་བུའི་དཀྱིལ་འཁོར་ཡབ་དང་ཡུམ་བཅས་བརྟེན་པ་ལྷའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་དང་། ཕྱི་ལུས་ཀྱི་ཕུང་པོ་དམ་ཚིག་སེམས་དཔའ། ནང་དྭངས་མའི་ཐིག་ལེ་ཏིང་འཛིན་སེམས་དཔའ། དེའི་ཁྱབ་བྱེད་རིག་པ་ཡེ་ཤེས་སེམས་དཔའ་གསུམ་པོ་གདོད་ནས་དབྱེར་མེད་དུ་གྲུབ་པ་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་གྱིས། རྫོགས་བྱེད་ཡན་ལག་སྒོ་ལྔའི་ཡུལ་དུ་འདོད་ཡོན་གྱི་ལོངས་སྤྱོད་ཇི་ལྟར་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་ཕུང་དུ་ཤེས་པ་ལ་སྤང་བླང་མེད་པར་རོལ་པ་དང་། གཞན་གྱིས་ཆེ་བའི་ཡོན་ཏན་བསྒྲགས་ནས་བསྔགས་པ་ཐམས་ཅད་བསྟོད་པའི་གླུར་ཤེས་པ་དང་། བསྒུལ་བསྐྱོད་བྱེད་པ་ཕྱག་རྒྱ་དང་འགྲོ་འདུག་ཐམས་ཅད་རྡོ་རྗེའི་གར་བསྒྱུར་བ་དང་། སྲོག་དང་རྩོལ་བའི་རླུང་འབྱུང་འཇུག་གནས་གསུམ་པོ་རྡོ་རྗེའི་བཟླས་པར་ངང་གིས་གྲུབ་པས་ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པ་དང་། བཟའ་བཅའ་བཏུང་བའི་རིགས་གྱུར་ནང་གི་གཏོར་མ་དང་ཚོགས་འཁོར་ལ་རྟག་ཏུ་རོལ་པ་ཡིན་པ་དང་། སྙོམས་པར་འཇུག་པའི་ཚེ་གནས་བཞིར་དགའ་བཞིའི་བདེ་བས་རྒྱུད་ཚིམས་པའི་འོད་གསལ་ཡེ་ཤེས་ཀྱི་ལྷ། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་ལས་རིམ་པར་བཞེངས་ཏེ་ལྷན་ཅིག་སྐྱེས་པ་མི་ཤིགས་པའི་ནཱ་ད་སྟོང་བཞིའི་མཐར་ཐུག་པར་ཡལ་བས་རྣམ་བཅས་ཀྱི་བསྐྱེད་རིམ་ཡན་ལག་དང་བཅས་པ་དེ་དག་བསམ་མི་ཁྱབ་པའི་རྫོགས་རིམ་དུ་ཞུགས། སྟོང་ཉིད་དེའི་ངང་ལས་གཟུགས་སྣང་སྒྲ་གྲགས་འགྱུ་དྲན་གྱི་རྟོག་ཚོགས་ཀུན་ཀྱང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་མཆོག་ཏུ་དབྱེར་མེད་པར་ལྷུན་གྱིས་གྲུབ་པའོ། །འདིར་ནཱ་ད་ཞེས་པའི་དོན་ཡང་ཤིན་ཏུ་ཕྲ་བའི་རླུང་ཁམས་གསུམ་པའི་བདག་ཉིད་ཅན་རྒྱུན་མཐའི་བར་གཞོམ་དུ་མེད་པ་དེ་ཉིད་མཚོན་པ་རྣམ་བཅས་ཀྱི་མཚན་མ་ཤིན་ཏུ་ཕྲ་བའོ། །བསྐྱེད་ཚུལ་འདི་ནི་ཀུན་འདུས་རིག་པའི་མདོ་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བར་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པ་ནི། ཟབ་མོའི་ ནས་ ངང་གིས་ཤར༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་ཟབ་མོའི་བསྐྱེད་རིམ་འདི་ལ་རྣལ་འབྱོར་པ་སུས་ཉམས་ལེན་གྱིས་གོམས་ཤིང་འདྲིས་པར་བྱེད་པ་དེ་ནི་རིང་པོར་མི་ཐོགས་པར་རླུང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ། སྤྱན་དང་མངོན་པར་ཤེས་པའང་འགྲུབ་སྟེ། དེ་ལ་སྤྱན་ལྔ་ནི། དཔག་ཚད་བརྒྱ་སྟོང་ཚུན་གྱི་དངོས་པོ་མཐོང་བ་ཤའི་སྤྱན། །སེམས་ཅན་ཀུན་གྱི་འཆི་འཕོ་དང་སྐྱེ་བའི་ཚུལ་མཐོང་བ་ལྷའི་སྤྱན། ཆོས་ཉིད་ཀྱི་དོན་ཇི་ལྟ་བར་མཐོང་བ་ཤེས་རབ་ཀྱི་སྤྱན། རང་དང་སྤངས་རྟོགས་མཉམ་པའི་རྒྱུད་ཚོད་རིག་པ་ཆོས་ཀྱི་སྤྱན། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་མཐོང་བ་སངས་རྒྱས་ཀྱི་སྤྱན་ཏེ་དང་པོ་གཉིས་རྣམ་སྨིན་གྱི་རྒྱུ་དང་ཀུན་གྱི་རྒྱུ་ནི་སྒོམ་སྟོབས་སོ། །མངོན་ཤེས་དྲུག་ནི། ལུས་རྣམ་པར་དག་པ་རྫུ་འཕྲུལ། ངག་རྣམ་པར་དག་པ་ལྷའི་རྣ་བ་དང་གཞན་སེམས་ཤེས་པ། སེམས་རྣམ་པར་དག་པ་སྔོན་གནས་རྗེས་དྲན། ལྷའི་མིག །ཟག་པ་ཟད་པའི་མངོན་ཤེས་རྣམས་ཏེ། དེ་གཉིས་ཀྱི་དང་པོ་རྣམས་ནི་སོ་སྐྱེ་དང་འཕགས་པའི་ས་རྣམས་སུའང་ཡོད་ལ། ཕྱི་མ་རེ་རེ་ནི་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ཞིང་འཕགས་པ་ལའང་རྗེས་མཐུན་པ་ཙམ་ཡོད་པར་བཞེད་དོ། །གཞན་ཡང་ཕྱི་ནང་གསང་པའི་དྲོད་དང་དངོས་ཉམས་རྨི་ལམ་གྱི་རྟགས་མཚན་ངོ་མཚར་བ་རྣམས་ཀྱང་རྩོལ་བ་མེད་པར་ངང་གིས་ཤར་བར་འགྱུར་ཏེ། རྒྱུད་ལས། ཕྱི་དང་ནང་དང་དེ་བཞིན་ཉིད། །དངོས་དང་དངོས་མིན་གནས་ལུགས་ཀུན། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང་། །ཀུན་གཞི་ཡེ་ཤེས་རང་བྱུང་ལྷ། །དེ་ལ་གོམས་འདྲིས་བརྟན་པ་ནི། །ཕྱི་ནང་ཞིང་ཁམས་མ་ལུས་པ། །གཉིད་སད་སྣང་བ་ཇི་བཞིན་དུ། །རིང་པོར་མི་ཐོགས་འཆར་བར་འགྱུར། །ཞེས་སོ། །གཉིས་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པ་ལ་གཉིས། མཚམས་སྦྱར་ཏེ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ རྫོགས་རིམ་ནི༔ ཞེས་གསུངས་ཏེ། དེ་ལྟར་བདེ་བ་ཆེན་པོ་རང་བྱུང་རྡོ་རྗེ་ལུས་ཀྱི་སྐུ་ལ་རྟེན་བྱས་ནས། བརྟེན་པ་རྩ་དང་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ཏེ་རང་བྱིན་བརླབ་པའི་རྫོགས་རིམ་ནི་འདི་ལྟ་སྟེ། གཉིས་པ་ལ་གསུམ། བཀོད་པ་རྩ། གཡོ་བ་རླུང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་སྦྱོང་པའོ། །དང་པོ་ནི། ལུས་གནད་ ནས་ གོམས་པ་ན༔ ཞེས་གསུངས་ཏེ། དེའང་ལུས་གྲོང་ཁྱེར། རླུང་རྟ་ལོང་བ། རྣམ་ཤེས་མི་ཞ་བོ་འདྲ་བར་ཁ་ལོ་སྒྱུར་པས་བྱེད་པ་མ་འཆིངས་ན་མིས་ཞོན་པའི་རྟ་དེ་སྲང་བར་ནས་ཕྱིར་ཤོར་པ་དང་འདྲ། འཆིང་ན་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་ཐུབ་པ་དང་འདྲ་བས། རྣམ་རྟོག་གི་བཞོན་པ་རླུང་འཆིང་པ་ལ་ལུས་ཀྱི་གནད་འཆིང་བ་གལ་ཆེའོ། །དེའང་ཀློང་ཆེན་རབ་འབྱམས་ལས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །ལག་པ་གཉིས་ཀྱིས་མཉམ་བཞག་བསྣོལ། །ལུས་ནི་མདའ་སྨྱུག་བཞིན་ཏུ་བསྲང་། །དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང་། །མཇིང་པ་གཞུ་མཆོག་བཞིན་དུ་བསྐུམ། །ལུས་གནད་ཕག་པའི་གཟེངས་ལྟར་བསྟོད། །མིག་དང་སྣ་རྩེ་སེམས་རྩེ་བསྟུན། །ཞེས་གསུངས་པ་ལྟ་བུའི་ལུས་གནད་དང་ལྡན་པས་ཆ་ཆ་ནས་བསྒྲིམས་ཏེ་ཆུན་བཙལ། ཁོང་པར་ཉོན་མོངས་པའི་རླུང་གི་དུག་ཡོད་པ་དབྱུང་བའི་ཕྱིར་རླུང་རོ་སྣ་སྒོ་ནས་ལན་གསུམ་བསལ། སེམས་ཀྱི་གནད་རང་ལུས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཡལ་ཏེ་རྣམ་པར་མི་རྟོག་པའི་ངང་ལས། ངོ་བོ་བདེ་སྟོང་གི་རང་བཞིན་རྣམ་པ་ཡི་དམ་ལྷའི་སྐུ། རྣམ་འགྱུར་དྭངས་གསལ་རྙོག་པ་མེད་པ་ཆུ་ཟླའི་རོལ་གར་དང་སྒྲིབ་ཐོགས་མེད་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུའི་སྐུར་གསལ་བའི་ལུས་ཀྱི་དབུས་སུ་ཨ་བ་དྷཱུ་ཏི་མར་གྲགས་པའི་རྩ་སྔོན་པོ་ཚངས་བུག་ནས་གསང་གནས་བར་དུ་ཀ་བ་ལྟར་ཡོད་པ་མཚན་ཉིད་བཞི་ལྡན། དེའི་གཡས་གཡོན་གཉིས་སུ་རོ་མ་དམར་མོ་དང་རྐྱང་མ་དཀར་མོ་དྷཱུ་ཏི་ལས་འདབ་འགྱུར་གྱིས་ཕྲ་བ་སུམ་བཤིབས་སུ་ཡོད་པ། རོ་རྐྱང་གཉིས་ཀྱི་ཡར་སྣ་སྤྱི་བོ་ནས་ཐུར་དུ་གུག་པ་སྣ་བུ་གཉིས་སུ་ཟུག་ཅིང་མར་སྣ་གཉིས་ལྟེ་འོག་སོར་བཞིའི་ཐད་ནས་དྷཱུ་ཏིར་ཚུད་པ། གཙོ་མོ་དེ་གསུམ་སྲོག་ཤིང་བསླངས་པ་ལྟ་བུ་ལ་གདུགས་ཀྱི་རྩིབས་མ་བཀོན་པ་ལྟར་བརྟེན་པའི་སྤྱི་བོར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས། མགྲིན་པར་རོ་རྣམས་འདུས་པའི་འཁོར་ལོ་འདབ་མ་བརྒྱད་གཉིས་བཅུ་དྲུག །སྙིང་ག་དྲན་པ་རྣམ་པར་དཀོད་པའི་འཁོར་ལོ་ལ་རྣམ་ཤེས་ཚོགས་བརྒྱད་བརྟེན་པའི་འདབ་མ་བརྒྱད། ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོར་འདབ་མ་དྲུག་ཅུ་རྩ་བཞི་བཅས་འཁོར་ལོ་བཞི་པོའི་ལྟེ་བ་དྷཱུ་ཏི་ནས་ཕྱོགས་བཞིར་འབྱུང་བཞིའི་ནུས་པ་འཛིན་པའི་རྩ་འདབ་རེ་རེ་གྱེས་ཤིང་། སྙིང་གར་དེ་ལས་གཉིས་གཉིས་གྱེས་པས་ཕྱི་སྐོར་ལ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ལ་བརྒྱད་དང་ཕྱི་སྐོར་ལ་བཅུ་དྲུག །སྤྱི་བོ་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ཕྱི་མར་བཅུ་དྲུག་དང་ཕྱི་སྐོར་ལ་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་ཤིང་། དེ་ལྟར་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པས་བར་སྐོར་ལ་བཅུ་གཉིས་དང་ཕྱི་སྐོར་ལ་དྲུག་ཅུ་རྩ་བཞི་སྟེ་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་གསལ་གདབ། རྩ་དེ་ཐམས་ཅད་དྭངས་གསལ་སྦུབས་སྟོང་གི་རྣམ་པར་བསྒོམས་ལ་རྩའི་སྟོང་ར་ཉིད་ཐམས་ཅད་ཀྱི་གཞི་ཡིན་པས་ལེགས་པར་གོམས་པ་ན་རྣལ་འབྱོར་ཕྱི་མ་ལ་འཇུག་པར་བྱའོ། །གཉིས་པ་ལ་གཉིས། ཐུན་གྱི་ཉམས་ལེན་དང་། ཐུན་མཚམས་ཀྱི་ཉམས་ལེན་ནོ། །དང་པོ་ལའང་གཉིས། གཙོ་བོ་བུམ་ཅན་དང་། དེ་སྦྱངས་པའི་འབྲས་བུའོ། །དང་པོ་ནི། སྐྱོན་ཅན་ ནས་ འཆད་པ་ཡིས༔ ཞེས་གསུངས་ཏེ། ལུས་གནད་རྩའི་སྟོང་ར་གསལ་བཏབ་ནས་སྔར་ཁོང་པར་བསྐྱིལ་བའི་དུག་གསུམ་གྱི་སྐྱོན་དང་འདྲེས་པ་ཅན་གྱི་རླུང་ནི་སྣ་སྒོ་ནས་ཕྱིར་ལ་སངས་ཀྱིས་བུད་དེ་དེའང་འབུད་པ་དགུ་ཕྲུགས་སམ་སུམ་ཕྲུགས་བྱ། མཉམ་རྒྱུའི་ཡེ་རླུང་སོགས་རླུང་གི་དུས་གནད་ལ་མཁས་པས་སྐྱོན་མེད་པ་འབྱུང་ལྔ་དྭངས་མའི་རླུང་སྣ་སྒོ་ནས་རྔུབས་ཏེ་སྟེང་རླུང་དང་ཐུར་སེལ་བསྐུམ་སྟེ་འོག་རླུང་གཉིས་ལྟེ་བར་ནར་གྱིས་དྲངས་ལ་དབུ་མར་ཁ་སྦྱོར་དུ་བསྐྱིལ་བ་བུམ་པ་ལྟར་དགང་། མི་ནོན་པའི་ཚེ་གཡས་གཡོན་འཐེན་གནོན་དང་ཕྱི་ནང་དུ་གཞིལ། མི་ཐུབ་ཙ་ན་མདའ་ལྟརའཕང་སྟེ་དེ་ལྟ་བུའི་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་ལ་རྩོལ་པ་རིམ་གྱིས་ཇེ་དྲག་ཏུ་བསྐྱེད། ལུས་སེམས་དུབ་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྒོམ་པས་སྡོམ་འབྱུང་ནས་བཤད་པའི་བུམ་ཅན་རབ་འབྲིང་ཐ་མའི་ཚད་ལྡན་དུ་གྲུབ་པར་གསུངས་ཀྱང་ད་ལྟའི་ལག་ལེན་ལ། ལག་པའི་ཐལ་མོས་པུས་མོ་ལ་ལན་རེ་བསྐོར་ཏེ་སེ་གོལ་གཅིག་གཏོགས་པའི་མུན་ཚད་སུམ་ཅུ་རྩ་དྲུག་ནི་བུམ་པ་ཅན་ཆུང་ངུ་། བདུན་ཅུ་དོན་གཉིས་འབྲིང་། བརྒྱ་རྩ་བརྒྱད་ཁེགས་པ་ཆེན་པོའི་ཚད་དུ་བཞེད་དོ། །གཉིས་པ་ནི། ལུས་བདེ་སོགས་རྐང་པ་གཅིག་སྟེ། རླུང་བུམ་པ་ཅན་གྲུབ་པའི་ཡོན་ཏན་མང་དུ་བཤད་པ་ལས་མདོར་བསྡུ་ན་ལུས་མཉེན་ལྕུག་ཐོབ་པའི་བདེ་བ། ངག་རང་དབང་དུ་གྱུར་པས་སྙན་པ། སེམས་ཏིང་ངེ་འཛིན་ལ་གཡོ་མེད་དུ་གནས་པ་དང་། འཆི་བ་མེད་པའི་བཅུད་ལེན་འགྲུབ་པར་འགྱུར་ཏེ། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །ཞེས་སོ། །གཉིས་པ་ཐུན་མཚམས་བྱ་བ་ནི། ཐུན་མཚམས་ ནས་ སེམས་གནས་བསྒྲུབ༔ ཅེས་གསུངས་ཏེ་དེ་ལྟར་རླུང་གི་རྣལ་འབྱོར་ལ་བརྩོན་པའི་ཐུན་མཚམས་རྣམས་སུ་ཡན་ལག་ལྔ་སྦྱོང་སོགས་རྩ་རླུང་གི་སྐྱོན་སྦྱང་བ་རྣམས་དང་། ལུས་ཀྱི་ཆུན་བཙལ་ཞིང་གནད་ལ་རྡེག་པར་བྱེད་པ་དང་། ཐིག་ལེའི་སྐབས་སུ་འདྲེན་ལྡོག་བཀྲམ་པར་བྱེད་པ་དང་། ཐམས་ཅད་དུ་གེགས་བསལ་ཞིང་བོགས་དབྱུང་པའི་འཕྲུལ་འཁོར་རྣམས་ཀྱང་ལག་ལེན་ལྟར་བྱ་ཞིང་། མཐར་སྒོ་གསུམ་དལ་བར་བཞག་པས་རྩ་འཁྲུགས་རླུང་འཁྲུགས་རང་བཞིན་གྱིས་དྭངས་པར་འགྱུར་བ་དང་། བར་སྐབས་རྣམས་སུ་རྡོ་རྗེའི་བཟླས་པས་བོགས་འབྱིན་ཅིང་སེམས་གནས་པ་བསྒྲུབ། སྤྱིར་རྡོར་བཟླས་ནི་ཐམས་ཅད་དུ་གལ་ཆེ་བས་དེའི་དོན་ཅུང་ཟད་སྨོས་ན། ཧེ་རུ་ཀ་གལ་པོ་ལས། ལམ་དུ་ཁྱེར་བའི་བཟླས་པ་ནི། །འཇུག་དང་གནས་དང་ལྡང་བ་ལ། །ཡན་ལག་དྲུག་ཏུ་ཚང་བསྒོམས་པས། །རྡོ་རྗེའི་བཟླས་པ་ལམ་དུ་ཁྱེར། །ཞེས་གསུངས་པའི་ཡན་ལག་དྲུག་ནི་བཤད་རྒྱུད་རྡོར་ཕྲེང་སོགས་ལས་རྣལ་འབྱོར་དྲུག་ཅེས་བཤད་པ་དང་དགོངས་པ་མཐུན་པས་དེ་ལས་དང་པོ་ནི། རྒྱུ་བ་ངེས་པའི་ཚུལ་གྱིས་ཇི་སྲིད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་བགྲང་ནུས་ཀྱི་བར་གྲངས་བརྩི་བ་ལ་སེམས་འཛིན་པ་ནི་བགྲང་བའི་རྣལ་འབྱོར་དང་། གཉིས་པ་རྗེས་སུ་འགྲོ་བ་ནི་ཐུན་ཚོད་བརྒྱད་ཀྱི་དུས་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུ་ཞིང་རླུང་འབྱུང་བ་རེ་རེ་ལའང་འབྱུང་བ་གཞན་བཞི་རྗེས་སུ་འགྲོ་བར་ཤེས་པ་སྟེ་འདི་ནི་རྣམ་པར་གསལ་བའོ། །གསུམ་པ་འཇོག་པའི་རྣལ་འབྱོར་ནི་རླུང་འབྱིན་འཇུག་གི་རྒྱུད་རྣམས་ལ་འདི་ནི་རྩའི་འཁོར་ལོ་འདི་དང་འདི་ལས་རྒྱུ་བ་ཡིན་ནོ་ཞེས་སོ་སོར་ཤེས་པ་སྟེ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གོང་བུའི་ཚུལ་ལ་སེམས་འཛིན་པའོ། །བཞི་པ་རྟོགས་པའི་རྣལ་འབྱོར་ནི་འཁོར་ལོ་བཞིའི་འབྱུང་ལྔའི་རླུང་ཉི་ཤུས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་བསྒྱུར་ཞིང་དེའང་གཡས་གཡོན་གྱི་དཀྱིལ་འཁོར་སྡོམ་པ་བཅུས་བསྒྱུར་པའི་རླུང་གི་མཚན་ཉིད་ཤེས་པས། དེས་རྣམ་རྟོག་གང་སྐྱེས་ཀྱང་ཤེས་ལ། དེ་དག་རྒྱུས་མ་ཐག་ཏུ་རྟོག་མེད་དུ་འགྱུར་བས་རྟོག་མེད་ཀྱི་ཡེ་ཤེས་འཆར་ཚུལ་ཡང་ཤེས་ཏེ་རྟོག་པ་དང་མི་རྟོག་པའི་སྐྱོན་ཡོན་རིག་པར་བྱེད་པའོ། །ལྔ་པ་བསྒྱུར་བའི་རྣལ་འབྱོར་ནི་སྔར་གྱི་རྣམ་རྟོག་རྒྱུ་བ་ཤུགས་ཅན་དེ་ལོག་ནས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་པོ་རྟོག་བྲལ་གྱི་རླུང་དུ་སོང་བས་མཉམ་བཞག་ཏུ་མི་རྟོག་པར་ཁོ་ནར་གནས་ཀྱང་རྩ་འཁོར་ལ་རྒྱུ་བ་ན་ཉོན་མོངས་པའི་ཞད་ཡོང་བས་ཉོན་མོངས་པའམ་ཀུན་རྫོབ་ཅེས་བྱ་ལ། དེ་འགགས་ནས་མི་ཤིགས་པ་ལ་ཐིམ་པ་ན་ཡེ་ཤེས་དང་དོན་དམ་ཞེས་བྱ་ཞིང་། ཡང་དེ་ལས་ལངས་ནས་རྩའི་འཁོར་ལོར་རྒྱུ་བ་སོགས་སྔར་འཁོར་བར་བྱེད་པའོ། །དྲུག་པ་ཡོངས་དག་གི་རྣལ་འབྱོར་ནི། རྩ་འཁོར་རྣམས་སུ་རླུང་རྒྱུ་མི་རྒྱུའི་དབྱེ་བའང་སྤངས་ཏེ། རྟག་ཏུ་མི་ཤིགས་པ་ལ་ཐིམ་པས་རླུང་གི་དེ་ཁོ་ན་ཉིད་མཉམ་བཞག་གསལ་སྟོང་བདེ་བའི་མཚན་ཉིད་ཅན་དེའི་ངང་དུ་རླུང་ཐམས་ཅད་ཐིམ་པའི་འོད་གསལ་ལ་མཉམ་པར་འཇོག་པའོ། །དེ་ལྟར་ཡན་ལག་དྲུག་པོ་དེ་ལ་རྡོ་རྗེའི་བཟླས་པ་ཇི་ལྟར་བྱ་བའི་ཚུལ་ནི། དགོངས་པ་ལུང་སྟོན་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་རྡོ་རྗེའི་བཟླས་པ་རྣམ་པ་བཞི་གསུངས་ཏེ། དེའི་དོན་འཆད་ཚུལ་མང་ཡང་དཀྱུས་ཀྱི་ཕྱག་ལེན་ལྟར་ན། འབྲུ་གསུམ་ངག་ཏུ་བཟླ་བ་བརྗོད་བཅས་རྡོར་བཟླས། ཡི་གེ་གསུམ་དབྱིབས་དང་ཁ་དོག་གི་རྣམ་པར་བསྒོམ་པ་དམིགས་པ་རྡོར་བཟླས། རླུང་ལྡང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས་རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་པ་བརྡར་གྱུར་རྡོར་བཟླས། རླུང་གི་འགྲོ་འོང་གནས་གསུམ་དང་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་ཤེས་པས་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དོན་དམ་རྡོ་རྗེའི་བཟླས་པར་བཞེད་དོ། །གསུམ་པ་ཐིག་ལེ་སྦྱོང་བ་ལ་གཉིས། ལམ་གྱི་གཙོ་བོ་དང་། ལམ་གྱི་ཡན་ལག་གོ །དང་པོ་ལ་གཉིས། དྲོད་དང་བདེ་བ་མི་རྟོག་པའི་གཏུམ་མོ་བཤད་པ་དང་། གོང་གི་དོན་རྣམས་བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། དེ་ལ་ ནས་ དབྱིངས་སུ་བསྐྱལ༔ ཅེས་གསུངས་ཏེ། རྩ་རླུང་རྣལ་འབྱོར་དེ་དག་ལ་གོམས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོའི་འོག་སོར་བཞི་ཙམ་དུ། ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ་སྦས་པའི་རང་གཟུགས་དཔྱིད་དམ་ཙཎྜ་ལཱི་སྟེ་གཏུམ་མོ་ཡེ་ཤེས་ཀྱི་མེ། དབྱིབས་ཨ་ཤད་ཀྱི་རྣམ་པ། ཁ་དོག་དམར་ལ་རེག་བྱ་ཚ་བ་ངོ་བོ་སྟོང་པ་ཉམས་བདེ་བའི་རང་བཞིན་དང་། དབུ་མའི་ཡར་སྣར་ཧཾ་ཡིག་དངོས་སམ་ཐིག་ལེ་གསལ་འཚེར་སྣུམ་འདྲིལ་མཚན་ཉིད་བཞི་ལྡན་ཏུ་གསལ་གདབ། སྦྱོར་བ་བཞི་ལྡན་བུམ་ཅན་རླུང་གིས་བསྐུལ་བས་མེ་ལྕེ་སོར་བཞི་ཙམ་ནས་རིམ་པར་ཇེ་རིང་ལ་སྦར། དབུ་མའི་སྦུབས་ལམ་དུ་ཞུགས་ཏེ་ལྟེ་བ་སོགས་འཁོར་ལོ་བཞིར་རྩ་ཐིག་ཁ་སྦྱོར་གྱི་ལྷ་ཚོགས་རྣམས་བསྐུལ། མཐར་སྤྱི་བོའི་ཧཾ་ལ་རེག་པས་དེ་ལས་བདེ་བའི་རྒྱུན་གྱི་ཐིག་ལེ་ཆར་ཟིམ་མམ་བ་ཐག་ལྟར་བྱུང་སྟེ་ལྟེ་བའི་གཏུམ་མོ་ལ་ཐིམ་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་གསོས་བཏབ། སླར་ཡང་མེ་དེ་ཉིད་ཆེས་ཆེར་འབར་བས་བྱང་སེམས་བསྐུལ་བའི་བདེ་བ་དང་འདྲེས་ཏེ་འཁོར་ལོ་བཞི་ནས་རིམ་པར་མཆེད་པས་ལུས་རྩ་ཕྲ་མོའི་ཁམས་ཐམས་ཅད་ཁྱབ། དྲོད་དང་བདེ་བས་གང་བ་དེ་ཉིད་རང་རིག་གི་ངོ་བོར་རོ་མཉམ་དུ་ཤེས་པའི་ལྟ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་ལ། ཞུ་བདེ་སྟོབས་སུ་གྱུར་པའི་ཉམས་གསུམ་ཀར་ཡང་ཆེད་འཛིན་མེད་པར་མཐར་ཐུག་ཀ་དག་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་བསྐྱལ་བར་བྱའོ། །སྤྱིར་གཏུམ་མོ་ལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་ཕྱི། ཨ་ཐུང་ནང་། ཁ་སྦྱོར་གསང་བའི་གཏུམ་མོ་གསུམ་དུ་གསུངས་པ་ལས་འདིར་བསྒོམ་བྱ་ནང་གི་གཏུམ་མོའི་ངོ་བོ་ནི། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནང་གི་རྣལ་འབྱོར་མ་སྟེ། རྡོར་ཕྲེང་ལས། ལྟེ་བའི་དབུས་སུ་རྟག་གནས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་འབྱུང་བ། །ཞེས་སོ། །ངེས་ཚིག་ཙཎྜ་ལཱིའི་སྒྲ་ལས་དྲག་ཅིང་གཏུམ་ལ་སྲེག་པ་སྟེ་གང་ལ་གནད་དུ་བསྣུན་པས་ཕུང་ཁམས་ཀྱི་མ་དག་པ་དང་རྣམ་རྟོག་ཉོན་མོངས་མྱུར་དུ་སྲེག་པར་བྱེད་པའོ། །གནས་ཚུལ་རྒྱུད་སྡེ་སོ་སོའི་དགོངས་པས་མེ་དང་རླུང་དང་རྩ་དང་ཐིག་ལེ་དང་སྔགས་དང་ཡེ་ཤེས་རྣམས་སུ་གནས་པར་བཤད་ལ་ཀུན་རྫོབ་ཐིག་ལེ་དོན་དམ་ཡེ་ཤེས་སུ་གནས་པ་སྤྱིའི་དགོངས་པའོ། །སྤར་བྱེད་བུམ་ཅན་སོགས་རླུང་སྦྱོར། ས་བོན་ཕྱག་མཚན་མེ་ཐིག་ཨ་ཤད་སོགས་དམིགས་པ། རང་ལུས་གཞན་ལུས་ཐབས་ལ་བསྟན་པ་སྟེ་གསུམ་མོ། །འབར་བའི་ཚད་རོ་རྐྱང་གི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ཀའང་འབར་བ་ཆུང་འབྲིང་ཆེན་པོ་གསུམ་དུ་འབྱུང་། དབྱེ་བ་ལས་དང་རྣལ་འབྱོར་ལྷན་སྐྱེས་ཀྱི་གཏུམ་མོ་གསུམ་མམ། འབར་བ་དམ་ཚིག་དྲོད། ཞུ་བ་ཆོས་བདེ་བ། འདྲེས་པའི་ཉམས་མྱོང་ཡེ་ཤེས་མི་རྟོག་པའི་གཏུམ་མོ་གསུམ་དུ་བཤད། རྟགས་ཚད་ཕྱི་ནང་གི་རྟགས་བཅུ་དང་ཡོན་ཏན་གྲུབ་པ་རྣམ་པ་གཉིས་ཀའི་རྒྱུར་འགྱུར་རོ། །གཉིས་པ་ནི། ཟབ་པའི་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་བཅོས་མིན་ཟབ་མོའི་བསྐྱེད་རིམ་ནི་བསྙེན་པ་དང་། ཉེ་བར་བསྙེན་པ་ནི་རླུང་གི་རྣལ་འབྱོར་ལུས་སྦྱོང་འཕྲུལ་འཁོར་དང་བཅས་པ་ཡིན་ཏེ། དེ་ནས་གཏུམ་མོའི་འབར་འཛག་གི་སྒྲུབ་པའི་རིམ་པས་བདེ་སྟོང་དབྱེར་མེད་པའི་སྒྲུབ་པ་ཆེན་པོའི་དེ་ཉིད་མངོན་དུ་འགྱུར་བ་སྟེ་དཀྱིལ་འཁོར་བཀོད་པ་སོགས་སྤྲོས་བཅས་ལ་མ་ལྟོས་བར་ནང་རྡོ་རྗེའི་ལམ་དུ་བསྙེན་སྒྲུབ་ཡན་ལག་བཞི་མཐར་ཕྱིན་པའོ། །གཉིས་པ་ལམ་གྱི་ཡན་ལག་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ལམ་གྱི་ཡན་ལག་ཅེས་པས་བསྟན་ཏེ། ཐབས་ལམ་གྱི་ཡན་ལག་ཏུ་གལ་ཆེ་བ་ཉིན་མཚན་གྱི་རྣལ་འབྱོར། མཚམས་སྦྱོར་གྱི་གདམས་པ་རྣམས་རིམ་བཞིན་བསྟན་པར་བྱའོ། །གཉིས་པ་ལ་གཉིས། ཉིན་མོ་དང་མཚན་མོའི་རྣལ་འབྱོར་རོ། །དང་པོ་ནི། ཉིན་མོའི་ ནས་ བདེ་བར་རོལ༔ ཅེས་གསུངས་ཏེ། ཞུ་བདེ་གཏུམ་མོའི་རྣལ་འབྱོར་ནི་སྒྲིབ་རྩ་སྙོམས་འཇུག་འཕོ་བའི་གནས་སྐབས་སྦྱོང་ཞིང་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པའི་ཕྱིར་ལམ་གྱི་གཞུང་ཤིང་ཡིན་པས་མཉམ་བཞག་ཉམས་ལེན་དངོས་གཞིར་བྱས་ལ། རྗེས་ཐོབ་ཏུ་ཉིན་མཚན་གྱི་རྣལ་འབྱོར་གྱིས་སོ་སོའི་ངོ་སྐལ་སྦྱང་དགོས་པས། དེའང་ཉིན་མོའི་རྗེས་ཐོབ་ཐ་མལ་འཁྲུལ་པའི་གནས་སྐབས་ཀུན་སྒྱུ་ལུས་ཀྱིས་སྦྱངས་ཏེ། དེའང་བསྒྲུབ་བྱ་དངོས་སྦས་དོན་གྱི་སྒྱུ་ལུས་ཡིན་ཀྱང་སྔོན་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བློ་འབྱོངས་བར་བྱ་དགོས་པས་མདོར་དྲིལ་ན་བཞི། དང་པོ་མ་དག་སྒྱུ་ལུས་ནི། ཁམས་གསུམ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་ནས་མེད་བཞིན་དུ་སྣང་ལ་བདེན་པར་མ་གྲུབ་པ་དཔེ་དེ་དག་ལྟ་བུར་ཤེས་པར་བྱ་སྟེ། བརྒྱད་ནི། བདེན་པར་མ་གྲུབ་ཀྱང་བྱ་བྱེད་དངོས་པོ་ཚང་བར་སྣང་བ་སྒྱུ་མ། འཁྲུལ་པས་བསླད་པའི་སེམས་ཙམ་དུ་སྣང་བ་རྨི་ལམ། གདོས་བཅས་སུ་མ་གྲུབ་པས་ཕྱི་ནང་གང་དུའང་མེད་པ་མིག་ཡོར། སྐད་ཅིག་གིས་གཡོ་བ་སྨིག་རྒྱུ། གཅིག་གིས་གར་ཡང་ཁྱབ་པ་ཆུ་ཟླ། རྒྱུ་རྐྱེན་ལས་སྐད་ཅིག་གིས་སྐྱེ་འགག་བྱེད་པ་བྲག་ཆ། སྣང་ཡང་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར། གཅིག་དང་དུ་མར་སྣང་བ་སྤྲུལ་པ་རྣམས་ཏེ། དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་བཞིན་དུ་ཉེ་བར་སྣང་བ་སྒྱུ་མའི་ལུས་ཅན་ཡིན་པས་ཚིག་དོན་རྣམས་མདོ་དང་ཐུན་མོང་བའི་སྤྱི་དོན་གྱི་སྒྱུ་ལུས་སོ། །གཉིས་པ་དག་པ་སྒྱུ་ལུས་ནི། འདི་ལྟར་སྣང་བ་ཐམས་ཅད་ལོགས་སུ་མ་གྲུབ་པ་སེམས་ཀྱི་འདུ་བྱེད་ཙམ་དུ་ཤར་བ་དང་སེམས་དེའང་གདོད་ནས་རང་བྱུང་སྣང་སྟོང་ཟུང་འཇུག་གི་ལྷ་སྐུར་བལྟ་བ་སྟེ། དེའི་ཚུལ་ཡང་རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་སྐད་ཅིག་གིས་གཟུགས་རྫོགས་པ་དང་གསལ་ཞིང་མ་འདྲེས་པ་དང་གཅིག་གིས་ཀུན་ལ་ཁྱབ་པ་ཁྱད་པར་སུམ་ལྡན་དུ་བསྒོམས་པ་ནི་སྔགས་ཀྱི་སྤྱི་དོན་ནོ། །གསུམ་པ་རྣམ་དག་སྒྱུ་ལུས་ནི། རླུང་དབུ་མར་ཐིམ་པས་སྟོང་པ་གསུམ་མམ་བཞི་དྲངས་ཏེ། དེའི་ཉེར་ཐོབ་བམ་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་སྐད་ཅིག་གིས་ལྷ་སྐུར་ལྡང་། དེ་ལྟ་བུའི་འཇུག་ལྡངས་ལ་ཡང་ཡང་གོམས་ནས་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ལྡངས་པས་སློབ་པའི་ཟུང་འཇུག་འགྲུབ་པ་སྦས་དོན་དང་། བཞི་པ་ནི། དེ་དག་མཐར་ཕྱིན་པ་ལས་དྲི་མ་ཐམས་ཅད་དང་བྲལ་བ་མི་སློབ་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྤྱོད་ཡུལ་སྒྱུ་མ་ལྟ་བུའི་བདེ་བར་རོལ་པ་ནི་མཐར་ཐུག་གི་སྒྱུ་ལུས་སོ། །དེ་ལྟར་ཡང་གལ་པོ་ལས། །འབྲས་བུའི་བདག་བྱིན་བརླབ་པ་ནི། སྒྱུ་མ་དང་ནི་ཆུ་ཟླ་དང་། །འཇའ་ཚོན་བཞིན་དུ་དངོས་མེད་པ། །དེ་ལྟར་འབྲས་བུའི་སྐུར་སྣང་བ། །མཚན་དང་དཔེ་བྱད་རྒྱན་གྱིས་བརྒྱན། །ཅེས་སོ། །གཉིས་པ་མཚན་མོའི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། ཆོས་ཀུན་ ནས་ རྩོལ་མེད་འཆར༔ ཞེས་གསུངས་ཏེ། གཉིད་མཐུག་གནས་སྐབས་ཀྱི་དྲི་མ་སྦྱོང་བ་འོད་གསལ་ལའང་ཚུལ་བཞི་ལས། དང་པོ་ཚིག་དོན་དང་མདོ་སྤྱི་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་གྱི་རང་བཞིན་ནི་གདོད་མ་ནས་སྤྲོས་པའི་མཐའ་དང་བྲལ་བས་ངོ་བོ་སྟོང་ལ་རྣམ་པ་འགགས་མེད་ཅིར་ཡང་གསལ་བ་ཡིན་པ་ལ་ཡིན་པར་ཤེས་པའི་ཏིང་འཛིན་བརྟན་པས་རླུང་དབུ་མར་ཐིམ་སྟེ་སྟོང་བཞི་འདྲེན་ནུས་པ་གཞིར་བྱས་ནས། གཉིས་པ་སྔགས་སྤྱིའི་འོད་གསལ་འཛིན་པ་ལ་དུས་གནད་ཐོ་རངས་གཉིད་སྲབ་པའི་དུས། ལུས་གནད་ཙོག་པུ། འདུན་པ་གཉིད་ཁའི་དྲན་པ། ཡུལ་གནད་སྙིང་གའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པསརྐྱེན་བྱས། སྔར་གྱི་ཉམས་མྱོང་གིས་རྒྱུ་བྱས་ཏེ་དབུ་མར་རླུང་སེམས་ཅུང་ཟད་འདུས་པ་ལས་འབྱུང་བ་རིམ་པར་ཐིམ་པའི་རྟགས་སྣང་ཕྲ་མོ་དུ་བ་ལ་སོགས་པ་འཆར། རྣམ་ཤེས་སྣང་བ་ལ་ཐིམ་སྟེ་རྟོག་པ་རགས་པ་འགགས་པས་དཀར་ལམ་ཟླ་འོད་ལྟ་བུར་ཤར་བ་ནི་སྟོང་པ། སྣང་བ་མཆེད་པ་ལ་ཐིམ་སྟེ་ཕྲ་བའི་རྟོག་པ་འགགས་པས་དམར་ལམ་ཉི་འོད་ལྟ་བུ་ནི་ཤིན་ཏུ་སྟོང་པ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕལ་ཆེར་འགགས་པས་ནག་ལམ་མཚམས་ཀྱི་སྨག་ལྟ་བུ་ནི་སྟོང་པ་ཆེན་པོ། ཉེར་ཐོབ་འོད་གསལ་ལ་ཐིམ་སྟེ་རླུང་སེམས་ཐམས་ཅད་འགགས་པས་ཐོ་རངས་ཀྱི་སྟོན་གནམ་སློང་བྱེད་རྐྱེན་གསུམ་དང་བྲལ་བ་ལྟ་བུ་ནི་ཐམས་ཅད་སྟོང་པ་སྟེ། སྟོང་བཞི་སོ་སོའི་ཐད་དུ་ངོས་ཟིན་པར་བྱ་ཞིང་ཁྱད་པར་བཞི་པ་འོད་གསལ་གྱི་ངང་ཅི་གནས་སུ་བསྐྱང་། གསུམ་པ་སྦས་དོན་ནི། ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པ་ལས་ལམ་དུས་སྲབ་མཐུག་ཉམས་རྟོགས་ཀྱིས་ཕྱེ་བའི་དཔེའི་འོད་གསལ་ལ་རང་དབང་ཐོབ་པའི་རྒྱུ་ལས། བཞི་པ་མཐར་ཐུག་དོན་གྱི་འོད་གསལ་རྩོལ་མེད་དུ་འཆར་བར་འགྱུར་ཏེ། འཆི་བ་ཆོས་ཀྱི་སྐུར་ལམ་དུ་བསླངས། འོད་གསལ་མ་དང་བུ་འདྲེས་གདོད་མའི་གཞི་ཐོག་ཏུ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་འགྱུར་རོ། །གཉིས་པ་ནི། རྗེས་ཐོབ་ ནས་ ཚོམ་བུར་བསྒྲུབ༔ ཅེས་གསུངས་ཏེ། གཉིད་ཀྱི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་ཐོབ་ཏུ་རྨི་ལམ་འཆར་བར་རྩོམ་ན་སྐད་ཅིག་གིས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་ཡིན་ཀྱང་དེ་ལྟར་མི་ནུས་པས་རྨི་ལམ་གྱི་གནས་སྐབས་སྦྱོང་བའི་གདམས་ངག་ནི། ཉིན་མོ་སྣང་བ་ཐམས་ཅད་རྨི་ལམ་དུ་དྲན་པ་རྒྱུན་ཆགས་པ་འདུན་པའི་སྟོབས་དང་། སྲོག་རྩོལ་རླུང་གི་སྦྱོར་བ་ལ་གནད་དུ་བསྣུན་པའི་སྟོབས་ཀྱིས། ནུབ་མོ་གཉིད་མཐུག་འོད་གསལ་དུ་འཆར་མ་ནུས་པར་རླུང་རོ་རྐྱང་དུ་ཤོར་ནས་མགྲིན་པའི་རྩར་རྒྱུས་ཏེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་གྱི་སྣང་བར་ཤར་མ་ཐག་རྨི་ལམ་དུ་ངོ་ཤེས་པར་བྱས་ལ་འདུན་པ་དྲག་པོས་བཟུང་། དེ་བརྟན་པ་ན་གཅིག་ལས་དུ་མ་དང་གང་འདུལ་སོགས་སུ་སྤྲུལ། དེའང་བརྟན་ནས་དངོས་པོ་ལ་མ་ངེས་པ་སྣ་ཚོགས་སུ་བསྒྱུར་བ་དང་སྤེལ་བ་སོགས་བྱས་ལ་རྨི་ལམ་གྱི་ཏིང་འཛིན་རྩལ་ཆེན་མ་རྫོགས་བར་དུ་སྦྱང་། རྩལ་རྫོགས་ནས་ཉིང་འཁྲུལ་གྱི་སྣང་བ་ཐམས་ཅད་སྟོང་པ་ཆེན་པོའི་ངང་དུ་བསྡུ་ཞིང་དེའི་ངང་ལས་སྙིང་རྗེ་སྒྱུ་མ་ལྟ་བུའི་རང་གདངས་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པར་ལྡང་། དེ་ལས་ཕྱག་རྒྱ་དུ་མར་སྤྲོས་ཤིང་མཐར་ཇི་སྲིད་མཁའ་ཁྱབ་ཀྱི་ཚོམ་བུར་སྤྲོ་ནུས་པ་དེ་སྲིད་དུ་བརྩོན་པས་བསྒྲུབ་པ་ནི། རྨི་ལམ་ལ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་རྫོགས་པའོ། །དེས་གནས་སྐབས་སུ་འཁྲུལ་སྣང་གི་བདེན་ཞེན་ལྡོག་ཅིང་མཐར་ཐུག་བར་དོ་ལོངས་སྐུ་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་འཆི་ཁ་དང་བར་དོའི་ཉམས་ལེན་བསྟན་པ་ལ་གཉིས། དགོས་པ་བསྟན་པས་མཚམས་སྦྱར། དེ་གཉིས་སོ་སོར་བཤད་པའོ། །དང་པོ་ནི། ཚེ་འདིར་སོགས་རྐང་པ་གཅིག་སྟེ། གང་ཟག་ལེ་ལོ་ཅན་གདམས་ངག་ཐོབ་ལ་ཉམས་སུ་བླངས་ཀྱང་ཚེ་འདིར་རྟོགས་པའི་གདེང་མ་ཐོབ་ཅིང་གོམས་པ་མངོན་དུ་མ་གྱུར་ན། ལམ་གྱི་ཆད་མཐུད་འཆི་ཁར་ཡེ་ཤེས་གོང་དུ་འཕོ་བ་དང་། བར་དོ་སྐུ་གསུང་དུ་བསྲེ་བའི་གདམས་ངག་འདི་དག་ཉམས་སུ་བླང་བར་བྱའོ། །གཉིས་པ་ལ་གཉིས། འཆི་ཁ་མའི་ཉམས་ལེན། བར་དོའི་ཉམས་ལེན་ནོ། །དང་པོ་ནི། རླུང་སེམས་སོགས་ཚིག་རྐང་གཅིག་སྟེ། དེའང་སྤྱིར་རབ་འཆི་བ་དོན་དམ་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ་དང་། འབྲིང་བར་དོ་ཡང་དག་པའི་ཀུན་རྫོབ་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བ་དང་། ཐ་མས་བསྐྱེད་རིམ་དུ་འཕོ་བ་བཅས་གསུམ་དུ་གསུངས་པ་ལས་འདིར་བསྟན་བྱ་ཕྱི་མ་སྟེ། གསོན་དུས་སུ་ལེགས་པར་སྦྱངས་ནས་འཆི་ཁར་ལས་ལ་སྦྱོར་བར་བྱའོ། །དེའང་ལུས་གནད་རླུང་སྦྱོར་དང་ལྡན་པས་འཁོར་བའི་སྒོ་དགུ་བགག །ཐར་པའི་སྒོ་གཅིག་དབྱེ། རླུང་སེམས་ལྟེ་བའམ་སྙིང་གའི་དབུ་མར་རྟེན་ལ་བསྡུ་ཞིང་ཚངས་བུག་ནས་རྟེན་ཅན་རྟེན་མེད་གང་རུང་དུ་འཕོ་ཞིང་འབེབས་པ་སོགས་བྱས་ནས་འབྱོངས་པར་གྱུར་པ་ན། འཆི་བའི་རྟགས་ཚང་ཞིང་བསླུ་བའི་ཐབས་ཀྱིས་མ་ལྡོག་པའི་ཚེ་འདུན་པ་རྩེ་གཅིག་པས་དབྱིངས་སུ་འཕོས་ཏེ་ཀ་དག་བསམ་བརྗོད་བྲལ་བའི་ངང་ལ་བཞག་པས་རབ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་བགྲོད་དེ་ལམ་ལྷག་མ་རྫོགས་ནས་མཆོག་ཐོབ་པ་དང་། འབྲིང་སྔགས་སྤྱོད་ཀྱི་རྟེན་བཟུང་ནས་སྐྱེ་བ་དག་པར་བརྒྱུད་དེ་དངོས་གྲུབ་ཐོབ་པ་དང་། ཐ་མ་མཐོ་རིས་སུ་སྐྱེས་ནས་ལམ་སྣ་ཟིན་ཏེ་རིམ་པས་ཐར་པ་ལ་སྦྱོར་བར་བཤད་དོ། །གཉིས་པ་ནི། བར་དོའི་ ནས་ མཚམས་སྦྱར་རོ༔ ཞེས་གསུངས་ཏེ། འཆི་བའི་ཚེ་ལུགས་ལྡོག་གི་འོད་གསལ་ངོས་མ་ཟིན་པས་ལུགས་འབྱུང་ཐམས་ཅད་སྟོང་པ་ལས་ཉེར་ཐོབ་སོགས་སུ་ལྡང་ཞིང་རང་བཞན་བརྒྱད་ཅུའི་རྟོག་པ་སྐྱེས་པའི་ཚེ་བར་དོའི་ཡིད་ལུས་མིང་གཞི་འདུས་པའི་ཕུང་པོར་གྲུབ་ནས་འཁྲུལ་སྣང་ལ་སྤྱོད་པ་སྟེ། དེའི་ཚེ་སྔར་གྱི་གདམས་ངག་གི་གནད་དྲན་པར་བྱས་ལ་འཁྲུལ་སྣང་བདེན་མེད་དུ་ཤེས་པས་སྣང་ཡུལ་སྒྲ་གྲགས་རྟོག་ཚོགས་གསུམ་པོ་སྣང་སྟོང་ལྷ་དང་གྲགས་སྟོང་སྔགས་དང་རིག་སྟོང་ཡེ་ཤེས་ཆེན་པོར་བསྲེ་བ་དང་། གཞན་ཡང་སྔོན་གྱི་གོམས་པ་དང་བསྟུན་སྨིན་བྱེད་དབང་། གྲོལ་བྱེད་ལམ། བསྲུང་བྱ་དམ་ཚིག །ཐོབ་བྱ་འབྲས་བུ་དང་མཐུན་པར་བསྲེ་བས་དག་པའི་ཞིང་ཁམས་སོགས་སུ་མཚམས་སྦྱར་ཏེ་སྐྱེ་བ་སྤྲུལ་སྐུར་འགྲུབ་པ་དང་། དབང་པོ་ཤིན་ཏུ་ཐ་མས་ཀྱང་འདུན་པ་ཅེར་གྱིས་བཟུང་ལ་མོས་གུས་སྙིང་རྗེ་ཞེན་ལོག་སོགས་ཤུགས་བསྐྱེད་པས་སྐྱེ་གནས་ངན་པའི་མངལ་སྒོ་ཁེགས་པར་འགྱུར་རོ། །རྩ་བའི་གཉིས་པ་དེ་དག་ལམ་གཞན་གྱི་དོད་སྦྱར་བ་ནི། དེ་ལྟར་ ནས་ ངང་གིས་འཆར༔ ཞེས་གསུངས་ཏེ། རང་བྱིན་བརླབ་ཀྱི་རྫོགས་རིམ་དེ་ལྟར་བསྟན་པ་ཁོ་ནས་རིམ་པ་དང་པོའི་ལམ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏེ། ཐོག་མར་གཞི་ལུས་རྩའི་ཁམས་གཙོ་མོ་འཁོར་དང་བཅས་པ་ནི་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷ་ཚོགས་གཙོ་འཁོར། དེ་ཉིད་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་རང་བྱུང་དུ་གྲུབ་པར་ཤེས་པས་གསལ་གདབ། རྩ་རླུང་ཐིག་ལེའི་སྦྱོང་བ་རྣམ་པ་གསུམ་གྱིས་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་བརླབས་པའི་ཡེ་ཤེས་ལམ་དུ་བྱ་བ་དང་། སྟེང་འོག་གི་རླུང་ཁ་སྦྱོར་དུ་བཅིངས་པས་དབང་བསྐུར་ཞིང་འབྱུང་འཇུག་གནས་གསུམ་རྡོ་རྗེའི་བཟླས་པ་རྒྱུན་མི་འཆད་པ་དང་། ལྟེ་བར་གཏུམ་མོ་སྦར་བའི་མེས་མཆོད་ཅིང་དཔྱིད་ཐིག་འབར་འཛག་མི་ཤིགས་པའི་རང་སྒྲ་རྡོ་རྗེའི་གླུ་ཡིས་བསྟོད་པ་དང་། ལུས་ཙཎྜ་ལཱིའི་དྲོད་ཀྱིས་ཁྱབ་པའི་ནང་གི་ཚོགས་ཁང་ཉམས་སུ་དགའ་བར། ཨ་ཧཾ་ཞུ་བདེའི་ལོངས་སྤྱོད་ཟག་མེད་བདུད་རྩིའི་ཚོགས་དང་གཏོར་མར་ཚིམས་པ་ཆེན་པོར་རོལ་ནས་འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་ཐིམ། སླར་ཡང་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷའི་སྐུ་རང་མདངས་སྣོད་བཅུད་དཀྱིལ་འཁོར་གསུམ་སྒྱུ་མའི་རང་བཞིན་དུ་ལྡང་བ་བཅས་ཀྱིས་སད་དུས་མཉམ་རྗེས་ཀྱི་རྣལ་འབྱོར་གཉིས་སུ་སྤྲོས་བཅས་ཀྱི་ཕྲིན་ལས་ལ་ཇི་ལྟར་ཡོད་པ་ཚང་བ་དང་། སྣང་གསུམ་ལུགས་ལྡོག་འོད་གསལ་དུ་ཐིམ་ནས་དེའི་ངང་དུ་གནས་པ་དེ་བཞིན་ཉིད་སྟོང་པ་ཆེན་པོའི་དབྱིངས་ལས། རྗེས་ཐོབ་ལུགས་ལྡོག་ཏུ་ཤར་བ་ཀུན་སྣང་སྒྱུ་མ་དང་རྒྱུའི་ས་བོན་གྱི་ཡི་གེའི་སྤྲིན་ལས། རྨི་ལམ་ལྷ་སྐུ་ཕྱག་རྒྱ་གཅིག་པ་ལྡང་ཞིང་དེ་ལས་ཕྱག་རྒྱ་སྤྲོས་བཅས་ཀྱི་རྩལ་སྦྱངས་པས། རླུང་སེམས་དབྱེར་མེད་པའི་ལྷའི་ཚོམ་བུ་མཐའ་ཡས་པར་སྤྲོ་བ་ཚོགས་སྒྲུབ་ཆེན་མོ་སྟེ་གཉིད་དུས་མཉམ་རྗེས་ཀྱི་རྣལ་འབྱོར་བསྙེན་སྒྲུབ་ཡན་ལག་བཞི་དང་བཅས་པ་རྣམས་ཀྱིས། མ་དག་རྣམ་སྨིན་གྱི་སྒོ་གསུམ་པོ་རྣམ་པར་དག་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་གོ་འཕོ་ཞིང་གནས་འགྱུར། སྐྱེ་བ་སྤྲུལ་སྐུ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ་སྟེ་བར་སྲིད་གསུམ་པོ་སྐུ་གསུམ་དུ་རང་བཞིན་ལྷུན་གྱིས་གྲུབ་པར་མངོན་བྱང་ཆུབ་པའི་མཆོག་གི་དངོས་གྲུབ་འབད་རྩོལ་མེད་པར་ངང་གིས་འཆར་བར་འགྱུར་རོ། །གསུམ་པ་ཤེར་དབང་གི་ཉམས་ལེན་བཤད་པ་ལ་གསུམ། མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གང་ཡང་ ནས་ རིམ་པ་སྟེ༔ ཞེས་གསུངས་ཏེ། རང་བྱིན་བརླབ་ཀྱི་ཉམས་ལེན་དེ་དག་གི་རྩ་བ་སྲོག་རྩོལ་སྒྲ་ཇི་བཞིན་འགྲུབ་ཅིང་འཕོ་མེད་ལ་གདེང་དུ་གྱུར་པ་སོགས་མཉམ་རྗེས་ཀྱི་རྣལ་འབྱོར་གང་ལ་ཡང་རྟོགས་གོམས་ཀྱིས་ཉམས་རྟོགས་རྩལ་ཁ་ཆེས་ཆེར་མཆེད་ཅིང་རྒྱལ་པར་གྱུར་པ་ན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གཞན་ལུས་ལ་འཇུག་པའི་དུས་ཡིན་ཞིང་། དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པའི་ལམ་གྱི་རིམ་པ་རྒྱུད་སྡེ་ཀུན་ལས་ཁྱད་པར་དུ་བསྔགས་པ་སྟེ། དུར་ཁྲོད་ཁང་བརྩེགས་ཀྱི་རྒྱུད་ལས། ལས་རྒྱའི་བྱང་ཆུབ་སེམས་འབྱོངས་པས། །མཆོག་དང་ཐུན་མོང་ཡོན་ཏན་རྣམས། །རང་གི་སེམས་ལ་གང་འདོད་པ། །འདི་ཡིས་ངེས་པར་འགྲུབ་པར་འགྱུར། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །སྒྱུ་མ་ཀུན་ལས་ཁྱད་པར་དུ། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་ལ་གསུམ། ལམ་དངོས་དང་། གཞན་དེར་འདུ་ཚུལ། དེ་དག་གི་འབྲས་བུའོ། །དང་པོ་ལའང་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཡུལ་དང་ ནས་ འགྲུབ་པར་འགྱུར༔ ཞེས་གསུངས་ཏེ། ཟབ་ལམ་དེ་ཉམས་སུ་ལེན་པའི་ཐབས་མདོར་བསྡུ་ན། གང་ལ་བསྟེན་བྱའི་ཡུལ་དང་། ནམ་བསྟན་པའི་དུས་ཚོད་དང་། ཇི་ལྟར་བསྟེན་པའི་ཐབས་དང་། དེ་ལྟར་བསྟེན་པས་མཚོན་པར་བྱ་བ་སྟེ་རྣམ་པ་བཞི་ཡིས་གཞན་ལུས་ཤེས་རབ་ལ་བསྟེན་པའི་ཐབས་ལམ་ཟབ་མོ་དེ་ཉིད་དཔྱིས་ཕྱིན་པར་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། ཡུལ་དང་དུས་བཤད་པ། ཐབས་བཤད་པ། མཚོན་ཚུལ་བཤད་པའོ། །དང་པོ་ལའང་གསུམ། ཡུལ་བཤད་པ། དུས་བཤད་པ། དེ་གཉིས་ཀྱི་མཇུག་བསྡུ་བའོ། །དང་པོ་ཡུལ་ཕྱག་རྒྱ་བརྟག་ཅིང་དགུག་པའི་ཚུལ་བཤད་པ་ནི། ཡུལ་ནི་ ནས་ དམིགས་པས་དགུག༔ ཅེས་གསུངས་ཏེ། དེ་ལ་གཞན་ལུས་དཀྱིལ་འཁོར་འཁོར་ལོ་ནི་ཕོ་ཉའི་མགྱོགས་ལམ་ཡིན་པས་ཐོག་མར་བསྟེན་བྱའི་ཡུལ་གལ་ཆེ་སྟེ། དེའང་རབ་དོན་གྱི་འོད་གསལ་ཐོབ་བའི་ལྷན་སྐྱེས། འབྲིང་དབང་དང་བསྐྱེད་རིམ་གྱིས་རྒྱུད་སྦྱངས་པའི་སྔགས་སྐྱེས་དང་ཡུལ་ཉེར་བཞི་ལ་སོགས་པར་སྐྱེས་པ་ནི་བསྟེན་པ་ཙམ་གྱིས་དངོས་གྲུབ་ཏུ་འགྱུར་བས་མཆོག་ཡིན་ཀྱང་། སྐལ་པ་དང་ནུས་པ་དམན་པས་ཐ་མ་ལས་སྐྱེས་ཀྱི་ཕྱག་རྒྱ་མི་མོ་དཀྱུས་མ་ལས་གཞན་མི་འགྲུབ་ཅིང་དེའང་མཚན་ངན་བསྟེན་ན་ཡོན་ཏན་མི་འཕེལ་གྱི་སྟེང་དུ་སྐྱོན་སྐྱེད་པས་ནུས་པ་མ་ཐོབ་ཀྱི་བར་དུ་སྤང་དགོས་ཤིང་མཚན་ལྡན་ཁོ་ན་གལ་ཆེ་བ་དང་། བུད་མེད་ཐམས་ཅད་རིགས་ཅན་ལྔ་ལས་མ་འདས་པར་བཤད་པས་ལྔ་པོ་ལས། པདྨ་ཅན་ནི་རྩ་བཟང་བས་བདེ་བ་ལྷག་པར་སྐྱེད་ཅིང་ཆོས་ཉིད་གསལ་བས་རབ་ཡིན་ལ། རི་མོ་ཅན་དང་དུང་ཅན་མ་དང་གླང་སྣ་ཅན་རི་དྭགས་མ་བཞི་ནི་རྩ་སྔ་མ་ལས་དམན་པས་འབྲིང་དུ་བཤད་དོ། །དེ་ལ་པདྨ་ཅན་གྱི་མཚན་ཉིད་ནི་ཕྱི་རྟགས་བཞིན་རས་ཟླུམ་པོ་སྔོ་སང་ངམ་པདྨའི་མདོག་ཅན། སྐྲ་སེར་ཞིང་ལི་བ། རུས་སྦལ་ལྟར་ཆུ་ཞེང་གབ་པའི་ལུས་དབྱིབས་ཅན། བྲང་མཛེས་ལ་ནུ་མ་སྲ་ཞིང་མཁྲེགས་པ། ནང་རྟགས་སུ་ལྟེ་བར་གྱེན་དུ་འགྲེང་བའི་གཉེར་མ་སྟེ་རི་མོ་གསུམ་ཡོད་པ། མཆོག་གྱུར་པདྨའི་རིགས་ཡིན་པས་གསང་རྟགས་སུ་གསང་རྩ་པད་སྣལ་ལྟར་ཕྲ་ཞིང་འབྱེད་འཛུམ་བྱེད་པས་རྒྱུན་ཏུ་འམ་རེས་འགའ་རཀྟ་འོ་མའི་མདོག་ཏུ་སྣང་པའོ། །རི་མོ་ཅན་ནི། རྒྱུད་ཁྲོ་ཞིང་གཏུམ་ལ་ནུ་མའི་གཏིང་ཟབ་པ། ལུས་ཀྱི་བོང་ཐུང་ལ་བྱིན་པ་རི་དྭགས་ལྟར་ཕྲེང་ཞིང་གསུས་པ་རྒྱས་པས་རྐད་བ་སྦོམ་པ། སྐྲ་བཟང་ལ་དཔྲལ་བར་གཉེར་མ་གྱེན་འགྲེང་ཡོད་པ། གསང་རྩ་རི་མོ་ལྟར་ཕྲ་བ་སྟེ་ལས་ཀྱི་རིགས་སོ། །དུང་ཅན་མ་ནི་ལུས་བོང་ཧ་ཅང་རིིང་བའམ་ཐུང་བ་མ་ཡིན་པས་འཚམས་ཤིང་བཞིན་རས་ཡིད་དུ་འོང་བ། སྐྲ་ནག་ལ་རིང་བ་དང་སྣའི་རྩེ་མོའང་ལེབ་མོར་མིན་པར་རིང་ཞིང་ནུ་མ་རྒྱས་ལ་མཁྲེགས་པ། གསང་རྩ་དུང་ལྟར་འཁྲིལ་བ་སྟེ་རིན་ཆེན་རིགས་སོ། །གླང་སྣ་ཅན་ནི། ལུས་བོང་ཆེ་ཞིང་བྱིན་པ་སྦོམ་པ། སྐྲ་ངན་ལ་བཞིན་རས་ཀྱི་མདངས་གསལ་བ། ངོ་ཚ་ཆུང་བའི་ཆགས་པ་དང་ལྡན་ལ་ལུས་ལས་ཆང་དྲི་མནམ་པ། གསང་རྩ་གླང་ཆེན་སྣ་ལྟར་བལྟབས་པ་སྟེ་སངས་རྒྱས་རིགས་སོ། །རི་དྭགས་ཅན་མ་ནི། བཞིན་མདོག་དཀར་ལ་དམར་བའི་མདངས་ཅན་རི་དྭགས་ལྟ་བུའི་མིག་མཛེས་པ། དཔྲལ་བ་དབྱེས་ཆེ་ཞིང་སྐྲ་རྩུབ་པ། སྤྱོད་ལམ་ཧ་ཅང་དལ་པའམ་བྲེལ་བ་སྙོམས་ཤིང་ནུ་མ་ཟླུམ་ལ་འཁྱིིལ་བ། གསང་རྩ་རི་དྭགས་རྩི་ལྟ་བུས་བཀབ་པ་སྟེ་རྡོ་རྗེའི་རིགས་སོ། །དེ་ལྟར་རིགས་རྣམ་པ་ལྔ་པོ་རེ་རེ་ལ་ཡང་ཕྱི་ནང་གསང་རྟགས་ཚང་བ་རྫོགས་མ་རྫོགས་ཁྱད་པར་གྱིས་རབ་འབྲིང་ཐ་མ་གསུམ་གསུམ་དུ་འགྱུར་བས་དེ་དག་གང་ཡང་རུང་བའམ། མཚན་ཉིད་ཚང་མ་ཚང་ཅི་ཡིན་ཀྱང་རུང་གཙོ་བོར་སྒྲུབ་པ་པོ་རང་ལ་དད་ཅིང་གུས་པས་སྙིང་ཉེ་བ། བློ་བརྟན་པས་ལྟ་སྤྱོད་ཟབ་མོ་གསང་ཐུབ་པ། རྩ་བཟང་བས་ཆགས་པ་ཆེ་བ། དར་ལ་བབས་པས་མཐོང་རེག་ཙམ་གྱིས་བདེ་བ་བཟད་མེད་དུ་གཡོ་ཞིང་འཁྲིག་ཐབས་ཀྱི་འདོད་པའི་སྒྱུ་རྩལ་ལ་མཁས་པ། ལོ་གྲངས་ཀྱང་བཅུ་དྲུག་ནས་རབ། ཉི་ཤུ་ནས་འབྲིང་། ཉེར་ལྔ་ནས་ཐ་མ་སྟེ་དེ་ཚུན་ཆད་ཀྱི་ན་ཚོད་ཅན་གལ་ཆེ་བ་ནི། སྒྱུ་འཕྲུལ་མེ་ལོང་ལས། བཅོ་བརྒྱད་བཅུད་ལྡན་རབ་ཡིན་ཏེ། །ཉི་ཤུ་ལ་སོགས་འབྲིང་དུ་བཤད། །རྩ་ལྔ་ཐ་མའི་ཚད་ཡིན་ཏེ། །གཞན་ལ་དངོས་གྲུབ་མེད་པར་གསུངས། ཞེས་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རིག་མ་དེ་ལེགས་པར་བརྟགས་ལ་རྙེད་ནས་རང་བཞིན་གྱིས་མ་ཁུག་ན་གང་མས་ངག་རྣམས་ལས་འབྱུང་བ་ལྟར་རྗེས་ཀྱི་རྟེན་འབྲེལ་དང་སྔགས་བཟླ་བ་དང་དམིགས་པའི་འཕྲོ་འདུ་གསུམ་གྱིས་དགུག་པར་བྱའོ། །གཉིས་པར་དུས་རིག་པར་བྱ་ཞིང་ལས་རུང་དུ་བསྒྲུབ་པ་ནི། དེ་ནས་ ནས་ སྐྱེ་བར་བྱ༔ ཞེས་གསུངས་ཏེ། རིག་མ་དང་རང་ཉིད་ཀྱི་དབང་དུ་གྱུར་པ་དེ་ནས་ཡིད་དང་མཐུན་པས་ཉམས་དགའ་བ། མི་མཐུན་པ་མེད་པས་བག་ཕེབས་པ། སྐྱེ་བོའི་རྒྱུ་འགྲུལ་མེད་པས་དབེན་པའི་གནས་སུ། འཁོར་བའི་སྡུག་བསྔལ་དང་མི་རྟག་པའི་གཏམ་སོགས་བཤད་ལ་ངེས་འབྱུང་བསྐྱེད་ཅིང་བསགས་སྦྱོང་གི་རིམ་པ་སོགས་ཐེག་པ་ཐུན་མོང་གི་སྔོན་དུ་འགྲོ་བའི་ཆོས་རྣམས་ཀྱིས་བློ་རྒྱུད་ལེགས་པར་སྦྱང་། དེ་ནས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་ལ་ཕན་ནུས་ཟབ་མོའི་དབང་བསྐུར་བས་སྨིན་པར་བྱས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་རྣམས་ཁེ་ཉེན་གྱི་གནད་ལ་བཀར་ཏེ་ལྷག་པར་ནན་ཏན་དུ་འབོགས། ཐོག་མར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་གྱི་གདམས་པ་བསྟན་ཏེ་རེ་རེའང་དྲོད་རྟགས་ཀྱི་ངེས་པ་མ་མཐོང་བར་དུ་སྦྱོོང་བ་དང་། གསང་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་ཟབ་མོ་ལ་ནམ་ཡང་སྐྲག་པ་མེད་པའི་བློ་ཟུངས་ཐུབ་རྐྱེན་གྱིས་མི་འཕྲོག་པའི་བརྟན་པོ་རབ་ཏུ་སྐྱེ་བར་བྱའོ། །གསུམ་པ་ནི། མདོར་ན་ ནས་ ཉེར་བསྡོགས་བསྒྲུབ༔ ཅེས་གསུངས་ཏེ། །རྒྱས་པར་བཤད་པ་དེ་དག་གི་དོན་མདོར་བསྡུ་ན་ཐོག་མར་རིག་མ་མཚན་བཟང་ངན་བརྟག་པ་དང་། བར་དུ་རྫས་སྔགས་དམིགས་པས་དགུག་པ་དང་། ཐ་མར་ཐུན་མོང་ཐུན་མིན་གྱི་གདམས་པས་རྒྱུད་སྦྱོང་བ་སྟེ་སྔོན་འགྲོའི་ཆོས་རྣམ་པ་གསུམ་གྱིས་བདེ་བའི་གསེང་ལམ་ལ་འཇུག་པའི་ཉེར་བསྡོགས་བསྒྲུབ་པའོ། །གཉིས་པ་ཐབས་བཤད་པ་ལ་གཉིས། ཐབས་ལམ་གྱི་ཆོས་ཉེར་བདུན་སྤྱིར་བསྟན་པ་དང་། ཉམས་ལེན་ལག་ཏུ་བླང་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐབས་ནི ནས་ ཟུང་དུ་ཆུད༔ ཅེས་གསུངས་ཏེ། ཡུལ་དེ་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེད་པའི་ཐབས་ནི། རིག་མ་ལ་སྔ་གོང་ནས་ཡང་ཡང་དུ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ་མཛེས་པའི་རྒྱན་ཡིད་དུ་འོང་བས་སྤྲས། དྲི་བཟང་དང་བྱང་ཆུབ་སེམས་རྒྱས་བྱེད་ཀྱི་བཀུ་མཉེ་བྱ། ཤ་ཆང་སོགས་བཅུད་ཅན་གྱི་ཟས་བསྟེན་ཅིང་རྩ་རླུང་གི་རྣལ་འབྱོར་དང་འཕྲུལ་འཁོར་རྣམས་སྔར་འབྱོངས་ཟིན་ཀྱང་ཆུ་འདྲེན་པ་ཡུར་བའི་ཚུལ་དུ་སྦྱང་། སྟན་ནང་ཚང་ཅན་སོགས་འབོལ་བའི་གདན་ལ་རྣལ་འབྱོར་པ་ཡབ་ཡུམ་གཉིས་ལྷན་ཅིག་ཏུ་འཁོད། འཁོད་མ་ཐག་ནས་ཀྱང་སྙོམས་འཇུག་མི་བྱ་བར་ཐབས་ལམ་གྱི་ཆོས་ཉེར་བདུན་གྱིས་རིམ་པར་བསྒྲུབ་དགོས་པས། ཐོག་མར་འཛུམ་པའི་མིག་གིས་གཟུགས་ལ་བལྟ་ཞིང་ངག་གིས་ཆགས་པའི་གཏམ་སྣ་ཚོགས་སྨྲ་བ་དང་ཡིད་དགའ་བའི་མདངས་བསྐྱེད་ལ་ཆགས་པའི་ཚུལ་དྲན་པ་སོགས་སྒོ་གསུམ་འདོད་ཆགས་ཀྱི་སྦྱོར་བ་ལ་བསླབ་པ་གསུམ་གྱིས་བདེ་བའི་ལས་ལ་འཇུག་འདོང་དྲག་པོར་བསྐུལ། རྣལ་འབྱོར་པ་དང་རིག་མ་གཉིས་ཀས་ལྷ་ཡབ་དང་ཡུམ་དུ་གསལ་བ་དང་མཁའ་གསང་རྡོ་རྗེ་པདྨར་བྱིན་བརླབས་མཚུངས་པ་དང་ཐབས་འདི་ལ་བསྟེན་ནས་གཞན་དོན་དུ་བདེ་ཆེན་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་འདོད་པ་མཉམ་པོར་ལྡན་པའི་འདུ་ཤེས་གསུམ་གྱིས་ཐ་མལ་གྱི་གཟུགས་སུ་སྣང་ཞིང་ཆགས་པར་ཞེན་པ་ལས་ལྡོག །རྩ་སྐུལ་བའི་ཐབས་དང་ལྡན་པས་ལུས་ལ་འཁྱུད་པ་མཁའ་གསང་གཅིག་ཏུ་སྤྲད་པ་དང་བྲོད་ནས་དྲག་ཏུ་མི་ཤོར་བར་དལ་བུས་བསྲུབ་པའི་སྦྱོར་ཐབས་རྣམ་པ་གསུམ་གྱིས་བདེ་བ་སྤྱི་བོ་ནས་འཁོར་ལོ་བཞིར་རིམ་གྱིས་དབབ། སྤྱི་བོའི་འཁོར་ལོར་ཐིག་ལེ་བབས་པས་དགའ་བའི་ཡེ་ཤེས་སྐྱེས་པའི་རང་ངོ་ལ་ཡུན་རིང་དུ་བལྟས་ཏེ་རྩ་འཁོར་དེའི་ལྷ་མཆོད་པར་མོས་པས་མཚོན་འཁོར་ལོ་བཞི་པོའི་ལྷ་རྣམས་མཆོད། སྙོམས་འཇུག་ཇེ་དྲག་ཏུ་བཏང་བ་དང་། རིལ་བ་ཞབས་ཚགས་ཅན་གྱི་རླུང་སྦྱོར་སོགས་དང་བཅས་ཏེ་ཐིག་ལེ་བསྐྱིལ་ཐབས་གསུམ་གྱིས་བདེ་བའི་རྒྱུན་མི་ཉམས་པར་གོང་ནས་གོང་དུ་སྦོར། གསང་བའི་རྡོ་རྗེ་ནོར་བུའི་རྩ་དང་ཡུམ་གྱི་ཁ་ག་མུ་ཁ། སྣ་རྩེའི་ཐིག་ལེའི་དཀར་དམར། གཉིས་ཀའི་རླུང་དང་སེམས་གཅིག་ཏུ་འདྲེས་པ་བཅས་རྩ་ཐིག་རླུང་གི་ཁ་སྦྱོར་གསུམ་གྱིས་དགའ་བཞིའི་མཐར་ཐུག་ལྷན་སྐྱེས་ཀྱི་བདེ་བ་མྱང་། རྒྱ་མཚོ་བྲག་གཏད་གླིང་བཞི་སྡུད་པ་ཉི་ཟླ་གྱེན་ལྡོག་སོགས་ལུས་དང་ཧཱུྃ་དང་ཧིང་འདྲེན་སོགས་ངག་གི་འགྱུར་བ་དང་། ཡིད་དམིགས་བཅས་དམིགས་མེད་ཀྱི་ཡུལ་གང་རུང་གི་ཏིང་ངེ་འཛིན་རྩེ་གཅིག་ཏུ་གཏད་པའི་སྒོ་གསུམ་འཕྲུལ་འཁོར་གྱི་གནད་གསུམ་གྱིས་བདེ་བའི་རྟེན་ཐིག་ལེ་མི་ཉམས་པར་དམ་བཅའ་བརྟན་པོས་བཟུང་། སྟག་མོའི་སྐྱུག་སྟངས་སོགས་དུད་འགྲོའི་འགྱུར་བ་བཞི་དང་རླུང་གི་གདངས་རྩལ་གྱེན་དུ་འདྲེན་པ་དང་དམིགས་པའི་མདའ་ཚངས་པའི་ཧཾ་ཡིག་གི་འབེན་ལ་གཏོད་པ་བཅས་བཙན་ཐབས་ཀྱི་སྦྱོར་བ་རྣམ་པ་གསུམ་གྱིས་བདེ་བ་རྟེན་ཐིག་ལེ་དང་བཅས་པ་སྤྱི་བོའི་རང་གནས་སུ་ལྡོག །སེང་གེ་རྣམ་རོལ་དང་། གྱི་ལིང་ཕྲ་ཚུལ་སོགས་ཟབ་པ་དང་། གཡང་མོ་སྤྲུགས་སྟངས་སོགས་གཞིལ་བའི་སྒྱུ་རྩལ་གསུམ་གྱིས་འདྲེན་ལྡོག་བྱས་པའི་ཐིག་ལེའི་བདེ་བ་རྩ་གནས་ཐམས་ཅད་དུ་ཁྱབ་པར་དགྲམ། བདེ་བའི་རང་ངོ་ལ་སེམས་བཟུང་བ་དང་གང་དུའང་འཛིན་པ་མེད་པ་དང་སེམས་རྒྱ་ཡན་དུ་ཀློད་དེ་ནམ་མཁའ་ལྟར་རྣམ་པར་དག་པའི་ངང་དུ་འཇོག་པ་སྟེ་རྒྱས་འདེབས་གསུམ་གྱིས་བདེ་བ་དང་སྟོང་པ་ཡ་བྲལ་མ་ཡིན་པར་ཟུང་དུ་ཆུད་པར་བྱའོ། །གཉིས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གང་ཡང་སོགས་ཚིག་རྐང་གཅིག་སྟེ། གཞན་ལུས་ཀྱི་ལམ་གང་ལ་ཡང་སྔོན་དུ་ཡིད་རིག་ཡེ་ཤེས་ཕྱག་རྒྱ་ལ་བརྟེན་ནས་ལས་རྒྱ་ལ་ཇི་སྐད་བཤད་པའི་ཚུལ་ཐམས་ཅད་ཉམས་སུ་བླངས་པས་ཀུན་རྫོབ་བྱང་སེམས་དབབ་བཟུང་ལྡོག་དགྲམ་གྱི་བྱ་བ་ལ་རང་དབང་ཐོབ་ངེས་པ་རང་ལུས་ཐབས་ལྡན་གྱི་གདམས་པ་ལ་བསླབ་པ་གལ་ཆེའོ། །གཉིས་པ་ནི། དངོས་གཞི་ ནས་ ཡུན་རིང་བཞགཿ ཅེས་གསུངས་ཏེ། གཞན་ལུས་ཀྱི་ལག་ལེན་དངོས་གཞི་གོང་དུ་བསྟན་པའི་ཕྱག་རྒྱ་རིགས་ཅན་ལྔ་ལ་སྦྱོར་ཐབས་རིམ་པ་བཞིན། པདྨ་ཅན་ལ་སྟེང་ནས་སྦྱོར་བ་དང་རི་མོ་ཅན་མ་ལ་འདེགས་པའི་ཚུལ་གྱིས་དང་གླང་སྣ་ཅན་ལ་ཕན་ཚུན་མཉམ་པར་ལྟ་བས་དང་རི་དྭགས་ཅན་ལ་འོག་ནས་སྦྱོར་བའི་འཁྲིག་ཐབས་གཙོ་བོར་བྱ་སྟེ་དེ་དག་རྒྱུད་ཀྱི་དགོངས་པ་དང་འབྲེལ་བ་ཡིན་ལ། གཞན་ཡང་མཐའ་གཅིག་ཏུ་མ་ངེས་པར་གཡས་རོལ་གཡོན་རོལ་མདུན་ནས་རོལ་པ་ལ་སོགས་པ་འདོད་པའི་སྒྱུ་རྩལ་གྱི་རྩེ་འཇོ་མིག་འཕྲུལ་ལྟ་བུས་སྙོམས་པར་འཇུག་ཅིང་སྦྱོར་ཐབས་ཀྱི་བྱེ་བྲག་རེ་རེས་བདེ་བའི་ཡེ་ཤེས་མི་འདྲ་བར་རེ་རེ་འདྲེན་ནུས་པར་བྱའོ། །དེ་ལས་དགོས་པའི་གནད་བཞི་ནི། དང་པོ་དབབ་པ་ལ་མཁས་པ་དལ་བུ་རུ་སྦལ་གྱི་འགྲོས་ལྟ་བུ། བར་དུ་བཟུང་བ་ལ་མཁས་པ་ཐེམ་བུ་བདུན་གྱི་གནད་ལ་རྩེ་གཅིག་པ་རྫ་སྣོད་ཐེམ་བུས་བཀག་པ་བཞིན་དང་། དེ་ལས་ལྡོག་པ་ལ་མཁས་པ་བཙན་ཐབས་ཀྱི་སྦྱོར་བས་སྐྱེན་པོའི་མདའ་ལྟར་རང་གནས་སུ་འཕང་ཞིང་། མཐར་འགྲེམས་པ་ལ་མཁས་པ་ཞིང་པས་ཡུར་བ་ལ་ཆུ་དྲོངས་པ་བཞིན་དུ་ལུས་གནས་ཐམས་ཅད་དུ་ཁྱབ་པར་བཀྲམ། ཁྱད་པར་སྣང་རིག་དབྱེར་མེད་ཀྱི་གནད་ལ་གོམས་པས་ཟག་མེད་དྭངས་མའི་ཐིག་ལེ་སྙིང་ག་མི་ཤིགས་པའི་མཛོད་དུ་སྦས་ཏེ་བརྗོད་བྲལ་ཀ་དག་གི་ངང་དུ་ཡུན་རིང་པོར་མཉམ་པར་བཞག་པ་གནད་ཀྱི་མཆོག་ཡིན་ནོ། །གསུམ་པ་ནི། དེ་ཚེ་ ནས་ བརྟུལ་ཞུགས་བསྒྲུབ༔ ཅེས་གསུངས་ཏེ། དེ་ལྟར་ཉམས་སུ་ལེན་པའི་ཚེ་བདེ་བའི་རང་བཞིན་གྲོལ་བ་ལ་མཁས་པ་མཁའ་ལ་ན་བུན་ཡལ་བ་ལྟར་གཤིས་ལུགས་སུ་ལ་ཟློ་དགོས་པས། ཟག་བཅས་བདེ་བ་རྟོག་པའི་རོ་མྱོང་བས་ཟག་ཏུ་མི་གཞུག་པར་ཟག་མེད་མི་ཤིགས་པའི་ཐིག་ལེའི་ཀློང་དུ་སྦ། ཐིག་ལེ་དེའང་ལྷུན་གྲུབ་འོད་གསལ་གྱི་དབྱིངས་སུ་སྦ། དེའང་ཀ་དག་རྣམ་པར་མི་རྟོག་པའི་ངང་དུ་སྦ། ཚུལ་དེ་ལྟ་བུ་ཡང་ནས་ཡང་དུ་སྦྱང་ཞིང་གོམས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བརྟུལ་ཞུགས་བསྒྲུབ་པར་བྱའོ། །གསུམ་པ་ཐབས་དེས་མཚོན་བྱ་བཤད་པ་ནི། ཐབས་དེས་ ནས་ ཚུལ་དུ་འཆར༔ ཞེས་གསུངས་ཏེ། མཚོན་བྱེད་ཐབས་ལམ་ཟབ་མོ་དེས་མཚོན་བྱའི་དོན་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། འཁོར་བ་དང་མྱང་འདས་བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་སྐྱེ་འགྲོ་ཀུན་གྱི་སྲོག་གམ་སྙིང་པོར་ཁྱབ་པའི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ནི། རྣལ་འབྱོར་པའི་ཉམས་སུ་མྱང་བྱར་ཡོད་ཀྱང་འདིའོ་ཞེས་ངག་གིས་སྨྲ་རུ་མི་བཏུབ་ལ། རང་ཉིད་ཡིད་ཆེས་པའི་ངེས་ཤེས་དང་ལྡན་ཀྱང་འདི་ལྟ་བུའོ་ཞེས་དཔེ་གང་གིས་ཀྱང་མི་མཚོན་པ་དང་། རིག་ངོར་མངོན་སུམ་དུ་མཐོང་བར་གྱུར་ཀྱང་ཡུལ་ཡུལ་ཅན་དུ་འདུ་ཤེས་པའི་རྣམ་པར་རྟོག་པས་མ་བསླད་པ། རང་བཞིན་གྱིས་དྲི་མས་མ་བསླད་པའི་ཡེ་ཤེས་སོ་སོར་རང་གིས་རིག་པར་བྱ་བ། སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་ལྟ་བུར་གདོད་ནས་རྒྱུ་རྐྱེན་གང་གིས་ཀྱང་འདུས་མ་བྱས་པ་སྟེ། སྣང་ཚུལ་ཆུ་དྭངས་པ་ལ་ཟླ་བའི་གཟུགས་བརྙན་འཆར་བ་བཞིན་དུ་ཐབས་ལས་ཐབས་བྱུང་གི་ཚུལ་དུ་གསལ་ཞིང་དེར་ཞེན་གྱི་འཛིན་པ་མེད་པ། རྣམ་པ་ཐམས་ཅད་པའི་རང་བཞིན་ཅན་སྤྲུལ་པའི་གཟུགས་བརྙན་ཐ་སྙད་ཤེས་བརྗོད་འཇུག་གསུམ་གྱིས་ངོས་བཟུང་གི་ཡུལ་ལས་འདས་པ། རྣམ་པ་བདེ་བ་དང་ངོ་བོ་སྟོང་པ་དབྱེར་མེད་ཟུང་དུ་འཇུག་པ་ཉིད་དཔེའི་ཚུལ་དུ་འཆར་བས་དོན་གྱི་ཡེ་ཤེས་ལ་སྦྱོར་བར་བྱེད་དོ། །གཉིས་པ་ལམ་གཞན་གྱི་དོད་ཐུབ་སྦྱར་བ་ནི། སྒོ་ལྔའི་ ནས་ ཡོངས་སུ་རྫོགས༔ ཞེས་གསུངས་ཏེ། ཕོ་ཉའི་ལམ་ལས་འབར་ཞུ་ཁྱད་པར་བའི་རྐྱེན་གྱིས་དྭངས་མའི་ཐིག་ལེ་སྟོབས་སུ་གྱུར་པའི་མཐུས། མིག་སོགས་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་བདེ་བ་ཆེན་པོའི་བཅུད་ཀྱིས་མྱོས་ཤིང་ཚིམས་པ་ལས་སྡུག་བསྔལ་གྱི་ཚོར་རྟོག་དབྱིངས་སུ་ནུབ་སྟེ། ཕྱི་རོལ་སྣང་བའི་ཡུལ་ཀུན་བདེ་ཆེན་གཞལ་དུ་མེད་པའི་ཁང་པ། ནང་ཡབ་ཡུམ་གཉིས་ཀྱི་གཟུགས་སུ་སྣང་བའང་ཐབས་དང་ཤེས་རབ་ཟུང་འབྲེལ་རང་བྱུང་གི་ལྷ་སྐུ་ལ། ལྷ་སྔགས་ཆོས་ཉིད་དུ་འདུ་ཤེས་པ་རྡོ་རྗེ་གསུམ་གྱི་ཕྱག་རྒྱའི་རྒྱས་གདབ་པ་དང་། མཁའ་གསང་རྡོ་རྗེ་པདྨ་སྙོམས་འཇུག་འདུ་འཕྲོད་བྱེད་པས་རླུང་སེམས་ཐིག་ལེ་རྣམས་ཡུལ་དང་ཡུལ་ཅན་དབྱེར་མེད་རྩེ་གཅིག་པར་རང་བཞིན་གྱིས་འདུས་ཏེ་དབང་དུ་གྱུར་པའི་དབང་སྐུར་རྫོགས་ལ། སྐད་ཅིག་མཆོག་ཏུ་དགའ་བའི་ལྷན་སྐྱེས་མྱོང་བའི་རྣམ་པར་ཤེས་པ་གནས་གྱུར་ཏེ་བདེ་སྟོང་མི་རྟོག་པའི་ཡེ་ཤེས་ལྷག་གིས་འཆར་བས་གློ་བུར་རྣམ་ཤེས་དམ་ཚིག་པ་ལ་གདོད་མའི་ཡེ་ཤེས་བསྟིམ་པ་ལྟར་སྣང་བ་དང་། དེའི་ཚེ་ཟག་མེད་བདེ་བའི་ཚོར་བ་ཉམས་སུ་མྱོང་བ་ནི་ངོ་མཚར་རྨད་དུ་བྱུང་བའི་མཆོད་སྤྲིན། ཨ་ཧཾ་གཡོ་བའི་རང་སྒྲ་ཡིད་དུ་འོང་བས་འདོད་ཆགས་ཆེན་པོ་ཆེ་བའི་ཡོན་ཏན་ལ་བསྟོད་པ། རླུང་ཐིག་སེམས་རྣམས་ཁ་སྦྱོར་བ་གསུམ་གྱི་ཉམས་མྱོང་ལ་བརྟེན་ནས་བདེ་སྟོང་ཐིག་ལེའི་ལྷ་སྣང་སྲོག་རྩོལ་རྡོ་རྗེའི་བཟླས་པ་སེམས་རྟོགས་བདེ་བར་འགགས་པའི་ཏིང་ངེ་འཛིན་འཕོ་མེད་འདའ་དཀའི་དམ་ཚིག་རྣམས་རྒྱུན་མི་འཆད་པ་དང་། ཐིག་ལེ་འོག་གི་རྣ་རྩེར་བསྐྱིལ་བ་དང་རང་གནས་སུ་ལྡོག་པ་དང་རྩ་གནས་སུ་འགྲེམས་པར་བྱེད་པའི་འཕྲུལ་འཁོར་གསུམ་གྱིས་རིམ་པ་ལྟར་གསང་བའི་ཚོགས་ཀྱི་འདུ་བར་རོལ་པ་དང་གཏོར་མ་གནས་སུ་སྟོབ་པ་དང་རྡོ་རྗེའི་གླུ་གར་བྱ་བ་སོགས་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་བུད་མེད་ཤེས་རབ་ཀྱི་རང་བཞིན་ཐབས་ཀྱི་ཆོ་ག་ཟབ་མོས་ལམ་དུ་བསླངས་པ་ལ་བརྟེན་ནས་རྣམ་རྟོག་གི་བཞོན་པ་རླུང་དང་རྟོག་ཚོགས་རང་བཞིན་བརྒྱད་ཅུར་རིམ་གྱིས་འགགས་ཏེ་སྟོང་བཞིའི་ཡེ་ཤེས་ཉམས་སུ་མྱོང་། རང་བཞིན་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་བརྟན་པའི་མཐུ་ལས་གང་སྣང་ཐམས་ཅད་བདེ་སྟོང་འབའ་ཞིག་པའི་རོལ་པར་ཡོངས་སུ་ཤར་བས་འཁོར་འདས་དབྱེར་མེད་གནས་ལུགས་དོན་གྱི་གཞིར་ཡོངས་གྲུབ་ཆེན་པོར་བཞེངས་ཏེ་བདེ་ཆེན་ཐིག་ལེ་ཁྱབ་བརྡལ་ཀྱི་ཀློོང་དུ་རྣལ་འབྱོར་དུ་བྱ་བའི་ནང་ནས་ཉེ་ལམ་ཤིན་ཏུ་ཟབ་མོའི་ཆོ་ག་ཡོངས་སུ་རྫོགས་པ་ཡིན་ནོ། །གསུམ་པ་འབྲས་བུ་ནི། སྣོད་བཅུད་ ནས་ སྐལ་པ་མཉམ༔ ཞེས་གསུངས་ཏེ། ལམ་དེ་རྒྱུད་སྡེ་རྣམས་ལས་རྒྱ་ཆེར་གསུངས་པའི་དོན་བསྡུ་ན། བདེ་སྟོང་ཏིང་འཛིན་གྱི་རོལ་མོས་མ་དག་པ་སྣོད་བཅུད་སྣང་བ་ཐམས་ཅད་རྣམ་དག་ཧེ་རུ་ཀ་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་ཞིང་དང་སྐུའི་རོལ་པར་ལྷུན་གྱིས་གྲུབ་པའི་བེད་བ་མཆོག་གི་བྱིན་རླབས་ཆེན་པོ་དབབ་པའི་མཐུ་ལས། ཕུང་པོ་དག་པའི་དེ་བཞིན་གཤེགས་པ་རིགས་ལྔ། སྐྱེ་མཆེད་དག་པའི་སྲས་བྱང་སེམས་རྣམས་དང་། ཁམས་ལྔ་དག་པའི་བཙུན་མོ་ཡུམ་ལྔར་བཅས་པ་ནམ་མཁའི་ལམ་ལ་དབང་པོའི་སྤྱོད་ཡུལ་མངོན་སུམ་དུ་གྱུར་པའི་ཆོ་འཕྲུལ་ཆེན་པོས་གཤེགས་ནས། ནང་དུ་བྱང་སེམས་དཀར་དམར་གྱི་རྒྱུན་བརྟན་པའི་རང་མདངས་མེ་ཏོག་གི་ཆར་ཆེན་པོའི་འབེབས་པ་དང་། སྒྲུབ་པ་གང་དུ་གནས་པའི་ཕྱི་སྣོད་བཅུད་ཀྱི་ཉེས་ཚོགས་རྒུད་པ་ཀུན་ཞི་ཞིང་ཕན་བདེའི་དཔལ་འབྱོར་ངམ་ངམ་ཤུགས་ཀྱིས་འཕེལ་བ་དང་། ནང་རྣལ་འབྱོར་པའི་རྒྱུད་ལ་འཕོ་མེད་བདེ་བ་ཆེན་པོའི་གཟི་བརྗིད་རིམ་གྱིས་འབར་བས་འཆི་བ་མེད་པའི་ཚེ་དང་རྒུད་པ་མེད་པའི་ལང་ཚོའི་བཅུད་ལེན་དག་ཀྱང་སོ་སོའི་ཚོགས་སུ་སྒྲུབ་པའི་བྱ་བ་ལ་མ་ལྟོས་པར་རྩོལ་བ་མེད་པར་འགྲུབ་ཅིང་། ངག་བདེ་ནི་ཚིག་གྲུབ་པར་གང་བརྗོད་དོན་དུ་འགྱུར་བའི་མཐུ་བཙན། ལུས་གཟི་བརྗིད་ཆེ་བས་གཞན་མི་དང་མ་ཡིན་པའི་སྣང་བ་ཟིལ་གྱིས་ནོན། སེམས་བདེ་སྟོང་གི་ཏིང་ངེ་འཛིན་ལས་རྟག་ཏུ་མི་གཡོ་བས་གྲུབ་པ་བརྙེས་པའི་རྟགས་མཚན་ཅིར་ཡང་འཆར། གསང་སྤྱོད་ཀྱི་འདུ་བར་འབྲེལ་ཚད་ཀུན་ཀྱང་ཕྱི་རོལ་གྱི་པུལླིར་སོགས་ཡུལ་ཆེན་ཉེར་བཞིའི་ཞིང་རྣམས་ན་རྟག་ཏུ་རོལ་པའི་དཔའ་བོ་ཐོད་པའི་དུམ་བུ་དང་རྣལ་འབྱོར་མ་རབ་གཏུམ་མོ་སོགས་ལྷན་སྐྱེས་མཁའ་འགྲོའི་ཚོགས་དང་སྐལ་པ་མཉམ་པར་འགྱུར་རོ། །རྩ་བའི་ས་བཅད་གསུམ་པ་དོན་བསྡུ་བ་ནི། མདོར་ན་ ནས་ རོ་གཅིག་འགྱུར༔ ཞེས་གསུངས་ཏེ། ཤེར་དབང་གི་ཉམས་ལེན་རྒྱས་པ་བསྟན་པ་དེ་རྣམས་ཀྱི་དོན་མདོར་བསྡུ་ན། ཐོག་མར་རིག་མ་བརྟག་འགུགས་སྦྱོོང་གསུམ་གྱིས་འདུ་བྱ་བ་བསྙེན་པའི་ཡན་ལག་སྟེ། ཉེ་བར་བསྙན་པའི་ཡན་ལག་ནི་ཐབས་ལམ་གྱི་ཆོས་ཉེར་བདུན་གྱིས་བསྡུས་པའི་སྦྱོར་བའི་ཡན་ལག་རྣམ་པ་མང་པོས། ཡས་བབས་ཀྱི་དགའ་བ་བཞི་འཁོར་ལོའི་གནས་བཞིར་མས་རིམ་དུ་བསྐྱེད་པ་ནི་སྒྲུབ་པའི་ཡན་ལག་དང་ མས་བརྟན་གྱི་དགའ་བ་བཞི་ཡས་རིམ་དུ་བརྟན་པར་བྱེད་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་པོ་ཉམས་ལེན་ལ་བརྩོན་པས། འགྱུར་བ་མ་ངེས་པ་དང་། བརྟེན་པ་གཞིའི་ས་གཉིས་ཀྱིས་བསྡུས་པའི་ཚོགས་ལམ་འདུན་པ་སེམས་པ་ལས་དང་པོ་པའི་རྣལ་འབྱོར་གྱིས་རླུང་སེམས་ལས་སུ་རུང་བས་ཐུན་མོང་གི་དངོས་གྲུབ་རོ་ལངས། གསེར་འགྱུར། རལ་གྲི། གོ་ཆ། པྲ་སེ་ན། རྐང་མགྱོགས། གཞན་ཡང་རྡོ་རྗེ་ཚེ་དང་། དབང་པོ་དྲུག་གི་མངོན་ཤེས་དང་། སྒྱུ་མ་རྡོ་རྗེ་ལ་སོགས་པའི་གྲུབ་པ་དང་། ལས་ཆེན་བཞི་སོགས་ཇི་སྐད་གསུངས་པ་ལྟར་གྲུབ་པས་དོན་བྱེད་ཅིང་། དེ་ནས་གལ་ཆེན་སྦྱོང་བ། བསླབ་པ་རྒྱུན། བསོད་ནམས་རྟེན་གྱི་ས་གསུམ་པོས་བསྡུས་པ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཟག་བཅས་ཀྱི་ལམ་གྱི་རྩེ་མོ་སྦྱོར་ལམ་བརྙེས་ནས་སྒྲུབ་པའི་ཉེ་རྒྱུ་བརྟེན་རླུང་སེམས་ཟུང་འཇུག་གི་ལྷ་སྐུ་ཕྱག་རྒྱ་ཆེན་པོོར་ལྡངས་ཤིང་མཆོག་གི་དངོས་གྲུབ་བརྟན་པས་ཁྱད་པར་དུ་འགྲོ་བའི་སས་བསྡུས་པ་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཐོབ་སྟེ། ཆོས་ཉིད་ཀྱི་ཡེ་ཤེས་རང་མཚན་པ་མངོན་སུམ་དུ་མཐོང་བས་ཟག་མེད་ཀྱི་ལམ་གྱི་ཐོག་མར་གྱུར་ལ། དེ་ནས་མཐོང་ཟིན་གོམས་པར་བྱེད་པའི་ལམ་དམིགས་པ་འབྲས་བུ་སྐྱེ་བའི་སས་བསྡུས་པ་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་རིགས་སོ་སོའི་ཕྱག་རྒྱ་རྟགས་ཀྱི་ཆ་ལུགས་འཛིན་པའི་སྐུར་སྣང་བས། གནས་པ་མི་འགྱུར་བ། བརྡལ་བ་ཆོས་ཉིད། རྫོགས་པ་ཅིར་ཆུབ་ཀྱིས་རྣམ་པ་གསུམ་པོས་བསྡུས་པ་མཐར་ལམ་སྤང་བྱའི་དྲི་མ་ཕྲ་བའང་སྤངས་ཤིང་ཐོབ་བྱའི་ཡེ་ཤེས་ཆེན་པོའི་ཆེན་པོ་ལ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རྣམས་རིམ་ཐོད་རྒལ་གང་རུང་གིས་བགྲོད་དེ་མཐར་ཕྱིན་ནས། རང་གནས་ཀྱི་དོན་ཉིད་སྒྲིབ་བྱེད་ཀྱི་ཞེན་པ་མཐའ་དག་དང་བྲལ་བར་མངོན་དུ་གྱུར་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སས་བསྡུས་པ་མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་སྐུ་བཞིའི་བདག་ཉིད་དཔལ་ཀུན་བཟང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་གསང་བ་གསུམ་དང་སྤྱོད་ཡུལ་རོ་གཅིག་ཏུ་འདྲེས་པར་འགྱུར་རོ། །དེ་ལྟར་ཡང་། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ། །དབང་བཞི་པ་དང་རྗེས་སུ་འབྲེལ་བའི་ལམ་རིག་སྟོང་མཁའ་འགྲོ་ཡོ་ག་བསྒོམ་པ་ལ་གཉིས། ཚིག་གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བདེ་སྟོང་ ནས་ ལ་བཟླ་བྱ༔ ཞེས་གསུངས་ཏེ། དེ་ལྟར་གསང་བ་དང་ཤེར་དབང་གི་ཉམས་ལེན་རྗེས་སུ་རྣལ་འབྱོར་གྱི་ལམ་རིམ་དེ་དག་གིས་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་ཉམས་མྱོང་རང་གི་རྒྱུད་ལ་ལེགས་པར་སྐྱེས་ཤིང་བརྟན་པར་གྱུར་པ་ན། ལམ་གྱི་ཐེག་རིམ་མཐའ་དག་གི་མཐར་ཐུག་སྐྱེལ་སོ། དོན་གྱི་ཡེ་ཤེས་རྗེན་ཅར་དུ་སྟོན་པ་བཞི་པ་རིག་པའི་རྩལ་དབང་གི་ཡེ་ཤེས་ལམ་དུ་བྱེད་པས་རྣལ་འབྱོར་ཀུན་གྱི་མཆོག་གམ་རྩེ་མོ། བྲ་བྲལ་འབྲས་བུའི་ཐེག་པ་ཨ་ཏི་ཡོ་ག་ཤིན་ཏུ་རྣལ་འབྱོར་གྱི་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱ་སྟེ། དེའང་སློབ་ལམ་བཞིའི་མཐར་ཐུག་བར་ཆད་མེད་ལམ་གྱིས་བསྡུས་པ་ཏིང་ངེ་འཛིན་གཞན་གང་ཡང་འདིའི་བླ་ན་མེད་པ། གཞོམ་པར་དཀའ་བའི་དྲི་མ་ཕྲ་མོ་བཅོམ་པ་ལ་མི་ཕྱེད་མི་ཤིགས་ཐོགས་པ་མེད་པ་སོགས་ཆོས་བདུན་དང་ལྡན་པས་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། གདོད་མའི་གནས་ལུགས་ཀྱི་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པར་ཐབས་གྲོལ་གྱི་ལམ་དང་ལམ་གྱི་འབྲས་བུ་ཐམས་ཅད་ལ་བཟླ་བར་བྱའོ། །དེ་ལྟར་ཡང་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་དང་། ཆོས་རྣམ་ཀུན་གྱི་ལ་ནི་ང་ཡིས་བཟླས། །ཞེས་སོ། །འདིར་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་སྤྱིའི་གནད་རང་བཞིན་གཞིའི་གནས་ལུགས། དེ་ལས་སེམས་ཅན་གྱི་འཁྲུལ་ལུགས། འཁྲུལ་དུས་འོད་གསལ་གྱི་གནས་ཚུལ། ཉམས་སུ་ལེན་ཐབས། མཐར་ཕྱིན་འབྲས་བུའི་གྲུབ་ལུགས་རྣམས་དང་། ཁྱད་པར་གསང་སྐོར་མན་ངག་སྡེའི་ངེས་པའི་དོན། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་གསུངས་པའི་དོན་ཤེས་ན་གལ་ཆེ་ཡང་འདིར་ཡི་གེ་མང་གིས་དོགས་པས་རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱི་གསུང་རབ་རྣམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །གཉིས་པ་ལ་གསུམ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་སྡེའི་སྒོམ་ཚུལ་བསྟན་པའོ། །དང་པོ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ལ་བཟླ་བ། སྤྱོད་པས་འཕྲང་བསལ་བ། འབྲས་བུ་རེ་དོགས་སྤང་བའོ། །དང་པོ་ནི། དེ་ལ་ ནས་ བྱང་ཆུབ་སེམས༔ ཞེས་གསུངས་ཏེ། ཐེག་རྩེ་རང་བཞིན་རྫོགས་པ་ཆེན་པོའི་ལམ་རྩོལ་སྒྲུབ་སྤང་གཉེན་གོལ་སྒྲིབ་ལས་འདས་པ་སྐལ་ལྡན་ཤིན་ཏུ་དབང་རྣོན་གྱི་སྤྱོད་ཡུལ་ཏེ། དེ་ལའང་དབང་པོའི་ཁྱད་པར་གྱིས་ནང་གསེས་གྲུབ་མཐའ་གསུམ་ཡོད་པའི་ཐོག་མར་ཕྱི་སྐོར་ལུས་ལྟ་བུ་ཀུན་བྱེད་རྒྱལ་པོ་སེམས་སྨད་བཅོ་བརྒྱད་སོགས་རྒྱུད་ལུང་གི་བསྟན་དོན་སེམས་སྡེའི་དགོངས་པ་ནི། ཕྱི་རོལ་གཟུང་བའི་ཡུལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པ་ཀུན་རྨི་ལམ་གྱི་ཡུལ་སྣང་ལྟ་བུར་རང་གི་སེམས་ལས་གཞན་དུ་འགའ་ཡང་མ་གྲུབ་པར་རང་སེམས་ཀྱི་རྩལ་དུ་བལྟ་བ་དང་། ནང་གི་འཛིན་པའང་དེ་ལས་གཞན་དུ་མེད་དེ་ལུས་ལ་བརྟེན་པའི་དབང་པོ་དྲུག་ནི་འཁྲུལ་ངོར་ཀུན་བརྟགས་གྱི་ཆོས་ཡིན་པས་བདེན་པ་མེད་པ་སྒྱུ་མའི་སྐྱེས་བུའི་དབང་པོ་དང་མཚུངས་པ་རིག་པས་དཔྱད་ནས་བཤིགས་པས་ཤེས་ལ། བར་གྱི་རྣམ་ཤེས་ཡུལ་ལ་འཇུག་པ་དྲུག་ཀྱང་ཐོག་མར་སྐྱེ་བའི་ཁུངས་དང་མཐར་འགག་པའི་ཡུལ་ད་ལྟར་གང་ལ་གནས་པར་བརྟགས་ཤིང་རྩད་བཅད་ན་གང་དུའང་གདགས་གཞི་བྲལ་བ་ནམ་མཁའ་དང་འདྲ་བས་ཐམས་ཅད་སེམས་ཉིད་ཀྱི་རོལ་པར་ཤར་བ་དང་། གསང་བ་ཀུན་གཞི་སེམས་ཀྱི་གཤིས་ལུགས་རང་བཞིན་གསལ་ལ་ངོ་བོ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་རྫོགས་པར་ལྟ་བ་འཁོར་འདས་ཀུན་བྱེད་རྒྱལ་པོ་ཡོངས་གྲུབ་ལ་བཅོས་མས་མ་རེག་པའི་གཉུག་མ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐག་བཅད་པ་སྟེ། ཀུན་བྱེད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་སོ། །གཉིས་པ་ནི། སྒོམ་བ་སོགས་ཚིག་རྐང་གཅིག་སྟེ། དེ་ལྟར་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བས་ཐག་ཆོད་ནས། སྒོམ་པ་ཉམས་སུ་བླང་བ་ནི། གནས་དབེན་པར་རྣམ་སྣང་ཆོས་བདུན་དང་ལྡན་པས། ད་ལྟའི་སེམས་ཉིད་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་སྒོ་གསུམ་བྱ་རྩོལ་མེད་པར་ལྷོད་ཀྱིས་གློད་དེ། ཡུལ་གཞིི་གྲོལ་ལ་འཛིན་པ་ཡེ་གྲོལ་གང་ཤར་ཡང་བསྐྱར་གྲོལ་གྱི་གཉེན་པོས་མ་བཅོས་པར་ངང་བཞག་ཆེན་པོར་ལ་བཟླ་སྟེ། ཀུན་བྱེད་ལས། ཇི་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་རྩོལ་བཅོས་ཤིང་དམིགས་མ་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །ཅེས་སོ། །གསུམ་པ་ནི། སྦྱོང་པ་ལམ་ཁྱེར། ཞེས་པས་བསྟན་ཏེ། ཡུལ་འདོད་པའི་ཡོན་ཏན་ཅིར་སྣང་ཡང་ཡུལ་ཅན་ཆོས་ཉིད་རང་གྲོལ་གྱི་རྒྱན་དུ་བྱེད་ཅིང་དུག་ལྔའི་ངོ་བོར་བལྟས་པས་དེ་དག་སྐྱེས་གྲོལ་ཡེ་ཤེས་སུ་ཤར་བ་ཉོན་མོངས་རང་གྲོལ་གྱི་སྤྱོད་པ། ཚོགས་དྲུག་གི་རྟོག་པ་ཐམས་ཅད་ཤར་དུས་ཉིད་ནས་མ་སྐྱེས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གསུམ་དུ་རྫོགས་པར་ཤེས་པ་སྣང་བ་དབང་སྒྱུར་གྱི་སྤྱོད་པ། བླང་དོར་དགག་སྒྲུབ་ཀྱི་ཞེན་ཡུལ་ཐམས་ཅད་ཀྱི་སྟེང་དུ་རོ་སྙམས་ཐོག་འགེལ་གྱི་ཟློག་སྒོམ་བྱས་པས་གཉིས་མེད་རང་གྲོལ་དུ་སོང་ནས་རེ་དགོས་ཀྱི་འཕྲང་ལས་གྲོལ་བ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་སྟེ། དེ་གསུམ་ལམ་དུ་ཁྱེར་ནས་ལྟ་སྒོམ་ལ་བོགས་དབྱུང་ངོ་། །བཞི་པ་ནི། འབྲས་བུ་མངོན་དུ་བྱ༔ ཞེས་པས་བསྟན་ཏེ། ད་ལྟའི་སེམས་ཉིད་ཀྱི་དབྱིངས་ཡེ་གྲོལ་གཞི་རྩ་མེད་པའི་ངོ་བོ་ཉིད་སྐུ་ཡེ་ནས་འདུ་འབྲལ་མེད་པར་མ་བཙལ་ངང་ལ་རྫོགས་པས་དེ་ལས་གཞན་པའི་སངས་རྒྱས་ལོགས་སུ་བསྒྲུབ་ཏུ་མེད་པས་དེ་ཉིད་སྒོམ་ཉམས་སུ་བླངས་ནས་མངོན་དུ་འགྱུར་བར་བྱ་སྟེ། ཀུན་བྱེད་ལས། ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བ་དབྱིངས་ནས་རྙེད་མི་འགྱུར། །ཞེས་སོ། །གཉིས་པ་ནང་ཀློང་སྡེ་ལ་གཉིས། ལྟ་བ་ཆོས་ཉིད་ཀྱི་ཀློང་བཤད་པ། སྒོམ་པ་བརྡ་བཞིའི་གནད་བསྟན་པའོ། །དང་པོ། ནང་ལྟར་ ནས་ མ་གཡོས་ཕྱིར༔ ཅེས་གསུངས་ཏེ། ནང་སྐོར་སྙིང་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོ་སོགས་རྒྱུད་ལུང་རྣམས་ཀྱི་བསྟན་དོན་ཀློང་སྡེའི་ལྟ་བ་ནི། ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་སོགས་ཡེ་ཤེས་ཀྱི་ཀློང་ཆེན་པོ་རྣམ་པ་ལྔས་ཕྱེ་བརྟན་པ་སྣོད་དང་ནང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཀུན་ལ་རིས་མེད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། ད་ལྟ་ཕན་ཆད་འབྱུང་བར་འགྱུར་བའི་ཟག་བཅས་འཁོར་བ་དང་ཟག་མེད་མྱ་ངན་ལས་འདས་པའི་བཏགས་ཆོས་སུ་སྣང་བ་རྣམས། སྣང་ངོ་ལ་ཇི་ལྟར་སྣང་ཡང་སྟོང་ངོ་ནས་ཡེ་གྲོལ་རང་དག་ཡིན་པས་ཀུན་ཀྱང་གདོད་ནས་ཆོས་ཉིད་ཀུན་ཏུ་བཟང་མོའི་ངོ་བོའི་མཁའ་དང་རང་བཞིན་གྱི་ཀློང་དང་ཐུགས་རྗེའི་དབྱིངས་ལས་རྡུལ་ཙམ་ཡང་མ་གཡོས་པའི་ཕྱིར་སེམས་ཉིད་ཕྱིར་སྣང་དུ་ཤར་བ་མ་ཡིན་པར་ནམ་མཁའ་ལ་གཟའ་སྐར་བཞིན་དུ་ཆོས་ཅན་མཚན་མ་ཇི་ལྟར་སྣང་ཡང་ཆོས་ཉིད་ཀྱི་དབྱིངས་ལས་གཞན་དུ་འགྲོ་ས་མེད་པར་བཀོད་བའི་རྒྱན་དུ་ལྷུན་གྱིས་གྲུབ་པ་ཡིན་མིན་ཕྱོགས་བྲལ་ཆེན་པོའི་དགོངས་པ་སྟེ། ཀློང་ཆེན་རབ་འབྱམས་རྒྱལ་པའི་རྒྱུད་ལས། ཀློང་ཆེན་འཁྱིལ་བའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །ཅེས་སོ། །གཉིས་པ་ནི། དབང་པོའི་ ནས་ ངང་དུ་བཞག༔ ཅེས་གསུངས་ཏེ། ལྟ་བའི་དོན་དེ་ཉིད་སྒོམ་པས་ཉམས་སུ་ལེན་པ་ལ། ཐོག་མར་དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱིས་ཁྱད་པར་དུ་སྨིན་པར་བྱས་ནས། དངོས་གཞི་སྒོམ་མེད་དོན་གྱི་གཟེར་གདབ་པ་བརྡ་བཞི་གནད་ཀྱི་མན་ངག་ནི། གསལ་བ་གནད་ཀྱི་བརྡ་དབང་པོ་སྒོ་ལྔ་མ་བཀག་ཡན་པར་བཞག་པས་ཚོགས་དྲུག་གི་ཤེས་པ་ཐིམ་ལ་མ་རྨུགས་པར་གསལ་ལམ་མེར་གནས་པ་དང་། མི་རྟོག་པ་གནད་ཀྱི་བརྡ་དབང་པོའི་སྒོ་རྣམས་འབྱེད་འཛུམ་སོགས་ཀྱིས་གཡོ་བ་མེད་པར་བཞག་པས་སེམས་ཉིད་གང་དུའང་མི་རྟོག་པའི་ངང་དུ་ཟང་ཐལ་ལེར་གནས་པ་སྟེ་ཕ་རྒྱུད་གཡོ་བ་རླུང་འཛིན་པའི་གདམས་ངག་གཉིས། བདེ་བ་གནད་ཀྱི་བརྡ་འོག་རླུང་ཡིད་ཙམ་འཐེན་ཏེ་ཐུར་སེལ་འཆིང་བས་ལུས་སེམས་ཟག་མེད་ཀྱི་བདེ་བ་ཁྲི་ལེར་འཆར་བ་དང་། དབྱེར་མེད་གནད་ཀྱི་བརྡ་ལྕེའི་རྩེ་མོ་གང་ལའང་མ་རེག་པར། ཇི་སྐད་དུ། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མ་བྲལ་བ། །ཞེས་པ་ལྟར་ཤེས་པ་ཕྱོགས་ལྷུང་དང་བྲལ་ཞིང་བསམ་བརྗོད་ལས་འདས་པའི་ངང་དུ་བཞག་པ་སྟེེ་མ་རྒྱུད་བདེ་བ་ཉམས་ཀྱི་མན་ངག་གོ །དེའང་དབང་བཞིའི་དོན་བརྡ་བཞི་ལ་ཚང་བས་དབང་ངང་གིས་རྫོགས་ལ། བརྡ་བཞིའི་དོན་གསལ་བ། བདེ་བ། མི་རྟོག་པ། དབྱེར་མེད་པ་བཞི་རྒྱུད་ལ་ཤར་བས་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་རང་ཆས་སུ་འགྲུབ་པའོ། །མདོར་ན་རྒྱུད་སྔ་མ་ལས། མ་ནོར་བ་ཡི་ཆོས་ཉིད་ལ། །མ་བཅོས་གནས་ཤིང་མ་བྱས་གསལ། །མ་འགས་པ་ཉིད་ཡེ་ཤེས་ཀློང་། །ཞེས་པ་ལྟར་ལྟ་བ་མ་ནོར་བས་ཐག་བཅད། སྒོམ་པ་མ་བཅོས་པས་ཉམས་སུ་བླང་། སྤྱོད་པ་མ་བྱས་པས་བོགས་དབྱུང་བས། འབྲས་བུ་མ་འགགས་པ་ཉམས་སུ་མྱོང་བའི་ཀློང་ཆེན་པོ་བཞིས་བསྡུས་པ་སྟེ། དེ་བཞི་པོའང་ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ་ལྷུག་པ་སྟེ་མཚན་ཉིད་བཞི་ལྡན་འདིར་འདུ་བས་དེ་ལ་ཡང་ཡང་ལྟ་བས་ལྟ་བ། དེ་ལ་མ་ཡེངས་པས་སྒོམ་པ། དེ་གྲོགས་སུ་གྱུར་པ་སྤྱོད་པ།  །དེ་མངོན་དུ་གྱུར་པ་འབྲས་བུར་གསུངས་སོ། །གསུམ་པ་མན་ངག་གི་སྡེ་ལའང་གཉིས། དགོས་པ་དང་བཅས་པའི་ཚིག་གིས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ ནས་ མངོན་བྱའི་ཕྱིར༔ ཞེས་གསུངས་ཏེ། སྔ་མ་གཉིས་ལ་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཡིད་དཔྱོད་ཕྲ་མོ་འདྲེས་པས་གཤིས་ཤོར་གྱི་གོལ་སྒྲིབ་འབྱུང་ཉེ་ལ། འདིར་ཡིད་དཔྱོད་ཀུན་ལས་འདས་ཤིང་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡོངས་གྲོལ་ཆེན་པོར་སྡུད་པས་ཁྱད་པར་དུ་འཕགས་པ་གནད་ཐོག་ཏུ་ཐེབས་པའི་མེ་བཙའ་ལྟ་བུ་གསང་བ་སྙིང་ཁྲག་གམ་སྲོག་གི་དྭངས་མ་དང་འདྲ་བ་རྒྱུད་ཆེན་བཅུ་བདུན་སོགས་ཀྱིས་བསྟན་དོན། མན་ངག་གི་གནད་ངེས་པ་ཐིག་ལེ་གསང་བ་ཐིག་ལེ་གསང་སྐོར་གྱི་སྡེ། གཞིར་གནས་རང་བཞིན་གྱི་འོད་གསལ་དབྱིངས་རིག་གཉིས་མེད་ཡེ་ཤེས་སྙིང་པོའི་ཚུལ་མངོན་སུམ་ལམ་དུ་བྱ་བའི་ཕྱིར་འདི་ལྟར་བླ་ན་མེད་པའི་རྣལ་འབྱོར་ལ་འཇུག་གོ །དེ་ལྟར་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་འམ། །གཅན་གཟན་རྣམས་ལས་སེང་གེ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་སོ། །དེ་ལ་སྤྱིར་དངོས་གཞི་ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བའི་གནད་དབྱིངས་ལ་ལྟོས་ཏེ་སེམས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷོངས་སུ་ཕུད་པས་འབད་མེད་དུ་གྲོལ་བའི་ལམ་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་བསྒོམས་པས་འཚང་རྒྱ་བའི་གནད་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲོད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་གཉིས་སུ་ཡོད་དེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། འབད་མེད་རང་གྲོལ་ཚད་འཛིན་པ། ཁྲེགས་ཆོད་ཐོད་རྒལ་གཉིས་སུ་བརྟགས། །ཞེས་སོ། །གཉིས་པ་ལ་གཉིས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ནོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་བསྡུའོ། །དང་པོ་ནི། སྔོན་འགྲོ་ ནས་ བྲལ་བར་བཞག༔ ཅེས་གསུངས་ཏེ། དང་པོ་སྔོན་འགྲོ་ལ་གསུམ། ལུས་ངག་ཡིད་གསུམ་སྦྱོང་བ་དང་། རྣལ་དབབ་ སོར་གཞུག་གོ །དང་པོ་ལུས་ཀྱི་སྦྱོང་བ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པ་ལྟར་ཡེ་ཤེས་གསུམ་དང་སྐུ་གསུམ་པོ་ལམ་གཅིག་ཏུ་འདྲིལ་བ་མཚོན་བྱེད་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ་སེམས་ཀྱིས་ཀྱང་དེར་བསྒོམས་པས་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་སྦྱོང་བ་ནི་ཧཱུྃ་གི་རྣལ་འབྱོར་རྣམ་པ་བཞི་དང་སྦྱར་བར་བྱ་སྟེ། དེའང་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེས་གསུངས་པའི་དང་པོ་ནི་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་སྤྲོས། ཧཱུྃ་གི་གླུ་སྙན་ལ་རིང་བར་བླངས་ཏེ་ཕྱིའི་སྣང་བ་ཐམས་ཅད་ཁེངས། སྣ་བུག་གཡོན་ནས་ནང་དུ་ཞུགས་པས་ལུས་ཀྱི་ནང་ཁེངས་པར་བསྒོམས་པས་ཕྱི་ནང་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབས་པ་སྟེ་དེ་དག་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནི། སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་དྲག་རྩུབ་རྣོ་མྱུར་ཐོག་ལྟ་བུ་མང་པོས་ཡུལ་སྣང་དང་ལུས་ལ་ཕུག་སྟེ་ཁྲལ་ཁྲོལ་དུ་སོང་བར་བསམ། ཧཱུྃ་དྲག་པོར་བརྗོད་པས་དེ་དག་རང་བཞིན་མེད་པའི་ཉམས་འཆར་ན་རྩལ་འབྱོངས་པ་སྟེ་སྣང་བ་འོད་གསལ་དང་ཕུང་པོ་འཇའ་ལུས་སུ་གྲོལ་པའི་དགོས་པ་ཡོད་དོ། །གསུམ་པ་ནི། མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་ལ་སྙིང་གའི་ཧཱུྃ་ལས་སྤྲོས་པའི་ཧཱུྃ་གི་ཕྲེང་བ་དཀྲིས་ཤིང་བསྐོར། ཡང་བཤིགས་ནས་ནང་དུ་སྡུད་པའི་འགྲོ་ལྡོག་ལ་སྦྱང་ཞིང་ཧཱུྃ་གླུ་བླངས་པས་སེམས་ལས་སུ་རུང་བ་ནི་མཉེན་བཙལ་བ་སྟེ་སེམས་ཤིན་སྦྱང་ཐོབ་པའི་དགོས་པ་ཡོད་དོ། །བཞི་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པར་མདུན་གྱི་ལམ་སྲིན་མོ་འགྲོས་སུ་ཞུགས་ནས་ཇེ་རིང་སོང་ཞིང་སླར་ཚུར་ཞུགས་ཏེ་རང་གནས་སུ་སླེབ་པའི་འགྲོ་ལྡོག་སྤེལ་མར་སྦྱངས་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་ནི་ལམ་དུ་གཞུག་པའོ། །དེ་དག་གི་དགོས་པ་ནི། ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་སྦྱོང་བ་ལ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པ་ལྟར་གསུམ་ལས་དང་པོ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་རང་ལུས་སྟོད་སྨད་སྣང་སྟོང་གང་ལས་བྱུང་དང་། འཚོལ་བྱ་འཚོལ་བྱེད་ལ་བལྟས་ཤིང་དཔྱད། གཉིས་པ་སེམས་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད། གསུམ་པ་སེམས་ཝལ་གྱིས་ཤར་ནས་ཡལ་གྱི་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་ལས་ཀྱང་མ་བྱུང་། གང་ལའང་མི་གནས། གང་དུའང་མི་འགྲོ་བའི་གཞི་མེད་རྩ་བྲལ་དུ་ཤེས་པ་སྟེ་མདོར་ན་སེམས་ཀྱི་བྱུང་གནས་འགྲོ་གསུམ་གཏན་ལ་མ་ཕེབ་ཀྱི་བར་དུ་འབད་པ་ཆེན་པོས་བརྟག་ཅིང་དཔྱད་ནས་བཙལ། དེ་དག་གི་དགོས་པ་ནི། ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་རྣལ་དུ་དབབ་པ་ནི། དམིགས་པ་སེམས་ཚོལ་གང་ཡང་ཡིད་ལ་མི་བྱེད་པར་ལུས་ཅི་བདེ། ངག་བཟོ་མེད། སེམས་རྟོག་མེད་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚན་མ་གང་ལ་ཡང་མི་རྟོགས་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའ་ིདོན་དང་། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་བའི་དོན་ཏེ། དགོས་པ་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུག་ཅིང་ནད་རྐྱེན་མི་འབྱུང་བ་དང་རང་བཞིན་གྱི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ། །གསུམ་པ་སོར་གཞུག་ནི། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་ཉན་ཐོས། བར་མ་བྱང་སེམས། དྲག་པོ་ཁྲོ་བོའི་ལྟ་སྟངས་དང་རྣམ་འགྱུར་གྱིས་རིམ་གྱིས་ཁྲིད་དེ་ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་སྤྲོ་བསྡུ་བྲལ་བར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོ་གསལ་ཡང་མི་རྟོགས་པའི་ངང་མ་ཤོར་བ་དང་། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པ་དང་། རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ། དགོས་པ་ནི། གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་སྲོལ་དུ་འཇུག་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། སྡོམ་གྱི་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ལྟ་བས་ ནས་ རང་ལ་རྙེད༔ ཅེས་གསུངས་ཏེ། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་བླང་། སྣང་བ་དབང་སྒྱུར་གྱི་སྤྱོད་པས་བོགས་འབྱིན། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པ་བཞིར་འདུས་པས་དེ་རྣམས་རིམ་བཞིན་བཤད་པར་བྱའོ། །གཉིས་པ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་འབྱིན་པ། འབྲས་བུ་ལྷུན་གྱིས་གྲུབ་པའི་ཚུལ་ལོ། །དང་པོལའང་གསུམ། ངོ་བོ་ཀ་དག་གི་ཡེ་ཤེས་བཤད་པ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་བཤད་པ། དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ངོ་སྤྲད་པའོ། །དང་པོ་ནི། དེ་ལ་ ནས་ བཏགས་པ་ཙམ༔ ཞེས་གསུངས་ཏེ། ལྟ་བས་ཐག་བཅད་པ་དེ་ལའང་། རྒྱུད་ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་གདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་ངོ་བོ་རིག་སྟོང་། རང་བཞིན་གསལ་སྟོང་། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུམ་དུ་གསུངས་པའི་དང་པོ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ནི། དངོས་པོ་དང་མཚན་མར་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་བལྟར་མེད་པ། གཞི་མེད་རྩ་བ་དང་བྲལ་བས་འདིའི་ཞེས་བརྗོད་དུ་མེད་པ། གོ་བའི་ཚིག་དང་མཚོན་པའི་དཔེ་ཀུན་གྱི་ཡུལ་ལས་འདས་པ། བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཀྱི་ཕྱིར་བློའི་སྤྱོད་ཡུལ་མ་ཡིན་པ། ཡེ་གདོད་མ་ཉིད་ནས་རང་བཞིན་གྱིས་སྟོང་པའི་གཤིས་སམ་རང་བབས། འཁྲུལ་གྲོལ་གཉིིས་ཀ་ཡོད་མ་མྱོང་བས་འཁོར་བ་གཞི་མ་གྲུབ་ཅིང་མྱང་འདས་ཞེས་པའང་ལྟོས་ནས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པ་སྟེ། ཀློང་དྲུག་པ་ལས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །ཅེས་སོ། །གཉིས་པ་ནི། རང་བཞིན་ ནས་ རིས་མེད་དོ༔ ཞེས་གསུངས་ཏེ། རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི། ངོ་བོ་ཀ་དག་སྨྲ་བསམ་བརྗོད་བྲལ་དེ་ཉིད་གསལ་མདངས་འགགས་པ་མེད་པའི་ཡེ་ཤེས་ཀྱི་རང་རྩལ། ནམ་མཁའི་དབྱིངས་ལས་ཉི་མའི་འོད་ཟེར་ཕྱོགས་མེད་དུ་ཁྱབ་པ་བཞིན་དུ་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་བཞུགས་ལ། དེའང་རྟེན་དང་བརྟེན་པའི་རྣམ་པ་ཅན་མ་ཡིན་པ་ནམ་མཁས་འབྱུང་པ་ཆེན་པོ་རྣམས་ལ་ཁྱབ་པ་བཞིན་དུ་མཐའ་གང་ལའང་མི་གནས་པར་ཀུན་དང་དབྱེར་མེད་པར་བཞུགས་པ་སྟེ། འཁོར་འདས་གཉིས་ལ་རྒྱ་ཆད་དང་ཕྱོགས་ལྷུང་གི་རིས་སུ་བཅད་པ་མེད་དེ། སྔ་མ་ལས། གསལ་བ་ཡོད་མེད་མཐའ་ལས་འདས། །མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཅེས་སོ། །གསུམ་པ་ནི། དེ་གཉིས་ ནས་ མངོན་དུ་བྱ༔ ཞེས་གསུངས་ཏེ། ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་དེ་གཉིས་ཀྱང་གཅིག་དང་དུ་མའི་སྤྲོས་པ་ཀུན་ལས་འདས་ཤིང་གདོད་ནས་དབྱེར་མེད་ཟུང་དུ་འཇུག་པ་མར་མེ་དང་མར་མེའི་འོད་ལྟ་བུ་སུས་ཀྱང་བཅོས་ནས་འདུས་མ་བྱས་པའི་རང་བབས་ཀྱི་གནས་ལུགས་དེ་ནི་ཡུལ་དང་ཡུལ་ཅན་དུ་བརྟགས་ནས་བལྟར་མེད་པའི་ཕྱིར་བློ་ལས་འདས་པས་ལྟ་བ་ཀུན་གྱི་རྒྱལ་པོ་གོང་ན་མེད་པ་སྟེ། དེ་ཉིད་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་གྱི་དབང་པོ་རང་གི་ཉམས་མྱོང་ལས་དཔག་སྟེ། ལྟ་བའི་ཡིན་ལུགས་ཀྱི་ཚུལ་དུ་བརྡ་ཐབས་མན་ངག་བྱིན་རླབས་ཀྱི་སྒོ་ནས་ངོ་སྤྲོད་ཅིང་མངོན་དུ་རྟོགས་པར་བྱའོ། །དེ་ལྟར་ཡང་ཁྱུང་ཆེན་ལས། སྤྱོད་བྲལ་སྒོམ་བྲལ་བལྟ་རྒྱུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཅེས་སོ། །གཉིས་པ་སྒོམ་པ་ཉམས་སུ་བླང་བ་ལ་གཉིས། དངོས་དང་། འབྱོངས་པའི་ཚད་དོ། །དང་པོ་ནི། དེ་ ནས་མངོན་དུ་འགྱུར༔ ཞེས་གསུངས་ཏེ། ལྟ་བས་ཡེ་གྲོལ་དུ་རྟོགས་པ་དེ་ནས་སྒོམ་པས་ཡིན་ཐོག་ཏུ་བཞག་སྟེ་རིག་པས་གཤིས་ཐོག་ཏུ་ཕེབ་པར་ཉམས་སུ་བླང་བ་ནི། སེམས་ཉིད་ངོ་བོ་ངོས་བཟུང་ལས་འདས་པ། རིག་པ་ཟུང་ཐལ་མཚན་མར་མ་གྲུབ་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས། དེ་གཉིས་ཡ་བྲལ་མ་ཡིན་པར་གདོད་ནས་ཟུང་དུ་འཇུག་པ་འདི་ལས་ཆོས་སྐུ་གཞན་དུ་མེད་པར་ངོ་རང་ཐོག་ཏུ་འཕྲོད་ནས། དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས་ཤིང་ད་ལྟའི་ཤེས་པ་སྐད་ཅིག་མ་ལ་བཟོ་བཅོས་མ་བྱས་པས་དུས་གསུམ་གྱི་རྣམ་པར་རྟོགས་པས་མ་བསླད་པའི་ཀ་དག་བློ་འདས་ཀྱི་དགོངས་པ་བཞི་ཆ་སུམ་བྲལ་ཐ་མལ་གྱི་ཤེས་པ་སོ་མ་དེ་ཉིད། རང་བབས་རྣལ་མར་བཞག་པ་ལས་གཞན་པའི་བསྒོམ་བྱ་རྡུལ་ཙམ་མེད་པ་ཐག་གཅིག་ཐོག་ཏུ་བཅད་པས་མངོན་སུམ་ཆོས་ཉིད་ཀྱི་རང་བབས་ལྷུག་པར་མཐོང་སྟེ་དང་དྭངས་སྤྲིན་བྲལ་ནམ་མཁའ་ལྟར་གནས་པ་ཡིན་ལ། དེའི་དུས་སུ་ཕྱི་ཆོས་ཅན་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་ལ་གཡེང་བའི་རྟོག་པ་ཤར་དུས་ནས་འཛིན་མེད་དུ་གློད་པས་རྦ་རླབས་ཆུར་ཐིམ་པ་ལྟར་འགྱུ་སྟོང་རྗེས་མེད་དུ་ཞིག །ནང་ཆོས་ཉིད་ཀྱི་ངང་དུ་ཡེངས་པ་མེད་པར་དགུག་པའི་དྲན་འཛིན་དགག་སྒྲུབ་སྩོལ་བཅས་ཀྱི་བརྟོད་ཕུར་ན་བུན་མཁའ་ལ་དེངས་པ་ལྟར་རང་སར་གྲོལ་ཏེ་སྣང་ཤེས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ཅིར་སྣང་ཆོས་སྐུའི་རང་བཞིན་རིག་སྟོང་བློ་བྲལ་རྗེན་པར་རྟོགས་པའི་གདེང་གྲོལ་ཐོག་ཏུ་བཅས་ཏེ། དམིགས་གཏད་མཚན་འཛིན་གང་ཡང་མེད་པའི་ངང་ལ་འབད་རྩོལ་ཅིའང་བྱར་མེད་པར་ཁ་ཡན་དུ་གློད་ནས་བཞག་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀ་དག་གཞི་རྫོགས་ཆོས་ཉིད་མཉམ་པ་ཆེན་པོར་མངོན་དུ་འགྱུར་ཏེ། ཁྱུང་ཆེན་ལས། མ་བསྒོམ་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཕྱིན། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགུགས་ལ་འགྱུས་པར་རང་སར་དག །ཅེས་སོ། །གཉིས་པ་ནི། དེ་ཚེ་ ནས་ ཆུད་པ་ན། ཞེས་གསུངས་ཏེ། རིག་སྟོང་རྗེན་པ་ངོས་ཟིན་ནས་གཤིས་ཐོག་བཟོ་མེད་དུ་བཞག་པ་དེའི་ཚེ། རྣམ་པར་རྟོག་པའི་སྤྲོ་བསྡུ་ཇི་སྙེད་ཤར་བ་དེ་ཐམས་ཅད་ཀྱི་དྲན་པའི་གཉེན་པོས་བསྐྱར་གྲོལ་མ་དགོས་པར། ཆུ་བོ་ཆེན་པོ་ལས་རླབས་གཡོས་ཀྱང་ཆུ་དང་རླབས་གཉིས་ཐ་དད་མེད་པ་བཞིན་དུ་རྟོག་མེད་རང་གསལ་རྗེན་པར་ཐིམ་པ་དང་། གཡོ་བྱེད་ཀྱི་རླུང་མེད་པའི་མར་མེ་གསལ་དྭངས་བརྟན་པར་འབར་བ་བཞིན་རིག་ཐོག་ཏུ་རྩེ་གཅིག་པར་གནས་ཤིང་། དེ་ལའང་ཡུལ་ཤེས་ཀྱི་འཛིན་པས་མ་བསླད་པ་གནས་པའི་ངོ་བོའི་དེ་ཁོ་ན་ཉིད་རིག་ལ། རིག་པ་ཉིད་ཀྱང་དེར་རྟོག་གིས་མི་འཛིན་པར་གསལ་ཧྲིག་རྗེན་པ་གཞི་མེད་རྩ་བྲལ་དུ་ལྷག་གེར་ཤར་བ་དང་། གསལ་ཆ་མ་འགགས་ཀྱང་ཚོགས་དྲུག་གི་ཡུལ་ལ་འགྱུ་བ་རང་ག་མར་འཕྲོ་བ་མེད་ཅིང་། གང་དུའང་མི་རྟོག་པ་དེ་ལའང་ཞེན་པའི་འཛིན་སྟངས་བྲལ་བ་ལས་མཉམ་བཞག་རྗེས་ཐོབ་ཀྱི་འཇོག་ལེན་མེད་པར་སྒོམ་པ་འོད་གསལ་ཁོར་ཡུག་ཏུ་ཤར། གནས་འགྱུའི་དགག་སྒྲུབ་མི་དགོས་པར་མཐའ་གྲོལ་ཀློང་ཡངས་ཀྱི་དགོས་པར་ཕྱམ་བརྡལ། ཞི་གནས་ལྷག་མཐོང་གི་རྣམ་པར་དབྱེ་བ་ལས་གྲོལ་ཏེ་རིག་ཐོག་ཟུང་འཇུག་ཏུ་ཆུད་པ་ན་སྒོམ་པ་ཀློང་དུ་གྱུར་པ་ཡིན་ཏེ། དགའ་རབ་རྡོ་རྗེས་ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་གདངས་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བའི་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཅེས་སོ། །གསུམ་པ་སྤྱོད་པས་བོགས་དབྱུང་བ་ནི། སྤྱོད་ལམ་ ནས་ མཉམ་པར་བཞག༔ ཅེས་གསུངས་ཏེ། ཅོག་བཞག་གི་སྒོམ་པ་ཀློང་དུ་གྱུར་པ་སྒོ་གསུམ་སྤྱོད་པའི་ལམ་གང་རུང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་རོལ་པར་ངང་ལས་ནམ་ཡང་མ་གཡོས་ཏེ་འབྱུང་བཞིའི་ཆོ་འཕྲུལ་ཇི་ལྟར་ཤར་ཡང་ནམ་མཁའི་ཀློང་ལས་འདས་པ་མེད་པ་བཞིན་ནོ། །དེས་ན་འཁྲུལ་གྲོལ་གྱི་རེ་དོགས་མེད་པས་ཚོགས་དྲུག་གི་ཡུལ་ལ་དེར་འཛིན་གྱིས་མི་ཞེན་པར་ཐུག་ཕྲད་རང་གྲོལ་རང་དགར་རྒྱ་ཡན་དུ་བཏང་། སྣང་བརྟགས་ཇི་ལྟར་སྣང་རུང་རིག་པའི་ཀློང་ལས་གུད་ན་མེད་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་ལམ་རོལ་པའི་ངང་དུ་འུབ་ཆུབ་པར་ཐག་བཅད། རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་གཟུང་བྱ་འཛིན་བྱེད་སྤང་བྱ་བླང་བྱེད་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། འབད་རྩོལ་དམིགས་བཅས་མཚན་མའི་བསྒོམ་པར་བྱ་བ་རྡུལ་ཙམ་ཡང་མེད་པས་སྒོམ་འདོད་ཀྱི་རྟོག་པ་ལས་གྲོལ་ཏེ་ཐ་མལ་གྱིན་འདར་འབྱམས་ཤིང་། བཅོས་མའི་བློས་མི་བསྒོམ་པའི་དོན་རིག་སྟོང་ཆོས་ཉིད་ཟང་ཐལ་རྗེན་པ་དང་རྒྱུན་དུ་འབྲལ་བ་མེད་པས་ན་གང་ཟག་ཐ་མལ་པའི་ཚུལ་ལས་རིང་དུ་འདས་ཏེ་སྤྱོད་ཡུལ་ཇི་ལྟར་སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་རང་སྣང་རིས་མེད་དག་པ་རབ་འབྱམས་སུ་ཤར་བ་ན། ཆོས་ཉིད་རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོའི་རྒྱུན་དང་འོད་གསལ་གསལ་འགྲིབ་མེད་པ་མར་མེའི་རྩེ་མོ་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རིག་པས་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་པ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་འབྲས་བུ་ལ་གསུམ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཚུལ་དང་། ལམ་རྐྱེན་དངོས་པོ་བཅུ་ལྷུན་གྱིས་གྲུབ་པའི་ཚུལ། བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བའི་ཚུལ་གྱིས་འབྲས་བུ་དོན་བསྡུའོ། །དང་པོ་ནི། མདོར་ན་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། མདོར་བསྡུ་ན་རང་རིག་མ་བཅོས་པ་ཆོས་ཉིད་ཀྱི་གནས་ལུགས་འདི་ཁོ་ན་གདོོད་ནས་འཁྲུལ་མ་མྱོང་བར་སངས་རྒྱས་པ་སྟེ། བསྒྲུབ་བྱའི་སངས་རྒྱས་ཆེན་པོ་གསུམ་ལྡན་གུད་དུ་བཙལ་བས་ནམ་ཡང་རྙེད་པ་མེད་ཀྱང་གློ་བུར་འཁྲུལ་རྟོག་གིས་བསྒྲིབས་ཏེ་གཞན་ནས་རྩོལ་སྒྲུབ་ཏུ་ལྟ་བའི་འཛིན་པས་བཅིངས་པ་ལ་ཡང་དག་པའི་ལམ་གྱི་ས་མཁན་བླ་མ་དམ་པའི་བཀའ་དྲིན་གྱིས་གདོད་ནས་ཡེ་གྲོལ་གྱི་རྟོགས་པ་བསྐྱེད་ཅིང་ལྷུན་གྲུབ་ཀྱི་སངས་རྒྱས་རང་ལ་གནས་པར་ངོ་འཕྲོད་དེ། རྣམ་པ་མ་འགགས་པར་གསལ་ལ་ངོ་བོ་མ་སྐྱེས་པའི་སྟོང་པ་གཉིས་པོ་རོ་གཅིག་ཏུ་མཉམ་པའི་ཁྱབ་བྱ་ལ། ཁྱབ་བྱེད་རང་རིག་པའི་སྙིང་པོ་ཅན་གྱི་གཞི་མ་ནོར་བའི་གནས་ལུགས་དེ་ཉིད་ལམ་མ་བཅོས་པ་གདོད་མའི་རང་བབས་སུ་བསྐྱངས་པས་གཤིས་ཇི་བཞིན་པ་མངོན་དུ་གྱུར་པ་ལས། སེམས་ཅན་གྱིས་ངན་པར་དང་སངས་རྒྱས་ཀྱི་ས་བཟང་པོར་བཏང་ནས་གསར་ཐོབ་ཏུ་འཆོས་པ་མེད་པར་རྟོགས་པ་དེ་ཡིས། སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ད་ལྟ་ཉིད་ནས་ཕྱིན་ཏེ་ཆོས་སྐུ་རང་གནས་ཆེན་པོར་ལ་བཟླས་པ་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་འབྲས་བུའོ། །དེ་ལྟར་ཡང་ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ངོ་། །ཞེས་སོ། །གཉིས་པ་ནི། ལྟ་བ་ ནས་ རོལ་པའི་གར༔ ཞེས་གསུངས་ཏེ། གསང་རྒྱུད་ཟབ་མོ་རྣམས་སུ་རྡོ་རྗེའི་ཚིག་གིས་བསྟན་པའི་ལམ་གྱི་ཆ་རྐྱེན་དངོས་པོ་བཅུའང་འདིར་འབད་མེད་ཀྱི་ངང་ལ་ལྷུན་གྱིས་གྲུབ་པ་སྟེ། ལྟ་བའི་མཁན་པོས་བལྟ་བྱའི་ཡུལ་མེད་པས་གནས་ལུགས་དེ་ཁོ་ན་ཉིད་དུ་ལྟ་བ་དང་། སྒོམ་པ་དམིགས་གཏད་ཀྱི་རྩིས་གདབ་དང་བྲལ་བས་རང་སྣང་རིས་མེད་ཀྱི་དཀྱིལ་འཁོར་བཀོད་པ་ཁྱབ་པར་བརྡལ་བ་དང་། སྤྱོད་པ་སྤང་བླང་བྱར་མེད་པས་ཆོས་ཉིད་ཀྱི་དབྱིངས་སུ་ཆོས་ཅན་གྱི་མཚན་མ་ལ་དོར་ནས་འབྲས་བུ་བླང་བྱ་རྣམ་གྲོལ་དང་སྤང་བྱ་འཁོར་ཆོས་གཉིས་ཀ་ལས་འདས་ཏེ་རང་གནས་ཀྱི་རིག་པ་གཞི་ཐོག་ཏུ་རྫོགས་པ་དེ་ནི། གཞི་ལམ་འབྲས་བུའི་རིམ་པ་ཀུན་ལ་ཁྱབ་པས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་ཞེས་བྱ་བ་གཏོར་བླུགས་ཀྱི་ཆོ་ག་ཀུན་ལས་ཁྱད་པར་འཕགས་པ་དང་། ས་མ་ཡ་འབུམ་སྡེའི་དམ་ཚིག་རྣམས་ཀྱང་གདོད་ནས་ཆོས་ཉིད་ལས་མི་འདའ་བས་ཡེ་སྲུང་ལྷུན་གྲུབ་གཟུང་འཛིན་དང་བྲལ་བའི་དབྱིངས་རྒྱུ་འབྱམས་སམ་ཕྱལ་བ་ཆེན་པོ་གཅིག་ཏུ་བཟླུམ་པ་དང་། དོན་ཏུ་གཉེར་ཏེ་བསྒྲུབ་བྱའི་རྒྱལ་པོ་རང་བྱུང་ཡེ་ཤེས་ཆེ་བའི་མཆོག་གཞན་ལས་མ་བཙལ་རང་ཉིད་ལས་རྙེད་པ་དང་། སྒྲུབ་བྱེད་ཀྱི་ེཆོས་བཏང་བཞག་མེད་པའི་ཏིང་ངེ་འཛིན་ཁོར་མོ་ཡུག་ལས་མི་གཡོ་བས་རྒྱུན་ཆད་མེད་པ་དང་། སྒྲུབ་པའི་ཕྲིན་ལས་སྣང་སྲིད་ཐམས་ཅད་ཆོས་སྐུའི་ཡོ་ལངས་སུ་བརྡལ་བས་ཅིར་སྣང་ཡེ་ཤེས་ཀྱི་རོལ་པར་ཤུགས་ལས་འབྱུང་བ་དང་། སྒྲུབ་པའི་ཡན་ལག་ཅིའང་མི་གསུང་ཞིང་བྱར་མེད་མཉམ་པར་བཞག་པའི་བཟླས་པ་ཆེན་པོས་གསང་སྔགས་ཀྱི་འཁོར་ལོ་བླ་མེད་དུ་བསྐོར་བ་དང་། བློ་ཡིས་བཟོ་མ་བཅོས་པ་ཚོགས་དྲུག་གི་ཡུལ་ཤེས་རང་བབས་ལྷུག་པར་བཞག་པས་ཐུག་ཕྲད་རེག་གྲོལ་དུ་སྟོབ་པ་མཆོད་པའི་སྤྲིན་འབྱམས་སུ་ཀླས་པ་དང་། སེམས་ཀྱི་གསལ་སྣང་ཀུན་ཏུ་ཁྱབ་པའི་ཕྱག་རྒྱ་ཡེ་ཤེས་སུ་འཆིང་བ་དང་རིག་རྩལ་ཕྱོགས་མེད་དུ་འགྲོ་བ་རོལ་པའི་གར་གྱི་རྣམ་གྱུར་དུ་ལྷུན་གྱིས་གྲུབ་པའོ། །གསུམ་པ་ནི། སེམས་ཀྱི་ ནས་ ད་ལྟ་ཕྱིནཿ ཅེས་གསུངས་ཏེ། ཁྲེགས་ཆོད་ཡེ་བབས་སོར་བཞག་གི་ཐོག་མར་སེམས་ཀྱི་མཚང་བཙལ་ཏེ་སྐྱེ་མེད་དུ་རྩད་བཅད་པ་ན་རང་བྱུང་ཡེ་ཤེས་ལ་བསྙེན་པ་སྟེ། བར་དུ་རང་རིག་ཀ་དག་གི་ཐོག་ཏུ་གནས་ལུགས་མ་བཅོས་རྣལ་མར་ངོ་སྤྲོད་པ་ནི་ཉེ་བར་བསྙེན་པ་དང་། འགགས་མེད་དུ་གཏན་ལ་ཕབ་སྟེ་རང་བྱུང་གི་ཐིག་ལེ་ཉག་གཅིག་ཏུ་འཁོར་འདས་ཐམས་ཅད་རྫོགས་པར་ཐག་ཆོད་པ་ནི་སྒྲུབ་པའི་ངང་དུ་གནས་པ་ཡིན་ལ། མཐར་གཉུག་མ་ཡེ་གྲོལ་གྱི་ཐོག་ཏུ་གཉེན་པོས་བསྐྱར་གྲོལ་མ་དགོས་པའི་གདེང་བཅའ་བ་སྒྲུབ་པ་ཆེན་པོའི་རིམ་པས་གཉིས་མེད་དུ་རྩལ་སྦྱང་སྟེ། དེའང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་པ་ལྟར། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་པས་རྐྱེན་སྣང་རླུང་ཚོགས་ལྟ་བུས་ནམ་ཡང་མི་གཡོ་བའི་གདེང་རྙེད་པ་རི་བོ་ཅོག་བཞག་གི་ལྟ་བ། རིག་པ་ཟང་ཐལ་ལ་དབང་པོའི་གདངས་མ་འགགས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ། སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་ཤར་ཡང་ཡུལ་དང་ཡུལ་ཅན་དུ་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་གྱིས་ཆུ་ལ་མི་གོས་པ་དང་མཚུངས་པ་རྒྱ་མཚོ་ཅོག་བཞག་གི་སྒོམ་པ། རིག་པའི་དྭངས་ཆ་མེ་ལོང་ལྟ་བུར་ཆོས་ཅན་མཚན་མ་ཅིར་སྣང་ཡང་དགག་སྒྲུབ་བྲལ་བར་སྣང་ཤེས་རོ་མཉམ་ཡན་གར་བཞག་པ་སྣང་བ་ཅོག་བཞག་གི་སྤྱོད་པ། རིག་པ་ཟང་ཐལ་ངོས་བཟུང་མེད་པ་བློ་ཡིས་བཟོ་བཅོས་ངང་འཛིན་ཞེན་གང་ཡང་མི་བྱ་བ་རང་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་རང་གནས་སུ་བཞག་པ་ནི་རིག་པ་ཅོག་བཞག་གི་འབྲས་བུ་སྟེ། དེ་ལྟར་ཅོག་བཞག་གི་གནད་བཞི་དང་ལྡན་པ་ལས། ཀ་དག་ཟང་ཐལ་གདོད་མའི་ཆོས་དབྱིངས་ཀུན་ཏུ་བཟང་པོའི་གྲོལ་གཞི་བྱང་ཆུབ་སྙིང་པོའི་ས་ལ་ཕྱི་དུས་སུ་མི་ལྟོས་པར་ད་ལྟ་ཕྱིན་པར་འགྱུར་རོ། །གསུམ་པ་ཀ་དག་གི་ལྟ་བའི་མཇུག་བསྡུ་བ་ནི། མདོར་ན་ ནས་ ཆེན་པོར་རྫོགས༔ ཞེས་གསུངས་ཏེ། གཞི་ཀ་དག་གི་ལྟ་བའི་གནས་ལུགས་མདོར་བསྡུས་ཏེ་དཔེར་མཚོན་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སྐྱེ་འགྲོ་གནས་ལུས་བཀོད་པའི་བྱེ་བྲག་གཅིག་ཏུ་མ་ངེས་པས་ཐ་དད་སྣ་ཚོགས་སུ་མཆིས་ཀྱང་། འབྱུང་བ་ཆེན་པོ་ནམ་མཁའ་སྟོང་པའི་ཀློང་དུ་མ་འདུས་པ་མེད་པས་དེའི་ངང་དུ་དབྱེར་མེད་རོ་གཅིག་པ་ལྟར། དྲང་དོན་དུ་ ལམ་སྟེགས་ལྷ་དང་ཚངས་པའི་ཐེག་པ་དང་རྣམ་བྱང་གིས་བསྡུས་པའི་དཀར་པོའི་ལམ་ཉན་ཐོས་ནས་ཨ་ནུའི་བར་དང་དེ་སོ་སོའི་ཐོབ་བྱའི་འབྲས་བུ་བསམ་ལས་འདས་པར་གསུངས་ཀྱང་། ངེས་པའི་དོན་དུ་གདོད་མའི་གྲོལ་ས་ཀ་དག་རང་བྱུང་རིག་པའི་ངང་དུ་ལྷུན་གྲུབ་ཆེན་པོར་གཞི་ལ་རྫོགས་པ་སྟེ། དེའང་ཡེ་གྲོལ་ལ་གཞི་དང་སྣང་བ་ཡུལ་རྣམས་ཡེ་ནས་རྫོགས་པ་དང་། རང་གྲོལ་ལ་འཁྲུལ་གཞི་ལམ་དང་ཤེས་བྱ་རང་སར་རྫོགས་པ་དང་། གཅིག་གྲོལ་ལ་འབྲས་བུ་རྒྱུ་རྐྱེན་ཆོས་ཉིད་རྣམས་རང་བཞིན་དུ་རྫོགས་པ་དང་། མཐའ་གྲོལ་ལ་འཁོར་འདས་རྒྱུད་ལུང་ཐམས་ཅད་མཐའ་བྲལ་དུ་རྫོགས་པ་དང་། གཅེར་གྲོལ་ལ་གདམས་ངག་བསམ་གཏན་འབྲས་བུ་བཅས་ཆོས་དབྱིངས་རང་ངོར་རྫོགས་པར་གསུངས་ཏེ། མུ་ཏིག་ཕྲེང་བ་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །ཞེས་པ་ནས། རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །ཞེས་སོགས་གསུངས་སོ། །གཉིས་པ་ཐོད་རྒལ་གྱི་ཉམས་ལེན་བཤད་པ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་ཟབ་ ནས་ གྲོལ་བའི་ཐབསཿ ཞེས་གསུངས་ཏེ། ཐེག་དགུ་འོག་མ་རྣམས་ལས་ཆེས་ཟབ་པའི་ཁྲེགས་ཆོད་ཀྱི་གདམས་པ་ལའང་རིག་པ་ལུས་ལ་གནས་ཀྱང་དེ་མངོན་དུ་སྟོན་པའི་གནད་མེད་པས་འདིར་དེ་ལས་ཀྱང་ཡང་ཟབ་ཀྱི་མན་ངག་སྟེ་གདམས་པའི་དོན་ལ་བློས་བརྟགས་ཀྱི་ཟབ་མི་ཟབ་བྱ་བའི་གླགས་མི་རྙེད་པས་གནད་ཀྱི་གདམས་པ་ཁྱད་པར་བདུན་དང་ལྡན་པ་སྟེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ །ཞེས་འབྱུང་སྟེ། དེའང་ཕྱི་དབྱིངས་ནམ་མཁའ་སྟོང་པར་ནང་གི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་སྟོན་ཅིང་ལམ་དུ་བྱེད་པས་ཡིད་དཔྱོད་རྟོག་པའི་ཤེས་རབ་ལ་རག་མ་ལུས་པའི་ཕྱིར། རིམ་དགུའི་ཐེག་པའི་ཟད་སའམ་སྐྱེལ་སོར་གྱུར་པ་སྟེ། ཚིག་དང་གོ་བ་ཤེས་རབ་ལ་མི་ལྟོས་པར་དབང་པོས་མཐོང་བ་དང་། དབང་པོ་རྣོ་བརྟུལ། ལས་བཟང་ངན། ཕོ་མོའི་ཁྱད་པར་སོགས་མེད་པར་རིག་རྩལ་དབྱིངས་ཀྱི་སྣང་ཆར་སྐུ་གསུམ་པོ་ལམ་དུ་སྣང་བ་སྟེ། ངོ་བོ་ཆོས་སྐུའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་ལོངས་སྐུའི་རྟགས་སུ་འོད་གདངས་སྣ་ཚོགས་སུ་སྣང་བ། ཐུགས་རྗེ་སྤྲུལ་པའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་སྟེ། ཆོས་སྐུ་ཀ་དག་ཡིན་པས་དངོས་པོ་འཕོ་འགྱུར་མེད་ལ། ལྷུན་གྲུབ་ལོངས་སྤྲུལ་དུ་སྣང་བས་འབྲས་བུ་ཕྱི་དུས་ལ་མི་ལྟོས་པའི་ཕྱིར་ཚེ་ཕྱི་མའི་དུས་སམ་ཚེ་ལོ་བརྒྱ་པའི་ཡུན་སོགས་ལ་མི་ལྟོས་པར་ད་ལྟ་མཐོང་མ་ཐག་ནས་གྲོལ་བའི་སྣེ་ཟིན་ཅིང་། བརྩོན་འགྲུས་ཅན་ལོ་གསུམ་མམ་དྲུག་ལ་སོགས་པས་གྲོལ་བའི་ཐབས་འོད་གསལ་སྣང་བ་བཞིའི་ལམ་མཆོག་ཐོད་རྒལ་ཉིད་བཤད་པ་ཡིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། རང་རིག་མངོན་སུམ་མཐོང་མེད་པས། །རིམ་དགུའི་འདོད་པས་གྲོལ་བ་མིན། །ཆོས་ཉིད་ཟད་ས་མཐར་ཕྱིན་པས། །སྐུ་གསུམ་ལམ་གྱི་སྣང་བའོ། །ཞེས་སོ། །གཉིས་པ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་བྱའོ། །དང་པོ་ལའང་གཉིས། རིག་པའི་སྣ་ཁྲིད་འཁོར་འདས་རུ་ཤན་ཕྱེ་བ་དང་། གནད་བཞིས་མངོན་སུམ་གྱི་སྣང་བ་ལ་འཇུག་པའོ། །དང་པོ་ནི། རིག་པའི་ ནས་ དགུ་ཕྲུགས་བཏང༔ ཞེས་གསུངས་ཏེ། དེའང་གཞུང་གི་ལུགས་སྐྱེས་བུ་སྤྲོས་པ་ཅན་ཐུན་མོང་གི་དྲོད་རྟགས་ལ་དགའ་བས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞིའི་སྒྲ་དོན་ལ་སྦྱང་བར་གསུངས་ཀྱང་། འདིར་མན་ངག་ལུགས་བརྩོན་འགྲུས་ཅན་བརྟུལ་ཞུགས་ལ་དགའ་བས་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་སྔོན་དུ་སྦྱང་བར་བྱ་སྟེ། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་པས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་ཤིང་སྒོ་གསུམ་གྱི་རུ་ཤན་སོ་སོར་དབྱེ་བའང་ལུས་ཀྱིས་འགྲོ་བ་རིགས་དྲུག་གི་སྤྱོད་ཚུལ། བདེ་གཤེགས་ཞི་ཁྲོའི་སྐུའིི་རྣམ་འགྱུར། ངག་གིས་འགྲོ་དྲུག་སྒྲ་སྐད་ཆོས་སྒྲ་གསང་སྔགས་སོགས་སེམས་ཀྱིས་རིགས་དྲུག་གི་བདེ་སྡུག་བཏང་སྙོམས་སྤྱོད་པ་དང་མི་རྟོག་པའི་ཏིང་ངེ་འཛིན་སོགས་ལ་ངལ་དུབ་ཐང་ཆད་མ་གྱུར་པར་རྟགས་ཐོན་པར་སྦྱངས་ནས་རྣལ་དུ་དབབ། མན་ངག་ལུགས་རྣམས་སུ་ནང་ལྟར་རུ་ཤན་དབྱེ་བ་ལུས་ལ་རིགས་དྲུག་གི་ས་བོན་རྩ་ཡིག་ཚུལ་དུ་གནས་པ་སྔགས་དང་དམིགས་པས་སྦྱང་བའང་བྱ་བར་གསུངས་ལ། དེས་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་པའོ། །དེ་ནས་སྒོ་གསུམ་རེ་རེར་ཡང་ཕྱི་ནང་གསང་བ་གསུམ་རེས་དབྱེ་བའི་བྱ་བ་དགུ་ཕྲུགས་རྣམས་རིང་དུ་བོར་ཞིང་བཏང་བར་བྱ་སྟེ། དེ་ལ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་སྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་སྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོགས་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་དེས་ནི་སྒོ་གསུམ་གནས་པ་དང་། བརྟན་པ་དང་། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་བརྟན་གྲོོལ་བའི་གདེང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ལུས་གནད་ ནས་ གཟིར་བ་ལས༔ ཞེས་གསུངས་ཏེ། སྒོ་གསུམ་ལ་གནད་བཞིས་བཅུན་ནས་མངོན་སུམ་གྱི་སྣང་བ་ལ་འཇུག་པར་བྱ་སྟེ། བཞི་ནི་ལུས། ངག །ཡིད། སྒོའི་གནད་དོ། །དེ་ལ་དང་པོ་ལུས་ཀྱི་གནད་ནི། ཀློང་གསལ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་པ་ལྟར། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་དང་། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་དང་། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་རྣམས་བྱས་པས་གནས་སྐབས་སུ་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་རོ། །གཉིས་པ་ངག་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་པ་ལྟར་སྨྲ་བ་ཉུང་བ་དང་ཅུང་ཟད་ལས་མི་སྨྲ་བ་དང་བརྡ་ཙམ་ལ་བརྟེན་པས་གནས་སྐབས་སུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོན་ལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། ཁྱད་པར་འདས་རྗེས་ལས། རླུང་གནས་ཤིན་ཏུ་དལ་ལ་བསླབ། །ཅེས་གསུངས་པས་རླུང་དལ་བ་མ་བརྟེན་ན། རླུང་གིས་རིག་པ་སྦུར་ནས་མི་ཟིན་པས་ཕྱི་ནང་འགྲོ་འོང་གི་རླུང་ནི་དལ་བར་བསླབ་ཅིང་། དེའི་ཚུལ་ཡང་། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའི་དགོས་པ་ཡོད་དོ། །གསུམ་པ་ཡིད་གནད་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏོད་པས་འགྲུབ། །ཅེས་པས་ཡུལ་རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་དབང་པོ་མི་གཡོ་བར་རྩེ་གཅིག་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པས་དྲག་ཏུ་བཅུན་པས་ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་གིས་འཆར་བར་འགྱུར་ཏེ། དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །བཞི་པ་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་པ་ལྟར་ཆོས་སྐུའི་གཟིགས་སྟངས་གྱེན་དུ་ལྡོག་ཏེ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་གྱིས་འཁྲིད་དེ་སྨྱུག་མ་བསྲོང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུ་རྣམས་གོང་གི་འདུག་སྟངས་གསུམ་དང་རིམ་པར་སྦྱར་ནས་བྱ་སྟེ། དེ་དག་གིས་ཕྱི་ནང་གི་དབྱིངས་རིག་མཐོང་སྟེ་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གཉིས་པ་དངོས་གཞི་ལ་ལྔ། ཉམས་སུ་བླང་བྱ་འོད་གསལ་ཡེ་ཤེས་ཀྱི་ཐིག་ལེ་བཤད་པ། དེ་ཇི་ལྟར་ཉམས་སུ་བླངས་ཚུལ་བཤད་པ། དེ་ལྟར་ཉམས་སུ་བླང་བ་ལ་དངོས་པོ་བཅུ་ཚང་བའི་ཚུལ་གྱིས་ཁྱད་པར་འཕགས་པའི་གནས་བཤད་པ། ཐུན་བཞིའི་མན་ངག་དང་སྦྱར་ཏེ་ཉམས་ལེན་གནད་དུ་བསྣུན་པ། བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་ཉམས་སུ་བླངས་པའི་འབྲས་བུ་བཤད་པས་དོན་བསྡུ་བའོ། །དང་པོ་ནི། སྙིང་དབུས་ ནས་ འགྲོ་འོང་ཅན༔ ཞེས་གསུངས་ཏེ། གནད་བཞི་གཟིར་བ་ལས་མངོན་སུམ་གྱི་སྣང་བ་དེ་གཞི་གང་ལས་འཆར་ན་སྙིང་དབུས་མི་ཤིགས་པ་དྭངས་མའི་ཐིག་ལེ་འོད་གསལ་རིག་པའི་ཡེ་ཤེས་ཉིད་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་ཟེར་གདངས་སུ་འཆར་ཏེ། ཀློང་གསལ་ལས། རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་འཚེར་ཐིག་ལེ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་ནས། ཞེས་པ་ལྟར། ངོ་བོ་སྐུར་བཞུགས་པས་ཀ་དག་གི་དགོངས་པ་དང་མཐུན་པ་ནི་དོན། རང་བཞིན་འོད་དུ་བསྟན་པས་གསང་སྐོར་ལུས་དཀྱིལ་དུ་མཐུན་པ་ནི་བརྡ། ཐུགས་རྗེ་སྒྲོན་མར་སྣང་བས་ཡང་གསང་སྙིང་ཏིག་དང་མཐུན་པ་ནི་རྟགས་སོ། །ལམ་གང་དུ་འཆར་ན། རང་བྱུང་རྡོ་རྗེས་སེམས་དཔའི་གསང་བའི་ལམ་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་བྱ་བ་སྙིང་ནས་མིག་ཏུ་དར་དཀར་གྱི་སྐུད་པ་ལྟ་བུར་འབྲེལ་བའི་འོད་རྩ་བའི་ལམ་ལས་བརྒྱུད་དེ་འཆར་བས་མིག་གི་དབང་པོ་རྒྱངས་ཞགས་ཆུའི་སྒྲོན་མེའི་རྟེན་ལས་མངོན་སུམ་དུ་སྣང་། ཡུལ་གང་དུ་འཆར་བ་ན། ཕྱིའི་དབྱིངས་སུ་འཆར་ཏེ་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བར་འཆར་བས་སྤྲིན་དང་བསིར་བུ་སོགས་རྙོག་པའི་རྡུལ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཉི་མ་འཆར་བ་དང་སྡུད་པའི་དུས་ཀྱི་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ། ཚུལ་ཇི་ལྟར་འཆར་ན། རྣམ་དག་དབྱིངས་སྒྲོན་ཉིད་ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚེོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་མཐིང་གསལ་དྭངས་པའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བར་འགྲོ་འོང་དལ་བྲེལ་ཅན་མུ་ཏིག་གི་ཕྲེང་བ་ལྟ་བུ་འཆར་བར་འགྱུར་ཏེ། སྒྲོན་མ་འབར་བ་ལས། མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེལ་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དང་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་མ་འགགས་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང་། །ཞེས་དང་། འཆར་ཚུལ་ཡང་སེང་གེ་རྩལ་རྫོགས་ལས། དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་པ་སྐུ་ལྔའི་སྣང་བར་ཤར། །དབྱིངས་དང་རིག་པ་ཡེ་ཤེས་གསུམ། །འདུ་འབྲལ་མེད་པའི་ཚུལ་དུ་གསལ། །ཞེས་སོ། །ཚུལ་འདིའི་གཞུང་གདམས་རྒྱས་པ་རྣམས་སུ་སྒྲོན་མ་རྣམ་པ་དགུ་དང་དྲུག་དང་བཞིར་གསུངས་པའི་སྔ་མ་ལ་ཕྱི་མ་རྣམས་འདུ་ཞིང་ལམ་དུ་བྱ་བ་དངོས་ནི་སྒྲོན་མ་བཞི་པོ་འདི་དག་ཡིན་པ་དང་། དགུར་དབྱེ་བ་ལྟར་ན། གནས་པ་གཞིའི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་སྟོང་གསལ་རིག་པའིསྙིང་པོ་ཅན་ཀུན་ཁྱབ་ཏུ་བཞུགས་པ་དང་། ལམ་ལ་ནང་ཙིཏྟ་ཤའི་སྒྲོན་མ་སྙིང་དྭངས་མའི་ཐིག་ལེ་བརྟེན་པའི་གནས་ནས། དཀར་འཇམ་རྩའི་སྒྲོན་མ་ཤེལ་སྦུག་ཅན་སོགས་ཡེ་ཤེས་འོད་ཀྱི་རྩ་ལྔ་ལས་འོད་གསལ་གྱི་སྣང་བ་འབྱུང་བའི་ལམ་བྱས་ཏེ། མིག་རྒྱང་ཞགས་ཆུའི་སྒྲོན་མ་ལའང་འབྱུང་བ་འདུས་པའི་རྒྱངས་ཞགས་མིག་གི་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་གཟུགས་སྣང་འཛིན་ནུས་པའི་མིག་ཤེས། ཡེ་ཤེས་འདུས་པའི་རྒྱངས་ཞགས་འོད་རྩའི་སྒོ་དངོས་འཚོགས་པའི་མཐུ་ལས། ཕྱི་རུ་དབྱིངས་རྣམ་དག་གི་སྒྲོན་མ་མཐིང་ག་ཁྱབ་པ་ཆེན་པོ་འོད་ལྔའི་ར་བར་ཐིག་ལེ་སྟོང་པའི་སྒྲོན་མ་ཟླུམ་སྐོར་མུ་ཁྱུད་ཅན་ཐོག་མར་གཉིས་འབྲེལ་སུམ་འབྲེལ་སྲན་མ་ཙམ་པ་ནས་མཐར་གྲངས་ལས་འདས་ཤིང་རྒྱ་ཆེ་བ་འཆར་བ་དང་། དེ་དག་གི་ཁྱབ་བྱེད་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་རང་རིག་ཡེ་ཤེས་ཆེ་གསལ་ཆེ་བརྟན་དུ་སོང་བ་ལས། གྲོལ་ས་བར་དུ་དུས་ཀྱི་སྒྲོན་མར་ཐིམ་ལུགས་བརྒྱད་ཀྱིས་གདེང་ཐོབ་སྟེ། གྲོལ་གཞི་མཐར་ཐུག་འབྲས་བུའི་སྒྲོན་མ་ནང་དབྱིངས་ཀ་དག་གཞོན་ནུ་བུམ་སྐུ་ཁྱད་ཆོས་དྲུག་ལྡན་གྱི་གདངས་རྩལ་ལྷུན་གྲུབ་འཕོ་བ་ཆེན་པོ་རྡོ་རྗེའི་སྐུས་འཁོར་བ་ཇི་སྲིད་དུ་གཞན་དོན་མཛད་པར་གསུངས་སོ། །གཉིས་པ་ནི། སྟོང་པའི་ ནས་ འདས་པ་འཆརཿ ཞེས་གསུངས་ཏེ། དེ་ལྟ་བུའི་དབྱིངས་རིག་དེ་ལ་གོམས་པར་བྱེད་པའི་ཚུལ་ཡང་། ཕྱི་ནང་གསང་བའི་ནམ་མཁའི་སྟོང་པའི་དབྱིངས་སུ་སྒོ་གསུམ་གྱི་གནད་གཅུན་ཞིང་མིག་འབྲས་མི་འགུལ་བར་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པའི་གཟེར་བཅུག་སྟེ་ཡེ་ཤེས་ཀྱི་རང་གདངས་བསམ་གྱིས་མི་ཁྱབ་པའི་དབྱིངས་སྣང་ཤར་བ་ལ་ཕྱི་རུ་གཟུང་ཡུལ་དང་ནང་དུ་འཛིན་པའི་མཐོང་བྱ་མཐོང་བྱེད་ཀྱི་གཉིས་རྟོག་དང་བྲལ་བའི་ངང་དུ། ནང་འཆར་གཞི་སེམས་ཡིད། ཕྱི་འཆར་སྒོ་མིག་དབང་། བར་སྐྱོད་བྱེད་རླུང་གི་འགྲོ་ལྡོག་གསུམ་པོ་འཇུག་པའི་གནད་ལ་རྩེ་གཅིག་ཏུ་དྲིལ་ནས་མཉམ་པར་བཞག་ཅིང་རང་སོ་བཟུང་བས། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བ་དང་། དེ་ལ་བརྟེན་ནས་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་བརྟན་གོང་འཕེལ་དུ་འགྲོ་བའི་ཉམས་སྟོང་གསལ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། བློས་བསམ་པ་དང་ངག་གིས་བརྗོད་མི་ནུས་པ་སྤྲོས་པ་ཀུན་ལས་འདས་པ་རང་བབས་ཤུགས་འབྱུང་དུ་འཆར་བར་འགྱུར་རོ། །དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བ་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པར་འགྱུར་རོ། །གསུམ་པ་ནི། ཡེ་ནས་ ནས་ སྡོམ་པའི་ཕུལ༔ ཞེས་གསུངས་ཏེ། ཡེ་གདོད་ནས་ཆོས་ཉིད་ཀྱི་རྒྱན་དུ་རང་ཤར་བའི་དབྱིངས་འོད་ལྔའི་ཐིག་ལེར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མ་བཅོས་རང་བྱུང་གི་ལྷ་སྣང་དེ་ཁོ་ན་ཉིད་ལྟ་བའི་རྒྱལ་པོ་སྟེ། དབྱིངས་རིག་འདུ་འབྲལ་མེད་པར་སྒོམ་པའི་སྤྱོད་པས་ཆོས་ཟད་ཆེན་པོར་ལ་དོར་བས་སྐུ་གསུམ་རང་ཆས་ལམ་དུ་སྣང་བའི་དབང་གི་རིམ་པ་རྫོགས་ལ། རྟོག་བཅས་ཀྱི་རླུང་འགྲོ་འོད་ཟད་པའི་རྡོ་རྗེའི་བཟླས་པ་དང་། སྣང་ཞེན་སྐུ་དང་ཐིག་ལེའི་ཕྱག་རྒྱར་འཆིང་བ་དང་། སྣང་བཞི་གོང་འཕེལ་གྱི་ཉམས་ལས་གཞན་ཏུ་མི་གཡོ་བའི་ཏིང་ངེ་འཛིན་ཉིན་མཚན་བསུ་སྐྱེལ་རྒྱུན་མི་འཆད་པ་དང་། བློའི་འདུ་བྱེད་ཀྱིས་མ་བཀོད་པའི་ཐིག་ལེ་ཚོམ་བུའི་དཀྱིལ་འཁོར་སྤྲོ་བསྡུའི་སྤྲོས་པ་དང་བྲལ་བར་རྟག་ཏུ་ཤར་ཅིང་། རང་སྣང་གི་ཞིང་ཁམས་ཀུན་ཏུ་ཁྱབ་པའི་འཇའ་ཟེར་ཐིག་ལེའི་བཀོད་པའི་རྣམ་འགྱུར་བསམ་ལས་འདས་པས་འཁྲུལ་སྣང་བཙན་ཐབས་སུ་འགོགས་པའི་དོན་སྒྲུབ་ཅིང་དག་པ་རབ་འབྱམས་ཀྱི་གནས་སུ་མཆོད་པ་དང་། གཞི་སྣང་གི་རྩལ་ལ་ཡིད་དཔྱོད་ཀྱི་འཛིན་པས་འཁྲུལ་པ་ཁ་བརྒྱུད་པའི་རླུང་སེམས་ཟག་མེད་ཡེ་ཤེས་ཀྱི་དབྱིངས་སུ་རང་བཞིན་གྱིས་དེངས་པས་དོན་གཉིས་ཕྲིན་ལས་རོལ་པ་འབྱམས་སུ་ཀླས་ཤིང་། བསྲུང་མཚམས་མེད་པའི་གནད་དང་གཟུང་འཛིན་རྒྱ་ལས་གྲོལ་བའི་ཕྱལ་པ་ལས་མི་འདའ་བར་ཆོས་ཟད་གཅིག་པུར་སྐྱེལ་བའི་དམ་ཚིག་དང་ལྷུན་གྲུབ་ཆེན་པོའི་སྦུབས་སུ་ཆོས་ཀུན་སྡོམ་པའི་ཕུལ་དུ་ཕྱིན་པའོ། །བཞི་པ་ནི། དགེ་སྦྱོར་ནི་ ནས་ འོད་གསལ་དང༔ ཞེས་གསུངས་ཏེ། དུད་འགྲོ་རྨུ་རྒོད་འདུལ་ཐབས་ལ་མཁས་པས་ལམ་སྲང་དུ་བདེ་བ་རྒྱུར་གཞུག་པ་ལྟར་སེམས་རྟོག་ཁ་ཡན་འཁྲུལ་པའི་ཡུལ་ལ་མི་འཆུག་པར་དགེ་སྦྱོར་གྱི་ལམ་སྲང་དུ་འཇུག་པའི་ཐབས། ཉིན་མོ་སྣང་བ་རང་རྒྱས་འདེབས་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པ་སྟེ་ཉིན་ཞག་གཅིག་ལ་ཐུན་གྱི་ཆ་བཞིར་བགོས་པའི་རྣལ་འབྱོར་ཟབ་མོ་གནད་ཀྱི་མན་ངག་གི་ཡེངས་འཁྲུལ་མེད་པའི་ཉམས་ལེན་ལ་འབད་བརྩོན་བསྐྱེད་ན་རིང་པོར་མི་ཐོགས་པར་གཞིར་གནས་ཀྱི་བསྐྱེད་རྫོགས་དབྱེར་མེད་ཉིན་མཚན་ཁོར་ཡུག་ཏུ་འོད་གསལ་ཆེན་པོ་གཅིག་གི་ངང་དུ་གནས་པར་འགྱུར་རོ། །ལྔ་པ་ནི། མདོར་ན་ ནས་ ཐིག་ལེར་གྲོལ༔ ཅེས་གསུངས་ཏེ། སྔར་བཤད་པའི་དོན་དེ་དག་མདོར་བསྡུ་ན། ཐབས་སྒོ་གསུམ་འཕྲུལ་འཁོར་གྱིས་གཅུན་པ་དང་སྒོ་མིག་ཡུལ་ཕྱི་དབྱིངས་རླུང་དལ་ཞིང་རིག་པ་ཨར་ལ་གཏད་པའི་གནད་ཀྱི་སྦྱོར་བས་ལྷུན་གྲུབ་ཀྱི་འོད་གསལ་བསྙེན་པས། ཐབས་བྱུང་སྣང་བཞིའི་ཉམས་རིམ་པར་འཆར་ཏེ་ཐོག་མར་ཆོས་ཉིད་ཀ་དག་གི་གཞི་ལས་གཞི་སྣང་དུ་རོལ་པའི་རང་རྩལ་དབང་པོའི་མངོན་སུམ་དུ་སྣང་བ་ནི་ཉེ་བར་བསྙེན་པ་སྟེ། དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པའོ། །དེ་ནས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེའང་མ་ངེས་པའི་གཟུགས་དབྱིབས་དུ་མ་དང་། བཀྲག་ལ་འཚེར་བའི་ཟེར་ཐག །ཐིག་ལེ་ཇེ་གསལ་ཇེ་འཕེལ་དུ་གྱུར་པའི་ནང་དུ་རྡོར་སེམས་ལ་སོགས་པ་ཕྱེད་སྐུའམ་སྐུ་རྐྱང་རེ་ཤར་ནས་འགུལ་འཕྲིག་མེད་པ་ནི་ཉམས་སྣང་གོང་དུ་འཕེལ་བའི་སྒྲུབ་པ་ཡིན་པ་དང་། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་པ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔའི་དཀྱིལ་འཁོར་ཚད་མེད་པར་འཆར་ཞིང་སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཡོངས་སུ་བརྡལ་བ་རིག་པ་སྐུར་སྨིན་པའི་ཚད་ལ་ཕེབས་པས་མ་བསྒོམས་ཀྱང་འགྱུར་མེད་པ་སྒྲུབ་པ་ཆེན་པོའི་གྲུབ་འབྲས། ཕྱི་སྣང་བའི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཕྲུལ་སྣང་གི་ཆོས་ཐམས་ཅད་རང་ཟད་དེ་སྣང་དུ་འཛིན་པའི་བློ་ལས་འདས་ཤིང་ཀ་དག་གདོད་མའི་བཙན་ས་ཟིན་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའང་གནས་ལུགས་ཐོག་མའི་སྤྱི་གཞི་ལ་འཕགས་པའི་ལྷུན་གྲུབ་ཀྱི་གཞི་སྣང་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་སྐད་ཅིག་གཅིག་གིས་རྣམ་པར་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་མངོན་དུ་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབ་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད། །ཅེས་སོ། །གསུམ་པ་མཇུག་གི་བྱ་བ་ལ་གཉིས། དངོས་དང་། ཞར་བྱུང་གྲོལ་ཚུལ་བཤད་པའོ། །དང་པོ་ནི། ལམ་གྱི་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། འོད་གསལ་སྣང་བཞི་ཉམས་སུ་ལེན་པའི་ལམ་གྱི་ཡན་ལག་ཏུ་གལ་ཆེ་བ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པ་ལྟར། མི་འགུལ་པ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བསྟན་པ་རྣམས་ཏེ། དང་པོ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང་། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བ་དང་། རིག་པ་འོད་གསལ་ཀྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །གཉིས་པ་ནི། དབྱིངས་རིག་བརྟན་པའི་ཚད་དུ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་ཀྱང་འབྱུང་བར་གསུངས་ཤིང་། ཕྱི་མ་ལ་སྣང་བཞི་རེ་རེར་རྟགས་གསུམ་གསུམ་སྟེ་བཅུ་གཉིས་སུ་དབྱེར་ཡོད་དོ། གསུམ་པ་ནི། སྐྱེ་བ་དང་འཇུག་པ་དང་རླུང་སེམས་ལ་རང་དབང་ཐོབ་པ་སྟེ། དེའང་ཀ་དག་ཁྲེགས་ཆོད་དུ་གྲོལ་བ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་མེ་ཕུང་དང་རིག་འཛིན་གྱི་འཆི་ལུགས་རྣམས་ཀྱིས་སོ། །བཞི་པ་ལ། ཡར་གྱི་གདེང་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱིས་དོགས་པ་མེད་དོ། །རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འཁོར་བའི་སྡུག་བསྔལ་ཐོས་ཀྱང་མི་ལྟུང་དུ་རེ་བ་དང་། ལྟུང་གིས་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། དང་པོས་རླུང་སེམས་གནད་ལ་ཕེབས་ཏེ་ཉམས་ལེན་གྱི་གཞི་ཐིངས། གཉིས་པ་དྲོད་ཚད་ཀྱིས་མཚམས་ཕྱེད། གསུམ་པས་ཟག་བཅས་མི་སྣང་བའི་འཕོ་ཆེན་རྡོ་རྗེའི་སྐུ་མངོན་དུ་འགྱུར། བཞི་པས་མི་ལྡོག་པའི་ཡེ་ཤེས་ཀྱི་ཚད་བཟུང་བར་བྱེད་དོ། །གཉིས་པ་ནི། གལ་ཏེ་ ནས་ ཞིང་དུ་བགྲོད། ཅེས་གསུངས་ཏེ། བརྩོན་འགྲུས་དང་སྐལ་པ་དམན་པས་སྐྱེ་གནས་རང་བཞིན་གྱི་བར་དོའི་ཚེ་དུས་འདིར་གདོད་མའི་ས་ལ་གདོས་བཅས་ཟད་པའི་རྣམ་པར་གྲོལ་བ་མ་ཐོབ་ན། དབང་པོ་རབ་འཆི་ཁ་མའི་བར་དོར་སྔར་ཤེས་པའི་གདམས་ངག་རྣམས་གསལ་བཏབ་སྟེ། འབྱུང་ལྔ་རིམ་གྱིས་ཐིམ་ནས་ནམ་མཁའ་དབྱིངས་རིག་ལ་ཐིམ་པའི་ཚེ་སྲོག་ལྔ་སྙིང་དབུས་རིག་པའི་སྦུབས་སུ་འཇུག་པར་བྱས་པས་རིག་པ་ཉིད་གཞི་ལས་ལྡོག་སྟེ་ཀ་དག་གི་ས་ལ་ཕྱིན་པས་བེམ་རིག་བྲལ་བ་དང་འཚང་རྒྱ་བ་དུས་མཉམ་པ་ཚེ་བཅོ་ལྔའི་ཟླ་བ་ནུབ་པ་དང་ཉི་མའི་སྣང་བ་འཆར་བ་དུས་མཉམ་པ་བཞིན་ནོ། །དབང་པོ་འབྲིང་འཆི་ཀར་ཀ་དག་གི་གྲོོལ་སར་མི་སྙོགས་ན་གཞི་ལས་འཕགས་པའི་ཆོས་ཉིད་དུ་སྣང་པའི་བར་དོ་དང་འོད་དང་ཐིག་ལེ་ཞི་ཁྲོའི་ཚོམ་བུ་ཟེར་ཐིག་སྒྲ་སྐད་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་སྣང་ལས་གཞན་དུ་མེད་པར་ཡིད་ཆེས་ནས་མ་པང་དུ་བུ་འཇུག་པ་ལྟར་ངེས་པའི་ཤེས་པ་བརྟན་པོར་གནས་པས་སྐད་ཅིག་དང་པོར་རང་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་གི་དབྱིངས་སུ་ཐིམ་པར་འགྱུར་རོ། །དབང་པོ་ཐ་མ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་འཁྲུལ་པས་གཞན་དུ་རྟོགས་ན་དེ་དག་ཡལ་མ་ཐག་ཏུ་མིང་བཞི་འདུས་པའི་ཕུང་པོ་བརྫུས་སྐྱེས་ཡིད་ཀྱི་ལུས་སུ་གྲུབ་ནས་འཁྲུལ་སྣང་ཅིའང་སྲིད་པའི་བར་དོ་ལ་འཁྲུལ་པ་རྨི་ལམ་ཙམ་དུ་ཤར་ནའང་། ཆོས་འདིའི་སྒོ་མཐོང་ནས་ཐེ་ཚོམ་མེད་པའི་མོས་པ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་རྗེའི་སྟོབས་ལས་བར་དོར་རང་ངོ་ཤེས་པའི་ཚེ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཡིད་ལ་བྱས་པས་རྨི་ལམ་སད་པའི་ཆ་ཙམ་ལ་དེ་དག་ཏུ་བགྲོད་ཅིང་པདྨོ་ལ་བརྫུས་ཏེ་སྐྱེས། སྲིད་མཐའི་བྱང་ཆུབ་སེམས་དཔར་གྱུར་ཏེ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ལས་ཆོས་ཉན་པས་བདེན་པ་མཐོང་བ་དང་དབང་དང་ལུང་བསྟན་པ་ཐོབ་ནས་གདོད་མའི་ཞིང་དུ་འཚང་རྒྱ་བར་འགྱུར་རོ། །རྩ་བའི་ས་བཅད་བཞི་པ་གེགས་བསལ་པའི་རིམ་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ལྟར་ ནས་ གེགས་སེལ་ནི༔ ཞེས་གསུངས་ཏེ། དེ་ལྟར་རྒྱུད་སྨིན་པར་བྱེད་པ་དབང་བཞི་དང་། སྨིན་ནས་གྲོལ་བར་བྱེད་པ་བསྙེན་སྒྲུབ་ཡན་ལག་བཞིའི་ལམ་མཆོག་ལ་ཞུགས་པ་དེའི་ཚེ་ཚོང་པ་ནོར་ཅན་ལ་ཕས་ཀྱི་རྒོལ་བས་གླགས་ལྟ་བ་བཞིན་དུ་ཕྱི་ནང་གསང་བའི་བར་དུ་གཅོད་པ་འབྱུང་སྟེ། སྡུད་པ་ལས། ཐེག་པར་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པར། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཞེས་སོ། །དེ་ལ་གེགས་གང་ཞིག་བྱུང་ཡང་དེ་དག་སེལ་བྱེད་ཐབས་ཀྱི་རིམ་པ་ཁས་དྲག་ཅན་གྱི་དཔུང་གི་སྐྱེལ་མ་དང་མཚུངས་པ་སོ་སོའི་གཉེན་པོ་བསྟེན་པའི་ཚུལ་ནི་འདི་ལྟ་བུའོ། །གཉིས་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། དོན་ལ་ ནས་ སྦྱང་བའི་སླད༔ ཅེས་གསུངས་ཏེ། དོན་དམ་བདེན་པའི་རང་ངོ་ལ་བར་གཅོད་བྱ་བ་དག་དང་གཅོད་བྱེད་གེགས་ཀུན་དང་། གཅོད་པའི་ལས་ཐམས་ཅད་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ་སྦྲུལ་གྱི་མདུད་པ་བཞིན་གདོད་ནས་རང་བཞིན་གྱིས་གྲོལ་བའི་ཕྱིར། སྤང་བྱ་མི་མཐུན་པའི་ཕྱོགས་དང་བླང་བྱ་མཐུན་པའི་ཕྱོགས་དང་བསྟེན་བྱ་གཉེན་པོའི་ཕྱོགས་ཀུན་ལས་རིང་དུ་འདས་ཀྱང་། ཀུན་རྫོབ་བདེན་པ་ལ་བསྟེན་པའི་ལམ་ཞུགས་དང་པོའི་ལས་ཅན་བྱིས་བློའི་ཀུན་ཏུ་རྟོག་པའི་འཕྲུལ་འཁོར་སྦྱོང་བའི་སླད་དུ་ཐབས་འདི་དག་བསྟེན་པར་བྱའོ། །གཉིས་པ་ལ་བཞི། ཕྱི་འབྱུང་བ་ལུས་ཀྱི་གེགས་སེལ། ནང་བར་ཆད་བདུད་ཀྱི་གེགས་སེལ། གསང་བ་ཏིང་འཛིན་སེམས་གེགས་ལ། ཐུན་མོང་ཉམས་གྲིབ་རྐྱེན་གྱི་གེགས་སེལ་ལོ། །དང་པོ་རྒྱུ་རྐྱེན་འབྲས་བུར་ལྡན་པའི་ནད་བསལ་ཚུལ་ནི། འབྱུང་བ་ ནས་ རྣལ་དུ་དབབ༔ ཅེས་གསུངས་ཏེ་འབྱུང་བ་བཞི་ལས་གྲུབ་པའི་ལུས་ལ་འབྱུང་བ་ཁོད་མ་སྙོམས་ཏེ་འཁྲུགས་པ་ལས་བྱུང་བའི་ནད་རིགས་རྣམས་ཀྱི་གེགས་སེལ་བའི་ཐབས། གཞི་བག་ཆགས་སྣ་ཚོགས་པའི་ཀུན་གཞིའི་སྟེང་དུ་དུག་གསུམ་བག་ལ་ཉལ་བ་ལ། བདག་ཏུ་འཛིན་པའི་ཉེ་བར་ལེན་ནམ་རྒྱུ་ཡིས་ལས་བསགས་པས་ཉོན་མོངས་ཀུན་ནས་ལྡངས་པའི་རྣམ་རྟོག་གིས་སློང་བའི་རྐྱེན་བྱས་ཏེ། འབྲས་བུ་དུག་གསུམ་རྣམ་པར་གྱུར་པ་ལས་བྱུང་བའི་ཀུན་བརྟགས་གདོན་གཞན་དབང་སྔོན་ལས་ཡོངས་གྲུབ་ཚེ་ལྟར་སྣང་འཕྲལ་གྱི་ནད་བཞི་རེ་རེར་བརྒྱ་རྩ་གཅིག་རེ་སྟེ་བསྡོམས་པས་བཞི་བརྒྱ་རྩ་བཞིའི་ནད་དུ་སྨིན་ནས་ལུས་སེམས་ལ་ཟུག་རྔུའི་ཚོར་བས་ཡོངས་སུ་གདུང་བ་ཐམས་ཅད་བཅོས་པའི་ཐབས་ཐ་མལ་བ་ལྟར་མོ་གཏོ་སྨན་དཔྱད་ལ་རེ་ལྟོས་མི་འཆའ་བར་བདག་འཛིན་གྱི་འཁྲི་བ་བཅད་ཅིང་རེ་དོགས་ཀྱི་འཕྲང་བསལ་དགོས་ཏེ། ནད་ཀྱི་རྒྱུ་འདོད་ཆགས་ཀྱིས་རླུང་བསྐྱེད་པས་མཚོན་དུག་ལྔ་ལས་བྱུང་། དུག་ལྔ་པོ་དེའང་རང་གི་སེམས་འཁྲུལ་པའི་རང་རྩལ་ལས་གུད་ན་མེད་ཅིང་། སེམས་ཉིད་གདོད་ནས་སྐྱེ་རྒ་ན་འཆིའི་སྤྲོས་པ་དང་བྲལ་བ་ཡིན་པར་ཤེས་ནས། བདག་འཛིན་བློས་བཏང་། གཉིས་འཛིན་གྱི་རེ་དོགས་བཅད་དེ་རྒྱུ་ལྷན་སྐྱེས་ཀྱི་ནད་རྩད་བཅད་པས་འབྲས་བུ་ཀུན་བརྟགས་ནད་རང་བཞིན་གྱིས་འགགས་པར་འགྱུར་ལ། བཅོས་པའི་ཐབས་རབ་ངང་ལ་བཞག་པ་ནི། ནད་ཟུག་དང་བདག་རྟོག་ལ་སྤང་ལེན་མེད་པར་བྱུང་འཇུག་རིག་སྟོང་རྗེན་པའི་རང་ངོ་རྩེ་གཅིག་ཏུ་བསྐྱངས་པས་རྒྱུ་མ་རིག་པ་རིག་པའི་ཡེ་ཤེས་ཀྱིས་བཅོམ། རྐྱེན་ཉོན་མོངས་དབྱིངས་སུ་ལོག །མཚམས་སྦྱོར་རྣམ་རྟོག་མི་རྟོག་པར་ཐིམ་པར་འགྱུར་ལ། འབྲིང་རོ་སྙོམས་བྱ་བ་ནི། གོང་གི་རྟོགས་པ་མི་ཆུན་ན་མི་ན་བའི་རེ་བ་དང་ན་བའི་དོགས་པའི་འཁུ་འཕྲིག་རྩད་ནས་བཅད་ལ་ལུས་སྣང་བདག་འཛིན་དང་བཅས་པ་ལྟོས་མེད་གང་དགར་ལིང་གིས་བོར། དེས་ཀྱང་མ་སེལ་ན་ཐ་མ་དམིགས་པས་བཅོས་པ་ནི། ཧཱུྃ་གི་སྒྲ་གདངས་རླུང་སེམས་དྲིལ་བས་ནད་ཀུན་གང་ནས་གཟེར་བའི་དམིགས་གཅིག་ཏུ་ཧཱུྃ་ཡིག་གི་རྣམ་པར་བསྡུས་ལ་ཐད་ཀར་གྱི་ལུས་ལས་ཟུག་རྔུ་ཧཱུྃ་གི་རྣམ་པར་ཕྱིར་དབྱུང་བས་ཐག་རིང་པོར་ཡལ་བར་མོས་ལ་རླུང་རོ་ཡང་ཡང་བསལ་ཞིང་ཤེས་པ་ལ་ནའོ་སྙམ་པར་འཛིན་སྟངས་བོར་ལ་རང་བཞིན་བདེ་ལུགས་ཀྱི་རྣལ་དུ་དབབ་པར་བྱའོ། །གཉིས་པ་ནི། བར་ཆད་ ནས་ སྨོན་ལམ་གདབ༔ ཅེས་གསུངས་ཏེ། ཐར་པ་སྒྲུབ་པ་ལ་བར་ཆད་བྱེད་པའི་བདུད་རིས་ཀྱི་ལྷ་དང་འབྱུང་པོ་བགེགས་རིགས་རྣམས་ཀྱི་གེགས་སེལ་བའི་ཐབས་ནི། སྤྱིའི་བདུད་ཉོན་མོངས་ཕུང་པོ་འཆི་བདག་ལྷའི་བུའི་བདུད་བཞི་དང་། ལྷ་བདུད་ཀྱི་འཁོར་འཇིག་རྟེན་ཆེན་པོ་བཞི་སོགས་བདུད་རིགས་ཀྱི་ཡི་དྭགས་སུམ་ཅུ་རྩ་དྲུག་གི་འཁོར་དུ་གཏོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་དང་། ཁྱད་པར་གྱི་བདུད་འབྱུང་པོ་ལོག་འདྲེན་སོགས་ཕྱི། རྣམ་རྟོག་ཁུ་འཕྲིག་སོགས་ནང་། གྲུབ་རྟགས་རློམས་སོགས་གསང་བ། རེ་རེ་ལའང་དྲུག་རེ་སྟེ་བཅོ་བརྒྱད་ཀྱི་དབྱེ་བར་མདོ་སྡེ་རིན་པོ་ཆེར་གསུངས་པ་དེ་དག་བསྡུ་ན། ཞེ་སྡང་འདོད་ཆགས་གཏི་མུག་གསུམ་གྱི་རང་རྩལ་ཕོ་མོ་མ་ནིང་གི་རིགས་གྱུར་ལོག་འདྲེན་གྱི་བགེགས་དང་བར་གཅོད་ཀྱི་བདུད་ཆེན་པོ་རྣམས་སུ་ཤར་བས་དེ་གསུམ་དུ་འདུ་ལ། རྣམ་པ་བཟང་ངན་བྱེད་ལས་ཆོ་འཕྲུལ་ཇི་ལྟར་སྣང་ཡང་དོན་ལ་དེ་བཞིན་དུ་ཅུང་ཟད་ཙམ་ཡང་མ་གྲུབ་སྟེ་གཞི་མེད་པའི་ཕྱིར། དཔེར་ན་རང་གི་གྲིབ་མ་ལ་ཤ་ཟ་སྲིན་པོར་འཕྲུལ་ནས་དངངས་སྐྲག་སྐྱེས་པ་བཞིན་ནོ། །བདུད་བགེགས་ཀྱི་ངོ་བོ་ནི། ཞི་བ་ལྷས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་ཐམས་ཅད་ཀྱི་རྩ་བ་ངར་འཛིན་པའི་སེམས་འདི་ཡིན་ལ། དེའང་གསལ་སྟོང་ཟུང་འཇུག་ཏུ་གདོད་ནས་ཡོད་པའི་རང་ངོ་མ་ཤེས་ཏེ་གསལ་ཆ་ཕྱི་རོལ་ཏུ་ཤོར་བ་ལ་གཟུང་པའི་ཡུལ་དུ་བྱས། དེ་ལ་འཛིན་བྱེད་ཀྱི་ཤེས་པ་སྐྱེས་ནས་བདག་འཛིན་ཇེ་རགས་སུ་གྱུར་བའི་དབང་གིས་གསལ་ཆ་ཞེ་སྡང་སྟོང་ཆ་འདོད་ཆགས་ཟུང་འཇུག་གི་རང་བཞིན་གཏི་མུག་ཏུ་སོང་། དེ་ལས་ཀྱང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་བྱུང་ཞིང་དེ་དག་གི་རང་མདངས་མེད་སྣང་གློ་བུར་བའི་གཟུགས་བརྙན་མཐའ་ཡས་པ་དེ་ལྟར་སྣང་བ་སྟེ་རང་གི་སེམས་ནི་བདུད་ཅེས་བྱ། །རང་གི་སེམས་ནི་བགེགས་ཡིན་ནོ། །ཞེས་སོ། །འཇུག་པའི་རྒྱུ་མང་ཡང་གཙོ་བོ་ལམ་ལ་བརྩོན་འགྲུས་རྩོམ་པ་ལས་འབྱུང་བར་གསུངས་ཏེ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ་དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །ཞེས་སོ། །འཇུག་པའི་ཉེར་ལེན་ནི། ཐོག་མེད་ནས་ངར་འཛིན་པ་ལ་ཞེན་པའི་རྒྱུན་གྱིས་རྐྱེན་ཕྲ་མོ་ལ་བརྟེན་ནས་ཁུ་འཕྲིག་སྣ་ཚོགས་པ་སྐྱེ་བས་ནམ་མཁའ་མཛོད་ཀྱིིས་ཞུས་པ་ལས། དཔེར་ན་བུག་པ་ཡོད་པ་ལས་རླུང་འཇུག་པ་བཞིན་དུ་རྣལ་འབྱོར་པའི་སེམས་ལ་སྐྱོན་གང་དང་གང་ལ་ཡོད་པ་དེ་ལ་བདུད་འཇུག་ཅིང་གླགས་རྙེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སྐྱོན་མེད་པར་བྱའོ། །ཞེས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་དང་སྤྱོད་ཡུལ་བདུད་ཀྱི་ལས་སོགས་རྒྱས་པར་གསུངས་པ་ནི་མདོ་སྡེ་རྣམས་དང་གཞུང་གཞན་ལས་ཤེས་པ་གལ་ཆེའོ། །དེ་དག་སེལ་བའི་ཐབས་རྣལ་འབྱོར་པ་རབ་ཀྱིས་ཕྱི་རོལ་ལྟར་སྣང་བའི་བདུད་བགེགས་དེ་དག་གང་ལས་བྱུང་བའི་གཞི་རྩ་སེམས་ཐོག་ཏུ་བཅད་པས། རང་སེམས་འདྲེར་འཛིན་ལས་ཕྱི་རོལ་ཏུ་བདེན་པར་མ་གྲུབ་པར་ཐག་ཆོད། འདྲེར་འཛིན་ངོ་བོ་ལ་བལྟས་པས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་ནས་འཁྲུལ་པའི་རྫུན་ཕུག་རང་སར་བརྡིབས་ཏེ་རྣམ་རྟོག་གི་ལམ་སྲང་ཆད་པས་རེ་དོགས་སྡུག་བསྔལ་གྱི་རྒྱུ་འགྲུལ་ཀུན་རྩ་བ་ནས་ཞི་ཞིང་ལྟས་ངན་གཡང་དུ་ཁུག་སྟེ་ཡིད་བདེའི་ཉི་མ་ཁོང་ནས་འཆར་བར་འགྱུར་རོ། །དེས་ཀྱང་ཆོ་འཕྲུལ་མ་ཆོད་པའམ་རྣལ་འབྱོར་བ་འབྲིང་གིས་བདུད་བགེགས་ཆེད་དུ་བཀུག་ལ་ཕུང་པོ་འདོད་ཡོན་གྱི་ཚོགས་སུ་དམིགས་ཏེ་འབུལ། ལུས་གཟན་དུ་བོར་ལ་བདག་གཅེས་འཛིན་བློས་ལིང་གིས་བཏང་། ཡང་ཁུ་འཕྲིག་གི་སྙེམས་བྱེད་རྟོག་པ་རྡུལ་ཙམ་མེད་པར་ཅི་འོང་ཤོག་སྙམ་དུ་འཇིགས་པའི་དུར་ཁྲོད་དང་། ལྷ་འདྲེ་དྲག་པོའི་རྒྱུ་སྲང་སོགས་གང་དགའ་བར་ལྟོས་མེད་དུ་ཉལ་བས་ཆོ་འཕྲུལ་གྱི་སློང་རྣམས་ཚར་ཚད་དང་ཆོད་ཚད་དུ་གྱུར་ནས་བར་ཆད་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ། །དེ་དག་གི་རྗེས་ཐོབ་དང་རྣལ་འབྱོར་པ་ཐ་མས་བདུད་བགེགས་ཕ་མར་ཤེས་པས་བྱམས་སྙིང་རྗེ་དྲག་ཏུ་བསྐྱེད་ཅིང་དེ་དག་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་ལམ་ལ་བརྩོན་པར་འདོད་པའི་བྱང་ཆུབ་ཏུ་སེམས་ལྷག་པར་བསྐྱེད་ལ་བདག་གཞན་བརྗེ་བའི་བཏང་ལེན་དང་ཐེག་པ་ཆེན་པོའི་ཚུལ་དང་མཐུན་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང་། གཞན་ཡང་བླ་མ་དཀོན་མཆོག་ལ་སྙིང་ཐག་པ་ནས་བློ་ཁེལ་བའི་དད་གུས་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་རྣམས་ཀྱིས་ཀྱང་བདུད་བགེགས་ཀྱི་ཉེར་འཚེ་མཐའ་དག་ཞི་བར་འགྱུར་ཏེ། སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པ་ལྟར་རོ། གསུམ་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཁྱད་པར་ ནས་ ཤར་བའི་ཚེ༔ ཞེས་གསུངས་ཏེ། རྣལ་འབྱོར་པ་ལ་ཁྱད་པར་དུ་གཅེས་པ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཚེ་ཁམས་འདུས་པ་ལས་སེམས་འཁྲུགས་པའི་གེགས་འབྱུང་བས་དེ་སེལ་བའི་ཐབས་ཤེས་པ་ནི་གལ་ཆེ་སྟེ། གྲུབ་ཐོབ་ལྕེ་སྒོམ་པས། ཉམས་རྟོགས་ཅུང་ཟད་སྐྱེས་གྱུར་ཀྱང་། །ཤེས་རབ་བློ་གྲོས་ཞན་པ་དག །སོ་མི་ཐུབ་ཅིང་རྐྱེན་གྱིས་འཕྲོག །དེ་ལྟ་བུ་ཡི་གང་ཟག་ལ། །སྐྱོན་དང་གེགས་སེལ་ཤིན་ཏུ་གཅེས། །ཞེས་གསུངས་པ་ལྟར་རོ། །དེའང་ཏིང་ངེ་འཛིན་ལ་མི་མཐུན་པའི་ཉམས་ཀྱི་གེགས་དུ་མ་མཆིས་ཤིང་། དེ་དག་འབྱུང་བའི་རྒྱུ། སློང་བའི་རྐྱེན། གེགས་སུ་འགྱུར་ཚུལ། ལམ་དུ་བཏང་ལུགས་སོགས་མང་དུ་ཡོད་ཀྱང་མདོར་བསྡུ་ན། སེམས་བྱིང་བ། རྒོད་པ། ཕན་པའི་ཉམས། གནོད་པའི་ཉམས། ཕན་གནོད་མེད་པའི་ཉམས་གསུམ་སྟེ་ལྔར་འདུ་ལ། དེ་དག་དོན་ལ་བདེན་དངོས་རང་མཚན་དུ་མ་གྲུབ་ཀྱང་རྐྱེན་ལ་བརྟེན་ནས་སོ་སོའི་རྣམ་པ་མི་འགགས་པར་གློ་བུར་ལྟར་སྣང་སྒྱུ་མའི་གཟུགས་བརྙན་སེམས་ཀྱི་མེ་ལོང་དུ་ཤར་བའི་ཚེ་འདི་ལྟར་ལམ་དུ་བཏང་བར་བྱའོ། །གཉིས་པ་ལ་གསུམ། བྱིང་བ། རྒོད་པ། ཉམས་ཀྱི་གེགས་སེལ་ལོ། །དང་པོ་ནི། བྱིང་ན་ ནས་ གསལ་ངར་འདོན༔ ཞེས་གསུངས་ཏེ། འདི་ལ་གསུམ། རིག་པའི་དྭངས་ཆ་མེད་པའི་བྱིང་པ་དང་། གསལ་ཉམས་ཀྱིས་མ་ཟིན་པའི་རྨུགས་པ་དང་། གཉིད་དང་འདྲེས་པའི་འཐིབས་པ་སྟེ་གསུམ་ཀར་ལུས་གྲིམས་པར་བསྒྲིམས་ཏེ་ཆ་ཆ་ནས་ཆུན་བཙལ་ལ་འཕྲུལ་འཁོར་སྐབས་སུ་གང་བབ་བྱ། ལྟ་སྟངས་ནམ་མཁར་གཏོད་ཅིང་ཤེས་པ་གསལ་ངར་འདོན། སེམས་སྙིང་ག་སོགས་གནས་གཅིག་ཏུ་རྩེ་གཅིག་མདུང་ཚུགས་སུ་བཟུང་བ་དང་ཟས་བཅུད་ཅན་སྤང་ཞིང་གོས་སྲབ་ཏུ་བཏང་ལ་སྣང་གཡེལ་ཆེ་སར་སྡོད་པ་སོགས་གསེང་བའི་ཐབས་རྣམས་བྱའོ། །གཉིས་པ་ནི། རྒོད་ན་སོགས་ཚིག་རྐང་གཅིག་སྟེ། འདི་ལའང་གསུམ་ལས། ཤེས་པ་ཡུལ་ལ་འཕྲོ་ཞིང་གནས་མི་བཏུབ་པའི་འཕྲོ་བ། གནས་ཆ་གཏན་ནས་མེད་པར་རྟག་ཏུ་གཡེང་བའི་རྒོད་པ་བཀོལ་ཏུ་མི་བཏུབ་པ་ཡུལ་མ་ངེས་པར་པྲ་ཡས་པའི་འཐོར་བ་རྣམས་དང་། འགྲོ་བའི་བྱེ་བྲག་སེམས་གནས་པ་སྙམ་བྱེད་པ་ལ་མ་ཚོར་བར་འཕྲོ་བའི་འོག་འགྱུ་དང་། གནས་པ་ལ་དེར་འཛིན་ཞུགས་པའི་རང་འགྱུས་སོགས་ཡོད་ཅིང་། ཀུན་ལའང་ལུས་སེམས་ཀྱི་ཁོད་ཀློད་ལ་ཤེས་པ་ལྟེ་བས་མཚོན་དམའ་སར་གཏད། ལྟ་སྟངས་དམའ་བར་སྨད་ཅིང་ཤེས་པ་འཇུར་ལ་མི་འདེབས། ཟས་བཅུད་ཅན་བཟའ་ཞིང་གོས་དྲོ་བ་དང་ཁྱིམ་འཐིབས་སར་སྡོད་པ་སོགས་གནོན་པའི་ཐབས་བྱའོ། །གསུམ་པ་ནི། བདེ་གསལ་ ནས་ངང་བསྐྱང་ངོ༔ ཞེས་གསུངས་ཏེ། ཕན་པའི་ཉམས་ལུས་ཡོད་དུ་མི་ཚོར་ཞིང་སེམས་བདེ་བར་ནུབ་པ་ལྟ་བུའི་བདེ་ཉམས་དང་། ཁམས་གསུམ་གྱི་སྤྱོད་ཚུལ་མཐོང་སྙམ་བྱེད་པའི་གསལ་ཉམས་དང་། སྟོང་ཉིད་མཐའ་དབུས་མེད་པར་ནམ་མཁའ་ལྟ་བུའི་མི་རྟོག་པའི་ཉམས་གསུམ་སྐྱེས་པ་དང་། གཞན་ཡང་ཞེན་ལོག་མོས་གུས་སྙིང་རྗེ་སོགས་གཏིང་ནས་ལྷོངས་པའི་ཚེ་དེའི་རོ་མྱོང་ན་ཉམས་ན་བུན་འདྲ་བ་ཡལ། འཕྲོ་བཅད་ན་འཕེལ་བའི་རྒྱུད་ཆད། རང་ཉིད་གཞན་དབང་དུ་འགྱུར་བའི་ས་བོན་ཐེབས་པ་ཡིན་པས་དེ་ལ་དགའ་རློམས་དང་ཞེན་འཛིན་མེད་པར་ཉམས་ཀྱི་སྣ་མི་བསྐྱིལ་བར་རང་ངོར་བལྟས་ཏེ་མཉམ་པར་བཞག་ལ་ལམ་དུ་བཏང་། རྩུབ་ཅིང་གནོད་པའི་ཉམས་ན་ཚ་ཟུག་གཟེར་སྙིང་རླུང་ཁམས་འདུས་ལ་སོགས་པ་སྐྱེས་པའི་ཚེ་སེམས་ཞུམ་ནས་དེའི་དབང་དུ་ཤོར་ན་ཐ་མལ་པ་ལས་ལོད་པས་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པ་དང་ཚོར་བ་མི་བདེ་པར་འདུ་ཤེས་པའི་རང་ངོ་ལ་བལྟས་ནས་གཞི་མེད་རྩ་བྲལ་དུ་གྲོལ་བའི་ཉམས་མྱོང་དེ་ཉིད་བསྐྱང་ངོ་། །ཕན་གནོད་མེད་པ་བར་མའི་ཉམས། ཀུན་གཞི་ལ་འཁོར་འདས་ཀྱི་ས་བོན་བག་ཉལ་དུ་གནས་པ་དང་། རྡོ་རྗེའི་ལུས་ལ་རྩ་ཡིག་རླུང་ཐིག་ཏུ་གནས་པ་རྣམས་ལུས་གནད་དང་ཏིང་ངེ་འཛིན་གྱིས་གཅུན་ཏེ་བསླངས་ནས་འཁོར་འདས་ཀྱི་ཉམས་སྣང་སྣ་ཚོགས་སུ་འཆར་བའི་ཚེ། རྗེས་སུ་འབྲང་ན་བདུད་འཇུག །བཏང་སྙོམས་བཞག་ན་ལམ་དུ་མི་ལྷོངས་པས་ཇི་ལྟར་བྱུང་བ་དེ་ཀུན་ལ་སྐྱོན་ཏུ་བཟུང་བའི་དགག་པ་དང་ཡོན་ཏན་ཏུ་འཛིན་པའི་བསྒྲུབ་བྱར་མི་བལྟ་བར་ཞེན་འཛིན་མེད་པར་རང་གྲོལ་ཆེན་པོར་བཞག་པས་ལམ་དུ་འགྱུར་ལ། གེགས་ཇི་ལྟ་བུ་ཞིག་བྱུང་ཡང་ཐམས་ཅད་རང་གི་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཡིན་པར་ཤེས་ནས་བཟང་སྙམ་གྱི་བླང་བྱ་དང་ངན་རྟོག་གིས་དོར་བྱ་མེད་པར་བཟོ་མེད་རིག་པའི་ངང་རང་བབས་སུ་བསྐྱངས་པས་སྐྱོན་རྣམས་ཡོན་ཏན་དུ་འགྱུར་ཏེ། མན་ངག་རིན་སྤུངས་ལས། གནས་ལུགས་རྟོགས་པའི་ཐག་ཆོད་ཅིང་། །ཉམས་མྱོང་རིག་པའི་གཞི་འཛིན་པས། །ཅི་སྣང་ཅི་བྱུང་ཆོས་ཉིད་རྟོགས། །སྐྱོན་རྣམས་ཡོན་ཏན་བསྒྱུར་ཤེས་ཤིང་། །བར་ཆད་དངོས་གྲུབ་བསྒྱུར་ཤེས་ན། །སྐྱོན་དང་གེགས་ཅི་བྱུང་ཡང་། །རྣལ་འབྱོར་ལམ་གྱི་གྲོགས་སུ་ཆེ། །ཞེས་སོ། །བཞི་བ་ལ་གཉིས། ཉམས་གྲིབ་བྱུང་བའི་རྟགས། དེ་སེལ་བའི་ཐབས་སོ། །དང་པོ་ནི། ཐུན་མོང་ ནས་ བྱུང་བའི་ཕྱིར༔ ཞེས་གསུངས་ཏེ། ཕྱི་ནང་གསང་བ་ཐུན་མོང་དུ་ཉམས་གྲིབ་ཀྱི་རྐྱེན་ལས་བྱུང་བའི་གེགས་ཀྱིས་བླ་མར་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་དང་། ཟབ་མོ་རྟོགས་པའི་ཤེས་རབ་དང་། སོགས་ཁོང་ནས་རིམ་གཉིས་ཀྱི་ཏིང་འཛིན་གྱིས་མཚོན་རྒྱུད་ལ་བསྐྱེད་པར་བྱ་བ་གང་ཡང་རུང་། བརྩོན་འགྲུས་ཆེན་པོས་ཇི་ལྟར་བསྒོམས་ཀྱང་ཡར་བསྐྱེད་ཐོན་པའི་བོགས་མེད་ཅིང་ལེ་ལོ་སྙོམ་ལས་ཀྱི་དབང་དུ་ཤོར་བ་དང་། མོས་གུས་ཀྱི་འགལ་ཟླ་ང་རྒྱལ། སྙིང་རྗེའི་འགལ་ཟླ་ཕྲག་དོག །ཤེས་རབ་འགལ་ཟླ་གཏི་མུག་མུན་པ་ཤུགས་ཀྱིས་གཏིབས་ཏེ་བསྒོམ་བྱའི་སྣང་བ་བསྒྲིིབ་པར་བྱེད་པ་ན། སེལ་བའི་ཐབས་ནི་སྤྱིར་གནས་མལ་ཟས་གོས་དམ་ཉམས་རྨེ་ཡུག་ཤན་པ་སོགས་གྲིབ་ཅན་དང་འགྲོགས་ཤིང་བསྟེན་པ་ལས་བྱུང་བས་དེ་དག་སྤང་ཞིང་ཁྲུས་དང་གྲིབ་སེལ་སོགས་ཀྱིས་ཞི་བར་བྱ་དགོས་ཀྱང་། ཕལ་ཆེར་སྒྲུབ་པོ་རང་ཉིད་རྟོག་པ་རྩིང་པའི་སྐྱོན་གྱིས་དམ་ཚིག་ཉམས་ཆག་ཏུ་གྱུར་པ་ལས་བྱུང་བའི་ཕྱིར་དེ་བཤགས་པའི་ཐབས་ལ་འབད་དོ། །གཉིས་པ་ལ་གཉིས། སྤྱི་དང་ཁྱད་པར་གྱི་བཤགས་ཐབས་སོ། །དང་པོ་ནི། ཉམས་པ་ ནས་ རྣལ་དུ་དབབ༔ ཅེས་གསུངས་ཏེ། དེའང་གསང་སྔགས་ཀྱི་དམ་ཚིག་ཉམས་པས་ཚེ་འདིར་མི་འདོད་པ་དུ་མ་བསྐྱེད། ལམ་ལ་བར་དུ་བཅད་དེ་རྡོ་རྗེའི་དམྱལ་བར་ཟང་ཐལ་དུ་འགྲོ་བར་གསུངས་པས་ཁེ་ཉེན་ཤིན་ཏུ་ཆེ་བའི་ཕྱིར་ཉམས་པའི་ཉེས་པ་ཕྲ་མོ་ཙམ་བྱུང་ཡང་དེ་མ་ཐག་ཏུ་བཤགས་ཡུལ་བླ་མ་དངོས་སམ་རྩ་གསུམ་རྒྱལ་བ་རབ་འབྱམས་ཡིད་ལ་བྱས་ཏེ་གསང་པོར་སྨྲ་བས་མཐོལ་ཞིང་འགྱོད་པ་དྲག་པོས་བཤགས་ཏེ་སླན་ཆད་དེ་ལྟ་བུ་མི་བགྱིད་པ་སྙིང་ཐག་པ་ནས་བསྡམ། དེའང་ཉེས་པ་གསང་ན་སྡིག་པའི་ས་བོན་དང་གཡོ་སྒྱུའི་ཆུ་ལུད་འཛོམ་པས་ཇེ་འཕེལ་དུ་འགྲོ་ཞིང་མ་སྦས་པར་བསྒྲགས་ན་མི་འཕེལ་ཞིང་སྟོབས་བྲི་བ་དང་། སྙིང་ནས་གནོང་འགྱོད་ཀྱིས་བཤགས་ན་ལས་ལ་རང་བཞིན་མ་གྲུབ་པས་འདགས་པར་མི་འགྱུར་བ་མེད་ལ། བཤགས་པའི་ཚུལ་སྟོབས་བཞི་དང་ལྡན་པས་བཤགས་ཚིག་རྒྱུད་ལུང་རྣམས་ནས་འབྱུང་བ་གང་རུང་བརྗོད་ལ་འཕྲལ་འཕྲལ་བཤགས་བསྡོམས་བྱ། སྔགས་ཀྱི་དམ་ཚིག་གཉན་དྲགས་པས་གཞན་གྱི་ཉམས་གྲིབ་རང་ལ་འགོ་བའི་གནས་ཡོད་པའི་ཕྱིར་དམ་ཚིག་ཉམས་པའི་མི་དང་ལུུང་པ་གཅིག་གི་ཆུ་ལ་བཏུང་མི་རུང་བར་གསུངས་པས་དམ་ཉམས་དང་གནས་གཅིག་ཏུ་སྡོད་པ་སོགས་བཤེས་འདྲིས་སུ་མི་འགྲོགས་ཤིང་ཉམས་པའི་རྒྱུ་ལས་བྱུང་བ་དང་ལག་གིས་སྟེར་བའི་ཟས་ཁམ་གང་ཡང་མི་ཟ། དམ་ཉམས་དངོས་སུ་ཡོད་པའི་གནས་སུ་ལྟ་ཅི་སྨོས་སྡོད་པའི་རྗེས་ཤུལ་དུ་འང་མི་སྡོད་ཅིང་མདོར་ན་སྒོ་གསུམ་བག་ཡོད་པ་དང་དྲན་ཤེས་ཀྱི་བྱ་ར་བཏང་ལ་རྣལ་དུ་དབབ་པར་བྱའོ། །གཉིས་པ་ལ་གསུམ། རུ་བཞིའི་བཤགས་པ། ཟུང་བཞིའི་སྐོང་བ། བཤགས་པའི་འབྲས་བུའོ། །དང་པོ་ནི། ལྷག་པར་ ནས་ ཉེས་པ་མཐོལ༔ ཞེས་གསུངས་ཏེ། སྤྱི་མདོ་དགོངས་པ་འདུས་པ་ལས་ལས་དང་རྫས་དང་འདུན་པ་ཏིང་ངེ་འཛིན་དེ་ཁོ་ན་ཉིད་ཀྱི་སྐོང་བ་ལྔར་གསུངས་པས་མཚོན་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་རྣམས་ལས་ལྷག་པར་བསྔགས་པའི་ཉམས་ཆག་བཤགས་ཤིང་སྐོང་བའི་ཆོ་ག་ཟབ་ཅིང་རྒྱ་ཆེ་བར་གསུངས་པ་རྣམས་ཀྱི་ཡང་བཅུད་ཉིང་ཁུར་དྲིལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ་གཅིག་ཏུ་འདུས་པའམ་སོ་སོ་བ་གང་རུང་དག་གི་སྒྲུབ་པའི་དཀྱིལ་འཁོར་གཞུང་ལྟར་བཤམ་ཞིང་ཕྱི་ནང་གི་མཆོད་པ་བརྒྱ་རྩ་དང་ཚོགས་ཀྱི་ཡོ་བྱད་གང་འབྱོར་གཙང་དང་མཛེས་པར་བཀྲམ་ལ། བདག་མདུན་གྱི་ཏིང་འཛིན་གསལ་ཞིང་བརྟན་པ་དང་འབྲོ་འདུའི་དམིགས་པའི་གཟེར་བཅས་ཛཔ་྄ཀྱི་བཟླས་པས་སྔོན་གྱི་ཐུགས་བསྐྱེད་ཀྱི་དམ་བཅའ་གཉན་པོ་བསྐུལ། ཚོགས་གསོག་པའི་རྟེན་དཀྱིལ་འཁོར་བ་དང་སླར་ཡང་མགྲོན་ཐབས་ཀྱི་ལྷ་ནམ་མཁའི་ཁྱོན་གང་བ་སྤྱན་དྲངས་ལ། ལུས་ཀྱི་སྒོ་ནས་གུས་པ་ཆེན་པོས་ལུས་ས་ལ་རྡེབ་པའི་བརྐྱང་ཕྱག་དང་གནས་ལྔ་ས་ལ་འདུད་པའི་འགྲེང་ཕྱག་འཚལ་ཞིང་བརྗོད་མེད་དོན་གྱི་བཤགས་པ་དང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་མཚན་བརྗོད། ངག་གི་སྒོ་ནས་ཉམས་ཆག་སྦྱོང་བའི་ལྷ་གཅིག་སྔགས་གཅིག་ཏུ་གྱུར་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཕྱི་ནང་གསང་བ་ཡང་གསང་གི་རིམ་པ་རྣམས་བྱ་བ་དང་རུ་དྲའི་སྨྲེ་བཤགས་ཀྱིས་མཚོན་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པའི་ཚིག་སྐད་གསང་མཐོན་པོར་བརྗོད། ཡིད་ཀྱི་སྒོ་ནས་ལྟ་བའི་ཀློང་བཤགས་ཀྱིས་གསལ་གདབ་ཅིང་འཁོར་གསུམ་ཡོངས་དག་འདས་ཉམས་ཕྱོགས་ལྷུང་མེད་པའི་ཀ་དག་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་བཞག །ཐུན་མོང་དུ་བདེ་གཤེགས་སྤྱི་བཤགས་བརྗོད་ཅིང་སྒོ་གསུམ་གྱི་ཉེས་པ་ཅི་མཆིས་པ་ཐམས་ཅད་གནོང་འགྱོད་དྲག་པོས་མི་འཆབ་པར་མཐོལ་ཞིང་བཤགས་པར་བྱའོ། །དེ་ལྟར་ལུས་ངག་ཡིད་གསུམ་དང་སྒོ་གསུམ་ཐུན་མོང་གི་ཉེས་བཤགས་གཉེན་པོ་སོ་སོ་དང་འབྲེལ་བར་ཀློང་ཆེན་རབ་འབོགས་ཀྱི་བཀོལ་རྒྱུད་དྲི་མེད་བཤགས་པའི་རྒྱལ་པོ་སོགས་ལས་ཆེད་དུ་བསྔགས་པའི་བཤགས་ཆེན་རུ་བཞི་བྱ་བ་ནི་དམིགས་སུ་བསལ་བའི་དགོངས་དོན་ནོ། །གཉིས་པ་ནི། ཉེར་སྤྱོད་ ནས་ དགྱེས་པ་བསྐང༔ ཞེས་གསུངས་ཏེ། རང་རྒྱུད་ཀྱི་ཉམས་ཆག་བཤགས་པས་སྦྱངས་ནས་གཞན་རྒྱུད་ལྟར་སྣང་བའི་རྩ་གསུམ་ལྷ་ཚོགས་རྣམས་ཉམས་པའི་སྐྱོན་གྱིས་ཐུགས་མི་མཉེས་པའི་ཚུལ་དུ་བསྟན་ཅིང་བཀའི་ཆད་པའི་གནས་སུ་གྱུར་པ་སྐོང་བའི་ལས་ཀྱིས་སོར་ཆུད་པར་བྱེད་པ་ལ། སྤྱིར་རྒྱུད་ལུང་རྣམས་ནས་ཕྱི་ཡོ་བྱད་ཚོགས། ནང་ཕུང་པོ་རྟེན། གསང་བ་བྱང་ཆུབ་སེམས་ཀྱིས་སྐོང་བའི་ཚུལ་དང་། ཁྱད་པར་དོང་སྤྲུགས་ལས་ལྟ་བས་ལ་ཟླ་བའི་ཚུལ་དུ་རྟོགས་ཚིག་གིས་ངོ་བོས་སྐོང་བ་དང་། སྒོམ་པ་ཏིང་ངེ་འཛིན་གྱིས་གནས་ལུགས་ལས་མི་གཡོ་བའི་ཚུལ་དུ་ཟུང་བཞིས་རང་བཞིན་སྐོང་བ་དང་། ལྷ་རྟོག་དབྱེར་མེད་ཀྱི་གནས་དག་གནས་བསྒྱུར་དུ་ཤེས་པས་ཐུགས་རྗེའི་ཚུལ་ལ་སྐོང་བར་བྱེད་པ་གསུམ། བདེ་འདུས་སོགས་ལས། མཆོད་པ་ཕུད། དམ་རྫས་མདངས། སྲོག་ཆགས་རྒྱུ། གླིང་བཞི་མདོས། འགྱོད་ཚངས་བཤགས་པའི་སྐོང་བ་སྟེ་སྐོང་བ་ལྔར་གྲགས་པ་སོགས་མང་ཡང་ཐམས་ཅད་ཀྱི་གནད་བསྡུས་པའི་སྙིང་པོ། ཕྱི་ལྟར་ཡེ་ཤེས་ཀྱི་དབང་པོ་ཚིམས་པའི་སླད་དུ་མེ་ཏོག་སོགས་ཉེ་བར་སྤྱོད་པ་ལྔ་པོ་དངོས་བཤམས་ཀྱི་རྟེན་བྱས་ནས་ཡིད་སྤྲུལ་ནམ་མཁའི་ཁྱོན་ཁེངས་པ་དང་བཀོད་པའི་ཁྱད་པར་རང་བཞིན་གྱིས་གྲུབ་པ་རྣམས་ཀྱིས་མཆོད་ཅིང་སྐོང་བ་དང་། ནང་ལྟར་ཡིད་དང་ངག་དང་ལུས་དང་དེ་ཁོ་ན་ཉིད་ཀྱི་རྟོག་སྒྲིབ་སྦྱང་བའི་སླད་དུ་རིམ་པ་བཞིན་ཟུང་བཞིའི་སྐོང་བར་གྲགས་པ། བདུད་རྩི་སྨན། དམར་ཆེན་རཀྟ། བ་ལིཾ་གཏོར་མ། སྣང་གསལ་སྒྲོན་མེ་བཞི་པོའང་དམ་ཚིག་གི་རྫས་ཀྱིས་མཚོན་བྱེད་དུ་བྱས་ཏེ་གནས་ལུགས་ཀྱི་རང་བཞིན་གསལ་གདབ་ཅིང་སྐོང་བ་དང་། གསང་བ་དམ་སྐོང་རྨད་དུ་བྱུང་ཞིང་དངོས་གྲུབ་མཆོག་གི་ཉེ་རྒྱུ་ཏ་ན་སྦྱོར་བ་དང་། ག་ཎ་སྒྲོལ་བ་ཟུང་དུ་འབྲེལ་པའི་བརྟུལ་ཞུགས་ཟབ་མོ་ཚོགས་ཀྱི་འཁོར་ལོ་དངོས་སམ། རྗེས་མཐུན་ཚོགས་ཀྱི་མཆོད་པ་ཙམ་ལའང་ཕན་ཡོན་ཆེན་པོ་དང་ལྡན་པས་དེ་དག་རྣམས་ཀྱིས་ཐུགས་དགྱེས་པ་ཆེན་པོའི་དམ་ཚིག་ཡོངས་སུ་བསྐང་བར་བྱའོ། །གསུམ་པ་ནི། སྒོ་གསུམ་ ནས་ མངོན་དུ་འགྱུརཿ ཞེས་གསུངས་ཏེ། བཤགས་སྐོང་དེ་དག་ཚུལ་བཞིན་དུ་བྱས་པའི་ཡོན་ཏན་ནི། གནས་སྐབས་སུ་སྒོ་གསུམ་གྱི་རྟོག་སྒྲིབ་དང་དེ་དག་གི་བྱ་བ་དང་བྱེད་པའི་ལས་ལས་གྱུར་པའི་ཉམས་ཆག་ཅི་མཆིས་པ་ཀུན་ཞི་ཞིང་། མཐར་ཐུག་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་ཡི་གོ་འཕང་མངོན་དུ་བྱེད་པར་འགྱུར་ཏེ་གསང་བ་ཟབ་མོའི་ཐབས་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དྲི་མེད་བཤགས་རྒྱུད་ལས། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཞེས་པས་མཚོན་ནོ། །གསུམ་པ་དོན་བསྡུ་བ་ནི། གཞན་ཡང་ ནས་ ངང་གིས་འཆར༔ ཞེས་གསུངས་ཏེ། ལམ་གྱི་གེགས་སེལ་བའི་ཐབས་གཞན་ཡང་རྩ་བའི་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་ཡིད་ཆེས་དང་བཀའ་དྲིན་རྗེས་སུ་དྲན་པའི་གདུང་ཤུགས་ཀྱིས་དྲངས་ཏེ་བཟོད་མེད་མཆི་མ་འཁྲུགས་པའི་མོས་གུས་ཁོ་ན་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་རྩལ་དུ་འདོན། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་ཕྱོགས་རིས་དང་བྲལ་བའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་བསྒོམ་ཞིང་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རྟག་ཏུ་བསྐྱེད། ཐོས་བསམ་བསྒོམ་པ་ལས་བྱུང་བའི་དྲི་མ་མེད་པའི་ཤེས་རབ་ཟབ་མོས་ཐ་སྙད་སྒྲ་ཚིག་ཙམ་ལ་མི་ཞེན་པར་ཡང་དག་པའི་དོན་གྱི་གནད་གསང་ཚུལ་བཞིན་དུ་བཙལ། ཐེག་པ་ཡས་འབུབས་ཀྱི་ལྟ་བས་འཁོར་འདས་ལ་ཟླ་ཞིང་བསྟན་རིམ་མས་འཛེགས་ཀྱི་སྤྱོད་པས་བླང་དོར་ཤན་དབྱེ་བས་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ཕྱོགས་རེ་རེར་ལྟུང་བའི་གེགས་ཆེན་རང་བཞིན་གྱིས་གྲོལ་ནས། ལམ་ཉམས་སུ་བླངས་པའི་དྲོད་རྟགས་ཡོན་ཏན་རྣམས་འབད་རྩོལ་མེད་པར་ངང་གིས་འཆར་བ་ནི་དཔྱིད་དུས་རླན་དྲོད་ཀྱི་རྟེན་འབྲེལ་འཚོགས་པ་ན་རྩི་ཤིང་མེ་ཏོག་རང་བཞིན་གྱིས་རྒྱས་པ་བཞིན་ནོ། །རྩ་བའི་ས་བཅད་ལྔ་པོ་བོགས་འདོན་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གཅིག་སྟེ། དཔེར་ན་ཞིང་གི་ལོ་ཏོག་ལ་འཚེ་བ་སྲུང་བའི་བྱ་བ་གྲུབ་ནས་སྐྱོང་བྲན་དང་རིག་སྔགས་ཀྱི་ཆོ་ག་སོགས་ཡར་སྐྱེད་འབྱུང་བའི་ཐབས་ལ་བརྩོན་པ་ལྟར་ལམ་གྱི་གེགས་བསལ་བ་གྲུབ་པ་དེ་ནས་ཡོན་ཏན་ལ་སྐྱེད་འཕེལ་གྱི་བོགས་འདོན་དགོས་ཤིང་དེ་ལའང་ཕྱི་ནང་གསང་བ་གསུམ་གྱི་རིམ་པར་བསྟན་པ་ནི་འདི་ལྟར་རོ། །གཉིས་པ་ལ་གསུམ། ཕྱིའི། ནང་གི །གསང་བའི་བོགས་འབྱིན་ནོ། །དང་པོ་ལ་ཡང་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཕྱི་རོལ་ ནས་ གྲོགས་སུ་འགྱུར༔ ཞེས་གསུངས་ཏེ། ཕྱི་རོལ་ཏུ་ཆགས་སྡང་གཏི་མུག་སྐྱེད་པའི་ཡུལ་བཟང་ངན་བར་མ་ཅི་དང་ཅི་ལྟ་བུ་ཞིག་ཤར་ཡང་བླང་དོར་བཏང་སྙོམས་ཀྱི་རྟོག་པའི་གཞན་དབང་དུ་མ་ཤོར་བར་རབ་སྐད་ཅིག་དང་། འབྲིང་གཉིས་པ། ཐ་མས་ཀྱང་གསུམ་ཕན་ཆད་ལས་མི་འདའ་བར་ལམ་དུ་ཁྱེར་བའི་ཚུལ་ཤེས་པས་གནད་དུ་བཏང་ན་ཚོགས་དྲུག་གི་ཡུལ་དུ་སྣང་བ་ཐམས་ཅད་ཀྱང་བྱང་ཆུབ་སྒྲུབ་པའི་གྲོགས་སུ་འགྱུར་རོ། །གཉིས་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། དགྲ་ལ་ ནས་ ལས་འབྲེལ་བཞག༔ ཅེས་གསུངས་ཏེ། ཡུལ་རྐྱེན་དེ་དག་ལམ་དུ་ཇི་ལྟར་ཁྱེར་ན་འདུན་པས་བློ་སྦྱོང་བ་དང་ཀུན་རྫོབ་རྟེན་འབྲེལ་དོན་དམ་སྟོང་ཉིད་ཀྱི་ཚུལ་ལ་བརྟེན་ནས་ཏེ། སྤྱིར་སྔོན་ལས་ཤ་འཁོན་གྱིས་འཚེ་བ་དང་། དྲིན་ལན་ལོག་འཇལ་འཁོར་གྱི་ལོག་སྒྲུབ་སོགས་མི་དང་མི་མིན་གྱི་གནོད་པའི་དགྲ་ཆེ་ཕྲ་གང་ལའང་འཁོན་འཛིན་མི་བྱ་བར་བཟོད་པ་བསྒོམ་ཞིང་དེ་དག་ཚེ་རབས་དུ་མའི་ཕ་མ་ཡིན་ཀྱང་འཁྲུལ་པའི་དབང་གིས་ད་ལྟ་ངོ་མ་ཤེས་པས་ལས་ངན་བསགས་པ་ལ་སླར་ཡང་སྙིང་རྗེ་ཆེན་པོ་བསྐྱེད། གཉེན་ཉེ་འབྲེལ་དང་མཛའ་གྲོགས་ནོར་རྫས་སོགས་ཡིད་དུ་འོང་བ་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟ་བུར་བལྟ་བ་བདེན་མེད་ཀྱི་འདུན་པ་དྲག་ཏུ་བསྒོམ་ཞིང་ཞེན་འཁྲིས་ཀྱི་འཛིན་པ་བཅད། ཆགས་སྡང་གཉིས་ཀ་མི་སྐྱེ་བའི་ཡུལ་སྣང་བར་མ་ཀུན་ལའང་བཏང་སྙོམས་སུ་མི་བཞག་པར་མིག་ལམ་དུ་དཀོན་མཆོག་གི་རྟེན་མཐོང་དུ་གཞུག་པ་དང་རྣ་བར་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཟབ་མོ་སྒྲོག་པ་སྣར་ཚོར་གྲོལ་གྱི་བདུག་པ་ལྕེར་མྱོང་གྲོལ་དམ་རྫས་ལུས་ཀྱིས་ཕྱག་བསྐོར་ཡིད་ལ་དད་མོས་སོགས་དགེ་རྩ་སྣ་རེའི་བག་ཆགས་འཇོག་ཏུ་གཞུག་པས་མཚོན་བཟང་པོའི་ལས་ཀྱི་འབྲེལ་བ་ཅི་ཐེབས་སུ་བཞག་གོ །གཉིས་པ་ལ་གཉིས། ཀུན་རྫོབ་དང་། དོན་དམ་གྱིས་ལམ་དུ་ཁྱེར་ཚུལ་ལོ། དང་པོ་ལ་ཡང་གཉིས། དངོས་དང་། རྒྱུད་ལ་བསྟེན་ཚུལ་ལོ། །དང་པོ་ནི། ཀུན་ཀྱང་ ནས་ དྲག་ཏུ་བྱ༔ ཞེས་གསུངས་ཏེ། བཟང་ངན་བར་མས་བསྡུས་པའི་སྣང་བ་ཀུན་ཀྱང་གསོག་དང་གསོབ་དང་སྙིང་པོ་མེད་པས་ཀུན་རྫོབ་དང་སྐད་ཅིག་རེ་རེས་འཕོ་ཞིང་འགྱུར་བས་མི་རྟག་པ་དང་སྣང་ཡང་བདེན་པར་མ་གྲུབ་པས་སྒྱུ་མ་དང་མཚུངས་པར་བསམ་སྟེ། ཏིང་རྒྱལ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེས་ན་དམ་པའི་ཆོས་ཉམས་སུ་ལེན་པ་མ་གཏོགས་གཞན་ཅིས་ཀྱང་ཚེ་ཕྱི་མ་ལྟ་ཞོག་འདིར་ཡང་ཕན་པ་སྤུ་ཙམ་མེད་པས་གཏན་ནས་དགོས་པ་མེད་སྙམ་དུ་ཅི་སྣང་ཐམས་ཅད་ལ་དགོས་མེད་ཀྱི་འདུན་པས་ཟིན་པའི་ཞེ་བཅད་དྲག་ཏུ་བྱའོ། །གཉིས་པ་ནི། བདེ་སྡུག་ ནས་ རྒྱུན་ཏུ་བསྟེན༔ ཅེས་གསུངས་ཏེ། ཁྱད་པར་ལུས་དང་སེམས་ལ་བདེ་སྡུག་གི་ཚོར་བ་མྱོང་བའི་ཕྱི་ནང་གི་རྐྱེན་ཕྲ་རགས་གང་ལ་འང་དེའི་རྗེས་སུ་འབྲངས་ནས་རོ་མི་མྱང་བར་བདེ་བར་ཤར་ན་དེའི་རྒྱུ་དགེ་བ་དང་བཅས་པ་མཐའ་ཡས་པར་སྤེལ་ཏེ་སེམས་ཅན་ལ་གཏོང་བ་དང་། སྡུག་བསྔལ་བྱུང་ན་དེའི་རྒྱུ་སྡིག་པ་དང་བཅས་པ་སེམས་ཅན་ཀུན་ལས་བསྡུས་ནས་རང་ལ་ལེན་པའི་བློ་སྦྱོང་ཟབ་མོའི་གནད་ཀྱིས་བཟུང་ལ་ལམ་དུ་བཏང་། ཟས་གོས་གནས་མལ་སོགས་ཤུགས་ཀྱིས་འབྱོར་ན་བརྒྱ་ཕྲག་རི་བའི་ཟས་གོས་དང་ཁང་པ་བརྩེགས་པ་སོགས་རབ་བྱུང་ལ་སངས་རྒྱས་ཀྱིས་རྗེས་སུ་གནང་བས་ཞེན་པ་མེད་ན་ཆེད་དུ་སྤང་མི་དགོས་ཤིང་། མ་འབྱོར་ན་ཕྱགས་དར་ཁྲོད་བའི་གོས་དང་ལུས་འཚོ་ཙམ་གྱིས་ཁ་ཟས་ངན་ངོན་གྱིས་བཏུབས་པས་གང་ལྟར་བྱུང་ཡང་ཆོག་ཤེས་པ་དང་། རྐྱེན་བཟང་ངན་ལ་དགའ་སྡུག་སྐྱེན་ཐེག་ཅིང་གཅིག་བྱུང་གཉིས་དགོས་ཀྱི་རྟོག་པའི་བཟེ་རེ་མང་ན་འདོད་པའི་ཁོལ་བོར་འཕྱན་ཏེ་ལུས་སེམས་རྣལ་དུ་གནས་པའི་གོ་སྐབས་མ་འབྱུང་བས་ཇི་ལྟར་བྱུང་ཡང་མི་དགའ་བ་མེད་པའི་ཡིད་བདེ་ཁོ་ན་རྒྱུན་ཏུ་བསྟེན་པར་བྱའོ། །གཉིས་པ་དོན་དམ་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། དོན་དམ་ ནས་ ངང་ལ་བཞག༔ ཅེས་གསུངས་ཏེ། ལམ་ཁྱེར་མཐའ་དག་ལ་དངོས་འཛིན་ཨ་འཐས་སུ་ཞེན་ན་གནད་དུ་མི་འགྲོ་སྟེ། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲ་རྒྱལ་བས་གསུངས། །ཞེས་སོ། །དེས་ན་གནས་ལུགས་དོན་དམ་པར་མིག་ཡུལ་དུ་སྣང་བའི་གཟུགས་དང་། རྣ་བར་གྲགས་པའི་སྒྲ་དང་། ཡིད་ཡུལ་དུ་རྣམ་པར་རྟོག་པའི་འཁོར་འདས་ཀྱི་ཆོས་རྣམས་ཀུན་ཀྱང་འཁྲུལ་ངོར་སྣང་བ་ཙམ་ལས་མངོན་རྗེས་ཚད་མ་དང་ཡང་དག་པའི་ཤེས་རབ་ཀྱིས་དཔྱད་པའམ་སྒོམ་བྱུང་ཡེ་ཤེས་ཁོང་ནས་ཤར་ན་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་བདེན་མེད་ནམ་མཁའི་གཟུགས་བརྙན་ལྟ་བུ་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡིན་པ་ལ་དེ་ལྟར་ཤེས་ནས་འཁྲུལ་འཛིན་རང་ངོར་བལྟས་ནས་མི་རྟོག་པའི་ངང་ལ་མཉམ་པར་བཞག་པ་གལ་ཆེ་སྟེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིགས་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་པ་ལྟར་ལམ་ཁྱེར་རྣམས་ཀྱི་ཕུལ་དུ་གྱུར་པའོ། །གཉིས་པ་ནི། རྗེས་ཐོབ་ ནས་ ཕྱོགས་སུ་བསྒྲིག༔ ཅེས་གསུངས་ཏེ། མཉམ་བཞག་ལས་ལྡངས་པའི་རྗེས་ཐོབ་ཏུའང་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བདེན་དངོས་སུ་མི་ཞེན་པར། ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་མེད་བཞིན་འཁྲུལ་ངོར་སྣང་བ་རྨི་ལམ་ལྟ་བུ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་གློ་བུར་དུ་སྣང་བ་སྒྱུ་མ་ལྟ་བུ། མེད་པ་ལ་ཡོད་པར་སྣང་བ་མིག་ཡོར་ལྟ་བུ། སྣང་བཞིན་བདེན་པར་མ་གྲུབ་པ་སྨིག་རྒྱུ་ལྟ་བུ། ཕྱི་ནང་གང་ལའང་མེད་བཞིན་སྣང་བ་བྲག་ཆ་ལྟ་བུ། རྟེན་དང་བརྟེན་པར་སྣང་ཡང་དོན་ལ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། མེད་སྣང་ཅིར་ཡང་འཆར་བ་སྤྲུལ་པ་ལྟ་བུ་སྟེ་བདེན་མེད་ཀྱི་དཔེ་བརྒྱད་དང་མཚུངས་པར་བལྟ་ཞིང་སྒོ་གསུམ་གྱིས་ཇི་ལྟར་ནུས་ཤིང་འབྱོར་པས་རྣམ་པར་དཀར་བའི་ལས་ཕྱོགས་རེ་བ་མ་ཡིན་པར་བསོད་ནམས་ཀྱི་སྒོ་མཐའ་ཡས་པར་འཇུག་བཟོད་པའི་ཚོགས་ཆེན་པོ་བསགས་ཤིང་དེ་ལའང་ཞེན་མེད་སྒྱུ་མ་ལྟ་བུར་ཤེས་པ་དང་འཁོར་གསུམ་ཡོངས་དག་གི་ལྟ་བས་ལམ་དུ་ཁྱེར། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་འཁོར་བའི་ཆོས་ཀུན་ནས་ཉོན་མོངས་པ་ཐམས་ཅད་གནས་ལུགས་བདེ་གཤེགས་སྙིང་པོ་ཉིད་ལྷན་སྐྱེས་ཀྱི་མ་རིག་པ་ལ་བརྟེན་ནས་འདུ་བྱེད་འབྱུང་བ་སོགས་གློ་བུར་གྱི་དྲི་མས་རྙོགས་ཤིང་མ་དག་པའི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུ་བྱས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་དུ་འཁོར་བ་སྟེ། མ་རིག་པ་དང་སྲེད་ལེན་ཏེ་ཉོན་མོངས་པ་གསུམ་གྱིས་འདུ་བྱེད་དང་སྲིད་པའི་ལས་གཉིས་བྱས་པ་ལས། རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་སྐྱེ་བ་རྒ་ཤི་བཅས་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཞི་བདུན་བྱུང་ཞིང་དེ་དག་ལས་ཀྱང་ཉོན་མོངས་གསུམ་འབྱུང་བས་བྱ་དང་སྒོ་ང་ལྟར་ཕན་ཚུན་དུ་འཁོར་བ་སྟེ། དབུ་མ་རྟེན་འབྲེལ་སྙིང་པོར། གསུམ་པ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་རོ། །སྲིད་པའི་མྱ་ངན་ལས་རིང་དུ་འདས་པ་ཞི་བ་ཐར་པ་དམ་པའང་སྐྱེ་བ་འགགས་ན་རྒ་ཤི་འགག །སྲིད་པ་འགགས་ན་སྐྱེ་བ་འགག་པ་སོགས་ཡན་ལག་བཅུ་གཉིས་ལུགས་ལས་ལྡོག་ཅིང་མ་རིག་པ་ཕུག་རྡིབ་པས་དྲི་མ་དེ་ཉིད་རྣམ་པར་བྱུང་ཞིང་དག་པའི་རྟེན་ཅིང་འབྲེལ་འབྱུང་ཙམ་ཡིན་ལ། དོན་དམ་རང་བཞིན་འོད་གསལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལས་འདས་ཀྱང་རྣམ་པའི་འདོགས་ཆ་ཙམ་དུ་གཞི་དུས་སྲིད་རྩ་ཡན་ལག་བཅུ་གཉིས། ལམ་དུས་སུ་བདེན་དོན་ཡན་ལག་བཅུ་གཉིས། འབྲས་བུས་དག་པ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་འཆར་བ་སྟེ། མཚན་བརྗོད་ལས། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་སོ། །མདོར་ན་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་སྣང་བ་ཙམ་ཡིན་ཞིང་དེའང་རང་བཞིན་སྟོང་པ་ཉིད་ལས་བདེན་དངོས་སུ་གྲུབ་པ་མེད་པས། འཕགས་པ་ཀླུས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །རྒྱུ་མཚན་དེ་དག་གི་ཕྱིར་ལམ་གྱི་སྣང་བ་ཐམས་ཅད་ཀུན་ཀྱང་རྟེན་འབྲེལ་ལ་རགས་ལུས་པས་ཐར་པ་འདོད་པ་རྣམས་ཀྱིས་ཐོག་མར་ཆོས་སྒོར་ཞུགས་པའི་འདུན་པ་དང་བླ་མ་བསྟེན་པ་ནས་བརྩམས། ཡང་དག་པའི་འབྲས་བུ་མངོན་དུ་མ་བྱས་ཀྱི་བར་དུ་དམ་ཆོས་སྒྲུབ་པའི་རྒྱུ་དང་དེའི་གྲོགས་སུ་འགྱུར་བའི་རྐྱེན་གྱི་རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་འབའ་ཞིག་ཏུ་བསྒྲིགས་པས་འཕྲལ་དང་ཡུན་དུ་དོན་གཉིས་རླབས་ཆེ་འགྲུབ་པར་འགྱུར་ཏེ། བཤེས་སྤྲིངས་ལས། རྟེན་ཅིང་འབྲེལ་པར་འབྱུང་འདི་སངས་རྒྱས་ཀྱི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །ཆོས་མཐོང་དེ་ཡིས་དེ་བཞིན་གཤེགས་པ་མཐོང་། །ཞེས་སོ། །གཉིས་པ་ནང་བསྐྱེད་རྫོགས་ཀྱི་བོགས་འདོན་ལ་གཉིས། བསྐྱེད་པའི་དང་། རྫོགས་རིམ་ཀྱི་བོགས་འདོན་ནོ། །དང་པོ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། ནང་དུ་ ནས་ ཏིང་འཛིན་སྤེལ༔ ཅེས་གསུངས་ཏེ། ནང་དུ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་རྩལ་སྦྱོང་ཞིང་བོགས་འདོན་པའི་ཚུལ་ཡང་། ཐོག་མར་ཀུན་བརྟགས་ཀྱི་བསྐྱེད་རིམ་ཇི་ལྟ་བུ་བསྒོམ་ཡང་སྣང་ལ་རང་བཞིན་མ་གྲུབ་པ་སྟོང་པའི་གཟུགས་བརྙན་ཆུའི་ཟླ་བ་ལྟ་བུར་བསྒོམ་པ་ཟབ་པའི་ཚུལ་དང་། སྣོད་དང་བཅུད་ཀྱི་རྣམ་པ་གང་ཞིག་སྣང་བ་དེ་ཐམས་ཅད་ཡི་དམ་ལྷའི་རྣམ་པར་བསྒོམ་པས་རྒྱ་ཆེ་བ་ལ་འཇུག་པ་དང་། དེའང་རང་གི་སེམས་ཀྱི་རོལ་རྩལ་ལས་ལོགས་སུ་གྲུབ་པ་མེད་པས་སྒོམ་མཁན་སེམས་དང་བསྒོམ་བྱའི་ལྷ་སྐུ་གཉིས་དོན་དམ་ཆོས་ཉིད་དུ་རོ་མཉམ་པར་ཤེས་པ་དང་། སྣང་ཞིང་སྲིད་པས་བསྡུས་པའི་འཇིག་རྟེན་ཀུན་ཀྱང་རང་བྱུང་ཡེ་ཤེས་ལྷའི་སྐུ་རུ་གདོད་ནས་གཞི་ཐོག་ཏུ་བཞེངས་ཤིང་རྫོགས་པ་ཡོངས་གྲུབ་དོན་དམ་པའི་བསྐྱེད་ཚུལ་དང་། ཚོགས་དྲུག་གི་ཡུལ་དུ་རྟོག་པའི་རྒྱུ་བ་གང་བྱུང་ཡང་གློ་བུར་ཐུག་ཕྲད་དེ་མ་ཐག་པར་ལྷའི་རང་བཞིན་ཁོ་ནར་ཤེས་པའི་ཏིང་འཛིན་གྱི་རོལ་མོ་མཐའ་ཡས་པར་སྤེལ་བ་སྟེ་རྣམ་པ་ལྔ་ཡིས་བསྐྱེད་རིམ་སྤྱིའི་ཡོན་ཏན་གྱི་བོགས་དབྱུང་ངོ་། །གཉིས་པ་ལ་གཉིས། བསྐྱེད་པའི་རྩལ་སྦྱོང་བ་དང་དེ་ཉིད་དག་རྫོགས་སྨིན་པའི་ཚུལ་གྱིས་ཉམས་སུ་བླང་བའོ། །དང་པོ་ནི། བྲིས་སྐུ་ ནས་ ལྡང་ལ་བསླབ༔ ཅེས་གསུངས་ཏེ། ཉིན་མོའི་དུས་སུ་ལྷ་བཟོ་མཁས་པས་བྲིས་པའི་ཡི་དམ་གྱི་སྐུ་མཚན་ཉིད་དང་ལྡན་པའམ་ཤེལ་ལམ་མེ་ལོང་གི་གཟུགས་བརྙན་བཀྲག་མདངས་ཁྱད་དུ་མཚར་བ་ཉིད་རང་གི་རྒྱབ་ངོས་ལྟ་བུར་བཞག །མདུན་དུ་ཆུའི་སྣོད་དྭངས་ཤིང་གཡོ་བ་མེད་པར་དེའི་གཟུགས་བརྙན་འཕོས་པ་ལ་རྟེན་བྱས་ཏེ་ཡིད་མིག་རླུང་གསུམ་པོ་དྲིལ་ལ་རྩེ་གཅིག་ཏུ་གཏད་པའི་གསལ་སྣང་གི་རྩལ་སྒྲུབ་པ་དང་། མཚན་མོའི་དུས་སུ་འཛིན་པའི་གདམས་ངག་གིས་རྨི་ལམ་བཟུང་ལ་ཟིན་པ་དང་དེ་མ་ཐག་ཉིན་མོར་བསྒོམས་པ་ལྟ་བུའི་ལྷའི་སྐུར་ལྡང་བ་ལ་བསླབས་པས་མཚན་དུས་ཀྱིས་ཉིན་སྣང་དང་དེས་ཀྱང་མཚན་སྣང་གི་རྩལ་བསྐྱེད་དེ་བོགས་ཆེན་པོ་ཐོན་པར་འགྱུར་རོ། །གཉིས་པ་ནི་ཁྱད་པར་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། དབྱིབས་དང་ཁ་དོག་གི་རྣམ་པ་ལམ་བྱེད་ཙམ་གྱི་བསྐྱེད་རིམ་ནི་ཕྱི་རོལ་པ་ལའང་ཡོད་ཅིང་དེའི་གྲུབ་འབྲས་ཉི་ཚེ་བ་དང་བསྐྱེད་རིམ་རང་རྒྱུད་པར་གོལ་བའི་རང་འབྲས་རུ་དྲ། རྒྱུ་མཐུན་འབྱུང་པོ་མཐུ་ཆེན་དུ་འགྱུར་བ་ཡོད་པས། དེ་དག་ལམ་དུ་འགྱུར་བའི་ཁྱད་པར་གྱི་གནད་ནི། འཆི་བར་སྐྱེ་བའི་སྲིད་པ་དང་མཐུན་པའི་བསྐྱེད་བསྡུ་དང་། ཕྱི་སྣོད་ནང་བཅུད་དང་མཐུན་པའི་རྟེན་གཞལ་ཡས་ཁང་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་སོགས་མར་བལྟས་འཁོར་བའི་རྣམ་པ་དང་མཐུན་པར་ལམ་དུ་བྱས་པས་དེའི་སྣང་ཞེན་དག་པ་ལས། བསྐྱེད་པས་གཟུགས་སྐུ་དང་བསྡུ་རིམ་གྱིས་ཆོས་སྐུ། རྟེན་བརྟེན་པ་རྣམ་དག་ལྷའི་དཀྱིལ་འཁོར་དུ་གྲུབ་པ་སོགས་ཡར་བལྟས་རྣམ་བྱང་གི་འདྲ་འབག་ཏུ་གྱུར་པས་མཐར་ཐུག་མྱང་འདས་ཀྱི་ཡོན་ཏན་རྫོགས་པའི་རྒྱུར་འགྱུར་པ་དང་། གནས་སྐབས་རིམ་པ་གཉིས་ཀའི་གཞི་བཏིང་བ་ལས་རྫོགས་རིམ་གྱི་ཡེ་ཤེས་སྨིན་ཐབས་ཁྱད་པར་ཅན་དུ་འགྱུར་བའི་ཚུལ་ལེགས་པར་ཤེས་པས་གོལ་འཕྱུགས་མེད་པའི་ལམ་གྱི་མཆོག་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་རྫོགས་རིམ་གྱི་བོགས་འདོན་ལ་གསུམ། རྩ་རླུང་། ཆགས་ལམ། རྫོགས་རིམ་སྤྱིའི་བོགས་འདོན་འབྲས་བུ་དང་བཅས་པའོ། །དང་པོ་ནི། འཕྲུལ་འཁོར་ ནས་ ཀུན་ཏུ་བརྟན༔ ཞེས་གསུངས་ཏེ། རང་ལུས་ཐབས་ལྡན་ཉམས་སུ་ལེན་པའི་ཚེ། ཐུན་མཚམས་རྣམས་སུ་ལུས་སྦྱོང་འཕྲུལ་འཁོར་ཟབ་མོ་མན་ངག་ལག་ལེན་གྱི་གནད་དང་ལྡན་པ་ལ་འབད་པས་རྩའི་མདུད་པ་རྣམས་བཀྲོལ། རྟག་ཏུ་བར་གྱི་རླུང་ལྟེ་བ་ཐད་ཀར་བརྒྱངས་ཏེ་འཛིན་པ་གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་གྱིས་རླུང་སེམས་ཀྱི་རྙོགས་པ་ཕྲ་རགས་རང་སར་དེངས་ཤིང་ཤེས་པ་རྣལ་དུ་ཕེབས་པར་འགྱུར་བ་དང་། གཏུམ་མོའི་མེ་དམིགས་མཉམ་བཞག་ཏུ་བསྒོམས་ཤིང་རྗེས་ཐོབ་ཏུ་མི་བསྒོམ་པའི་རེས་འཇོག་ཅན་གྱི་ནུས་པ་རྙེད་པར་མི་འགྱུར་བས་འབར་བའི་གསལ་སྣང་མཉམ་རྗེས་ཀུན་ཏུ་མ་ཆད་པར་བརྟན་པར་བསྒོམ་པ་རྣམས་གནད་དུ་ཆེའོ། །གཉིས་པ་ནི། ཐིག་ལེ་ ནས་ རང་རྩལ་སྤེལ༔ ཞེས་གསུངས་ཏེ། གཞན་ལུས་ཕོ་ཉའི་ལམ་ལ་འཇུག་པ་ན། ཕྱག་རྒྱ་དང་སྙོམས་པར་འཇུག་པའི་རྗེས་ཆགས་ཀྱི་མེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་རིམ་པར་འཛག་ཅིང་ཞུ་བ་ན་རིག་སྟོང་ཀ་དག་ནམ་མཁའ་ལྟ་བུའི་ངང་ལས་ནམ་ཡང་མ་གཡོས་པས་འཁོར་ལོ་སོ་སོའི་དབུ་མའི་ལྟེ་བར་དང་། ཁྱད་པར་ལྷན་སྐྱེས་ཀྱི་མཐར་གཟུང་ལྡོག་བཀྲམ་ཁྱབ་དང་འབྲེལ་བའི་སྙིང་གའི་དབུས་སུ་ཟག་མེད་ཡེ་ཤེས་དྭངས་མའི་ཐིག་ལེ་ཆེན་པོར་བསྟིམས་པས་རྟག་ཏུ་ལུས་སེམས་བདེ་སྟོང་གི་ཉམས་དང་མི་འབྲལ་བར་འགྱུར་ཞིང་། དེ་ལ་རྟེན་བྱས་ནས་ཕྱི་ནང་གང་ལའང་ཆེད་དུ་འཛིན་ཞེན་མེད་པ་སྒྱུ་མར་ཤེས་པའི་ངང་ནས་ཚོགས་དྲུག་གི་ཡུལ་དུ་བཟང་ངན་བར་མ་གང་ཤར་གྱི་སྣང་བ་སྣ་ཚོགས་པ་ཡིས་ཀྱང་བདེ་ཆེན་འདྲེན་པར་ནུས་པའི་ཏིང་འཛིན་གྱི་རང་བཞིན་དང་མི་འབྲལ་བར་རྩལ་སྦྱོང་གོང་ནས་གོང་དུ་སྤེལ་བས་མཐར་འཁོར་འདས་ཀྱི་རྟོག་ཚོགས་བདེ་ཆེན་ཡེ་ཤེས་གཅིག་གི་ངང་དུ་གྱུར་པ་ན་ཐབས་ལམ་མཐར་ཕྱིན་པའོ། །གསུམ་པ་ནི། ཁྱད་པར་ ནས་ རིས་མེད་ཤར། ཞེས་གསུངས་ཏེ། མཚན་བཅས་རྫོགས་རིམ་སྤྱི་ལ་ཁྱད་པར་དུ་ཤེས་དགོས་པ་སྦྱང་བའི་གཞིའི་ལས་སུ་བྱ་བ་མ་དག་པའི་རྩ་རླུང་ཐིག་ལེ་ལས་གྱུར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་འཁྲུལ་སྣང་བག་ཆགས་མཐའ་ཡས་པ་ཀུན། སྦྱོང་བྱེད་ཐབས་ཀྱི་ལམ་མཆོག་ལུས་རྩ་སྐུ། ངག་རླུང་གསུང་། ཡིད་ཐིག་ལེ་ཐུགས་རྡོ་རྗེའི་རྣལ་འབྱོར་གནད་ཐོག་ཏུ་ཐེབས་པའི་མེ་བཙའ་ལྟར་ཟབ་མོའི་མཐུ་དང་ནུས་པའི་ཕྱག་རྒྱས་བྱེད་པའི་གནད་ལེགས་པར་བཅིངས་ཏེ་རྒྱས་བཏབ་ནས་གཞན་དུ་མི་གཡེངས་པའི་སེམས་རྩེ་གཅིག་པས་བསྒོམ་པ་དེ་ཡིས། གློ་བུར་གྱི་དྲི་མ་རྣམས་དག་ཅིང་སྦྱངས་པའི་འབྲས་བུ་ཆོས་ཉིད་ཀྱི་མཁའ་ལ་སྐུ་དང་ཡེ་ཤེས་ཕྱོགས་རིས་མེད་པའི་ཉི་མ་ཤར་བ་ཡིན་པས་དེ་དག་གི་གནད་གསང་ཤེས་ན་ལམ་ནོར་འཁྲུལ་གྱི་སྐྱོན་མེད་པས་བླུན་སྒོམ་གྱི་འཕྲང་ལས་གྲོལ་ཏེ་འཕྲལ་ཡུན་དུ་བོགས་ཆེན་པོར་འགྱུར་རོ། །གསུམ་པ་གསང་བ་ཨ་ཏིའི་ལམ་གྱི་བོགས་འདོན་ལ་གཉིས། ཁྲེགས་ཆོད་དང་། ཐོད་རྒལ་གྱིའོ། །དང་པོ་ལའང་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། གསང་བ་ ནས་ལམ་དུ་བཏང༔ ཞེས་གསུངས་ཏེ། གསང་བ་རྫོགས་ཆེན་ཤིན་ཏུ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ལ་གནས་པའི་ཚེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དུག་ལྔ་ལས་གྱུར་པའི་རྣམ་པར་རྟོག་པ་ཇི་སྙེད་པ་རང་སེམས་ཀྱི་ཆོ་འཕྲུལ་ལས་ཤར་བ་ཀུན། ཁ་ཡན་དུ་བཏང་བ་དང་སྤང་བསྒྱུར་གྱི་གཉེན་པོ་བརྟེན་པ་སོགས་མི་བྱ་བར་ཡེ་གྲོལ་རང་ངོ་རིག་པའི་གནད་ཀྱིས་སྐད་ཅིག་མ་གསུམ་པ་ལས་ཕན་མི་འདའ་བར་བཟུང་ལ་ལམ་དུ་བཏང་བར་བྱའོ། །གཉིས་པ་ནི། འདོད་ལ་ ནས་ ཆེན་པོར་གྲོལ༔ ཅེས་གསུངས་ཏེ། དེའང་ཞིབ་པར་བཀྲོལ་ན། མིག་གི་ཡུལ་དུ་གཟུགས་སྡུག་པས་མཚོན་ལུས་ལོངས་སྤྱོད་གཉེན་འབྲེལ་འཁོར་གཡོག་སོགས་འདོད་པའི་ཡུལ་ལ་ཆགས་ཤིང་ཞེན་པའི་རྟོག་པ་ཤར་བའི་ཚེ། རྟོག་པ་འགགས་ནས་དགག་པ་དང་རྗེས་འབྲང་གིས་སྒྲུབ་པ་གང་ཡང་མི་བྱ་བར་རང་ངོ་ལ་བལྟས་པས་རིག་སྟོང་རྗེན་པར་འཆར་བ་དེ་ཐོག་ཏུ་ཀློད་ལ་བཞག་པས། བདེ་བ་ལ་ཞེན་འཛིན་ཀྱི་དྲི་མ་མེད་བཞིན་བདེ་སྟོང་མ་འགགས་པའི་ཉམས་མྱོང་ཁོང་ནས་སད་པར་གྱུར་པ་ན། སོ་སོར་རྟོག་པའི་ཡེ་ཤེས་ཞེས་གྲགས་པ་དེ་ཉིད་ལ་བྱ་བ་ཡིན་གྱི་ལོགས་སུ་བཙལ་དུ་མེད་དོ། །དེས་མཚོན་ཏེ། མི་དང་མི་མ་ཡིན་པའི་གནོད་བྱེད་སོགས་ཚོགས་དྲུག་གི་ཡིད་དུ་མི་འོང་བ་ལ་ཞེ་སྡང་བས་སེམས་ཁྲོ་ཞིང་གཏུམ་པའི་རྣམ་པར་རྟོག་པ་ལམ་གྱིས་ཤར་བའི་ཚེ། དེའི་རྗེས་སུ་འབྲང་ན་ལས་བསགས་པས་མི་འབྲང་ཞིང་སྐྱོན་དུའང་མི་བཟུང་བར་རང་ངོ་རིག་བཞིན་གང་ཤར་དེ་ཉིད་མ་བཅོས་རང་བབས་སུ་ལྷུག་པར་བསྐྱངས་པས། རྣམ་པ་གསལ་ལ་མ་འགགས་ཤིང་ངོ་བོ་དེར་འཛིན་མེད་པ། དེའི་རོ་མྱོང་བ་དང་རྗེས་སུ་འབྲང་བའི་ཞེན་པ་དང་འདི་ཡིན་གྱི་རྩིས་གདབ་དང་བྲལ་བ་དྭངས་ཤེལ་གྱི་གཟུགས་བརྙན་ལྟར་འཆར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པ་ནི། དེ་ལ་བྱ་བ་ཡིན་ནོ། །གཉིད་དང་སྙོམས་ལས་གཙོར་གྱུར་ཐོས་བསམ་སྒོམ་གསུམ་ལ་བློ་གྲོས་ཀྱི་སྣང་བ་སྒྲིབ་པ་གཏི་མུག་མུན་པའི་འཐིབ་པོ་ནམ་བྱུང་བའི་ཚེ། དེ་ཉིད་ཀྱི་རང་ངོ་རིག་པའི་ངང་བསྐྱང་བ་ལས་སྐྱོན་རྟོག་གིས་སྤང་བའམ་ཡོན་ཏན་དུ་བལྟ་བའི་དང་བླང་གཉིས་ཀ་དོར་བས། ཁྱབ་བརྡལ་ཆེན་པོ་རྩེ་གཅིག་གི་ཀློང་དུ་རྣམ་པར་མི་རྟོག་པའི་རང་བྱུང་སྤྲོས་བྲལ་རྗེན་པར་ལྷག་གིས་ཤར་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་པའང་དེ་ལ་བྱ་བ་ཡིན་ནོ། །གཞན་ལས་བདག་ཉིད་རིགས་རུས་ཡོན་ཏན་འབྱོར་པ་སོགས་ཀྱིས་ལྷག་གོ་སྙམ་དུ་ང་རྒྱལ་གྱིས་སེམས་ཁེངས་པའི་འཛིན་པ་ནང་དུ་ལྡང་བ་ན། དེ་ལའང་སྔ་མ་རྣམས་བཞིན་དུ་བླང་དོར་གང་ཡང་མི་བྱ་བར་ངར་འཛིན་པ་དེ་ཉིད་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས་ཅི་ཡང་མི་རྟོག་པར་རང་གཞན་མཉམ་པ་ཆེན་པོའི་ཀློང་གཅིག་ཏུ་གྱུར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་ནི་དེ་ལ་བྱའོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་ཅིང་འགྲན་ཟླར་སེམས་པའི་ཟུག་རྔུ་ཡིད་ལ་ཤར་བའི་ཚེ་ནའང་། དེ་ལ་གཉེར་ཁ་མི་བྱ་བར་ཤར་མཁན་ཁོ་རང་གི་ཐོག་ཏུ་གང་དགར་བོར་ཏེ་ངོ་བོར་བལྟས་པས། བདག་དང་གཞན་ཞེས་གཉིས་སུ་འཛིན་པའི་རྟོག་པ་མེད་པར་རིག་སྟོང་སྒྱུ་མར་རྫོགས་པར་འགྱུར་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་པའང་དེ་ལ་བྱ་བ་ཡིན་ནོ། །ཉོན་མོངས་པའི་རྟོག་པ་དང་པོར་ངོས་ཟིན་དཀའ། བར་དུ་ལྡོག་དཀའ། མཐར་རྒྱུན་བཅད་པར་དཀའ་བས་དྲན་ཤེས་ཀྱི་བྱ་རས་བཟུང་ནས་ཇི་སྐད་བསྟན་པ་དེ་ལྟར་རང་གྲོལ་ཆེན་པོའི་དབྱིངས་སུ་ལ་ཟློ་ཤེས་ན་དུག་ལྔའི་རྟོག་པ་མི་ཤར་བ་ནི་མི་སྲིད་ལ་ཤར་ཚད་ཀུན་སྤང་སྒྱུར་གང་ཡང་མ་དགོངས་པར་ཡེ་ཤེས་ལྔའི་ངོ་བོར་བོགས་སུ་ཐོན་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་དེ་གསུམ་ཆ་མཉམ་ལས་བྱུང་བ་རེ་རེར་ཡང་ཉི་ཁྲི་ཆིག་སྟོང་རེ་སྟེ་བསྡོམས་པས་ཉོན་མོངས་རྟོག་པའི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གྲགས་པ་ཇི་སྙེད་པའང་སྦྲུལ་མདུད་དཀྲོལ་བ་པོ་མེད་པར་རང་གྲོལ་བ་བཞིན་དུ་ཡེ་ཤེས་ཆེན་པོར་རང་སར་གྲོལ་བར་འགྱུར་ཏེ། ཞི་རྒྱུད་ལས། རང་བཞིན་ཤེས་པས་མི་སྤང་སྟེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །ཞེས་དང་། མུ་ཏིག་ཕྲེང་བར། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །སྤྱིར་ཉོན་མོངས་པ་ཤར་མ་ཐག་ཏུ་གདོང་ཟློག་བྱས་ན་བྱ་ཤོར་དུ་འགྲོ་བས་རྩལ་རྫོགས་སུ་གཞུག །རྩལ་རྫོགས་ལས་མ་བསགས་པའི་སྐད་ཅིག་དེ་མ་ཐག་པར་ལམ་དུ་བཏང་བས་ཡེ་ཤེས་སུ་ལྷག་གིས་ཤར་པའི་དུས་ན་རྟེན་འབྲེལ་བསྒྲིགས་དགོས་ཤིང་། དེ་ཉིད་ཡེ་ཤེས་ཀྱི་གཞིར་མེད་ན་ལམ་དུ་མི་འགྲོ་བ་དྭངས་པའི་བཞིན་སྣོད་མེད་ན་བཞིན་རས་མི་འཆར་བ་དང་མཚུངས་ལ། ཉོན་མོངས་པ་གང་སྐྱེས་དེ་རྩལ་རྫོགས་ཤིང་ལས་མ་བསགས། ངོ་བོ་ཡེ་ཤེས་སུ་ཤེས་པའི་སྐད་ཅིག་དེ་ཉིད་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་ལམ་དུ་བཏང་པ་ནི་གྲུབ་པའི་དངུལ་ཆུས་ལྕགས་གསེར་དུ་བསྒྱུར་བ་བཞིན་ནོ། །གསུམ་པ་ནི། མདོར་ན་ ནས། བོགས་སུ་འཆར༔ ཞེས་གསུངས་ཏེ། ཇི་སྐད་བཤད་པ་དེ་དག་གི་དོན་མདོར་བསྡུ་ན། སེམས་དང་སེམས་ལས་བྱུང་བའི་རྣམ་རྟོག །དུག་ལྔས་བསྡུས་པའི་ཉོན་མོངས་པ། ལྷ་མཐོང་ཞིང་དད་གུས་སོགས་བཟང་རྟོག །འདྲེར་སྣང་ཞིང་ཉམས་མི་དགའ་བ་སོགས་ངན་རྟོག །ལུས་སེམས་ལ་སྡུག་བསྔལ་ཚོར་བ། ན་བ་དང་འཆི་བ་སོགས་བཟང་དུ་རེ་ཞིང་ངན་པར་དོགས་པ་ཅི་དང་ཅི་ལྟ་བུ་བྱུང་ཡང་སྤང་བླང་ཁུ་འཕྲིག་གི་སྙེམས་རྟོག་རྡུལ་ཙམ་མེད་པར་རྟོག་པ་དེ་ཀ་རང་གི་ངོ་བོར་བལྟས་ཏེ་བཟང་ངན་རོ་སྙོམས་ཤིང་། དེ་ཀ་ཙམ་དུའང་མ་ལུས་པར་རང་རིག་གི་རྩལ་སྦྱོང་ཕྱོགས་མེད་དུ་བྱས་པས་རྣམ་རྟོག་གི་འཕྲོ་འདུ་ཀུན་ཀྱང་སྐྱོན་སྐྱེད་པའི་གེགས་སུ་མི་འགྱུར་བར་ཡོན་ཏན་ལྷག་པར་འཕེལ་བའི་བོགས་འདོན་དུ་འཆར་བར་འགྱུར་ཏེ། ཏིང་འཛིན་རྒྱལ་པོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་མི་རྟོག་གསལ། །ཞེས་སོ། །གཉིས་པ་ཐོད་རྒལ་གྱི་བོགས་འདོན་ནི། ཁྱད་པར་ ནས་ མཆོག་ལ་སྦྱོར༔ ཞེས་གསུངས་ཏེ། ཐོད་རྒལ་ལྷུན་གྲུབ་ཀྱི་རྣལ་འབྱོར་ལ་གནས་པའི་སྐབས་སུ་སྤྱི་གནད་རྣམས་དཀྱུས་ལྟར་ལ། ཁྱད་པར་འོད་གསལ་སྣང་བའི་བོགས་འདོན་དུ་ཐོག་མར་ཁྲ་ཁང་དང་དེ་ནས་མུན་ཁང་སྒོ་ཁྱུད་རིམ་པ་གསུམ་པར་སྒོ་གསུམ་བྱེད་པ་བཅིངས་པའི་གནད་དང་ལྡན་པས་མུན་པའི་རྣལ་འབྱོར་གྱིས་ཞག་བདུན་ཕྲག་གསུམ་ལ་སོགས་པར་བསྒོམས་པས་ཉིན་མཚན་རྟགས་བཅུ་དང་འོད་གསལ་གྱི་སྣང་བ་སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་ཞིང་འཕེལ་འགྲིབ་བྲལ་པའི་བརྟན་པོར་འགྱུར་ལ། སྐབས་སུ་རྡོ་རྗེའི་བཟླས་པ་དང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དང་རྩོལ་བའི་རླུང་འཁོར་ལོ་བཞིའི་ལྟེ་བར་རྟགས་སྣང་དང་ལྷན་ཅིག་གཡོ་མེད་དུ་འཆིང་བ་དང་། འབར་འཛག་གི་ཞུ་བདེ་དྲངས་ཤིང་བདེ་གསལ་གྱི་ཉམས་རྟོགས་ཀུན་ཀྱང་གཉིས་མེད་རོ་མཉམ་ཁྱབ་བརྡལ་ཆེན་པོའི་ངང་དུ་འཕོ་མེད་མི་འགྱུར་བའི་ཐབས་ཀྱིས་བདེ་བ་ཆེན་པོ་མཆོག་ལ་སྦྱོར་རོ། །འདི་ནི་གསང་སྔགས་གསར་མའི་ལུགས་ཀྱི་བླ་མེད་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་པ་དང་བསྙེན་སྒྲུབ་རྡོ་རྗེ་གསུམ་གྱི་གནད་ཐམས་ཅད་ཀྱང་འདུས་པ་སྟེ། བྱེད་བཅིངས་མུན་པའི་རྣལ་འབྱོར་རྟགས་སྣང་དང་བཅས་པ་ནི་ཐོག་མར་དགེ་བས་སོར་བསམ་སྐུ་རྡོ་རྗེ། སྲོག་རྩོལ་རླུང་གི་སྦྱོར་བ་ནི་བར་དུ་དགེ་བ་སྲོག་འཛིན་གསུང་རྡོ་རྗེ། ཞུ་བདེ་འགྱུར་མེད་དུ་བསྒྲུབ་པ་ནི་མཐར་དགེ་དྲན་ཏིང་ཐུགས་རྡོ་རྗེའི་རྣལ་འབྱོར་རྣམས་དང་དོན་གཅིག་པའོ། །གསུམ་པ་དེ་དག་ཐམས་ཅད་ཀྱི་དོན་བསྡུས་ཏེ་བཤད་པ་ནི། གཞན་ཡང་ན། འབྲེལ་བས་འགྲུབ༔ ཅེས་གསུངས་ཏེ། བྱེ་བྲག་ཏུ་བསྟན་པ་དེ་དག་ལས་གཞན་ཡང་ལམ་གྱི་རྣལ་འབྱོར་ཐུན་མོང་སྤྱི་ལ་གལ་ཆེ་བ་གནད་ཀྱི་མན་ངག་ཟབ་མོ་ཉིང་ཁུར་ཕྱུངས་ནས་བསྟན་པ་ནི། འཇིག་རྟེན་ན་ཉེས་པའི་སྐྱོན་ཅི་ཡོད་པ་དེ་རྣམས་ཐམས་ཅད་ནི་གཞན་ལས་མ་བྱུང་སྟེ་བདག་ཏུ་འཛིན་པ་འདི་ཁོ་ན་ལས་བྱུང་བས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ལ་བརྟེན་པ་བདག་གཞན་བརྗེ་བའི་བློ་སྦྱོང་སོགས་ཀྱིས་བདག་ཏུ་གཅེས་པར་འཛིན་པའི་བློ་བཤིག །དོན་དམ་བྱང་ཆུབ་སེམས་བདག་གཞན་ཏུ་རྟོག་པས་སོགས་གཉིས་ཆོས་ཀྱི་སྤྲོས་པ་ཀུན་བྲལ་ཟབ་མོ་སྟོང་ཉིད་ཀྱི་ལྟ་བས་བདག་ལྟའི་ངོ་བོའང་ཆོས་ཀྱི་དབྱིངས་སུ་བཅོམ་སྟེ་དྲུང་ངམ་རྩ་བ་ནས་ཕྱུང་། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ལ་ཀུན་རྫོབ་དོན་དམ་གྱི་བདེན་པ་གཉིས་པོ་ལྟོས་འཇོག་ཅན་དུ་གྲུབ་པས་ཡ་བྲལ་དུ་མ་སོང་པར་དེ་གཉིས་དབྱེར་མེད་དུ་སྤྱོད་པའི་རྟེན་འབྲེལ་ལམ་དུ་ཁྱེར། འཕྲལ་ཡུན་ཡོན་ཏན་གང་ཡང་རུང་བ་ཐམས་ཅད་ཆོས་ཉམས་སུ་བླངས་པ་ལས་བྱུང་བའི་ཕྱིར་ཐེག་ཆེན་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ནམ་མཁའ་དང་མཉམ་པའི་ཕ་མ་འགྲོ་དྲུག་སེམས་ཅན་རིས་སུ་མ་ཆད་པ་ཀུན་ལ་ཚད་དང་མུ་མཐའ་མེད་པའི་སྙིང་རྗེ་དུས་རྟག་ཏུ་བསྒོམ། བྱིན་རླབས་དངོས་གྲུབ་ཀྱི་འབྱུང་གནས་དཔལ་ལྡན་རྩ་བའི་བླ་མ་ཉིད་དཀོན་མཆོག་ཀུན་འདུས་སུ་ཤེས་པས་བཟོད་མེད་ཀྱི་མོས་གུས་དྲག་པོ་བསྐྱེད། འཇིག་རྟེན་པས་བསྡུས་པ་ཟག་བཅས་བསོད་ནམས་ཀྱི་ཚོགས་དང་འཇིག་རྟེན་ལས་འདས་པས་བསྡུས་པ་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་ཕྲ་མོས་མི་ངོམས་པར་གོང་ནས་གོང་འཕེལ་བརྩོན་པ་ཆེན་པོས་བསྒྲུབ། དམིགས་བཅས་ཀྱི་ཉམས་ལེན་ཀུན་ལས་ཁྱད་པར་དུ་གྱུར་པ་སེམས་ཉིད་རིག་སྟོང་རྗེན་པ་ལམ་དུ་ཁྱེར་ལ་མཉམ་རྗེས་སྤྱོད་ལམ་གང་གི་སྐབས་སུའང་སྐད་ཅིག་ཙམ་ཡང་ཕྱི་ཡུལ་སྣང་ལ་མ་ཡེངས་ཤིང་ནང་སེམས་ཀྱིས་གང་ཡང་མི་བསྒོམ་པས། སྣང་ཕྱོགས་ཐབས་དང་སྟོང་ཕྱོགས་ཤེས་རབ་ཕྱོགས་རེར་ཞེན་ཅིང་ཨ་འཐས་པའི་ལམ་ལ་མ་གོལ་བར་ཐམས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་སྒྲུབ་པའི་བོགས་སུ་ཤེས་རབ་སྟོང་པ་ཉིད་ཀྱི་ལྟ་བའི་གདེང་བསྐྱེད་ཅིང་། ཤེས་རབ་སྟོང་ཉིད་ཀྱི་གནས་ལུགས་ཇི་བཞིན་རྟོགས་པའི་གྲོགས་སུ་གོང་དུ་བསྟན་པའི་སྙིང་རྗེ་མོས་གུས་སོགས་ཐབས་ཀྱི་མཆོག་དང་བསོད་ནམས་སྣ་ཚོགས་པ་ཉིན་རེ་བཞིན་གོང་དུ་སྤེལ་བར་བྱ་དགོས་ཏེ། རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པུས་འགྱུར་བ་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། ལམ་སྒྲོན་ལས་ཀྱང་། ཤེས་རབ་བྲལ་བའི་ཐབས་དག་དང་། །ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་སོ། །དེ་ལྟར་ན་ཐབས་ཀྱིས་ཤེས་རབ་སྒྲིབ་པ་དང་ཤེས་རབ་ཀྱིས་ཐབས་ཁྱད་དུ་གསོད་པ་མ་ཡིན་པར་གཉིས་ཀ་འགལ་མེད་ཟུང་འཇུག་ཏུ་ལམ་དུ་ཁྱེར་བ་དེ་ཡིས་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་དག་དབྱར་གྱི་མཚོ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། ས་བཅུ་དང་ལམ་ལྔའི་རིམ་པ་མ་ལུས་པ་ཀུན་ཀྱང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་བདེ་བླག་ཏུ་བགྲོད་ཅིང་མཐར་སོན་པར་འགྱུར་ཏེ། སྡོམ་འབྱུང་ལས། ཤེས་རབ་ཐབས་ནི་མཉམ་སྦྱོར་བས། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པའི། །སངས་རྒྱས་ཀུན་རྣམས་རབ་ཏུ་བཞུགས། །དབྱེར་མེད་རྣམ་པར་ཡང་དག་རིག །གང་གི་གནས་པ་རྡོ་རྗེ་སེམས། །ཇི་སྲིད་རྫོགས་བྱང་ཆུབ་པར་འགྱུར། །ཞཅེས་སོ། །བོགས་འདོན་གྱི་རིམ་པ་འདི་རྣམས་ཀྱང་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་བསམ་གཏན་ཉམས་སྒྲོན་ལས། ལུང་ཟབ་བླ་མ་ཉམས་ཅན་སྔུན། །བལྟ་དང་ལྟ་འབུལ་ཉམས་བསྡུར་དང་། །མི་རྟག་འཆི་བསམ་བརྩོན་འགྲུས་བསྐྱེད། །གནས་ལུགས་དྲན་པའི་རྩིས་ཟིན་པས། །གསང་སྤྱོད་ཐབས་ལ་བསྟེན་པ་དང་། །ལུང་དང་བདེ་བའི་མན་ངག་དང་། །དམིགས་མེད་སྙིང་རྗེ་གོམས་པ་དང་། །གདམས་པའི་གནད་དང་ཤེས་རབ་ཀྱིས། །རིག་པ་རྩལ་སྦྱོང་ཉམས་བོགས་འདོན། །ཅེས་གསུངས་པ་སོགས་ཀྱི་དོན་རྣམས་སྙིང་པོར་དྲིལ་བའོ། །གསུམ་པ་གང་དུ་མཐར་ཕྱིན་པའི་འབྲས་བུ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། སྦྱངས་པའི་འབྲས་བུ་སོགས་ཚིག་རྐང་གཅིག་སྟེ། དེ་ལྟར་སྦྱང་གཞི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་སྦྱོང་བྱེད་རིམ་གཉིས་ལམ་གྱིས་ཚུལ་བཞིན་སྦྱངས་པའི་འབྲས་བུ་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་སྤང་ཐོབ་མེད་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་རང་སྣང་བའི་ཚུལ་ནི་འདི་ལྟ་སྟེ། ཞེས་སོ། །དེ་ལ་འབྲས་བུའི་ངོ་བོ་བཤད་མ་ཐག་པ་ཉིད་དེ། སྒྱུ་འཕྲལ་བྱེ་བྲག་བསྟན་པ་ལས། །གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བརྟགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་སོ། །ངེས་ཚིག་ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པ་ལྟར། རྣལ་འབྱོར་པས་དོན་དུ་གཉེར་ནས་བསྒྲུབ་པར་བྱ་བ་མཆོག་གི་གྲུབ་པ་མཐར་ཕྱིན་པས་འབྲས་བུ་ཞེས་བརྗོད་པ་དང་། དབྱེ་བ་སྔ་མ་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་རེ་རེ་ལའང་ལྔ་ལྔ་སྟེ་འབྲས་ཆོས་ཉེར་ལྔའི་བདག་ཉིད་འཆད་པར་འགྱུར་བ་ལྟར་རོ། །གཉིས་པ་ནི། རང་དོན་ ནས་ ངང་གིས་འབྱུང༔ ཞེས་གསུངས་ཏེ། འདི་ལ་ལྔ། སངས་རྒྱས་ཀུན་གྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་སྐུ་དང་། གདུལ་བྱ་ལ་ཆོས་དོན་བརྡ་སྤྲོད་པས་གསུང་དང་། བརྟེན་པ་སྙིང་པོ་མི་གཡོ་བས་ཐུགས་དང་། དགོས་འདོད་ཐམས་ཅད་འབྱུང་བས་ཡོན་ཏན་དང་། གཞན་དོན་མཛད་པས་ཕྲིན་ལས་སོ། །དང་པོ་ནི། སྤངས་པ་དང་རྟོགས་པ་ཆེན་པོས་རང་དོན་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཆོས་ཀྱི་སྐུ། སྙིང་རྗེའི་སེམས་ཆེན་པོས་གཞན་དོན་ལྷུན་གྱིས་གྲུབ་པའི་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་དག་པའི་གདུལ་བྱ་རྒྱལ་སྲས་ས་བཅུ་པའི་ངོར་སྣང་སྟོང་ཟུང་འཇུག་ཐུན་མིན་རྒྱུ་འབྲས་ཀྱི་མཚན་དཔེ་དང་ལྡན་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། མ་དག་པའི་གདུལ་བྱ་འགྲོ་བ་དྲུག་གི་མོས་པ་དང་མཐུན་པར་གང་གིས་འདུལ་བ་དེར་སྟོན་གྱི་ཐབས་ལ་མཁས་པའི་ཐུགས་རྗེའི་རོལ་པས་མ་ངེས་སྣ་ཚོགས་སྤྲུལ་པའི་ཚུལ་བཟོ་སྐྱེ་མཆོག་སོགས་སྣང་བ་ནི་སྤྲུལ་པའི་སྐུ། གསུམ་པོ་དེ་དག་གདུལ་བྱ་སོ་སོའི་སྐལ་བ་དང་མཐུན་པར་སྣང་བའི་ཆ་སོ་སོར་མ་འདྲེས་པར་སྟོན་པའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། བྱང་ཕྱོགས་ཀྱི་ཆོས་སོ་བདུན་གྱིས་མཚོན་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ། དོན་དམ་པར་གཟུགས་སྐུ་གཉིས་པོའང་ཐ་དད་རང་རྒྱུད་པར་མེད་ཅིང་དག་པ་གཉིས་ལྡན་སྟོང་པའི་ཆ་ཆོས་ཉིད་འོད་གསལ་འཕོ་འགྱུར་མེད་པའི་དབྱིངས་སུ་སྐུ་གསུམ་དབྱེར་མེད་རོ་གཅིག་པ་ནི་མི་འགྱུར་རྡོ་རྗེའི་སྐུའོ། །གཉིས་པ་ནི། དེ་ལྟར་སྐུ་ལྔ་ཐོབ་ནས་སོ་སོའི་གསུང་ལྔ་པོས་འཁོར་ལ་བརྡ་སྤྲོད་ཅིང་དོན་མཚོན་པར་བྱེད་པ་སྟེ། དེའང་ཆོས་ཉིད་སྨྲ་བརྗོད་དང་བྲལ་བའི་རྣམ་པར་དག་པའི་ཡེ་ཤེས་ཉིད་བསམ་བརྗོད་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནི་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། མེ་ལོང་གིས་བྱད་ཀྱི་དྲི་མ་ངོས་ཟིན་ནས་སེལ་བར་བྱེད་པ་ལྟར་སྐུ་མཐོང་བ་དེ་ཡིས་འཁོར་གྱི་བློ་ལ་དོན་གྱི་བརྡ་འཕྲོད་པའི་ཡེ་ཤེས་མཚོན་པ་ནི་ལོངས་སྐུ་དགོངས་པ་བརྡའི་གསུང་། ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་གདུལ་བྱ་གང་ལ་གང་འདུལ་གྱི་ངོར་སོ་སོའི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཚིག་རེས་དོན་རེ་གོ་བ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། དོན་དུ་ཚིག་གཅིག་མ་གསུངས་ཀྱང་རིགས་དྲུག་སོ་སོའི་སྒྲ་སྐད་དང་མོས་པ་ཇི་ལྟ་དེ་ལྟར་སྣང་ཞིང་དེ་ཐམས་ཅད་ཀྱང་རང་རིག་པར་གསལ་ལ་ཅིར་ཡང་མི་འགག་པའི་ཡེ་ཤེས་ནི་མངོན་བྱང་རིག་པའི་གསུང་། སྒྲ་སྐད་ཐམས་ཅད་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་གྲོལ་བར་གོ་བརྡ་འཕྲོད་པའི་ཡེ་ཤེས་ནི་རྡོ་རྗེའི་གསུང་སྟེ། གསུང་ལྔ་པོ་དེ་རྣམས་ངོ་བོ་བརྡ་སྤྲོད་པར་གཅིག་ལ་བརྗོད་ཚུལ་དང་རྟོག་པ་ཐ་དད་པའོ། །གསུམ་པ་ནི། སྐུ་ལྔའི་སྙིང་པོར་གྱུར་པ་ཐུགས་ལྔ་ནི་བརྟེན་ན་ཡེ་ཤེས་ལྔ་པོ་སྟེ། དེའང་གློ་བུར་གྱི་སྒྲིབ་པ་མཐའ་དག་མ་སྤངས་བྲལ་བའི་རང་བཞིན་རྟོགས་པའི་ཚེ་གཞི་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི་ཅིར་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེའི་ཚེ་སྦྱོར་བ་དོན་གྱི་ཀུན་གཞི་གནས་གྱུར་པ་ལས་གསལ་ལ་མི་རྟོག་པས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དེར་ཤར་ཅིང་། སྒོ་ལྔ་གནས་གྱུར་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཡིད་གནས་གྱུར་པས་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་མཁྱེན་པ་ནི་སོར་རྟོག་ཡེ་ཤེས་གཉིས་ཀྱང་། ཉོན་ཡིད་གནས་གྱུར་བཟང་ངན་བླང་དོར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཟླུམ་པའོ། །དེ་དག་ལས་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས། མཉམ་ཉིད་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས། མེ་ལོང་ཡེ་ཤེས་ནི་མངོན་བྱང་ཅི་ཡང་ས་ལེར་མཁྱེན་པའི་ཐུགས། སོར་རྟོག་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས་སོ། །བཞི་པ་ནི། སྐུ་དེ་རྣམས་ཀྱི་ཡན་ལག་གི་ཆོས་སུ་གྱུར་པ་རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་པ་དང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་རྒུར་རོལ་པའི་རྒྱན་གྱི་ཡོན་ཏན་རྣམས་རྫོགས་པའོ། །དེ་ལ་ཅུང་ཟད་སྤྲོ་ན། ཆོས་སྐུའི་ཞིང་ཁམས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། ལོངས་སྐུའི་ཞིང་ཁམས་རང་གསལ་ལྷུན་གྲུབ་འོད་ཀྱི་འཁོར་ལོ། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ། གཞལ་ཡས་ཁང་ནི་ཆོས་སྐུ་ལ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ། ལོངས་སྐུ་ལ་ལྷུན་གྲུབ་དབྱིངས་ཀྱི་སྣང་བ། སྤྲུལ་སྐུ་ལ་ཡེ་ཤེས་རིན་པོ་ཆེའི་རང་བཞིན། འོད་ཟེར་ལའང་ཆོས་སྐུ་ལ་ཡེ་ཤེས་ལྔའི་འོད་ཟེར། ལོངས་སྐུ་ལ་ཡེ་ཤེས་ཀྱི་རང་གདངས་འོད་ལྔ་རུ་འབར་བ། སྤྲུལ་སྐུ་ལ་སྐུའི་གནས་བ་སྤུའི་བུ་ག་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་འཕྲོ་བ། གདན་ཁྲི་ནི་ཆོས་སྐུ་ལ་ལྟ་བ་ཁ་སྦྱོར། ལོངས་སྐུ་ལ་ཤེས་རབ་ཁ་སྦྱོར། སྤྲུལ་སྐུ་ལ་ཐུགས་རྗེ་ཁ་སྦྱོར་རོ། །རྒྱན་ཆ་ནི་ཆོས་སྐུ་སྐྱེ་མེད་རྣམ་དག་ལ་རྒྱན་གྱི་ཐ་སྙད་མཛད་པ་དང་། ལོངས་སྐུ་ལ་འགག་མེད་རང་གསལ་གྱི་རྒྱན་ཐུན་མོང་མ་ཡིན་པའི་མཚན་དཔེ་སྟེ། དེ་ལ་ཕྱི་ནང་གསང་བ་གསུམ་གསུམ་དུ་དབྱེར་ཡོད་ཅིང་། གཞན་ཡང་ལོངས་སྐུ་རྟགས་ཀྱི་རྒྱན་བཅུར་གྲགས་པ། དབུ་རྒྱན། སྙན་རྒྱན། མགུ་ཆུ། དོ་ཤལ། དཔུང་རྒྱན། ཕྱག་གདུབ་གཉིས། ཞབས་གདུབ་གཉིས། སེ་མོ་དོ་དང་བཅུའོ། །སྤྲུལ་སྐུའི་རྒྱན་ཐུན་མོང་གི་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་སྟེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལའང་ཕྱོགས་མཐུན་ཙམ་ཡོད་པས་ཐུན་མོང་གི་མཚན་དཔེར་བཤད་དོ། །ལྔ་པ་ནི། ལས་དང་ཉོན་མོངས་པའི་རྣམ་པར་རྟོག་པ་དང་ནད་གདོན་སོགས་ཞི་བར་བྱེད་པ་དང་། ཚེ་བསོད་དཔལ་འབྱོར་རང་རིག་པའི་ཡེ་ཤེས་ཀྱི་མངོན་རྟོགས་ཐམས་ཅད་རྒྱས་པར་བྱེད་པ་དང་། རླུང་སེམས་སྣང་བས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་དབང་དུ་མཛད་པ་དང་། ཞི་བས་མི་ཐུལ་པའི་དགྲ་བགེགས་ལོག་འདྲེན་རྣམས་ཐུགས་རྗེ་དྲག་པོར་ཁྲོས་པས་ཚར་བཅད་པ་དང་། གནས་ལུགས་ཇི་ལྟ་བ་མངོན་དུ་གྱུར་པས་མཛད་དང་མཛད་པར་བྱ་བ་གང་ཡང་མི་དམིགས་པའི་ངང་ནས་ཕྱོགས་དང་རིས་སུ་ཆད་པ་མེད་པ་ནི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །དེ་ལྟ་བུའི་ཕྲིན་ལས་ཀྱིས་གདུལ་བྱ་འདུལ་བ་ནི་རྟག་ཁྱབ་ལྷུན་གྲུབ་ཀྱི་བདག་ཉིད་ཅན་ཏེ། ནམ་མཁའ་ཇི་སྲིད་བར་འཁོར་བའི་མཐའ་ཟད་པ་མེད་ཅིང་འཁོར་བ་ཇི་སྲིད་མ་སྟོང་བར་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་མི་མངའ་བར་རྟག་པ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །རྟག་པ་དེའང་ཕྱོགས་རེར་འཇུག་པ་མ་ཡིན་པར་ཇི་སྙེད་ནམ་མཁའི་ཁམས་ཀྱིས་ཁྱབ་པ་དེ་སྙེད་ཀྱི་གདུལ་བྱ་སེམས་ཅན་ཀྱི་ཁམས་ལ་ཕྱོགས་རིས་མེད་པར་ཁྱབ་པ་སྟེ། རྒྱུད་བླ་མར། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་སོ། །གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་དབང་པོ་དང་འཚམས་པར་ཐམས་ཅད་ཀྱི་དོན་མ་ནོར་བར་ཇི་ལྟ་བ་བཞིན་འབད་རྩོལ་མེད་པར་ངང་གིས་འབྱུང་བ་ལྷུན་གྱིས་གྲུབ་པ་སྟེ། རིམ་གསུམ་ལས། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་བུ་ལྟར་སྣང་བའོ། །ཞེས་སོ། །བཞི་པ་མན་ངག་གི་དགོས་འབྲེལ་བསྟན་པ་ནི། དེ་ལྟར་ ནས་ མྱུར་རྫོགས་བྱེད། ཅེས་གསུངས་ཏེ། སྔར་རྒྱས་པར་བསྟན་པ་དེ་ལྟར་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་འདམ་ཁྲོད་ན་གནས་པའི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གདོད་ནས་རང་བབས་སུ་བཞུགས་པ་ལ། སྦྱོང་བྱེད་ཐུན་མོང་དང་ཐུན་མོང་མ་ཡིན་པ་རིམ་པ་གཉིས་ཀྱིས་བསྡུས་པའི་རྣལ་འབྱོར་ཆུ་དང་འདག་རྫས་ལྟ་བུའི་ལམ་གྱིས་མཚམས་སྦྱར་ནས། སྦྱང་བྱ་མེད་སྣང་གཉིས་འཛིན་གློ་བུར་གྱི་དྲི་མ་རགས་པ་འདམ་རྫབ་ལྟ་བུ་སྦྱངས་ཤིང་ཕྲ་བ་ས་བོན་བག་ཆགས་དང་བཅས་པའང་སྤངས་ཏེ། སྦྱངས་པའི་འབྲས་བུ་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་ཏེ་ཡིད་བཞིན་གྱི་ནོར་བུ་དྲི་མ་ཐམས་ཅད་དང་བྲལ་བ་ལས་འདོད་རྒུ་འབད་མེད་དུ་འབྱུང་བ་བཞིན་རང་དང་གཞན་གྱི་དོན་རྩོལ་བ་མེད་པར་མྱུར་དུ་རྫོགས་པར་བྱེད་པའོ། །དེ་ལ་དགོས་འབྲེལ་གྱི་ངོ་བོ་ནི། མཚོན་བྱ་མཚོན་བྱེད་ཡོད་པ་ལས་དགོས་པ་དང་ཉིང་དགོས་ཤུགས་ལས་གྲུབ་པའོ། །ངེས་ཚིག་ནི། དགོས་སོགས་ཆོས་བཞི་ཡོད་པ་དེ་དག་ཕན་ཚུན་གཅིག་ལ་གཅིག་ལྟོས་སུ་འབྲེལ་ཞིང་། མཐར་ཐུག་འབྲས་བུ་བསྒྲུབ་པ་ལའང་དེ་དག་མེད་ན་མི་འབྱུང་གི་འབྲེལ་པར་གྲུབ་པའོ། །དབྱེ་ན། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་བཟུང་། །ཞེས་པ་ལྟར་བརྗོད་བྱ། རྗོད་བྱེད། དགོས་པ། ཉིང་དགོས་བཞི། དེ་ལའང་གྲོལ་ལམ་དབང་བཙན་དུ་བྱས་ན། སྔར་སྨོས་པའི་སྦྱང་གཞི་བདེ་གཤེགས་སྙིང་པོ་ནི་མཚོན་བྱ་རང་བཞིན་གཞིའི་རྒྱུད་དེ་བརྗོད་བྱ། སྦྱོང་བྱེད་ལམ་གྱི་རིམ་པ་བརྡར་བཏགས་ཡི་གེ་དང་བཅས་པ་ནི་མཚོན་བྱེད་ལམ་རྐྱེན་ཏེ་རྗོད་བྱེད། དེ་ལ་ཐོས་བསམ་བྱས་པས་བརྗོད་བྱ་དོན་སྤྱིའི་ཚུལ་དུ་གོ་བ་ནི་དགོས་པ། དེ་ལྟར་ཤེས་པའི་དོན་བསྒོམས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པ་ནི་ཉིད་དགོས་སོ། །ཐབས་ལམ་དབང་བཙན་དུ་བྱས་ན། ལྷན་སྐྱེས་ཡེ་ཤེས་གདོད་ནས་རང་ལ་རང་ཆས་སུ་བཞུགས་པ་ནི་བརྗོད་བྱ། དེ་རྟོགས་བྱེད་ཐབས་ཀྱི་མན་ངག་གླེགས་བམ་དང་བཅས་པ་ནི་རྗོད་བྱེད། དེ་དོན་ཉམས་སུ་བླངས་པས་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ནི་དགོས་པ། དེ་གོམས་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཡེ་ཤེས་མངོན་དུ་བྱས་པ་ནི་ཉིང་དགོས་སོ། །འབྲེལ་བའི་དོན་ཀྱང་། བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དང་། དགོས་པ་ཉིང་དགོས་གཉིས་དེ་ལས་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གི་འབྲེལ་བར་གྲུབ་པ་ཡིན་ནོ། །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལ་གཉིས། མན་ངག་འདི་ཤིན་ཏུ་ཟབ་པར་གདམས་པ་དང་། འཁོར་ལ་གཏད་པ་སྨོན་ལམ་དང་བཅས་པའོ། །དང་པོ་ནི། རྒྱུ་འབྲས་ ནས་ གཤེགས་ཤུལ་འདི༔ ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཇི་སྐད་བསྟན་པའི་ཞལ་གདམས་མན་ངག་ལམ་གྱི་རིམ་པ་ཁྱད་གཞིའི་གཞུང་ཉིད་ནི། རྒྱུ་ལམ་དུ་བྱེད་པ་ཕར་ཕྱིན་གྱི་ཐེག་པ་དང་འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཚུལ་རྒྱ་མཚོ་ཆེན་པོའི་ཡང་བཅུད་བདུད་རྩིའི་གོང་བུ་ལྟ་བུ། ཁྱད་པར་དུའང་རྒྱུད་ལ་མ་ཧཱ་ཨ་ནུ་མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་གྱི་དགོངས་པའི་མཐིལ་དུ་ཐུག་པ། འཆད་པའི་ཚུལ་མདོ་སྔགས་ཀྱི་ཆོས་སྒོ་ཀུན་དང་མཐུན་ལ་དོན་ཟབ་ཅིང་འདྲིལ་ལ་མ་ཚང་བ་མེད་པའི་ཕྱིར་ཀུན་ལས་ཁྱད་པར་དུ་འཕགས་པ་ཐེག་རིམ་ཀུན་གྱི་སྐྱེལ་ས་གནད་གཅིག་ཏུ་འདྲིལ་བ་ཡེ་ཤེས་སྙིང་པོའི་ལམ་རིམ་ཟབ་མོ་འདི་ལ་བརྟེན་ནས། མིག་འཕྲུལ་གྱི་སྣང་བ་ལྟ་བུར་དཀའ་བ་མེད་ཅིང་མྱུར་བ་ཁོ་ནར་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་བྱེད་པའི་ཐབས་བླ་ན་མེད་པར་གྱུར་པ་ཡིན་ལ། ཁྱད་ཆོས་ཡོན་ཏན་གཞུང་འདི་ཉིད་སྐལ་པ་དང་ལྡན་པ་གང་དག་གིས་མཐོང་བ་ཙམ་གྱིས་བྱིན་རླབས་ཀྱི་ཟིལ་དང་གཟི་བརྗིད་ཆེན་པོ་རང་ཤུགས་ཀྱིས་འབེབས་པ་དང་། སློབ་དཔོན་གྱིས་བཤད་པའི་ཚིག་རྣ་བར་ཐོས་པ་ཙམ་གྱིས་དོན་སྤྱི་གོ་ཞིང་དེ་ལ་རྟོགས་དཔྱོད་གྱི་བསམ་པས་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཀློང་ནས་བརྡོལ་བ་དང་། རྣམ་པར་གཡེང་བ་སྤངས་ཏེ་ཟླ་བ་དྲུག་ཏུ་འདིའི་དོན་རྩེ་གཅིག་ཏུ་བསྒོམས་པས་རྡོ་རྗེ་མི་ཕྱེད་པ་གསུམ་གྱི་ཡེ་ཤེས་ཆེན་པོ་རང་བཞིན་གྱིས་ཤར་བར་ངེས་པ་སྟེ། ཁྱད་པར་དེ་ལྡན་གྱི་གཞུང་འདི་ཚུལ་ཇི་ལྟར་ན། ཀ་དག་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ལྷུན་གྲུབ་ལོངས་སྐུ་རྡོ་རྗེ་སེམས་དཔའ། ཟུང་འཇུག་སྤྲུལ་སྐུ་པདྨ་འབྱུང་གནས་གསུམ་པོ་དོན་དམ་གྱི་དབྱིངས་ལ་ཐ་དད་དུ་དབྱེ་བ་བྱར་མེད་ཅིང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ལྷུན་གྱིས་རྫོགས་པའི་ཕྱིར་ན། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིགས་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ཞེས་གསུངས་པ་ལྟར་ཚད་དང་མུ་མེད་པའི་རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་ཀུན་གྱི་འཕྲོ་གཞིར་གྱུར་པས་རྒྱུད་སྟོན་པ་པོ་དང་དེའི་བསྟན་པ་ཟབ་གསང་སྙིང་པོའི་དོན་གྱི་རྒྱུད་ལུང་རྣམས་དང་། དེའི་ཟབ་གནད་ལག་ལེན་ཏུ་དྲིལ་པའི་མན་ངག་ཉིད་ཀྱང་ཐ་དད་རང་མཚན་དུ་མ་གྲུབ་པར་ངོ་བོ་ཆོས་སྐུ་གཅིག་གི་རང་སྣང་ཉིད་ཡིན་ཀྱང་། རྣམ་པ་ཙམ་དུ་ཛམ་བུས་མཚན་པའི་གླིང་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་འབྱུང་ཞིང་འདིའི་གདུལ་བྱ་རྣམས་ཐར་པར་དྲང་བའི་སླད་དུ། ནུབ་ཕྱོགས་ཨོ་རྒྱན་དྷ་ན་ཀོ་ཥའི་མཚོ་གླིང་དུ་ངོ་མཚར་པདྨའི་སྡོང་པོ་ནས་བརྫུས་ཏེ་བྱུང་བ་དང་། ཨོ་ཌཱི་ཡ་ནའི་ཡུལ་སོགས་སུ་རིགས་མཆོག་གི་མངལ་དུ་སྐྱེས་པ་སོགས་གཞན་སྣང་འཆར་ཚུལ་གཅིག་ཏུ་མ་ངེས་པར་ཐ་དད་པས་མཛད་པའི་ཆོ་འཕྲུལ་བཅུ་གཅིག་དང་བརྒྱ་རྩ་ལ་སོགས་བ་ཅིར་ཡང་སྟོན་པའི་སྐབས་སུ་བབ་པ་དེའི་ཚེ་ན། འཕགས་ཡུལ་ཤར་ཕྱོགས་བཀྲ་ཤིས་མཱ་ར་ཏའི་ཀའི་བྲག་ཕུག་ཏུ་ཚེ་ལམ་གྱི་ཕྱག་རྒྱ་མནྡར་བ་ལ་རྟེན་བྱས་ཏེ་འཆི་མེད་ཚེའི་རིག་འཛིན་བསྒྲུབས་པའི་དུས་བཅོམ་ལྡན་འདས་ཚེ་དཔག་མེད་མགོན་དངོས་སུ་བྱོན་ནས་བསྐལ་པ་མ་སྟོང་གི་བར་དུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་བཞུགས་པའི་དབང་བསྐུར་ཞིང་རྒྱུད་དང་གདམས་ངག་དཔག་ཏུ་མེད་པ་བསྩལ་པ་དང་། བལ་ཡུལ་ཡང་ལེ་ཤོད་བཀྲ་ཤིས་བའི་ནགས་ཚལ་བྱང་ཆུབ་དམ་པའི་གླིང་དུ་ཡང་དག་གྲུབ་པ་གཅིག་པུའི་རྣལ་འབྱོར་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་སྒྲུབ་བའི་ཚེ་དཔལ་ཆེན་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྐུར་རང་བྱུང་ཆོས་ཉིད་རྡོ་རྗེའི་རང་སྒྲས་པདྨ་སཾ་བྷ་བ་བདག་ལ་དངོས་སུ་བསྩལ་པའི་རྒྱུད་དང་གདམས་པ་མཐའ་ཡས་པ་དེ་དག་ཀུན་གྱི་ཡང་ཞུན་བཅུད་དུ་དྲིལ་བའང་ལམ་རིམ་ཟབ་མོ་འདི་ཁོ་ན་ཡིན་ལ། སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ། ཡེ་ཤེས་སྐུ་ཅན་ཤྲཱི་སིཾ་ཧཾ། ཀློང་དགུའི་ཡེ་ཤེས་དཔལ་ཆེན་པོ་བརྒྱད་ཀྱི་གོ་འཕང་གྲུབ་པ་རྡོ་རྗེའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད་ལ་སོགས་པ་གྲུབ་པ་མཆོག་གི་ས་ལ་བཞུགས་པ་རྣམས་ལས་ཐུན་མོང་ཁྱད་པར་གྱི་ལམ་རིམ་མཐའ་ཡས་པ་ནོས་པའི་ཚུལ་བསྟན་པ་དང་། ཕན་ཚུན་དུ་དམ་པ་ཆོས་ཀྱི་བཀའི་འགྲོ་བ་ཆེན་པོ་མཛད་ནས་རྟོགས་པའི་གདེང་ཚད་དང་ལྟ་དགོངས་ཀྱི་ཉམས་མྱོང་ཟབ་མོ་བསྡུར་ནས་གཏན་ལ་ཕབ་པའི་གནད་ཀྱི་མདོ་བྱང་ཡང་འདི་ལས་གཞན་དུ་མེད་ཅིང་། འཕགས་ཡུལ་ནུབ་ཕྱོགས་གསང་ཆེན་འབྱུང་གནས་ཨོ་རྒྱན། ལྷོ་ཕྱོགས་སངས་རྒྱས་འབྱོན་པའི་གནས་རྒྱ་གར། བྱང་ཕྱོགས་ཐུགས་རྗེ་ཆེན་པོའི་གདུལ་ཞིང་བོད་ཡུལ་ལ་སོགས་པ་ཛམ་གླིང་གི་ཡུལ་གྲུ་མཐའ་དབུས་སིངྒ་དང་འགྲོ་ལྡིང་སོགས་གླིང་ཕྲན་རྣམས་སུ། བླ་མ་གུ་རུ་རིན་པོ་ཆེ་ཉིད་ཀྱི་སྒྲུབ་ཐབས་ཆེ་ཆུང་མཐའ་ཡས་པ་རྫོགས་པ་ཆེན་པོ་ཕ་མ་གཉིས་འབྲེལ་གྱི་རྒྱུད་དང་འབྲེལ་བའི་གདམས་ཟབ། ཐུགས་རྗེ་ཆེན་པོ་ཞི་ཁྲོའི་བསྐྱེད་རྫོགས་གྲངས་ལས་འདས་པ་སྟེ་སྐལ་ལྡན་གཅིག་མི་ཚེ་གཅིག་གིས་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་ཟབ་སྙིང་པོར་དྲིལ་བ་དེ་གསུམ་དང་། སྒྲུབ་སྡེ་ཆེན་པོ་བརྒྱད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་སོ་སོར་སྒྲུབ་པའི་ཐབས་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་འབྱམས་སུ་ཀླས་པ་བསྐོར་བ་དེ་དག་ཀུན་གྱི་ཟབ་དོན་གཅིག་ཏུ་བསྡུས་ཤིང་མ་ནོར་བའི་ལམ་མཆོག་ཀྱང་འདི་ཉིད་ཁོ་ན་ཡིན་ནོ། །མདོར་བསྡུ་ན་རྗོད་བྱེད་ཚིག་ཚོགས་ཉུང་ཡང་བརྗོད་བྱའི་དོན་མ་ཚང་པ་གང་ཡང་མེད་པར་གནད་དུ་འདྲིལ་ཞིང་། རྡོ་རྗེའི་ཚིག་གིས་མ་བཅིངས་པར་ཞལ་གདམས་རྗེན་ཕྱུངས་སུ་བསྟན་པས་གོ་སླ་བ། མང་ཉུང་རན་པས་རྒྱུན་ཏུ་ཁྱེར་བདེ་བ། ལྟ་སྒོམ་སྤྱོད་པ་ཡན་ལག་བཅས་མ་ཚང་བ་མེད་པས་གཞུང་གཞན་ལ་མ་ལྟོས་པར། དབང་པོ་དམན་པ་ཉན་རང་། འབྲིང་པོ་བྱང་སེམས། དབང་མཆོག་རྡོ་རྗེ་ཐེག་པ་དག་གི་རང་ལམ་ཡོངས་སུ་རྫོགས་པའི་ཕྱིར་ན། སྡེ་སྣོད་གསུམ་དང་ཐེག་དགུའི་སྙིང་པོ་མཐར་ཐུག་པའི་ཞལ་གདམས་འདི་ལས་ལྷག་པ་གཞན་གང་དུ་བཙལ་ཡང་མ་མཆིས་སོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་བདག་ཉིད་གསུང་རྡོ་རྗེ་པདྨ་སཾ་བྷ་བའི་གསང་ཆེན་ཐུགས་ཀྱི་ཐིག་ལེ་ཡེ་ཤེས་ལྔ་ལྡན་གྱི་རང་འོད་གསལ་བའི་དབྱིངས་ལས། མི་ཤིགས་ནཱ་དའི་དྭངས་མ་ཆོས་ཉིད་རྡོ་རྗེའི་རང་སྒྲའི་རྒྱུད་ཀྱི་རྒྱལ་པོར་རང་བྱུང་བ། འདས་པ་དང་ད་ལྟར་དང་མ་བྱོན་པའི་དུས་གསུམ་གྱི་སངས་རྒྱས་སྟོབས་བཅུ་མངའ་བ་ཀུན་གཤེགས་ཤིང་གཤེགས་ལ་གཤེགས་པར་འགྱུར་བའི་ཤུལ་ལམ་ཆེན་པོ་འདི་ནི། ཞེས་ཟབ་གཉན་གཅེས་པའི་གདམས་པ་ལ་དངོས་པོ་ངེས་བཟུང་དུ་བསྟན་པའོ། །གཉིས་པ་ནི། མངའ་བདག ནས འགྲུབ་པར་ཤོག༔ ཅེས་གསུངས་ཏེ། མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་དང་ལྷ་སྲས་སྐུ་མཆེད་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་དག་པས་གདམས་ཟབ་བདུད་རྩི་སྦྱིན་པའི་སྣོད་དང་ལྡན་ཅིང་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལས་རྫོགས་པ་ཆེན་པོའི་ལྟ་དགོངས་མཐར་ཕྱིན་པ་ཨོ་རྒྱན་བདག་དང་དགོངས་པའི་རྟོགས་ཚད་མཉམ་པ་དང་། ཐུགས་ཟིན་གྱི་གཟུངས་མ་དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་མ་གུ་རུ་ཉིད་ལ་སྒོ་གསུམ་གུས་པ་ཆེན་པོས་ཞབས་ཏོག་ཕུལ་དུ་ཕྱིན་པས་མཉེས་པ་རྣམ་གསུམ་འགྲུབ་པའི་ཕྱིར། ཆོས་རྒྱལ་ཡབ་སྲས་དག་པའི་སྣོད་ལྡན་དུ་གྱུར་ཅིང་ལོ་ཙཱ་ཆེན་པོ་སྐལ་པ་མཆོག་དང་ལྡན་ལ་ཡེ་ཤེས་མཚོ་རྒྱལ་རྒྱུད་ལུང་ནས་འབྱུང་བའི་མཚན་ཉིད་དང་ལྡན་པ་སྟེ། དངོས་སུ་སྨིན་པ་གསུམ་ལྡན་ལྷན་ཅིག་པའི་འཁོར་འདུས་པ་རྣམས་དང་། བརྒྱུད་ནས་གོ་ཕྱེ་བའི་འཁོར་མ་འོངས་པའི་གང་ཟག་སྣོད་ལྡན་སྐལ་ལྡན་མཚན་ལྡན་གྱི་ཚོགས་རྣམས་ལ་གཉེར་དུ་གཏད་པ་ཡིན་པས། བཏང་སྙོམས་ངང་དུ་ཡལ་བར་མ་དོར་བར་གཅེས་ཚད་སྲོག་དང་ཕོངས་ཚད་མིག་འབྲས་ལྟར་བཙའ་བས་རྟག་པ་སྙིང་གི་དབུས་སུ་དྲན་པའི་གཟུངས་ཀྱིས་མ་བརྗེད་པར་ཟུངས་ཤིག །དེར་མ་ཟད་གཞུང་འདི་ཡི་གེར་བཀོད་ནས་ཡང་དང་ཡང་དུ་ལྟོས་ལ་ཇི་སྐད་བསྟན་པའི་ལམ་འདིར་ཞུགས་པ་དང་འདི་ཉིད་གཞན་ལ་རྒྱ་ཆེར་བཤད་པ་དང་རང་གིས་བརྩོན་པས་འདིའི་དོན་ཉམས་སུ་ལོངས་ངེས་པར་སྒྲུབས་ཤིག །ཅེས་ཟབ་མོའི་བཀའི་གཏད་གཉེར་ཕྱི་ཚིག་ནན་ཐག་ཏུ་བསྡམས་ནས། གོང་དུ་བསྔགས་པ་བརྗོད་པ་དོན་དང་ལྡན་པའི་གདམས་པ་ཁྱད་པར་ཅན་འདི་ལ་བརྟེན་ནས། དེ་ལྟར་དང་མ་འོངས་པ་ན་མཐའ་ཡས་པའི་གདུལ་བྱ་དངོས་དང་བརྒྱུད་ནས་མཐོང་ཐོས་དྲན་རེག་གིས་འབྲེལ་བར་གྱུར་བ་དེ་ཀུན་གཅིག་ཀྱང་མ་ལུས་པར། རང་བྱུང་གདོད་མའི་སངས་རྒྱས་ཡེ་ཤེས་སྙིང་པོའི་འབྲས་བུ་དུས་གཞན་དུ་མི་ལྟོས་པས་ཚེ་འདིར་ཁོ་ནར་འགྲུབ་པར་ཤོག་ཅིག །ཅེས་སྨོན་ལམ་དུ་མཛད་པ་སྟེ་རྡོ་རྗེའི་གསུང་ནམ་ཡང་བསླུ་བ་མེད་པས་དེ་ལྟར་འགྲུབ་པའང་ཡང་དག་ངེས་པའི་ཚད་མའོ། །རྩ་བའི་བཞི་པ་མཇུག་གི་དོན་ལ་གཉིས། གཞུང་ཡང་དག་པར་གྲུབ་པའི་ཚིག་གིས་མཇུག་བསྡུ་བ་དང་། དེ་ལྟར་གྲུབ་པའི་གཞུང་ཉིད་སྔོན་དང་ཕྱི་མར་དར་བའི་ཚུལ་ལོ། །དང་པོ་ནི། ཅེས་ཐུགས་ཀྱི་མཛོད་ནས་དམ་པར་བཞུགས་སོ༔ ཞེས་གསུངས་ཏེ། དེ་སྐད་ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་སྤྱི་གཟུགས་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པའི་སྙིང་པོ་ཕྱུང་། གསང་བ་ཡེ་ཤེས་ཆེན་པོའི་མཛོད་བརྟོལ་ནས་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་ཚངས་པའི་དབྱངས་ཀྱི་མདོ་སྔགས་གདམས་པ་ཟབ་རྒུའི་ཡང་ཞུན་དུ་དྲིལ་ནས་བཀའ་བསྩལ་པས་ཐམས་ཅད་དགྱེས་པ་ཆེན་པོའི་ཚིམས་པའི་མདོངས་གསོལ་དུ། ངོ་མཚར་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་རོལ་བ་དང་། རྣམ་པར་ཐར་པའི་བཀོད་པ་མཐའ་ཡས་པ་འདུས་པའི་ཚོགས་ཀྱི་དབང་པོའི་སྤྱོད་ཡུལ་དུ་སྣང་བར་མཛད་པ་དང་བཅས་ཏེ་སྟོན་འཁོར་དགོངས་པ་མཉམ་ཉིད་དུ་གྱུར་ནས་གུ་རུ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་སྟུག་པོ་བཀོད་པའི་རྒྱན་མཆོག་དམ་པར་དུས་བཞིར་འཕོ་འགྱུར་མི་མངའ་བར་བཞུགས་སོ། །ས་མ་ཡ༔ ཞེས་པ་དོན་མང་པོར་འཇུག་ཀྱང་འདིར་གཞུང་ཟབ་པའི་ཕྱིར་སྣོད་མིན་ལ་གསང་བ་དང་། རྡོ་རྗེའི་ཚིག་མི་འགྱུར་བའི་དམ་ཚིག་གི་རྒྱའོ། །གཉིས་པ་ལ་གཉིས། སྔོན་གྱི་སྐལ་ལྡན་རྣམས་ཀྱིས་བཟུང་ཚུལ་དང་། མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པའི་ཚུལ་ལོ། །དང་པོ་ལ་གསུམ། བཀའི་བསྡུ་བ་ཇི་ལྟར་བྱས་ཚུལ། དེས་འགྲོ་དོན་འབྱུང་ཚུལ། དེ་ཉམས་སུ་བླང་ཚུལ་ལོ། །དང་པོ་ནི། དེ་ལྟར་བཀའ་བསྩལ་པ་སོགས་ནས། གྭའུར་འཆང་སྟེ་གནས་སོ༔ ཞེས་པའི་བར་གྱིས་རྡོ་རྗེའི་གསུང་མཐའ་དག་གི་བཀའི་སྡུད་པ་པོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་ཐུགས་སུ་བཟུང་སྟེ་བསམ་སྒོམ་གྱིས་གཏན་ལ་ཕབ། དེ་ཙམ་དུ་མ་བཞག་པར་ཆོས་རྒྱལ་ཡབ་སྲས་ལོ་ཆེན་བཻ་རོ་བཅས་ལྷན་ཅིག་ཐོས་པའི་འཁོར་རྣམས་དང་དགོངས་པ་བསྡུར་གྱི་ཚིག་དོན་ལྷག་ཆད་མེད་པའི་ཞུ་ཏིག་མཛད་ནས་མཁའ་འགྲོའི་བརྡ་ཡིག་ཏུ་བཀོད་ཅིང་ཐུགས་དམ་དུ་འབྲལ་མེད་བཅངས་བར་བསྟན་པའོ། །གཉིས་པ་ནི། ནམ་ཞིག་གི་ཚེ་ནས་མི་སྣང་བར་གྱུར་ཏོ༔ ས་མ་ཡ༔ ཞེས་པའི་བར་གྱིས། དག་པའི་འཁོར་རྣམས་མགྲིན་གཅིག་ཏུ་གདམས་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱ་བ་ཞུས་པའི་ལན་དུ་གུ་རུ་རིན་པོ་ཆེས་རྣམ་ཐར་མདོར་བསྡུས་པས་ཐོག་གྲངས། སྤྱིར་མཛད་པའི་ཆོ་འཕྲུལ་མཐའ་ཡས་པ་དང་བྱེ་བྲག་གངས་ཅན་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་མཛད་པ་བསམ་ཡས་རབ་འབྱམས་སུ་བསྟན་པའི་ཚུལ་དང་། ཁྱད་པར་བདུད་འཇོམས་རྡོ་རྗེ་དྲག་པོའི་རྩལ་གྱི་སྐུར་བཞེངས་ནས་ཟབ་རྒུའི་གདམས་བཅུད་ཡེ་ཤེས་སྙིང་པོ་ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་མ་འོངས་གདུལ་བྱའི་དོན་དུ་ཟབ་མོ་དོན་དུ་སྦ་བར་གདམས་པ་དང་། གཏེར་གནས་འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་མཆོག་གི་སྐུར་བསྟན་ཏེ་གཅིག་ལས་དུ་མར་འཕྲུལ་བའི་ཚུལ་གྱིས་དམ་སྲིད་གདུག་པ་ཅན་བཏུལ་བའི་གནས་སྟག་ཚང་མིང་ཅན་བཅུ་གསུམ་ཡོད་པའི་ཡ་གྱལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་རྒྱུད་སྦས་གནས་ཆེན་པོ་རྡོ་རྗེ་ཟིལ་ཁྲོམ་གྱི་འདབ་ཞོལ་རོང་རྨེ་དཀར་མོ་སྟག་ཚང་གི་གནས་ཀྱི་བཞུགས་ཚུལ་ཆེ་བརྗོད་ཕན་ཡོན་དང་བཅས་པ། དེར་སྐུ་གསུང་ཐུགས་རྟེན་སོགས་ཇི་ལྟར་སྦ་བའི་ཚུལ། གང་ལ་བཅོལ་གདམས་བྱ་བའི་གཏེར་སྲུང་། སྦས་པའི་གཏེར་དེ་འབྱིན་པའི་དུས་ཚོད། འདོན་པའི་སྐྱེས་བུ། གདམས་པའི་སྣོད་ལྡན། དེ་ལ་བརྟེན་ནས་ཕྲིན་ལས་འབྱུང་ཚུལ། སྐྱེས་བུ་དམ་པའི་རྣམ་ཐར་མ་ངེས་པ་སྐྱོང་ཚུལ། ལམ་རིམ་འབྲི་ཀློག་འཆད་ཉན་གྱི་ཕན་ཡོན། ཞར་བྱུང་བོད་ཁམས་བདེ་བའི་རིམ་གྲོ་ཇི་ལྟར་སྒྲུབ་པའི་ཚུལ་ཡོན་ཏན་དང་བཅས་པ་གསལ་བར་བསྟན་མཐར་བཀའ་བསྩལ་པ་ལ་རྗེས་སུ་ཡི་རང་ཞིང་དད་གུས་ཆེན་པོས་མཆོད་བསྟོད་ཕུལ་ཏེ་སྨོན་ལམ་བཏབ་པས་གུ་རུ་རིན་པོ་ཆེས་མཐུན་འགྱུར་བསྩལ་ཅིང་བཀྲ་ཤིས་པའི་མཚན་ལྟས་རྒྱ་ཆེར་སྣང་བ་དང་། རིག་འཛིན་མཁའ་འགྲོ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བསྟན་པ་འདི་ཉིད་སྲུང་ཞིང་སྐྱོང་བའི་དམ་བཅའ་ཕུལ་བ་བཅས་བསྟན་ཏོ། །གསུམ་པ་ནི། དེ་ནས་ཇི་ལྟར་ནས་གནས་པ་ན༔ ཞེས་པའི་བར་གྱིས་དག་པའི་འཁོར་དེ་རྣམས་ཀྱིས་གཞུང་འདི་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་པར་མཛད་ནས་ཚིག་དོན་ཆ་ཚང་བའི་དཔེ་རྒྱུད་གཞན་ལ་མ་བསྟན་པར་མགུལ་དུ་འཆང་། སྙན་བརྒྱུད་དུམ་དུམ་ཁྲིགས་ཅི་རིགས་པ་སྐལ་ལྡན་གཞན་ལའང་བསྟན་ཅིང་སྤེལ་བའི་ཚུལ་བཤད། གཉིས་པ་གཏེར་དུ་སྦས་པའི་ཚུལ་ལ་གཉིས། སྦས་ཚུལ་དངོས་དང་། ཞར་བྱུང་དེ་བཏོན་ནས་འགྲོ་དོན་འབྱུང་ཚུལ་ལོ། །དང་པོ་ནི། ནམ་ཞིག་གུ་རུ་རིན་པོ་ཆེས་སོགས་ནས། མནྟྲ་གུ་ཧྱ་ས་མ་ཡ༔ ཞེས་པའི་བར་གྱིས། ཡེ་ཤེས་ཌཱ་ཀིའི་རྗེ་མོ་མཚོ་རྒྱལ་མས་གུ་རུ་སྲིན་པོའི་ཁ་གནོན་དུ་གཤེགས་པའི་རྗེས་བོད་ཁམས་མཐའ་དབུས་ཀུན་ཏུ་གཏེར་ཞབས་བསྡམས་པའི་དུས་སུ་སྔགས་སྲུང་རལ་གཅིག་མས་རྗེས་སུ་བསྐུལ་བས་རྐྱེན་བྱས་ཏེ། གུ་རུས་ལུང་བསྟན་པའི་གནས་སུ་རྫུ་འཕྲུལ་གྱིས་སྦས་ཤིང་ཟབ་མོའི་རྒྱ་རིམ་པ་བཅུ་གསུམ་གྱིས་བཏབ་ནས་གཏེར་སྲུང་བདུད་དང་བཙན་གྱི་མགོན་པོ་ལ་གཉེར་དུ་གཏད་ཅིང་རྡོ་རྗེའི་ལུང་དོན་འགྲུབ་པའི་སྨོན་ལམ་མཛད་པ་ན་གུ་རུ་རིན་པོ་ཆེ་སྐད་ཅིག་གིས་བྱོན་ནས་བདེན་ཚིག་དང་རབ་ཏུ་གནས་པའི་ཕྲིན་ལས་མཛད་ཚུལ་རྣམས་བསྟན་ཏོ། །གཉིས་པ་ནི། བཀྲ་ཤིས་པའི་སྔགས་ཚིག་གིས་ཐོག་དྲངས། མཁས་པའི་གཙུག་རྒྱན་སོགས་ཀྱིས། རྡོ་རྗེའི་ལུང་དོན་ལྟར་འགྲོ་འདུལ་གྲུབ་པའི་རིག་འཛིན་ཆེན་པོ་ལྷན་རྒྱས་པས་འཕྲལ་གྱི་ཁ་བྱང་དང་སྔོན་གནས་རྗེས་དྲན་གྱི་གསལ་སྣང་ལ་བརྟེན། ཟབ་མོའི་གཏེར་རྒྱ་བཀྲོལ་ཏེ་སྦས་པའི་གཏེར་རྣམས་ས་སྟེང་དུ་སྣང་བར་མཛད་པས་སྐལ་ལྡན་སྐྱེས་མཆོག་རྣམས་ཀྱིས་འཛིན་སྐྱོང་སྤེལ་ཏེ་འགྲོ་དོན་མཐའ་རྒྱས་སུ་འཕེལ་བའི་སྒོ་མོ་གསར་དུ་ཕྱེས་པའི་ཚུལ་སྨོན་ལམ་དང་བཅས་བསྟན་པའོ།།  །།ཨོཾ་སྭ་སྟི་སིདྡྷཾ། གང་ཞིག་སངས་རྒྱས་སྙིང་པོ་དྲི་མར་བཅས་པ་རྒྱུ་དང་འབྲས་བུའི་བསྟན་རིམ་གྱིས། །ལེགས་སྦྱོང་ཆོ་ག་གཞུང་ལུགས་གཅིག་ཏུམ་ཚང་མེད་སྟོན་ཤིང་རྟ་ཆེན་པོའི་སྲོལ། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ལས་འཁྲུངས་བྱིས་བློའི་ཡུལ་འདས་རྡོ་རྗེའི་ཚིག་གི་མཛོད། །ཐར་འདོད་འཇུག་ངོགས་གཅིག་པུ་འདིར་ཞུགས་མི་གནས་བྱང་ཆུབ་མྱུར་དུ་མངོན་བྱེད་འགྱུར། །བློ་དམན་སྦྲང་བུའི་བགྲོད་པས་མཁའ་ལམ་བཞིན། །དགོངས་དོན་ཇི་བཞིན་འགྲེལ་བར་ནུས་མིན་ཀྱང་། །གསང་བདག་རིག་འཛིན་བླ་མས་རྗེས་གནང་ཞིང་། །གཞན་དག་འབད་པས་བསྐུལ་ཕྱིར་ཅུང་ཟད་བཀྲོལ། །ཐོས་པའི་ལང་ཚོས་རབ་དྲེགས་སྟོན་ཆེན་གྱི། །དོན་དུ་འགྱུར་མིན་ཐར་པ་དོན་གཉེར་པའི། །དད་བརྩོན་བློ་དམན་རྣམས་ལ་སྙིང་གི་དཔྱིད། །སྟེར་བྱེད་ཡོངས་འདུས་གསར་པའི་སྐྱེད་ཚལ་ལོ། །མ་རྟོགས་ལོག་རྟོག་བློ་ཡིས་ཕྱོགས་བསླད་པས། །མ་བཀྲལ་ལོག་པར་བཀྲལ་སོགས་ནོངས་པའི་སྤྲིན། །གཞུང་བཟང་ཉིན་བྱེད་སྒྲིབ་རྣམས་ཆོས་དབྱིངས་མཁར། །རྩ་གསུམ་ཐུགས་རྗེའི་ཤུགས་ཀྱིས་དེངས་མཛད་གསོལ། ཁེངས་པའི་བློས་མིན་དད་པ་ཁོ་ན་ཡིས། །སྲི་ཞུ་ཕུལ་བའི་དགེ་འབྲས་ཕྲ་མོ་ཙམ། །གང་མཆིས་སྐྱེ་དགུའི་རྨོངས་པའི་མིག་སེལ་ཅིང་། །དྲི་བྲལ་ཡེ་ཤེས་སྤྱན་ཡངས་ཐོབ་ཕྱིར་བསྔོ། །འགྲོ་ཀུན་རྒྱལ་བསྟན་ཡོངས་རྫོགས་བཀའ་སྲོལ་འདིར། །ཐོས་བསམ་སྒོམ་པའི་སྐལ་བ་མཆོག་ལྡན་ཅིང་། །རང་ལམ་མཐར་ཕྱིན་བགྲོད་གཅིག་འབྲས་བུའི་དཔལ། །མྱུར་དུ་ཐོབ་ནས་དོན་གཉིས་ལྷུན་གྲུབ་ཤོག །སྲིད་ན་མཚུངས་མེད་ནོར་བུ་དཔག་བསམ་ཤིང་། །ཉི་ཟླའི་དཀྱིལ་འཁོར་རྒྱས་འདྲའི་གཞུང་འདི་ཡང་། །མི་ཉམས་རབ་འཕེལ་དེ་འཛིན་སྐྱེས་མཆོག་རྣམས། །སྐུ་ཚེ་བརྟན་ཅིང་བཞེད་དོན་ཀུན་འགྲུབ་ཤོག །འདིར་འབྲེལ་ཡོན་ཏན་ཇི་ལྟར་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན། །བདག་གཞན་འབྲེལ་བཅས་དཀའ་བ་མེད་ཐོབ་ཐེག་མཆོག་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་ལས་གྲུབ་གཉིས་འདོད་རྒུའི་ཆར། །འཇིག་རྟེན་གསུམ་ན་ཁྱབ་ཅིང་རྟག་འབེབས་བཀྲ་ཤིས་ཁྱབ་གྱུར་ཅིག །ཅེས་ཐུགས་སྒྲུབ་རྣམ་པ་བཞིའི་རྒྱབ་ཆོས་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་མདོར་བསྡུས་སུ་བྱས་པ་འདིའང་། ཁྱབ་བདག་འཁོར་ལོའི་མགོན་པོ་གཏེར་ཆེན་རིག་འཛིན་བླ་མ་ལྷན་རྒྱས་ནས་བཀའ་ལུང་གི་རྗེས་སུ་གནང་བ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པའི་ཐུགས་སྲས་ཀཾ་ཚང་བསྟན་པའི་གསལ་བྱེད་མཚུར་ཕུ་རྗེ་དཔོན་མཆོག་སྤྲུལ་རྣམ་པ་གཉིས་དང་། མཁྱེན་ལྡན་ཌཱ་ཀི་བདེ་ཆེན་ཆོས་སྒྲོན་ནས་ཀྱང་གསེར་གྱི་མེ་ཏོག་བཅས་རིང་ནས་བསྐུལ་ཅིང་སླད་དུ་གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པ་དང་ལྷན་ཅིག་གསུང་བསྐུལ་གནང་བ་དང་། བྱང་སེམས་དགེ་བའི་བཤེས་གཉེན་ཚྭ་ཉག་བླ་མ་ཤེས་རབ་གཙོར་གྱུར་མོས་ལྡན་གཞན་དག་གིས་ཀྱང་ནན་བསྐྱར་མཛད་པ་ལ་བརྟེན། ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མ་རིན་པོ་ཆེས་བསྩལ་པའི་ས་བཅད་དང་། ཞལ་གྱི་བདུད་རྩི་དངོས་སུ་ཐོབ་པ་ཡིད་ཡུལ་གང་མཆིས་གཙོར་བཟུང་། འཐད་འོས་ཀྱི་ཆ་འགའ་ཞིག་མཁས་པ་གཞན་གྱི་ལེགས་བཤད་ལས་ཀྱང་བླངས་ཏེ་བླུན་སྒོམ་སྤོང་བ་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་སམ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊི་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གོ་སླ་འདུས་གསལ་གྱི་ཚུལ་དུ་བགྱིས་པ་བསྟན་འགྲོར་ཕན་བདེའི་སྣང་བ་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ༈ །ཨོཾ་སྭསྟི། འཆི་མེད་མཚོར་འཁྲུངས་རྒྱལ་བས་སྐལ་བཟང་འགྲོར། །མདོ་སྔགས་ལམ་རིམ་ཡོངས་རྫོགས་ཞལ་གདམས་སུ། །བསྩལ་པའི་གཞུང་བཟང་འཇམ་མགོན་བླ་མ་ཡིས། །རྡོ་རྗེའི་ཚིག་དོན་འགྲེལ་བའི་ལེགས་བཤད་གང་། །ལུང་རྟོགས་མཛོད་འཛིན་མཆོག་སྤྲུལ་རིན་པོ་ཆེ། །དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས། །གཅིག་ལས་དུ་མར་འཆར་བའི་པར་གྱི་འཕྲུལ། །ཙི་ཀེ་ནོར་བུ་གླིང་གི་ཆོས་གྲྭར་བསྒྲུབས། །དེ་དགེ་དུང་དང་ཀུནྡ་ལྟར་དཀར་བས། །གཞི་རྒྱུད་རིགས་སད་ཡང་དག་ལྟ་བ་རྟོགས། །ལམ་རྒྱུད་སྐུ་བཞི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པར་བྱང་སྨོན་ཚིག་ཏུ་ཆོས་སྨྲ་བའི་བནྡེ་བློ་གྲོས་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།

</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>
Line 23: Line 22:
|pagename=Terdzo-SO-002
|pagename=Terdzo-SO-002
|fulltitletib=བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་

|fulltitle=bla ma'i thugs sgrub rdo rje drag rtsal las/_zhal gdams lam rim ye shes snying po'i 'grel pa ye shes snang ba rab tu rgyas pa
|fulltitle=bla ma'i thugs sgrub rdo rje drag rtsal las/ zhal gdams lam rim ye shes snying po'i 'grel pa ye shes snang ba rab tu rgyas pa
|citation=[['jam mgon kong sprul]]. bla ma'i thugs sgrub rdo rje drag rtsal las zhal gdams lam rim ye shes snying po'i 'grel pa ye shes snang ba rab tu rgyas pa. In Rin chen gter mdzod chen mo pod drug bcu re bzhi pa (The Great Treasury of Rediscovered Teachings Volume 64) by 'jam mgon kong sprul, 61-469. New Delhi: Shechen Publications, 2007-2016.

|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition

Line 37: Line 36:
|terma=Yes
|terma=Yes
|parentcycle=bla ma'i thugs sgrub rdo rje drag rtsal

|cycle= rgyab chos zhal gdams lam rim ye shes snying po
|cycle=Zhal gdams lam rim ye shes snying po
|parentcycletib=བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་

|cycletib= རྒྱབ་ཆོས་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་

Latest revision as of 12:53, 4 August 2023

བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་

bla ma'i thugs sgrub rdo rje drag rtsal las/ zhal gdams lam rim ye shes snying po'i 'grel pa ye shes snang ba rab tu rgyas pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  རྒྱབ་ཆོས་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་ (Zhal gdams lam rim ye shes snying po)
parent cycle  བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ (Bla ma'i thugs sgrub rdo rje drag rtsal)
Volume 64 (སྭཱ་) / Pages 61-469 / Folios 1a1 to 205a5

Last Text in Volume
[edit]

༄༅། །གུརོཤྩིཏྟསཱདྷཀབཛྲཀྲོདྷཱཏྲ། སུཁོཔདེཤཔཐཐཱཀྲམཛྙཱནགརྦྷསྱཊཱི ཀཛྙཱནབྷཱསཔྲཕལླནཱམབིཧརཏིསྨི། ༄༅། །བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷ་བའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་དང་རྣམ་པ་ཐམས་ཅད་དུ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །བསམ་གྱིས་མི་ཁྱབ་ནམ་མཁའི་རང་བཞིན་བསམ་ཡས་རྣམ་ཐར་འབྱུང་བའི་གནས། །འཆི་མེད་རྡོ་རྗེ་བདེ་ཆེན་རོལ་པས་ནམ་མཁའ་ཇི་སྲིད་གཞན་དོན་མཛད། །བཀའ་དྲིན་ཟླ་མེད་གུ་རུ་ཡབ་ཡུམ་ལྷ་དང་ཌཱ་ཀི་ཆོས་སྐྱོང་བཅས། །ཡེ་ཤེས་གཅིག་ཉིད་དུ་མའི་ཚུལ་སྣང་རོ་མཉམ་ལྟ་བས་མཇལ་ཕྱག་འཚལ། །བྱང་ཆུབ་སྤྱོད་པ་མཐར་སོན་འབྲས་བུའི་ཆོས། །ལྷུན་རྫོགས་སྒྱུ་འཕྲུལ་དྲ་བའི་རོལ་གར་ནི། །བཀའ་བབས་བདུན་ལྡན་བསྟན་འགྲོའི་སྣང་ཆེན་སྤེལ། །པདྨ་འོད་གསལ་མདོ་སྔགས་གླིང་པར་འདུད། །ཨོ་རྒྱན་རྒྱལ་བའི་ཕྲིན་ལས་ཤིང་རྟ་པ། །གཏེར་འབྱིན་ཀུན་གྱི་མཆོག་གྱུར་འགྱུར་མེད་ཀྱི། །བདེ་ཆེན་དགྱེས་རོལ་གླིང་པའི་མཚན་ཅན་གྱིས། །དུས་གསུམ་ཀུན་ཏུ་མི་འབྲལ་རྗེས་འཛིན་མཛོད། །སངས་རྒྱས་ཆོས་ཀུན་ལམ་གྱི་རིམ་པ་ཡི། །ཉམས་ལེན་ཁོ་ནར་འདུས་ཕྱིར་གསར་རྙིང་གི །གཞུང་ལུགས་ཆེ་ཕྲ་ཐུན་མོང་ཐུན་མིན་གྱི། །གླེགས་བམ་ཕྲེང་བས་གངས་ཅན་ཁོར་ཡུག་གཏམས། །ཀུན་མཐུན་ཀུན་ལས་ཁྱད་འཕགས་ཚེ་གཅིག་གིས། །གདོད་མའི་གྲུབ་མཐའ་མངོན་བྱེད་ཐེག་རྩེའི་ལམ། །ཚང་ལ་གསལ་སྟོན་སྔོན་མེད་ནོར་བུའི་མཛོད། །སྐལ་ལྡན་ཀུན་དགའི་དཔྱིད་དུ་འདིར་དབྱེའོ། །དེ་ལ་འདིར་གང་འཆད་པར་བྱ་བ་ནི། ཐོག་མཐའ་བར་དུ་དགེ་བས་ཤེས་བྱ་ཐམས་ཅད་ཀྱི་མཆོག་དང་ཕུལ་དུ་གྱུར་པ་ལེགས་གསུང་དམ་པའི་ཆོས་རྒྱུ་ལམ་དུ་བྱེད་པ་རྒྱ་ཆེ་བ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་བཞི་ལ་སོགས་པས་འཕགས་པ་འབྲས་བུ་ལམ་བྱེད་ཟབ་མོ་རྡོ་རྗེ་ཐེག་པ་ཕྱི་ནང་གཉིས་ལས་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་ཟབ་དོན་དང་འབྲེལ་པ་ཡིན་ལ། དེའང་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་ཕྲིན་ལས་ཐོག་མར་མཛད་པ་པོ་མཁན་སློབ་ཆོས་གསུམ་སྤྲུལ་པའི་ལོ་པཎ་བརྒྱ་རྩ་འཛོམས་ནས་བསྟན་པ་སྔ་དར་གྱི་དུས་སུ་འགྱུར་བའི་རྙིང་མ་ཞེས་གྲགས་པ་ལ། རྒྱ་ཆེ་བ་བཀའ་མ། ཟབ་མོ་གཏེར་མ། ཉེ་བརྒྱུད་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་མཆིས་པ་ལས། འདིར་ཁྱད་པར་གསུམ་ལྡན་གཏེར་ལས་བྱོན་པའི་ཟབ་ཆོས། རྟོག་གེའི་རིག་པས་མ་བཅོས། ཕལ་ཚིག་གི་བསྲེ་བསླད་མ་ཞུགས། གཞན་ཟེར་གྱི་རྗེས་སུ་མ་ཟློས་པའི་རྡོ་རྗེའི་ཚིག་དང་བྱིན་རླབས་ཀྱི་གཟི་བརྗིད་དང་ལྡན་པའི་གཞུང་ཡེ་ཤེས་སྙིང་པོ་འཆད། དོན་གང་ཞིག་བཤད་ན། སྤྱིར་འཁོར་ལོའི་མགོན་པོ་ལས་ཆོས་ཉིད་ཀྱི་རང་སྒྲར་ཤར་བའི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་མཛོད་ལྟ་བུ་རྣམས་དང་། དེའི་དགོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ལུང་གསང་དོན་རྣམ་པར་འབྱེད་པ་མཛོད་ཀྱི་ལྡེའུ་མིག་ལྟ་བུར་གྱུར་པ་རྣམས་དང་། དེ་དག་གི་གནད་ཀྱི་མན་ངག་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་སྐལ་ལྡན་ཉམས་ལེན་དུ་དྲིལ་བ་རང་སྐལ་ལག་བཅངས་སུ་སྤྲོད་པ་ལྟ་བུ་གསུམ་ལས། འདིར་གནད་གདམས་མན་ངག་གི་གཞུང་། གཞི་ལམ་འབྲས་བུའི་རང་བཞིན་སྤྱི་དང་ཁྱད་པར་ལམ་གྱི་རིམ་པའི་ཉམས་ལེན་མཐའ་དག་མ་སྦས་གསལ་སྟོན་དུ་འཆད། ཇི་ལྟར་འཆད་པའི་ཚུལ་ལ། གསར་རྙིང་གི་རྒྱུད་དང་གདམས་པའི་བཀའ་སྲོལ་འཛིན་པའི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་བཞེད་ཚུལ་མང་དུ་མཆིས་པ་ལས། འདིར་གང་ཟག་སྤྲོས་མེད་ཉམས་ལེན་སྙིང་པོར་དྲིལ་བ་ལ་དགོངས་ཏེ་གསུངས་པའི་གཞུང་ཉིད་ཀྱི་བཞུགས་ཚུལ་གཞིར་བྱས། བཤད་པའི་ཚིག་དང་ལུང་རིག་གི་སྤྲོས་པ་བརྒལ་བརྟག་གི་མཐའ་དཔྱོད་སོགས་རྟོག་གེའི་གཞུང་ལུགས་ཀྱི་རྗེས་སུ་མ་འབྲངས་ཤིང་། མཆོག་གི་རིག་འཛིན་ཁྱབ་བདག་བླ་མའི་ཞལ་ལུང་བདུད་རྩི་དངོས་སུ་ཐོབ་པའི་སྐལ་བ་བཟང་པོ་ཆུད་མ་ཟོས་པར་དཀྱུས་ཀྱི་ས་གཅོད་པ་དང་། གཞུང་དོན་འབྲུ་གཉེར་དུ་དགྲོལ་བ་ཙམ་གྱིས་ཁྱད་པར་འཕགས་པའི་གཞུང་གསང་བ་ཟབ་མོ་ཉིད་དད་ཅིང་མོས་པའི་བློ་ནུས་ཀྱིས་ཇི་ལྟར་དཔོག་པར་འཆད་པར་བྱའོ། །དེ་ལྟར་ན་དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་བའི་སྙིང་ཏིག །བླ་སྒྲུབ་ཟབ་མོ་སྐོར་བཞིའི་རྒྱབ་ཆོས། ཡོ་ག་རྣམ་པ་གསུམ་གྱི་ལྟ་སྒོམ་སྤྱོད་པའི་རིམ་པ་ཡོངས་སུ་རྫོགས་པ་གསལ་བར་སྟོན་པ་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཞལ་དངོས་སུ་བསྙེན་པ་དང་མཚུངས་པའི་ཞལ་གདམས་ལམ་གྱི་རིམ་པ་འདི་འཆད་པ་ལ་བཞི། གཞུང་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་མཚན་བསྟན། ཁུངས་བཙུན་པའི་བརྡ་ཡིག་འགོད་ཅིང་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ། མཚན་དོན་དེ་ལྡན་གྱི་གཞུང་དངོས་ཉིད་བཤད། གཞུང་གྲུབ་པའི་ཚིག་གིས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། མཚན་དངོས་བཀོད། དེའི་དོན་བཤད། མཚན་ལས་བརྩམས་པའི་མཐའ་དཔྱད་དོ། །དང་པོ་ནི། བླ་མའི་ནས་བཞུགས་སོ། །ཞེས་པའོ། །གཉིས་པ་ལ་གཉིས། ཡིག་དོན་སྤྱིར་བཤད། ཁྱད་པར་གྱི་མཚན་དོན་རྒྱས་པར་དབྱེ་བའོ། །དང་པོ་ནི། སྤྱིར་རྒྱུད་མན་ངག་གི་མཐའ་ཅན། མན་ངག་སྒྲུབ་ཐབས་ཀྱི་མཐའ་ཅན། སྒྲུབ་ཐབས་ལག་ལེན་གྱི་མཐའ་ཅན་དུ་གྲགས་པའི་ནང་ཚན་སྒྲུབ་པའི་ཐབས་ལའང་རྩ་བ་གསུམ་དང་འབྲེལ་བའི་སྒྲུབ་ཐབས་མཐའ་ཡས་ཤིང་། རེ་རེ་ལའང་སྤྱི་དང་ཁྱད་པར། རྩ་བ་དང་ཡན་ལག །གནས་སྐབས་དང་མཐར་ཐུག་ལ་དགོངས་པའི་སྒྲུབ་ལུགས་མང་དུ་གསུངས་པ་ལས། འདིར་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་མན་ངག་གི་རྒྱུད་རྣམས་དང་། རིག་འཛིན་འདུས་པའི་རྩ་རྒྱུད་སོགས་ལས་མན་ངག་གནད་ཀྱི་ཉིང་ཁུར་ཕྱུང་བའི་བྱིན་རླབས་རྩ་བ་བླ་མ་གཙོ་བོར་སྒྲུབ་པའི་ཐབས་ཕྱོགས་དུས་རྒྱལ་བའི་ཐུགས་དགོངས་གཅིག་བསྡུས། དུས་གསུམ་རིག་འཛིན་ཡོངས་ཀྱི་ཐུགས་དམ་སྙིང་པོ། གུ་རུ་རིན་པོ་ཆེའི་ཐུགས་ཀློང་ཡེ་ཤེས་ཐིག་ལེའི་བཅུད་ཕྱུངས་པ། ཡང་ཟབ་སྙིང་པོ་གནད་ཀྱི་སྒྲུབ་ཐབས་ཡིན་པའི་ཕྱིར། བླ་མའི་ཐུགས་སྒྲུབ་ཅེས་གསུངས་ཏེ། ཞལ་གདམས་སྙིང་བྱང་ལས། རང་བྱུང་པདྨ་བདག་ཉིད་ཀྱི༔ དགོངས་པའི་ཀློང་ནས་རང་ཤར་བ༔ ཡང་ཟབ་ཐུགས་ཀྱི་སྒྲུབ་པ་ནི༔ ཞེས་དང་། ཨོ་རྒྱན་བདག་གིས་རྒྱུད་ལུང་དང༔ མན་ངག་གཞན་ལ་བརྟེན་ནས་ནི༔ འགྲེལ་བའི་ཚུལ་དུ་མ་བཀྲལ་བར༔ རྒྱུད་ལུང་མན་ངག་ངེས་པའི་དོན༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཐུགས་ཀྱི་ཐིག་ལེར་རབ་བཞུགས་པ༔ ཆོས་ཉིད་རང་སྒྲར་སྣང་བས་ན༔ རྒྱུད་དང་མི་འགལ་ལུང་དང་མཐུན༔ མན་ངག་མྱོང་བས་ཁྱད་འཕགས་པ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཐུགས་སྒྲུབ་ཟབ་མོ་སྐོར་བཞི་བཞུགས་པ་ལ་འདིར་བླ་མ་ཡང་གསང་ལྟར་སྒྲུབ་པའི་ཐབས་རྡོ་རྗེ་དྲག་པོ་རྩལ་གྱི་ཆོས་སྐོར་གྱི་བསྡེབས་སུ་བྱོན་པ། རྗེས་འཇུག་སྐལ་ལྡན་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་ཞལ་གྱི་སྒོ་ནས་གདམས་པ་དང་རྗེས་སུ་གདམས་པའི་ཚུལ་དུ་གསུངས་ཤིང་། ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་ལམ་གྱི་རིམ་པ་མཐའ་དག་ཚང་ཞིང་གསལ་ལ་མདོ་རྒྱས་འཚམས་པ། མཚན་ཡེ་ཤེས་སྙིང་པོ་ཞེས་བྱ་བ་འདིར་བཞུགས་སོ། །ཞེས་པའི་དོན་ཏོ། །གཉིས་པ་ལ་གཉིས། ཚུལ་བཞིའི་སྒོ་ནས་བཤད་པ། གཞི་ལམ་འབྲས་གསུམ་གྱི་དོན་དུ་བཤད་པའོ། །དང་པོ་ནི། སྤྱི་ལས་བྱེ་བྲག་ཏུ་འབྱེད་པའི་མཚན་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཤད་པའི་གཞིར་བྱས། དེ་འཆད་པའི་ཚུལ་ལ། ཡི་གེའི་དོན་ལྟར་ན། སྤྱིར་ཡེ་ཤེས་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ན། ཛྙཱ་ཁོང་དུ་ཆུད་པའི་བྱིངས་དོན་ལས་ཡུལ་ཤེས་བྱ་དང་ཡུལ་ཅན་ཤེས་པ་གཉིས་ཀ་ལ་སྦྱོར་དུ་ཡོད་དེ། ཐབས་ཤེས་གྲུབ་པ་ལས། ཤེས་པས་ཤེས་བྱ་རབ་ཕྱེ་སྟེ། །སྦྱོར་བས་ཡོངས་སུ་བརྟགས་ནས་ནི། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཡེ་ཤེས་དེ་ཉིད་དུ་ནི་བརྗོད། །ཅེས་སོ། །འདིར་དྲི་མས་རྣམ་པར་སྤངས་པའི་མཁྱེན་པ་སངས་རྒྱས་ཀྱི་ཡེ་ཤེས་བསྟན་ལ། རྣམ་བྱང་གི་ཆོས་མཐའ་དག་རྒྱལ་བའི་ཡེ་ཤེས་རོལ་པ་ཁོ་ན་ལས་བྱུང་བ་སྟེ། རྒྱལ་ཚབ་བྱམས་པས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་སོགས་གསུངས་པ་ལྟར་ཏེ། དེས་ན་སྒྲ་དེས་ཁྱད་གཞིའི་གཞུང་བསྟན། སྙིང་པོ་ནི་གརྦྷཱའི་སྒྲ་ལས་ཤུན་པ་དང་བྲལ་བའི་སྙིང་པོ་རྗེན་པར་ཕྱུངས་པའི་དོན་ཏེ། ཚིག་དང་སྤྲོས་པའི་ཤུན་པ་དང་བྲལ་བ། མདོ་སྔགས་ཆོས་ཚུལ་ཀུན་གྱི་ཟབ་དོན་སྙིང་པོར་ཕྱུངས་པའི་དོན་ཡིན་པས་ཁྱད་ཆོས་བཞུགས་ཚུལ་བསྟན་པ་སྟེ། ཡེ་ཤེས་ཀྱི་ཕུལ་དུ་ཕྱིན་པའི་དམ་ཆོས་མཐའ་དག་གི་སྙིང་པོར་གྱུར་པའི་དོན་ཏོ། །སྤྱི་དོན་ལྟར་འཆད་པ་ལ། མདོ་དང་ཐུན་མོང་བ་ལྟར་ན། ཡེ་ཤེས་ནི་ཡེ་ནས་དྲི་མ་དང་བྲལ་བའི་ཤེས་རབ་གནས་ལུགས་སྟོང་པ་ཉིད་དང་། སྙིང་པོ་ནི་ཧྲྀ་ད་ཡའི་སྒྲ་ལས། བཅུད་དམ་མཆོག་ལ་འཇུག་པས་སངས་རྒྱས་སྒྲུབ་པ་ལ་མེད་དུ་མི་རུང་བའི་ལམ་གྱི་མཆོག་སྙིང་རྗེ་སྟེ། འབུམ་ལྔ་ལས། སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་སྙིང་རྗེའི་འབྲས་བུ་འབྱུང་། །སངས་རྒྱས་ཀུན་གྱི་རྩ་བ་ནི། །འདི་ལས་འབྱུང་བར་ཐེ་ཚོམ་མེད། །ཅེས་སོ། །དེས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་ཕུལ་དུ་བྱུང་བ་འདིར་བསྟན་པའི་དོན་ནོ། །སྔགས་ཀྱི་སྤྱི་དོན་ལྟར་ན། ཡེ་ཤེས་ནི་རྟེན་དཀྱིལ་འཁོར། སྙིང་པོ་ནི་བརྟེན་པ་འཁོར་ལོའི་ལྷ་རྣམས་ཏེ། བརྟག་གཉིས་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་པའི་དོན་བསྐྱེད་རིམ་གྱི་ལམ་འཁོར་དང་བཅས་པའང་འདིར་བསྟན་ཏོ། །སྦས་དོན་ལྟར་ན། ཡེ་ཤེས་ནི་རྟེན་གདོད་མའི་སྟོང་ཆེན་ཨེ་ཡིག །སྙིང་པོ་ནི་བརྟེན་པ་བདེ་བ་ཆེན་པོའི་ཝྃ་ཡིག་སྟེ། གསང་འདུས་བཤད་རྒྱུད་ལས། ཨེ་ཝྃ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། ཨེ་ཝྃ་དེ་ཉིད་རབ་ཏུ་བཤད། །ཅེས་དང་། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝྃ་ནི་སྙིང་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་སྦྱོར་བ་ནི་རྨད་བྱུང་མཆོག །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སོགས་མཐའ་ཡས་པ་འབྱུང་བ་ལྟར། ཨེ་ཝཾ་གཉིས་ནི་མདོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་གྱུར་པས་ཟབ་ཅིང་རྒྱ་ཆེ་བའི་དོན་སྤྲོར་ཡོད་ལ། འཕགས་ཞབས་ཀྱི་བཞེད་པ་ཀུན་རྫོབ་བདེན་སྦས་ལྟར་ན། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་ནས་འོད་གསལ་གྱི་ཡེ་ཤེས་ལས་ཟུང་འཇུག་གི་སྐུ་སྙིང་པོའི་ཚུལ་དུ་ལྡང་བའི་དོན་དང་། འདོད་ཆགས་ཆོས་སྦས་ལྟར་ན། སྒྱུ་འཕྲུལ་རྒྱ་མཚོ་སོགས་ལས་གསུངས་པ་ལྟར། རྩ་འཁོར་ཨེ་ཡིག་ཐིག་ལེ་ཝྃ་ཡིག་སྟེ་སྟེང་སྒོ་རྣམ་གྲོལ་དང་སྦྱར་བ་དང་། ཡུམ་གྱི་ཆུ་སྐྱེས་ཨེ། ཡབ་ཀྱི་རྡོ་རྗེ་ཝྃ་སྟེ་གསང་བ་འོག་སྒོ་ལ་སྦྱར་ཏེ། དོན་དེ་དག་ཀྱང་གཞུང་འདིར་བསྟན་པའོ། །མཐར་ཐུག་གི་དོན་ལྟར་ན། ཡེ་ཤེས་ནི་ཀ་དག་གདོད་མའི་དབྱིངས། སྙིང་པོ་ནི་ལྷུན་གྲུབ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་དབྱིངས་རིག་འདུ་འབྲལ་མེད་པ་གདོད་མའི་མགོན་པོའི་དགོངས་པ་མཐར་ཐུག་པའང་བསྟན་རིམ་འདི་ལས་རྟོགས་པའོ། །གཉིས་པ་མཚན་དོན་གཞི་ལམ་འབྲས་གསུམ་ལྟར་བཤད་པ་ལ། དང་པོ་གཞི་ཐུན་མོང་ལྟར་སྦྱོར་ན། ཡེ་ཤེས་ནི་གཞིར་གནས་ཀྱི་ཆོས་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དོན་དམ་ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པའི་དོན་ཏེ། འཕགས་པ་ཀླུས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། སམྦུ་ཊར། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སོ། །སྙིང་པོ་ནི། དགོངས་པ་ལུང་སྟོན་རྒྱུད་ལས། སྙིང་པོ་ཞེས་ནི་སངས་རྒྱས་ཀྱི། །ཆོས་ཉིད་དག་པ་འདི་ཡིན་ཞིང་། །སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱི། །བྱང་ཆུབ་སྤྱོད་པའི་མཆོག་འདི་ཡིན། །ཞེས་པ་ལྟར་དོན་དམ་པའི་ཡེ་ཤེས་དེ་ཉིད་འཁོར་འདས་ཐམས་ཅད་ལ་སྙིང་པོའི་ཆོས་སུ་བཞུགས་པའི་དོན་ཏེ། རྒྱལ་བ་བྱམས་པས། དེ་བཞིན་ཉིད་དེ་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། སྒྲོན་གསལ་ལས། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་སྙིང་པོ་སྟེ་དྲི་མ་སྦྱོང་བའི་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་མཚོན་པའོ། །ཐུན་མིན་མ་ཧཱ་ལྟར་ན། བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང་། ཨ་ནུ་ལྟར་ན། དབྱིངས་ཡེ་གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གདོད་ནས་རང་ཆས་སུ་བཞུགས་པའི་དོན་ཡིན་ཞིང་། རྫོགས་པ་ཆེན་པོའི་ལུགས་ལྟར་ན། ཡེ་ཐོག་གཞིའི་ཀ་དག་སྨྲ་བསམ་བརྗོད་བྲལ་སྤྲོས་པའི་མཐའ་ལས་འདས་པ་ཡེ་ཤེས་གསུམ་ལྡན་འཁྲུལ་གྲོལ་གཉིས་ཀའི་སྤྱི་གཞིར་གྱུར་པ་དེ་ཉིད། དབྱིངས་ཀྱི་རྒྱ་རལ་ནས་ཕྱི་གསལ་གྱི་སྣང་བ་མཆེད་དེ་འཁོར་འདས་རྒྱབ་གྱེས་པའི་ཚེ་ནའང་སེམས་ཅན་རྣམས་ལ་སྙིང་པོའི་ཚུལ་དུ་གནས་སྐབས་ཀྱི་གཞིར་བཞུགས་པ་སྟེ། ཀློང་དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །ཞེས་པ་ལྟར་ཀ་དག་གི་ཡེ་གཞི་མཚོན་པ་སྟེ། གཞིའི་གནས་ལུགས་དེ་དག་ཀྱང་གཞུང་འདིར་བསྟན་པའོ། །ལམ་དང་སྦྱོར་ན། ཡེ་ཤེས་ནི་ཤེས་རབ། སྙིང་པོ་ནི་སཱ་རའི་སྒྲ་ལས། དུ་མ་འཕྲོ་བའི་རྩ་བའམ་གནས་ཏེ་ཐབས་བསོད་ནམས་ཀྱི་ཚོགས་ལ་སོགས་པ་ལས་གནས་སྐབས་དང་མཐར་ཐུག་གི་ལེགས་པའི་འབྲས་བུ་དུ་མ་འབྱུང་བས་ཏེ། ཐབས་ཤེས་གཉིས་ནི་ལམ་ཐུན་མོང་བ་ལྟར་ན་བསོད་ནམས་དང་ཡེ་ཤེས། ཐུན་མིན་ལྟར་ན་བསྐྱེད་རིམ་དང་རྫོགས་རིམ། ཁྱད་པར་ལྟར་ན་བདེ་བ་དང་སྟོང་པ། དབྱིངས་དང་རིག་པ་སོགས་ལམ་གྱི་གཉིས་ཆོས་ཀྱི་དོན་ཐམས་ཅད་དང་འབྲེལ་ཞིང་། སངས་རྒྱས་སྒྲུབ་པ་ལ་དེ་གཉིས་ཀྱང་ཕྱོགས་རེ་མ་ཡིན་པར་ཟུང་འཇུག་དགོས་ཏེ། མདོ་སྡེའི་དོན་བསྡུས་བྱང་ཆུབ་ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་པའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ག་སྤང་མི་བྱ། །ཞེས་སོ། །དེ་ལྟར་ན་ཟུང་དུ་འཇུག་པའི་ལམ་རིམ་རྒྱས་པ་འདིར་བསྟན་པའི་ཕྱིར། གཞུང་ཉིད་ལས། ཀུན་གྱི་སྤྱི་འདྲིལ་ཡེ་ཤེས་སྙིང་པོའི་ལམ༔ ཞེས་གསུངས་སོ། །འབྲས་བུ་དང་སྦྱར་བ་ལའང་། ཐུན་མོང་ལྟར་ན། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་གསུངས་པ་ལྟར། ཁྱབ་བྱ་གཞན་དོན་དུ་ཡེ་ཤེས་ཀྱི་སྣང་བ་ལས་བརྡར་ཤར་བའི་གཟུགས་སྐུ། ཁྱབ་བྱེད་རང་དོན་དོན་དམ་སྙིང་པོའི་རང་བཞིན་ཆོས་ཀྱི་སྐུ་སྟེ་འཐོབ་བྱ་སྐུ་གཉིས་དང་། དག་པ་གཉིས་ལྡན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་བཞིན་བྲལ་བའི་ཡོན་ཏན། རྒྱས་འགྱུར་གྱི་ནུས་པས་སྙིང་པོའི་ནུས་པ་གསལ་བ་རྣམ་པར་སྨིན་པའི་ཡོན་ཏན་ཏེ་བྲལ་སྨིན་གྱི་ཡོན་ཏན་གཉིས་དང་། ཡེ་ཤེས་ནི་ཀུན་ལ་ཁྱབ་པའི་དོན་དང་། སྙིང་པོ་ནི་མི་ཟད་ཅིང་མི་འགྱུར་བས་རྟག་པའི་དོན་ཏེ་རྟག་ཁྱབ་ཀྱི་ཕྲིན་ལས་བཅས་བསྟན། ཐུན་མིན་ལྟར་ན་ཡེ་ཤེས་དབྱིངས། སྙིང་པོ་རིག་པ་སྟེ་དབྱིངས་རིག་འདུ་འབྲལ་མེད་པར་བྱང་ཆུབ་པའམ། ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་སྐུ་དང་ཟུང་འཇུག་གི་དོན་བསྟན་པ་སྟེ། རིག་པ་ཡེ་ནས་ཉི་མ་ལྟར་མཁྱེན་རིག་ཏུ་གསལ་བའི་ཆར་ལྷུན་གྲུབ་ཏུ་གནས་པ་ཉིད་རྟོགས་པ་མངོན་དུ་གྱུར་པས་གློ་བུར་སྒྲིབ་པའི་སྤྲིན་དང་བྲལ་ནས་ཤེས་རབ་དྲི་མ་མེད་པའི་དགོངས་པ་ཡོན་ཏན་མ་ལུས་པའི་དཀྱིལ་འཁོར་དུ་རྒྱས་ཏེ། སྐུ་རྣམས་ཀྱི་སྙིང་པོར་གནས་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྟེ། རང་ཤར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་སོ། །དེས་ན་རྟེན་སྐུ། བརྟེན་པ་ཡེ་ཤེས་བཅས་དངོས་སུ་བསྟན་པའི་ཤུགས་ལས་མཛད་པ་ཕྲིན་ལས་ཀྱང་བསྟན་པས་ན། གཞུང་ལས། ཡེ་ཤེས་སྙིང་པོ་ཚེ་འདིར་འགྲུབ་པར་ཤོག༔ ཅེས་འབྱུང་བ་ལྟར་རོ། །གསུམ་པ་མཐའ་ཅུང་ཟད་དཔྱད་ན། འདིར་ཞལ་གདམས་ཞེས་པའི་གདམས་ངག་ལ། ལས་དང་པོ་པ་བློ་ཆོས་ལ་སྐུལ་བ་དང་། རྒྱ་ཆེ་བ་ཚིག་ཏུ་གདམས་པ། ཟབ་པ་དོན་དུ་གདམས་པ། ཉམས་ལེན་གནད་འདྲིལ་དུ་གདམས་པ། ངོ་སྤྲོད་ལག་བཅངས་སུ་གདམས་པ་སོགས་མང་དུ་མཆིས་པ་ལས། འདིར་ཟབ་རྒྱས་ཉམས་ལེན་གནད་འདྲིལ་ལག་གཏོད་རྗེན་ཕྱུང་དུ་གདམས་སྟེ། གཞུང་ལས། སྔོན་ཆད་ཟབ་ཅིང་རྒྱ་ཆེ་བའི༔ གདམས་ངག་བྱེ་བ་ཕྲག་བརྒྱའི་གཞུང༔ ཇི་སྙེད་གསུངས་པའི་སྙིང་པོའི་ཕུལ༔ རྒྱུ་འབྲས་ལམ་མཆོག་ཡོངས་རྫོགས་པ༔ མ་བྱུང་འབྱུང་བར་དཀའ་བའི་བཅུད༔ ཅེས་སོགས་ཡང་ཡང་བསྔགས་པས་མཚོན་ནོ། །ལམ་གྱི་རིམ་པ་ལའང་དཔལ་ལྡན་ཨ་ཏི་ཤའི་སྲོལ་བྱང་ཆུབ་ལམ་གྱི་རིམ་པ། ཨ་རོ་དང་རོང་ཟོམ་པཎྜི་ཏའི་ཐེག་ཆེན་རྣལ་འབྱོར་སོགས་མདོ་དང་ཐུན་མོང་བ་རྣམས་དང་། པདྨ་ལམ་རིམ། རིན་ཆེན་སྒྲོན་མེ་སོགས་བཀའ་གཏེར་ཐུན་མོང་མ་ཡིན་པ་མང་དུ་མཆིས་པ་ལས། འདིར་ཁྱད་པར་དུ་མས་འཕགས་པའི་ལམ་རིམ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་སྟེ། མཚན་དེ་སུས་བཏགས་ན། གང་ཟག་གི་བློས་བཅོས་ནས་བཏགས་པ་མ་ཡིན་གྱི། ཀུན་བཟང་པདྨ་འབྱུང་གནས་ཉིད་ཀྱི་དགོངས་ཀློང་ཡེ་ཤེས་ཆེན་པོའི་གསང་མཛོད་ནས་རང་བྱུང་རྡོ་རྗེའི་རང་སྒྲར་ཤར་བ་སྟེ། གུ་ཧྱ་གརྦྷ་དང་ཧེ་བཛྲ་སོགས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་དང་དབྱེ་བ་མེད་པའོ། །གང་ཟག་གི་བློས་བཅོས་ནས་བཏགས་པ་ལ། དཔེ་དང་དོན་དང་ཡུལ་དང་གནས་སྐབས་ཀྱི་སྒོ་ནས་མཚན་གྱི་འདོགས་ཚུལ་མང་དུ་འབྱུང་ཡང་། འདིར་ནི་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དང་དེ་ལྡན་པས། །གཞུང་དང་ལམ་ལའང་དེ་སྒྲས་བསྟན། །ཅེས་གསུངས་པ་ལྟར་གཞུང་ལམ་འབྲེལ་བའི་ཡེ་ཤེས་ཀྱི་རང་སྒྲར་སྣང་བའོ། །མཚན་འབྱུང་བའི་དགོས་པ་ནི། དབང་པོ་རབ་ལ་མཚན་གྱི་ནང་དུ་གཞུང་དོན་ཚང་བས་དེ་ཙམ་གྱིས་དབུ་ཞབས་ཀྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་བྱེད་པ་དང་། འབྲིང་རྣམས་ཀྱིས་ཀྱང་གཞུང་གི་བཞུགས་ཚུལ་གྱི་དོན་སྤྱི་ལ་ངེས་པ་རྙེད་པར་འགྱུར་བ་དང་། ཐ་མས་ཀྱང་མཚན་དོན་དེ་ལྡན་གྱི་གཞུང་ཉིད་ལ་མྱུར་དུ་འཇུག་པར་སྤྲོ་བར་འགྱུར་བའོ། །གཉིས་པ་བརྡ་དང་ཕྱག་བཤད་པ་ལ་གཉིས། བརྡ་ཡིག་གི་རྒྱུ་མཚན་དང་། ཕྱག་གི་དོན་ནོ། །དང་པོ་ནི། གསང་རྒྱུད་ལས། མཁའ་འགྲོ་བརྡ་ལ་བརྟེན་པ་སྟེ། །བརྡ་དང་བརྡ་ཡི་ལེན་ལ་མཁས། །དོན་གྱི་ངོ་བོ་བརྡ་ལ་སྦྱོར། །མཁའ་འགྲོ་བརྡ་ཡི་སྲོག་ཅན་ནོ། །ཞེས་གསུངས་པ་ལྟར། བརྡ་ལ་བརྟེན་པའི་མཁའ་འགྲོའི་ཡི་གེ་ནི་དེ་དང་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས། གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་བརྡའི་ཡི་གེས་བཅིངས་པ་སྟེ། ཆོས་དེ་རྣམས་མཁའ་འགྲོའི་གསང་མཛོད་ནས་ཕྱུངས་པས་འཕགས་བོད་ཀྱི་མཁས་གྲུབ་ཐུན་མོང་བ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་དོན་ཡིན་ལ། ཇི་སྐད་དུ། གཏེར་ཡིག་སྤྲུལ་པའི་སྐུ་ཡིན་ཏེ། །སྒྲ་ཚིག་གོ་བ་གསུང་ཡང་ཡིན། །ཞེས་འབྱུང་བ་ལྟར་གཏེར་ཡིག་སྤྲུལ་པའི་སྐུ་རྡོ་རྗེའི་གཟུགས་རྣམ་པ་ཐམས་ཅད་པ་དེ་ཉིད་ལས་འཕྲོ་དང་སྐལ་བ་ལྡན་པའི་གང་ཟག་གིས་གནས་དུས་སྨོན་ལམ་ཟབ་མོའི་རྟེན་འབྲེལ་གྱི་བརྡའི་དོན་ཁྲོལ་ནས་ཇི་བཞིན་གཏན་ལ་འབེབས་པ་མཚོན་པའི་ཕྱིར། གླེགས་བམ་གྱི་དབུར་བརྡའི་ཡི་གེ་འབྲུ་བདུན་བཀོད་པར་མཛད་དེ། དེ་ལ་དགོས་པ་གསུམ། ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་བའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པར་སྟོན་པ་དང་། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བར་སྟོན་པ་དང་། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ཙམ་ཡང་བརྟག་མི་བཟོད་པས་གཏེར་བདག་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པའོ། །གཉིས་པ་ནི། རྩ་གསུམ་ནས་ཕྱག་འཚལ་ལོ༔ ཞེས་འབྱུང་སྟེ། ཕྱག་གང་གིས་མཛད་ན། གསང་ཆེན་བཀའི་སྡུད་པ་མོ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་མཛད། ཡུལ་གང་ལ་མཛད་ན། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཀུན་འདུས་པའི་བདག་ཉིད། དཀྱིལ་འཁོར་སྤྲུལ་བཤད་མཛད་པ་པོ་སློབ་དཔོན་པདྨཱ་ཀ་ར་ཐུགས་རྗེས་ཁྲོ་བའི་ཚུལ་བསྟན་པའི་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་པ་ལ་མཛད། དགོས་པ་གང་གི་ཕྱིར་ན། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པ་ཐམས་ཅད་དངོས་གྲུབ་བླ་མ་ལ་རག་ལས་པས་ལས་དང་རྣལ་འབྱོར་ཐམས་ཅད་ལ་དེ་ཉིད་རྗེས་སུ་དྲན་དགོས་པ་དང་། གནས་སྐབས་གཞུང་དགོད་པ་ལ་བར་ཆད་མི་འབྱུང་ཞིང་བྱིན་རླབས་འཇུག་པ་དང་། རྗེས་འཇུག་འཆད་ཉན་སྒོམ་སྒྲུབ་བྱེད་པ་རྣམས་ལའང་དེའི་ཚུལ་ཞར་བྱུང་དུ་གདམས་པའོ། །ཇི་ལྟར་འཚལ་ན། དྲང་དོན་དུ་སྒོམ་གསུམ་གུས་པ་ཆེན་པོས་བརྡའི་ཕྱག་དང་། ངེས་དོན་དུ་ཐབས་ཤེས་དགོངས་པ་རོ་མཉམ་དོན་དམ་ལྟ་བ་མཇལ་བའི་ཚུལ་གྱིས་སོ། །འདིར་རྩ་བ་གསུམ་ཞེས་པའི་དོན་ཡང་། དཔེར་ན་ལྗོན་ཤིང་དང་ལོ་ཏོག་རྣམས་འབྱུང་པའི་རྒྱུའམ་གཞི་ལ་རྩ་བར་གྲགས་པ་ལྟར། གཏེར་གཞུང་རྣམས་ལས། བྱིན་རླབས་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ ཞེས་འབྱུང་ངོ་། །དེས་ན་རྡོ་རྗེ་ཐེག་པའི་དཀོན་མཆོག་ཁྱད་པར་དུ་འཕགས་པ་རྩ་བ་གསུམ་ཡིན་ཏེ། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། ཡི་དམ་ཞི་ཆགས་ཁྲོ་བོའི་རྣམ་པ་ཇི་ལྟར་བསྟན་ཀྱང་སངས་རྒྱས་ལོངས་སྤྲུལ་གྱི་རང་བཞིན། དེའི་སྔགས་རྒྱུད་ནི་ཐུན་མོང་མིན་པའི་ཆོས། མཁའ་འགྲོ་ཆོས་སྐྱོང་ནི་ཁྱད་པར་གྱི་དགེ་འདུན་ཡིན་ལ། ཡི་དམ་མཁའ་འགྲོ་གཉིས་ཀའང་བླ་མའི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བས་འཁོར་ལོའི་མགོན་པོ་ཞེས་པའི་མཚན་གྱིས་བརྗིད་པ་སྟེ། དགོངས་འདུས་སྐུ་རྒྱུད་ལས། ངོ་བོ་བླ་མ་ཆོས་སྐུ་ལ༔ རང་བཞིན་ཡི་དམ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྤྲུལ་སྐུ་མཁའ་འགྲོ་མ༔ ཞེས་གསུངས་སོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་གང་ཡང་དཀོན་མཆོག་རྩ་གསུམ་ཀུན་འདུས་ཡིན་ཏེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོགས་ཡོངས་སུ་གྲགས་ལ། ཁྱད་པར་གུ་རུ་རིན་པོ་ཆེ་ནི་སངས་རྒྱས་ཐམས་ཅད་འདུས་པའི་རྡོ་རྗེའི་ཡེ་ཤེས་ཀྱི་རང་གཟུགས་ཡིན་ཏེ། རྡོ་རྗེའི་གསུང་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་ལུང་མཐའ་ཡས་པ་འབྱུང་ངོ་། །མཚན་གྱི་དོན་ལས། རྡོ་རྗེ་ནི། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །ཅེས་དང་། སྒྱུ་འཕྲུལ་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་འབྱུང་བ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐ་དད་དུ་དབྱེ་བ་མེད་པ་སྟོང་ཉིད་ཀྱི་རང་བཞིན་ཡིན་ཞིང་། གནས་ལུགས་དེ་དང་རྒྱལ་བ་རྣམས་ཀྱི་ཆོས་སྐུ་ལ་དབྱེ་བ་མེད་པས་འདིར་རྡོ་རྗེའི་སྒྲས་ངོ་བོ་ཆོས་སྐུ་བསྟན། དེ་ལ་སྒྲ་དེ་འཇུག་པའི་རྒྱུ་མཚན་ཡང་རྫས་ཀྱི་རྡོ་རྗེ་དང་ཆོས་མཚུངས་པས་ཏེ། རྩེ་མོར། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་བར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེ་བརྗོད་པར་བྱ། །ཞེས་པ་ལྟར་རོ། །ཆོས་སྐུའི་ངང་ལས་གདུལ་བྱ་གདུག་པ་ཅན་ཞི་བས་མི་འདུལ་བ་རྣམས་ལ་སྙིང་རྗེ་ཆེན་པོས་དྲག་པོར་ཁྲོས་པའི་ཚུལ་གྱི་སྐུར་བསྟན་པ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །རྩལ་ཞེས་པའི་སྒྲ་མཐུ་སྟོབས་ནུས་པའི་ཤུགས་ལ་འཇུག་པས། གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་མཐུ་སྟོབས་ནུས་པའི་རྩལ་ཤུགས་དང་ལྡན་པའི་དོན་ཡིན་ནོ། །རྣམ་པ་གཅིག་ཏུ་ན། ལྷ་དབང་ལག་གི་རྡོ་རྗེ་རྩེ་མོ་བརྒྱ་པ་དེ་གདེངས་པ་ཙམ་གྱིས་ལྷ་མིན་དཔུང་ཚོགས་ཐལ་བར་བྱེད་པའི་ནུས་སྟོབས་ཆེན་པོ་ཡོད་པ་བཞིན་དུ། རྡོ་རྗེ་དྲག་པོ་རྩལ་ཞེས་པའི་སྒྲས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཁྲོ་བོ་ཐམས་ཅད་ཀྱི་སྟོབས་རྩལ་གཅིག་ཏུ་བསྡུས་པའི་ཁྲོ་རྒྱལ་ཆེན་པོ་སུས་ཀྱང་འགྲན་དུ་མི་བཟོད་པར་བསྟན་པའང་ཡིན་ནོ།། །།གསུམ་པ་གཞུང་དངོས་བཤད་པ་ལ་ལྔ། མན་ངག་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་མན་ངག་གི་དོན། མན་ངག་གི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པའོ། །དང་པོ་ལ་ལྔ། སྟོན་པ། འཁོར། གནས། ཆོས། དུས་ཕུན་སུམ་ཚོགས་པའོ། །དང་པོ་ནི། དུས་གསུམ་སངས་རྒྱས་ནས་གྲགས་པ་ཉིད། །ཅེས་གསུངས་ཏེ། རྒྱལ་དབང་པདྨཱ་ཀ་ར་ཉིད་ལམ་ཞུགས་ཀྱི་གང་ཟག་མ་ཡིན་པར་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་གདུལ་བྱ་གདུལ་དཀའ་བ་རྣམས་ཀྱི་དོན་དུ་རྡོ་རྗེ་སློབ་དཔོན་གྱི་སྐུར་བསྟན་པ་ཡིན་པས། འདས་པ་དང་མ་འོངས་པ་དང་ད་ལྟའི་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་གྱིས་མཉམ་པའི་ཕྱིར། ནམ་མཁའི་ངོ་བོ་དབྱེ་བ་མེད་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ལ་རྣམ་དབྱེར་མེད་པས་དེར་གྲུབ་པ་དང་། གཞན་སྣང་སྤྲུལ་པའི་སྐུར་བསྟན་པ་ནའང་འཆི་མེད་ཚེའི་རིག་འཛིན་བརྙེས། སྒོམ་ལམ་ཕྱག་རྒྱའི་རིག་འཛིན་མཐར་ཕྱིན་ནས་མཐར་ལམ་ལྷུན་གྲུབ་ཀྱི་རིག་འཛིན་དྲུག་པའི་རྒྱལ་ཚབ་ཀྱི་ས་ལ་བཞུགས་པར་བསྟན་པའི་ཕྱིར། བཀའ་བབས་རིག་འཛིན་ཆེན་པོ་བརྒྱད་ཀྱིས་ཀྱང་ཞབས་ལ་བཏུད་པས་མཚོན། རིག་པ་འཛིན་པའི་ས་བརྙེས་ཤིང་ཡེ་ཤེས་ཀྱི་རྩལ་ཆེན་འཆང་བ་ཀུན་གྱི་གཙོ་བོ་མཆོག་གི་གནས་ལ་བཞུགས་པ་དང་། རང་བཞིན་གྱིས་རྣམ་པར་དག་པའི་ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ་དང་བཅས་པ་དབྱིངས་སྣང་ལྷུན་གྲུབ་ཆེན་པོའི་ལྷའི་འཁོར་ལོར་རང་ཤར་པས། ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཆེན་པོ་དང་ཁྲོ་བོ་ཚོགས་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་དུ་སྣང་བ་རབ་འབྱམས་སྤྲོ་བ་དང་བསྡུ་བའི་ཁྱབ་བདག་ཏུ་གྱུར་པ་དང་། བཀོད་པ་རྩ་གཡོ་བ་རླུང་ཐིག་ལེ་བྱང་ཆུབ་ཀྱི་སེམས་རྣམས་འོད་གསལ་ཡེ་ཤེས་ཆེན་པོའི་སྦུབས་སུ་དག་པའི་ནང་གི་གནས་རྣམས་དབང་དུ་མཛད་པའི་སྟོབས་ལས། ཕྱི་རོལ་གྱི་གནས་ཡུལ་དུར་ཁྲོད་ཆེན་པོ་རྣམས་སུ་བརྟུལ་ཞུགས་སྤྱོད་པའི་དཔའ་བོ་དང་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོས་སྒྱུར་བའི་རྗེ་བཙན་ཆེན་པོར་གྱུར་པ་དང་། རྩལ་སྣང་སྐུ་དང་ཡེ་ཤེས་ཆེན་པོའི་རོལ་པར་ཤར་བས་འབར་བ་ཆེན་པོ་ཧེ་རུ་ཀའི་ཕྱག་རྒྱ་གཉན་པོའི་གཟི་བརྗིད་ཀྱིས། རྡོ་རྗེའི་དམ་ཚིག་འཆང་བའི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཚུལ་སྟོན་པའི་ཆོས་སྐྱོང་སྲུང་མ་རྒྱུད་གསུམ་གྱིས་བསྡུས་པ་རྣམས་དང་། དཔལ་མགོན་དང་ཕྱོགས་སྐྱོང་བ་སོགས་སྣང་སྲིད་ཀྱི་འབྱུང་པོ་ཆེ་བའི་ང་རྒྱལ་གྱིས་དྲེགས་པ་ཐམས་ཅད་གདོང་ལྔའི་དབང་པོས་གཅན་གཟན་གནོན་པ་བཞིན་དུ་མཚན་ཙམ་གྱིས་ཀྱང་བཀའ་ལས་འདར་མི་བཟོད་པར་ཟིལ་གྱིས་གནོན་པར་ནུས་པའི་བདག་ཉིད་ཆེན་པོ། མཚན་གཅིག་གིས་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ་པ་དང་། ཞིང་གཅིག་ལའང་མཚན་གྱི་རྣམ་གྲངས་མཐའ་ཡས་པས་རྣམ་པར་རོལ་པ་ལས། སངས་རྒྱས་ཀྱི་ཞིང་འདིར། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་ཚིག་རྐང་དང་པོས་དཔལ་ལྡན་ཐོག་མའི་མགོན་པོ་རྡོ་རྗེ་འཆང་དང་སངས་རྒྱས་འོད་དཔག་མེད་པ་ཤཱཀྱའི་རྒྱལ་པོ་རྣམས་རྣམ་དབྱེར་མེད་པར་གཞན་སྣང་དུ་པདྨའི་སྡོང་པོ་ལས་སྐྱེས་པའི་ཚུལ་བསྟན་པའི་མཚན་པདྨ་འབྱུང་གནས་སམ་པདྨ་སཾ་བྷ་ཝ། གཉིས་པས་ཆོས་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་མཛོད་འཛིན་པས་བློ་ལྡན་མཆོག་སྲེད་དང་། གསུམ་པས་པདྨ་རྒྱལ་པོ་དང་སྒྱུ་འཕྲུལ་གྱི་རོལ་པ་སྣ་ཚོགས་འཆང་པ་ཉི་མ་འོད་ཟེར། བཞི་པས་སྲིད་པ་གསུམ་ན་ཆེ་བའི་མཐུ་ལྡན་སེང་གེ་སྒྲ་སྒྲོག །སངས་རྒྱས་གཉིས་པའི་ཚུལ་ཅན་ཤཱཀྱ་སེང་གེ །རིག་སྔགས་ནུས་སྟོབས་ཀྱི་གཟི་བརྗིད་ཁྱད་པར་དུ་འབར་བ་རྡོ་རྗེ་གྲོ་ལོད་བཅས་གསལ་བར་ལུང་བསྟན་པ་ལྟར། བདག་ཅག་གི་སྟོན་པའི་རྒྱལ་ཚབ་ཏུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིགས་འདུས་བླ་མ་ཆེན་པོའི་སྐུར་བསྟན་ཅིང་། དེའང་གཙོ་བོར་གསུང་མཆོག་པདྨའི་རིགས་ལས་བྱུང་ཞིང་པདྨ་ལས་བརྫུས་ཏེ་འཁྲུངས་པའི་ཚུལ་བསྟན་པའི་ཕྱིར་མ་ཧཱ་གུ་རུ་སཾ་བྷ་ཝ་སྟེ་པདྨ་འབྱུང་གནས་སམ་པདྨ་ལས་འཁྲུངས་ཞེས་པའི་མཚན་སྐུ་གསུང་སྟོན་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན་ཡོངས་སུ་གྲགས་པ་ཉིད་དེ། ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཀ་དག་གི་གྲོལ་གཞིར་རང་རིག་མངོན་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་དང་། རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་ན་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་ཀླས་སུ་སྣང་བ་ལས་ཕྱིར་གསལ་ཕྱེད་སྣང་རང་བཞིན་སྤྲུལ་པ་སྐུ་ཚངས་ཆེན་གྱི་ཞིང་ན་རིགས་ལྔའི་སངས་རྒྱས་ཞིང་དང་སྐུའི་བཀོད་པ་ཚད་མེད་པ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་དེ་དག་ཀྱང་གུ་རུའི་ཡེ་ཤེས་ཀྱི་རོལ་མོ་ལས་མ་གཡོས་པས་པདྨ་ཀུན་ཏུ་འཆང་ཞེས་བྱ་བ་དང་། དེ་དག་ལས་འགྲོ་འདུལ་སྤྲུལ་པ་སྐུའི་ཆོ་འཕྲུལ་ཕྱོགས་བཅུའི་ཞིང་ཁམས་ཚད་མེད་པ་རྣམས་དང་། བྱེ་བྲག་མི་མཇེད་ཀྱི་ཞིང་འདི་ཁོ་ན་མཚན་ངེས་པར་བསྟན་པ་མདོ་སྔགས་སྟོན་པ་བརྒྱ་རྩས་འཇིག་རྟེན་གྱི་ཁམས་ལྔ་བཅུའི་སྒྲོན་མེ་མཛད་ཅིང་། དེ་རེ་རེའི་ཕྱོགས་མཚམས་ཀྱི་འཇིག་རྟེན་རྣམས་སུ་གུ་རུ་མཚན་བརྒྱད་རེ་རེར་སྤྲུལ་ནས་འགྲོ་བ་འདུལ་བར་གསུངས་པ་དང་། ཁྱད་པར་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་ཁྱད་པར་གྱི་བཀོད་པ་གཟིགས་པ་ལས་ཤར་དུ་གུ་རུ་རྡོ་རྗེ་གངས་ཆེན་མཚོའི་བ་སྤུའི་ཁུང་བུ་རེ་རེར་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གུ་རུ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གདུལ་བྱ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་བཞིན་དུ་དབུས་དང་ཕྱོགས་གཞན་རྣམས་སུ་རིགས་བཞིའི་བཀོད་པ་སོགས་ཚད་མེད་པར་གསུངས་པ་དང་། ཛམ་བུའི་གླིང་འདི་ཁོ་ནར་འགྲོ་འདུལ་སྤྲུལ་པ་སྐུའི་ཕྱོགས་གཅིག་བསྟན་པ་ལའང་གདུལ་བྱའི་སྐལ་བ་དང་དབང་པོའི་ཁྱད་པར་གྱིས་མཐོང་ཚུལ་ཐ་དད་པར་སྣང་སྟེ། གཏེར་གསར་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས། དེ་ཡང་ཁ་ཅིག་སྣང་ངོར་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཥར་པད་སྡོང་རྩེ་ལས་སྤྲུལ༔ ཁ་ཅིག་སྣང་ངོར་ཨོ་རྒྱན་རྒྱལ་པོའི་སྲས༔ ཁ་ཅིག་སྣང་ངོར་གནམ་ལྕགས་ཡོད་པའི་རྩེར༔ ཐོག་བབས་ཚུལ་དུ་བྱུང་ཞེས་ཐ་དད་ཀྱང༔ ཞེས་སོགས་གསུངས་པ་ལྟར་གཏེར་མའི་ཕྱོགས་ཕལ་མོ་ཆེར་རྫུས་སྐྱེས་ཀྱི་རྣམ་པར་ཐར་པ་ཤ་སྟག་འབྱུང་ཞིང་། ཕུར་པ་བཀའ་མའི་ལོ་རྒྱུས་སོགས་དང་འཕགས་ཡུལ་ཕལ་ཆེར་དུའང་ཨོ་རྒྱན་རྒྱལ་པོའམ་བློན་པོའི་སྲས་སུ་འཁྲུངས་པར་བཤད་པ་དང་། མ་ལ་ཡ་གནམ་ལྕགས་ཡོད་པའི་རི་རྩེར་ཐོག་བབས་ཀྱི་ཚུལ་དུ་བྱོན་པའི་ལོ་རྒྱུས་ཀྱང་ཡོད་པ་གོང་གི་ལུང་དེས་རྟོགས་ཤིང་། དེ་རེ་རེ་ལའང་ངོ་མཚར་བའི་རྣམ་ཐར་མི་མཐུན་པ་མཐའ་ཡས་པ་མཆིས་པ་ནི། ཇི་སྐད་དུ། རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ ཞེས་གསུངས་པས་མཚོན། སོ་སྐྱེའི་བློའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་སྟེ། འདིར་ཆེ་བའི་ཡོན་ཏན་དངོས་སུ་བསྟན་པ་རྣམས་ཀྱང་བྱིས་པའི་བློ་གྲོས་ལ་འཇུག་པར་འོས་པའི་ཕྱོགས་མཚོན་ཙམ་ཡིན་ལ། དེས་ནི་བསྟན་པའི་བདག་པོ་སློབ་དཔོན་ཁྱད་པར་འཕགས་པའི་དོན་བསྟན་པའོ། །གཉིས་པ་ནི། ཆོས་སྐྱོང་ནས་སྤྱན་དྲངས༔ ཞེས་གསུངས་ཏེ། དེ་ལྟ་བུའི་སློབ་དཔོན་ཆེན་པོ་སངས་རྒྱས་སྤྲུལ་པའི་སྐུ་དེ་ཉིད་བོད་ཡུལ་དུ་སྐུ་དངོས་ཀྱིས་ཕེབས་པའི་བདག་པོའི་རྐྱེན་ནི་རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་པའི་བོད་སྐྱོང་མངའ་བདག་རིམ་པར་བྱོན་པ་ལས། ཀུན་བཟང་རྣམ་འཕྲུལ་ཐོ་རི་སྙན་ཤལ་གྱིས་དམ་པ་ཆོས་ཀྱི་དབུ་བརྙེས། སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོས་སྲོལ་བཏོད། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་སྐུ་ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད་དོ་ཞེས་ཡོངས་སུ་གྲགས་པ་ལྟར། ཆོས་རྒྱལ་དེ་ཉིད་ཀྱིས་བོད་ལ་དམ་པའི་ཆོས་ཀྱི་བསྟན་པ་དར་བའི་ཆེད་དུ་འཕགས་པའི་ཡུལ་ནས་མཁན་ཆེན་ཞི་བ་འཚོ། རྡོ་རྗེའི་སྐུ་ཅན་བི་མ་ལ་མི་ཏྲ་སོགས་པཎ་ཆེན་བརྒྱ་རྩ་བརྒྱད་དང་། ཁྱད་པར་འཆི་མེད་རིག་འཛིན་ཆེན་པོ་པདྨ་ཀ་ར་སྤྱན་དྲངས། འབངས་མི་དད་པ་ཅན་རབ་ཏུ་བྱུང་སྟེ་ལོ་ཙཱ་བསླབས། གཙུག་ལག་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས། དམ་པའི་ཆོས་བསྒྱུར་བཤད་ཉམས་ལེན་གྱི་སྲོལ་བཏོད་དེ། སངས་རྒྱས་ཀྱི་བསྟན་པ་ཐོག་མ་ཉིད་དུ་དར་རྒྱས་མཛད་པའི་ཕྱག་རིས་དང་སྙན་གྲགས་སྲིད་པའི་མཐར་ཡང་ནུབ་ཏུ་མེད་པ་ནི་བསྟན་པའི་སྦྱིན་བདག་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པའོ། །གསུམ་པ་ནི། འཕགས་པ་ནས་ལྗོངས་འདིར་བྱོན༔ ཅེས་གསུངས་ཏེ། མཉམ་མེད་ཐུབ་པའི་དབང་པོས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གཉེར་དུ་གཏད་པ་བཞིན་འཕགས་པ་ཉིད་ཀྱིས་གདུལ་བྱའི་ཞིང་ཁམས་སུ་བདག་གིར་བཞེས་པའི་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར་རྟེན་ཕྱི་སྣོད་བེམ་པོའི་དངོས་པོ་རྣམས་ཀྱང་རི་བོ་གྲུ་འཛིན་སོགས་དང་རྣམ་དབྱེར་མེད་པ་གྲོལ་བ་བཞི་ལྡན་དུ་བྱིན་གྱིས་བརླབས་པའི་བཀའ་རྟགས་རང་བྱོན་གྲངས་མེད་བཀོད། བརྟེན་པ་འགྲོ་བ་མིའི་ས་བོན་ཐོག་མར་བསྐྲུན། རིམ་གྱིས་རྒྱལ་བློན་ཁྱིམ་བདག་མཁས་གྲུབ་རྟོགས་ལྡན་དགེ་བའི་བཤེས་གཉེན་གྱིས་མཚོན། གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་རྒྱུན་མི་འཆད་པར་སྤྲུལ་ཏེ་བྱིས་པ་སྨྲ་ཤེས་ཙམ་ནས་ཡི་གེ་དྲུག་པའི་སྒྲ་རྩོལ་མེད་དུ་འབྱུང་བར་བྱིན་གྱིས་བརླབས་ཤིང་། གུ་རུ་ཉིད་ཀྱང་འཕགས་པའི་ཐུགས་རྗེ་ལས་སྣང་བའི་ཚུལ་གྱིས་བསིལ་ལྡན་སྐྱེ་རྒུའི་མགོན་སྐྱབས་གཅིག་པུ་པར་བྱོན། རྒྱལ་བས་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པ་ལྟར། འཕགས་ཡུལ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའང་ཕྱིས་ནས་བོད་ཀྱི་ཡུལ་འདིར་འཕོས་པ་ལྟར་དེང་དུས་བར་ཉམས་པ་མེད་པར་བཞུགས་པ་དང་། སངས་རྒྱས་ཀྱི་ཞལ་སྐྱིན་མཆེད་སོགས་སྐུ་གསུང་ཐུགས་རྟེན་ཁྱད་འཕགས་གྲངས་ལས་འདས་པས་གཏམས་ཤིང་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ནོར་འཛིན་གྱི་ཁྱོན་ཁེངས་པ་སོགས་སྒོ་དུ་མ་ནས་ངོ་མཚར་ཆེ་བ་བསྟན་པ་བཞུགས་པའི་ཡུལ་ཁྱད་པར་དུ་འཕགས་པའི་དོན་བསྟན་པའོ། །བཞི་པ་ནི། མ་རུངས་པའི་ ནས་ ས་མ་ཡ༔ ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་སངས་རྒྱས་རྣམས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་འདུལ་བ་བཞིའི་ཆོ་འཕྲུལ་ལ་མངའ་དབང་འབྱོར་བས་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་ཅིང་། ཐམས་ཅད་ཀྱང་གཞན་ཕན་ཆོས་ཀྱི་འཁོར་ལོ་ཤ་སྟག་ཏུ་གྱུར་པས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཁོ་ནར་ཟད་ཀྱང་། འདིར་བོད་ཡུལ་གདུལ་བྱ་སྤྱི་མཐུན་ལ་ཇི་ལྟར་སྣང་བའི་དབང་དུ་བྱས་ཏེ། སློབ་དཔོན་སྤྲུལ་པའི་སྐུ་ཆེན་པོ་གངས་ཅན་ལྗོངས་སུ་ཕེབས་པའི་ཚེ། མཛད་པའི་ཆོས་སྒོ་དབྱེ་བའི་ཐོག་མར། བོད་ན་གཉུག་མར་གནས་ཤིང་རྒྱུད་མ་རུངས་པའི་འབྱུང་པོ་རང་རྒྱུད་པ་ཆོས་དང་དགེ་བའི་བྱ་བ་ལ་བར་དུ་གཅོད་པས་སྔོན་ཆད་སར་གནས་ཀྱི་བྱང་སེམས་ཞི་བ་འཚོ་ལྟ་བུས་ཀྱང་ཆོས་ཁྲིམས་བཙུགས་མ་ནུས་པའི་མི་མིན་གདུག་པ་ཅན་མངའ་རིས་ནས་མདོ་ཁམས་ཀྱི་བར་ལ་གང་མཆིས་པ་ཐམས་ཅད་བཀའ་རྟགས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ནས་བཏུལ། ཕྱིན་ཆད་དམ་པའི་ཆོས་དང་ཆོས་སྒྲུབ་པ་པོའི་སྲུང་མར་བསྐོས་ཏེ་གཙིགས་ལ་ཕབ་ཅིང་ནམ་ཡང་འདར་མེད་པར་མཛད། མངའ་བདག་གི་བཞེད་པ་ལྟར་བཤད་སྒྲུབ་འབྱུང་བའི་གནས་བི་ཀྲ་མ་ལ་ཤཱི་ལ་ལ་དཔེ་བྱས་ཏེ་རི་རབ་གླིང་བཞི་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་སྤྲུལ་པའི་ཆོས་འཁོར་ཆེན་མོའི་དབུ་རྩེ་རིམ་གསུམ་གྱི་འོག་ཁང་བོད། བར་ཁང་རྒྱ་ནག །སྟེང་ཁང་རྒྱ་གར་ཏེ་ལུགས་གསུམ་གྱི་ཚུལ་དུ། ས་སྟེང་ཉི་འོག་ན་འགྲན་ཟླ་བྲལ་བ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱིའི་རྟེན་གཞལ་ཡས་ཁང་། ནང་གི་བརྟེན་པ་སྐུ་གསུང་ཐུགས་རྟེན་ངོ་མཚར་བསམ་གྱིས་མི་ཁྱབ་པ་རྣམས་དང་བཅས་པ་བཞེངས་ཏེ་རབ་ཏུ་གནས་པའི་མེ་ཏོག་ཕྱག་གིས་འཐོར། ཡེ་ཤེས་སེམས་དཔའ་དངོས་སུ་ཐིམ་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བས་ལྷ་དང་བཅས་པའི་འཇིག་རྟེན་དད་པའི་གནས་ལ་བཀོད་ཅིང་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ད་ལྟའི་བར་དུ་འཚོ་ཞིང་གཞེས་པ་དང་། སྣོད་བཅུད་ལ་དགེ་མཚན་མི་ཉམས་པའི་བཀའ་དྲིན་མཛད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་རྟོགས་གཉིས་ཀྱི་བདག་ཉིད་དུ་གནས་ཤིང་། ལུང་གི་ཆོས་སྡེ་སྣོད་གསུམ། རྟོགས་པའི་དོན་བསླབ་པ་གསུམ་དུ་འདུས་པ་ལས། ཐོག་མར་ལུང་ཆོས་བོད་སྐད་དུ་སྒྱུར་བ་པོ་ལོ་ཙཱ་བ་ལུང་བསྟན་ཅིང་ཤེས་བྱ་ལ་བློ་སྦྱོང་དུ་བསྩལ། རིམ་པར་ལོ་པཎ་བསྡེབས་ཏེ་འཕགས་ཡུལ་ན་ཡོངས་སུ་གྲགས་པའི་དམ་ཆོས་རྣམས་བོད་དུ་འགྱུར་བའི་བདག་པོའི་རྐྱེན་མཛད། མདོ་སྔགས་ལུང་རྟོགས་ཡོངས་སུ་རྫོགས་པའི་བཤད་ཉན་དང་། བསླབ་པ་ཉམས་ལེན་སྒོམ་སྒྲུབ་ཀྱི་ཕྱག་སྲོལ་ཆེན་མོའི་རྒྱུན་འདི་ཐོག་མར་བཙུགས། མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་བ་ཚེ་གཅིག་གིས་སངས་རྒྱས་སྟེར་བའི་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྣམས་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་མནོག་ཆོས་སུ་བསྩལ་ཏེ། རྒྱུད་མ་ཧཱ། ལུང་ཨ་ནུ། མན་ངག་ཨ་ཏི་སྟེ། ཡོ་ག་རྣམ་པ་གསུམ་དང་། རེ་རེ་ལའང་རྒྱུད་ལུང་མན་ངག་གི་ཟབ་དོན་རིམ་པར་བཞུགས་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་འབྱམས་ཀླས་པར་བསྐོར་བས་བསྟན་པའི་སྙིང་པོ་འཕགས་ཡུལ་ལས་ཀྱང་ཆེས་ལྷག་པར་གསལ་བར་མཛད། སྐུ་གཅིག་ཞིང་ཁམས་རྒྱ་མཚོར་ཁྱབ་པའི་ཆོ་འཕྲུལ་ཆེན་པོས་སྤྲུལ་པའི་རྗེ་འབངས་གྲོགས་འཁོར་དང་ལྷན་ཅིག །བོད་ཀྱི་གནས་ཆེན་པོ་གངས་ཆེན་བཞི། བྲག་ཕུག་ཆེན་པོ་བརྒྱད། གྲགས་པའི་མཚོ་ཆེན་བཞི། ལུང་ལྔ། ལྗོངས་གསུམ། སྦས་ཡུལ་གླིང་ཆེན་རྣམས་གཙོར་བྱས། བོད་ཁམས་སྟོད་སྨད་བར་གསུམ་གྱི་ས་གཞིའི་ཁྱོན་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། སྐད་ཅིག་བསྐལ་པར་བསྒྱུར་བའི་རྫུ་འཕྲུལ་གྱིས་དེ་དག་རེ་རེར་ཡང་ལོ་ཟླ་མང་པོར་ཚོགས་ཀྱི་སྒྲུབ་པ་དང་ཆོས་འཁོར་བསྐོར་པ་སོགས་ཀྱིས་གདོད་ནས་གྲུབ་པའི་གནས་ཆེན་རྣམས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས། དུས་སྐབས་དེའི་གདུལ་བྱར་གྱུར་པ་རྣམས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་སྐལ་དམན་ཞལ་མཐོང་ཙམ་གྱི་ས་བོན་བཞག་པ་དང་། ཕྱི་རབས་ཀྱི་འགྲོ་བ་རྣམས་ལ་བརྩེ་བའི་ཐུགས་རྗེས་དགོངས་ནས། སྐུ་གཏེར་ཆོས་གཏེར་ནོར་གཏེར་རྫས་གཏེར་ལ་སོགས་པ་ཟབ་མོའི་གཏེར་ཁ་ཁ་བྱང་དང་བཅས་ཤིང་འདོན་པའི་སྐྱེས་བུ་ལུང་བསྟན་པ་མིང་ཅན་དང་། ལས་ཅན་གང་རུང་ལ་དགོངས་པ་གཏད་ཅིང་ཁ་བྱང་དམིགས་སུ་མ་གསལ་བའི་མིང་མེད་གྲངས་ལས་འདས་པ་སྤས་ཏེ་ས་སྟེང་ཆོས་ནོར་དམ་རྫས་ཀྱིས་བཀང་བས། མ་འོངས་ཕྱི་མ་ལས་ཀྱང་ཕྱི་མའི་མཐར་ཐུག་པ་ཐུབ་བསྟན་ནུབ་ནས་ཀྱང་བྱམས་མགོན་མ་བྱོན་གྱི་བར་དུ་སྐལ་ལྡན་རྣམས་ལ་གཏེར་གྱི་འགྲོ་དོན་མཛད་པར་གསུངས་པས་མཚོན། བོད་ཁམས་མཐའ་དང་དབུས་ཐམས་ཅད་ལ་བྱང་ཆུབ་བར་དུ་གཞལ་དུ་མེད་པའི་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ནི་དེང་གི་དུས་བློ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་མངོན་སུམ་གྱུར་པ་འདི་ཉིད་དོ། །དེས་མཛད་པའི་ཆོས་སྒོ་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པའོ། །ལྔ་པ་ནི། བསམ་ཡས་ངོ་མཚར་གྱི་ཆོ་འཕྲུལ་ཆོས་སྒོ་ཆེན་པོ་དེ་དག་ནམ་བྱུང་བ་དེའི་ཚེ་སྐབས་ཏེ་ཤུགས་ལས་བསྟན་པའོ། །གཉིས་པ་རྐྱེན་གླེང་སློང་བ་ལ་གཉིས། གླེང་སློང་བའི་གཞི་འགོད་པ་དང་། གླེང་སློང་བ་དངོས་སོ། །དང་པོ་ནི། དེའི་ཚེ་དེའི་དུས་ན་ཞེས་པ་ནས་དབྱེར་མེད་དུ་གྱུར་ཏོ༔ ཞེས་པའི་བར་གྱིས་བསྟན། གཉིས་པ་ནི། དེ་ལྟ་བུའི་ནས་བཀའ་བསྩལ་ཏོ༔ ས་མ་ཡ༔ ཞེས་པའི་བར་གྱིས་བསྟན་ཏོ། །འདིར་སྤྱི་དོན་སྤྲོས་ན་ཡི་གེ་མང་དོགས་པས་མ་བྲིས་ཤིང་ཚིག་དོན་ནི་གོ་སླའོ།། །།གསུམ་པ་འབྲས་བུ་ཡོངས་ཤེས་མན་ངག་གི་དོན་བཤད་པ་ལ་གསུམ། བཤད་བྱ་དོན་གྱི་སྒོ་ནས་མདོར་བསྟན། འཆད་བྱེད་ཐུན་མིན་གླེང་གཞིས་གོ་ཕྱེ། ཇི་ལྟར་འཆད་པའི་ཚུལ་གྱིས་ཚིག་དོན་རྒྱས་པར་ཕྱེ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་འབྱུང་སྟེ། དེའི་དོན་འཆད་པ་ལ་གཉིས། འཕྲོ་གཞི་ཡི་གེའི་དེ་ཉིད་སྤྱིར་བཤད། དེ་ལས་འཕྲོས་པའི་འབྲུ་བཞིའི་དོན་ཁྱད་པར་དུ་བསྟན་པའོ། །དང་པོ་ལ་ལྔ། ངོ་བོ། རང་བཞིན། ངེས་ཚིག །བྱེད་ལས། དབྱེ་བའོ། །དང་པོ་ལའང་། ཐུན་མོང་ཐ་སྙད་ཀྱི་གནས་སྐབས་སུ་ཕུང་པོ་ལྔ་ལས་མི་ལྡན་པའི་འདུ་བྱེད་དུ་བཞག་པ་དང་ཆོས་ཀྱི་བརྡའམ་མཚན་མར་གྱུར་བའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱར་བཞག་པ་དང་། ལྷ་དང་སྔགས་ལ་ཐ་དད་མེད་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་ལྷར་བཞག་པ་དང་། མཚན་མ་འདིས་འགྲོ་བའི་རྒྱུད་བྱིན་གྱིས་རློབ་ནུས་པའི་ཕྱིར་སངས་རྒྱས་སུ་བཞག་པ་དང་། དེ་བཞིན་གཤེགས་པའི་བྱིན་རླབས་དང་རྣམ་པར་སྨིན་པའི་ཆོས་འདྲེས་པའི་ཕྱིར་སྣང་བར་བཞག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡི་གེར་བྱིན་གྱིས་བརླབས་པས་དེ་གཉིས་ཐ་དད་མེད་པར་བཞག་པ་སྟེ། གང་ཟག་དང་གནས་སྐབས་ཀྱི་ཁྱད་པར་ལས་བརྟགས་པ་རྣམ་པ་དྲུག་ཏུ་བཤད་དོ། །གཉིས་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡི་གེ་འཁོར་ལོའི་སྤྲིན་དུ་རང་སྣང་བ་སྟེ། དེ་ལས་གཞན་དུ་དངོས་པོར་གྲུབ་པ་གང་ཡང་མེད་དེ། གསང་སྙིང་ལས། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོར་ཡོད་མ་ཡིན། །ཞེས་དང་། མདོ་ལས་ཀྱང་། རབ་འབྱོར་ཡི་གེ་ནི་དོན་དམ་པར་མ་སྐྱེས་པ་སྟེ་ཨའི་ངོ་བོ་ཉིད་དོ། །ཨའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཞེས་གསུངས་སོ། །གསུམ་པ་ནི། ཡུལ་ཆོས་ཀྱི་དབྱིངས་ལ་ཡུལ་ཅན་རང་བྱུང་ཤེས་རབ་ཀྱིས་བྱ་རྩོལ་མེད་པར་བྲིས་པ་སྟེ། ཡེ་ནས་ལྷུན་གྱིས་གྲུབ་ཅིང་འགྱུར་བ་མེད་པས་ཨཀྵར་དང་། བརྗོད་བྱ་ཐམས་ཅད་གསལ་བར་བྱེད་པས་བྱཉྫ་ན་དང་། དོན་མཚོན་པའི་ནུས་པ་དང་ལྡན་པས་ཝརྞ་ཞེས་པའི་མིང་གིས་བརྗོད་པ་སྟེ། གསང་སྙིང་ལས། དབྱིངས་ལས་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་སོ། །བཞི་པ་ནི། དངོས་པོ་མེད་པའི་རང་བཞིན་ཡི་གེ་འཁོར་ལོའི་སྤྲིན་གྱི་རོལ་པ་སྣ་ཚོགས་སུ་སྣང་བས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་སྟོན་པའི་ཚིག་རྣམས་འབྱུང་ཞིང་། དེ་དག་འདུས་པ་ལས་གཞི་ལམ་འབྲས་བུས་བསྡུས་པའི་འཁོར་འདས་ཀྱི་བརྗོད་པ་ཇི་སྙེད་པ་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་དང་ལྡན་པ་སྟེ། ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་སོ། །ལྔ་པ་རྣམ་པར་དབྱེ་བའི་ཚུལ་ཡང་། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན་བཞི་སྟེ། གནས་ལུགས་དོན་གྱི་ཡི་གེ་ནི། སྒྱུ་འཕྲུལ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་གསུངས་པ་ལྟར། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་རང་བྱུང་གི་ཡེ་ཤེས་རྟག་ཆད་འགྲོ་འོང་དང་བྲལ་བ་སྟེ་འཁོར་འདས་ཀྱི་ཡི་གེ་ཐམས་ཅད་འགྲོ་བའི་གཞིར་གྱུར་པའོ། །ལུས་གནས་རྩའི་ཡི་གེ་ནི། ལུས་ཀྱི་རྩ་འཁོར་ལོ་བཞིའི་སྲོག་ཤིང་རོ་རྐྱང་དབུ་མ་གསུམ་གྱི་ནང་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གའི་ཚུལ་དུ་རང་བྱུང་དུ་གནས་པས། ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་དུག་གསུམ། གསང་བར་སྐུ་གསུང་ཐུགས་སུ་འཆར་བའི་རྟེན་བྱེད་ལ། དེའི་འོད་མདངས་ལས་འཁོར་ལོ་བཞིའི་རྩ་འདབ་རྣམས་སུ་ཐབས་ཤེས་དབྱངས་གསལ་གྱི་ཡི་གེ་རྐྱང་བརྩེགས་འདོགས་དང་ཡན་ལག་ཏུ་ཕྱེ་བའི་བརྒྱད་ཁྲི་བཞི་སྟོང་གནས་པས། ཕྱི་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་དང་སྨྲ་བརྗོད་དེ་སྙེད་འབྱུང་བའི་རྒྱུ་བྱེད། ནང་ཉོན་མོངས་རྟོག་ཚོགས་ཀྱི་རྟེན་དང་ཉིན་མཚན་རྣམ་རྟོག་དེ་སྙེད་འབྱུང་བའི་རྟེན་བྱེད། གསང་བར་དེ་རྣམས་དག་དུས་ཆོས་སྒོ་དེ་སྙེད་འབྱུང་བའི་རྟེན་བྱེད་པའོ། །བརྗོད་པ་སྒྲའི་ཡི་གེ་ནི། ངག་གི་སྨྲ་བ་དང་བརྗོད་པ་རྣམས་ཡིན་ཏེ། རྒྱུ་རྩ་གནས་ཀྱི་ཡི་གེ་རླུང་གིས་བསྐྱོད། རྐྱེན་ལྕེ་རྐན་སོགས་ཀྱི་བྱེད་པ་ལ་བརྟེན་ནས་གནས་དང་རྩོལ་བ་འཕྲད་ནས་འབྱུང་བ་རྣམས་སོ། །མཐར་ཐུག་འབྲས་བུའི་ཡི་གེ་ནི། ལོངས་སྐུའི་རྩ་གནས་དག་པའི་ཡི་གེ་ལས་ཡི་གེའི་སྤྲིན་འཕྲོས་ཏེ་ནམ་མཁའ་ལ་ཆོས་ཀྱི་དབྱངས་སུ་གྲགས་པ་དང་། ཡི་གེ་སྐུར་གྱུར་ནས་སེམས་ཅན་གྱི་དོན་མཛད་པ་དང་། ལོངས་སྤྲུལ་གཉིས་ཀའི་རྩ་ཡིག་ཡེ་ཤེས་ལྔའི་སྣང་བས་བརྒྱན་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཆོས་སྒྲར་སྣང་བ་རྣམས་སོ། །དེའང་དབྱིངས་དོན་དམ་གྱི་ཡི་གེའི་རང་མདངས་ལས་ལུས་རྩའི་ཡི་གེ་བྱུང་། དེའི་གདངས་བརྗོད་པ་སྒྲའི་ཡི་གེར་ཤར། དེ་སྒྲིབ་པ་ལས་གྲོལ་བས་འབྲས་བུའི་ཡི་གེར་གནས་འགྱུར་པ་ཡིན་པས་བཞི་ཀའང་ངོ་བོ་གཅིག་ཏུ་འདུས་པའོ། །གཉིས་པ་ནི། དེ་ལས་འདིར་མདོར་བསྟན་དུ་མཛད་པའི་ཡི་གེ་འདི་དག་རྟོག་གེ་དང་ཉན་ཐོས་སོགས་ཀྱི་བློས་མི་ཕྱེད་པས་གསང་བ་ཆེན་པོ་རྡོ་རྗེའི་ཡི་གེའམ། ཇི་ལྟར་ཨེ་དང་ཝཾ་ཡིག་བཞིན་དུ་དེ་བཞིན་གཤེགས་པའི་བརྡར་གྱུར་པའི་ཡི་གེ་སྟེ། བརྡ་ལའང་དོན་དམ་ཉིད་བརྡ་འམ་རྟགས་སུ་ཤར་བ་དང་། ཐ་སྙད་ཀྱིས་བརྡར་བཏགས་པ་གཉིས་ལས། འདི་ནི་བཅོས་ནས་ཐ་སྙད་དུ་སྦྱར་བ་མ་ཡིན་པ་དོན་དམ་པའི་གནས་ལུགས་བརྡའི་ཚུལ་དུ་རང་ཤར་བ་དེ་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས་གསལ་བར་མཛད་པ་སྟེ། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཀྱི་སྲོག་གམ་གནད་འདུས་པའི་ཕྱིར་དེ་དག་གང་ལ་འཕྲོ་བའི་གཞི་དང་། བཤད་པའི་གཞི་དང་། བཟླས་སྒོམ་གྱི་གནད་དང་། མཐར་ཐུག་གི་སྐྱེལ་སོ་རྣམས་སུ་གྱུར་པའོ། །དེ་ལ་རྡོ་རྗེའི་ཡི་གེ་བཞིའི་དོན་ཅུང་ཟད་བཀྲོལ་བ་ལ་ལྔ། གང་ལས་བྱུང་བ། དེའི་རྒྱུ་མཚན། འབྲུ་བཞིའི་ངོ་བོ། མཚོན་དོན་བྱེད་ལས། བཞི་ཆོས་རྣམས་བསྟན་པའི་ཚུལ་ལོ། །དང་པོ་ནི། སྤྱིར་རང་བྱུང་འོད་གསལ་གཞོམ་དུ་མེད་པའི་སྒྲ་མི་ཤིགས་པའི་རླུང་དང་དབྱེར་མེད་པ་ལས་འོད་གསལ་གྱི་རླུང་བྱུང་། དེ་ལས་སྣང་བའི་རླུང་། དེ་ལས་རགས་པའི་རླུང་བཅུ་སོགས་བྱུང་ཞིང་བསྐུལ་བྱ་དེ་རྣམས། སྒྲ་དོན་འདྲེས་འཛིན་གྱི་རྣམ་པར་རྟོག་པ་སྐུལ་བྱེད་དུ་བྱས་ནས་ངག་ཏུ་བརྗོད་པའི་ཡི་གེ་རྣམས་བྱུང་བ་ཡིན་ཞིང་། བྱེ་བྲག་ཏུ། དྲི་མེད་འོད་ལས། སྟོང་པ་ཆེན་པོ་ལྔ་ལས་སྐུ་རྡོ་རྗེ་ལ་སོགས་པ་སྔགས་རབ་ཏུ་བརྗོད་པའི་ཆོས་ཅན་རྣམས་འབྱུང་སྟེ། རྗེས་སུ་ང་རོ་དང་། ཨ་ཡིག་གཉིས་དང་། ཐིག་ལེ་གཉིས་དང་། གཞོམ་དུ་མེད་པའི་ཧ་ཡིག་རྣམས་ལས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཡང་དག་པར་འབྱུང་བར་གསུངས་པ་བཞིན། ཨ་ཨུ་མ་གསུམ་འདུས་པ་ལས་ཨོཾ། ཨ་ཨ་ཧ་གསུམ་འདུས་པ་ལས་ཨཱཿ ཧ་ཨཱུ་མ་གསུམ་འདུས་པ་ལས་ཧཱུྃ། ཧ་ཨུ་ཧ་གསུམ་འདུས་པ་ལས་ཧོཿརྣམས་བྱུང་སྟེ་རེ་རེའང་ཡོན་ཏན་གསུམ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་པའོ། །གཉིས་པ་ནི། སྤྱིར་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་འབྱུང་བའི་གནས་ནི་ཨཱ་ལི་ཀཱ་ལི་ཡིན་ལ། དེ་རྣམས་ཀྱང་རང་བྱུང་འོད་གསལ་མི་ཤིགས་སྙིང་པོའི་ཐིག་ལེ་དང་དབྱེར་མེད་པ་ཨ་ཡིག་ཁོ་ནའི་རྣམ་འགྱུར་ལས་བྱུང་བ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭར། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོངས་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་དང་། གསང་སྙིང་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །ཞེས་སོགས་འབྱུང་བ་ལྟར་རོ། །གསུམ་པ་ནི། གོང་དུ་བཤད་པའི་བརྟགས་པ་རྣམ་པ་དྲུག་ཀ་འཇུག་ཀྱང་། འདིར་སྐུ་གཟུགས་སྣང་རྣམ་པ་ཐམས་ཅད་པ། གསུང་སྒྲ་བརྙན་རྣམ་པ་ཐམས་ཅད་པ། ཐུགས་སྟོང་ཉིད་རྣམ་པ་ཐམས་ཅད་པ། བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་རྣམས་རིམ་བཞིན་ཨོཾ་སོགས་ཀྱི་ངོ་བོ་དང་རང་བཞིན་དབྱེར་མེད་པ་ཤེས་པར་བྱའོ། །བཞི་པ་ནི། དཔེར་ན་ཨ་ནི་ཡི་གེ་གཞན་ལས་གཟུགས་ཐ་དད་པས་གཅིག་པའང་མ་ཡིན་ལ། ཀུན་གྱི་ཁྱབ་བྱེད་དུ་འདྲེས་པས་ཐ་དད་པའང་མ་ཡིན་པ་བཞིན་དུ། རང་བཞིན་འོད་གསལ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རླུང་དང་བཅས་པ་ཉིད། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དང་ངོ་བོ་ཐ་དད་པས་གཅིག་པའང་མ་ཡིན་ལ། འཁོར་འདས་ཀྱི་ཁྱབ་བྱེད་དུ་གྱུར་པས་ཐ་དད་པའང་མ་ཡིན་པར་མཚོན་ལ། ཁྱད་པར་གཟུགས་སྣང་གི་རང་བཞིན་དཀྱིལ་འཁོར་འཁོར་ལོ་སྣང་སྟོང་དུ་གདོད་ནས་གནས་པ་དེ་ཨོཾ་གྱིས་མཚོན། སྒྲ་བརྗོད་ངག་ཚིག་གི་རང་བཞིན་མི་ཤིགས་ནཱ་དའི་འཁོར་ལོ་གྲག་སྟོང་དུ་ཡེ་ནས་གནས་པ་དེ་ཨཱཿས་མཚོན། རྟོག་ཚོགས་འགྱུ་དྲན་གྱི་རང་བཞིན་འོད་གསལ་སྙིང་པོ་དེ་བཞིན་ཉིད་ཀ་དག་ཀུན་ཁྱབ་ཏུ་བཞུགས་པ་དེ་ཧཱུྃ་གིས་མཚོན། སྲིད་རྩ་འཕོ་བའི་རང་བཞིན་བདེ་བ་ཆེན་པོ་ངོ་བོ་འགྱུར་མེད་དུ་གནས་པ་དེ་ཧོཿཡིག་གིས་མཚོན། འབྲུ་བཞི་པོ་རེ་རེར་ཡང་ཡོན་ཏན་གསུམ་གསུམ་སྟེ་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད་དུ་གནས་པ་ནི་རྟེན་འབྲེལ་ལུགས་འབྱུང་ལྡོག་བཅུ་གཉིས་དང་། རྡོ་རྗེ་བཞི་པོ་རེ་རེར་ཡང་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པ་སོགས་མཚོན་ནོ། །ཡི་གེ་འདི་དག་གི་གདངས་ལུས་ངག་ཡིད་གསུམ་སྙོམས་འཇུག་གི་རྟོག་པ་དང་བཅས་པར་ཤར་བས་འཁོར་བའི་གཟུགས་སུ་གྲུབ་ལ། རྣལ་འབྱོར་གྱིས་ལམ་དུ་བྱས་པས་སྒྲིབ་པ་གཅོད་པའི་གཉེན་པོར་འགྱུར་བ་དང་། གློ་བུར་གྱི་དྲི་མ་དག་པ་ལས་རྡོ་རྗེ་བཞི་པོ་མངོན་དུ་འགྱུར་བས་ན་གྲོལ་འཁྲུལ་གཉིས་ཀའི་བྱེད་པ་དང་ལྡན་པ་སྟེ། དྲི་མེད་འོད་ལས། གདེངས་ཅན་གྱི་གནས་ཨོཾ། མིའི་འཇིག་རྟེན་ཨཱཿ མཐོ་རིས་ཀྱི་གནས་ཧཱུྃ། སྒོ་གསུམ་ཆགས་རྟོག་བཅས་འབྲུ་བཞིར་སྦྱོར་བ་སོགས་དང་། རྡོ་རྗེའི་བཟླས་པས་ལམ་དུ་བྱེད་ཚུལ་འདུས་པ་གཙོས་གསར་རྙིང་ཀུན་ལས་རྒྱ་ཆེར་འབྱུང་བ་དང་། རྡོ་རྗེ་ཕྲེང་བར། སངས་རྒྱས་ཡི་གེ་ཧཱུྃ་དུ་བཤད། །གསུང་ནི་ཡི་གེ་ཨཱཿརུ་བརྗོད། །དགེ་འདུན་ཞེས་བྱ་ཡི་གེ་ཨོཾ། །ཞེས་དཀོན་མཆོག་གསུམ་ལ་སྦྱར་བ་དང་། འདུས་པ་རྩ་རྒྱུད་ལས། བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །ཨཱཿནི་བྱང་ཆུབ་བདག་མེད་པས། །རྡོ་རྗེའི་གསུང་ནི་ཐོབ་བྱེད་པའོ། །ཧཱུྃ་ནི་སྐུ་གསུང་ཐུགས་ཉིད་དེ། །རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ། །ཞེས་གསུངས་པས་མཚོན་ནོ། །ལྔ་པ་ནི། ཡི་གེ་འབྲུ་བཞིས་གཞི་ལམ་འབྲས་གསུམ་གྱི་བཞི་འགྲོས་ཀྱི་ཆོས་ཐམས་ཅད་བསྟན་པ་སྟེ། གཞི་དུས་ལྟར་ན། ཨོཾ་ཡིག་གིས་ཀུན་གཞི་དང་ལུས་རྩའི་ཁམས། ཨཱཿཡིག་གིས་ཉོན་ཡིད་དང་ངག་རླུང་གི་ཁམས། ཧཱུྃ་ཡིག་གིས་འཇུག་པའི་རྣམ་ཤེས་དང་ཡིད་ཐིག་ལེའི་ཁམས། ཧོཿཡིག་གིས་ཀུན་ཁྱབ་རིག་པ་དང་ཡེ་ཤེས་ཀྱི་ཁམས་རྣམས་བསྟན་པ་དང་། ལམ་དུས་སུ་སྦྱང་བྱ་ལྟར་ན། ཨོཾ་སད་པའི་གནས་སྐབས་དང་ལུས་སྒྲིབ། ཨཱཿརྨི་ལམ་གནས་སྐབས་དང་ངག་སྒྲིབ། ཧཱུྃ་གཉིད་སྟུག་གནས་སྐབས་དང་ཡིད་སྒྲིབ། ཧོཿཆགས་རྟོག་གནས་སྐབས་དང་འཕོ་སྒྲིབ། སྦྱོང་བྱེད་ལྟར་ན། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། ཚིག་གི་དབང་སྟེ་སྨིན་བྱེད་དབང་བཞི། མཚན་བཅས་བསྐྱེད་རིམ། ཀུན་རྫོབ་རང་བྱིན་རླབས། དཀྱིལ་འཁོར་འཁོར་ལོ། དོན་དམ་རྫོགས་པ་ཆེན་པོ་སྟེ་གྲོལ་བྱེད་ལམ་མམ་རྣལ་འབྱོར་བཞི། བྱམས་པ། སྙིང་རྗེ། དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི། བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་ཏེ་ཡན་ལག་བཞི། དགའ་བ་མཆོག་དགའ་དགའ་བྲལ་ལྷན་སྐྱེས་དགའ་བ་བཞི་ལ་སོགས་པ་རིམ་བཞིན་བསྟན་པ་དང་། འབྲས་དུས་ལྟར་ན། ཨོཾ་ཡིག་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྨོན་པ་མེད་པའི་རྣམ་ཐར་བྱ་གྲུབ་ཡེ་ཤེས། ཨཱཿཡིག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་མཚན་མ་མེད་པའི་རྣམ་ཐར་མཉམ་ཉིད་དང་སོར་རྟོག་ཡེ་ཤེས། ཧཱུྃ་ཡིག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་རྣམ་ཐར་མེ་ལོང་ཡེ་ཤེས། ཧོཿཡིག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འདུ་མི་བྱེད་པའི་རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམས་ཀྱི་རང་བཞིན་དུ་གྱུར་པའོ། །གཉིས་པ་འཆད་བྱེད་ཐུན་མིན་གླེང་གཞིས་གོ་ཕྱེ་བ་ལ་གཉིས། སྤྱིར་སྐུ་གསུམ་སྟོན་པས་ཆོས་འཁོར་བསྐོར་ཚུལ། བྱེ་བྲག་མན་ངག་འདིར་བསྡུས་ཏེ་འཛིན་པར་གདམས་པའོ། །དང་པོ་ལ་ལྔ། སྟོན་པ། གནས། འཁོར། ཆོས། དུས་ཕུན་སུམ་ཚོགས་པའོ། །དང་པོ་ནི། ཀ་དག་དབྱིངས་ཀྱི་ནས་ ཧེ་རུ་ཀས༔ ཞེས་གསུངས་ཏེ། སྤྱིར་གསང་བ་ཆེན་པོའི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་འབྱུང་ཞིང་། དེའང་ཚིག་རྒྱུད་དང་མན་ངག་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་དང་། དོན་གྱི་རྒྱུད་དང་མན་ངག་འབྱུང་བར་མཚོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་གཉིས་ཏེ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། གསང་བ་ཆེན་པོའི་རྒྱུད་རྣམས་ནི། །ཕུན་སུམ་ཚོགས་པ་ལྔ་ལྡན་པས། །ཐུན་མོང་ཉིད་དང་ཐུན་མོང་མིན། །གླེང་གཞི་རྣམས་ཀྱི་ས་བོན་ནོ། །ཞེས་གསུངས། དེ་ལས་སྔ་མ་གོང་དུ་སོང་། འདིར་ཕྱི་མ་སྟེ་དེའང་ཐལ་འགྱུར་རྩ་བའི་རྒྱུད་ལས། གཞི་ནི་རྣམ་པ་ལྔ་ཡིན་ཏེ། །གནས་ནི་རྣམ་པ་གསུམ་དུ་འདོད། །ཅེས་སོགས་གསུངས་པ་ལྟར་ཕུན་སུམ་ཚོགས་ལྔ་རེ་རེ་ལའང་རྒྱལ་བ་སྐུ་གསུམ་གྱི་དབྱེ་བས་ཕྱེ་བ་སྟེ། དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཀ་དག་གདོད་མའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ཀྱི་ངོ་བོ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དང་། ལྷུན་གྲུབ་རང་གསལ་གྱི་རིག་པ་གཞི་ཐོག་ཏུ་བྱ་རྩོལ་མེད་པར་གྲོལ་བ་རང་སྣང་ལོངས་སྐུའི་སྟོན་པ་པདྨ་སཾ་བྷ་ཝ་དང་། ངོ་བོ་རང་བཞིན་དབྱེར་མེད་དབྱིངས་རིག་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་རྩལ་སྤྲུལ་སྐུའི་སྟོན་པ་རྡོ་རྗེ་དྲག་པོ་རྩལ་ཏེ། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་སྤྲོ་བ་དང་སྡུད་པའི་བྱེད་པོར་གྱུར་པས་དཀྱིལ་འཁོར་ཀུན་གྱི་གཙོ་བོའི་མཆོག་གམ་ཕུལ་དུ་གྱུར་བའི་ཧེ་རུ་ཀ་ཆེན་པོས་སངས་རྒྱས་ཀྱི་མཛད་པ་འདི་ལྟར་བསྒྲུབས་པའོ། །ཞེས་སོ། །འདིར་ཧེ་རུ་ཀའི་དོན་ནི་རྒྱུད་ལས། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་གནས་འཇིག་ཚོགས་དང་བྲལ། །ཀ་ནི་གང་དུ་མི་གནས་པའོ། །ཞེས་གསུངས་པ་ལྟར་རྣམ་ཐར་སྒོ་གསུམ་གྱི་དོན་མཚོན་པ་ཡིན་པས་སྐུ་གསུམ་ཀ་ལ་འཇུག་པ་ཡིན་ནོ། །གཉིས་པ་ནི། ཆོས་དབྱིངས་ཁྱབ་བརྡལ་ནས་ གནས་རྣམས་སུ༔ ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བརྡལ་བ་རང་བྱུང་ཐིག་ལེ་ཆེན་པོ་ཆོས་སྐུའི་ཞིང་ཁམས་དང་། ཡེ་ཤེས་ཀྱི་རང་འོད་ལྔ་དང་ལྡན་པ་དབྱིངས་སྣང་འོད་གསལ་གྱི་རྒྱན་སྟུག་པོ་བཀོད་པ་ལོངས་སྐུ་རིགས་ལྔའི་ཕོ་བྲང་དང་དག་པ་དང་མ་དག་པའི་ཞིང་དང་གནས་ཀྱི་བཀོད་པ་མ་ངེས་འགྲོ་འདུལ་སྤྲུལ་སྐུའི་གནས་སྣ་ཚོགས་པ་རྣམས་སུ། ཞེས་པའོ། །གསུམ་པ་ནི། རིགས་ཅན་སོགས་ཚིག་རྐང་གཅིག་སྟེ། ཆོས་སྐུའི་འཁོར་རང་སྣང་ཡེ་ཤེས་རྒྱ་མཚོ། ལོངས་སྐུའི་འཁོར་གཤེགས་སེམས་ཁྲོ་བོའི་ཚོགས་མཁའ་ཁྱབ་ཀྱི་དཀྱིལ་འཁོར། སྤྲུལ་སྐུའི་འཁོར་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་སྐྱེ་བོ་སྐལ་བ་དང་ལྡན་པ་སྟེ། མདོར་ན་རང་གི་སྐལ་བ་དང་མཐུན་པའི་རིགས་ཅན་རྣམས་དང་གདུལ་བར་བྱ་བའི་འཁོར་ཚོགས་བསམ་ཡས་བགྲང་བ་ལས་འདས་པས་རྒྱ་མཚོའི་བརྡས་བསྟན་པ་ལའོ། །བཞི་པ་ནི། སོ་སོའི་སྣོད་དང་ ནས་ ཆོས་ཀྱི་འཁོར་ལོ ཞེས་གསུངས་ཏེ། ཆོས་སྐུའི་བསྟན་པ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོ། ལོངས་སྐུའི་བསྟན་པ་འབྲས་བུ་བླ་མེད་ཐེག་པ་ཆེན་པོ། སྤྲུལ་སྐུའི་བསྟན་པ་རྒྱུའི་ཐེག་པ་གསུམ་གཙོ་བོར་གྱུར་པ་སྟེ། མདོར་ན་གདུལ་བྱ་སོ་སོའི་སྐལ་བའི་སྣོད་དང་དབང་པོའི་ཁྱད་པར་བཞིན་དུ། སངས་རྒྱས་ཀྱི་རྒྱུ་དང་འབྲས་བུ་ལམ་དུ་བྱེད་པའི་ཐེག་པ་ཆེ་ཆུང་བསམ་ལས་འདས་པའི་ཆོས་ཀྱི་འཁོར་ལོ་ཚད་མེད་པ་བྱུང་པའོ། །ལྔ་པ་ནི། དུས་གསུམ་ཀུན་ཏུ་བསྐོར༔ ཅེས་པ་སྟེ། ཆོས་སྐུ་དུས་བཞི་མཉམ་པ་ཉིད་ཆོས་ཉིད་བརྗོད་པ་ལས་འདས་པའི་དུས་སུ་རྩོལ་བྲལ་དགོངས་པ་མཉམ་ཉིད་ཆེན་པོར་སྣང་། ལོངས་སྐུས་ལྷུན་གྲུབ་ཀྱི་ཡེ་ཤེས་རང་སྣང་བའི་དུས་སུ་ཚིག་དང་ཡི་གེ་མེད་པར་བརྡའི་སྒོ་ནས་དོན་བསྟན། སྤྲུལ་སྐུས་གདུལ་བྱ་རྣམས་སྨིན་པ་གསུམ་དང་ལྡན་པའི་དུས་སུ་སྐལ་བའི་ཁྱད་པར་དང་མཐུན་པའི་ཆོས་སྣང་བའི་སྒོ་འབྱུང་བ་སྟེ། མདོར་ན་རྒྱལ་བ་སྐུ་གསུམ་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་ཡིན་པས་གདུལ་བྱ་འདུལ་བའི་ཆོས་ཀྱི་འཁོར་ལོ་དུས་གསུམ་ཀུན་ཏུ་ཆད་པ་མེད་པར་བསྐོར་བའོ། །གཉིས་པ་ནི། དེ་རྣམས་ཀུན་གྱི་ ནས་ ཉམས་སུ་ལོངས༔ ཞེས་གསུངས་ཏེ། རྒྱལ་བ་སྐུ་གསུམ་གྱི་ཆོས་འཁོར་རྒྱུ་འབྲས་ཐེག་པ་ཟབ་ཅིང་རྒྱ་ཆེ་བ་དེ་རྣམས་ཀུན་གྱི་ཚིག་དོན་སྙིང་པོ་ཕྱོགས་གཅིག་ཏུ་འདྲིལ་བ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཐིག་ལེ། གུ་རུ་རིན་པོ་ཆེའི་ཞལ་ཆེམས་མཐར་ཐུག་པ། ཁ་གསལ་བས་དབང་པོ་རྣོ་རྟུལ་ཀུན་གྱིས་གོ་སླ་བ། རྒྱས་བསྡུས་འཚམས་པས་ཉམས་ལེན་དུ་ཁྱེར་བདེ་བ། ཚིག་གི་བཤད་ཡམ་ཙམ་མ་ཡིན་པ་ལག་ལེན་དམར་ཁྲིད་རྗེན་ཕྱུང་གི་ཚུལ་དུ། མཉེས་པ་གསུམ་གྱིས་བླ་མའི་ཐུགས་ཟིན་པས་ཤིན་ཏུ་ཉེ་བའི་ཐུགས་སྲས་སུ་གྱུར་པའི་འདུས་པ་རྗེ་འབངས་གྲོགས་ཀྱི་ཚོགས་རྣམས་ལ་བསྟན་པར་བྱའོ་ཞེས་གདམས་དག་བསྟན་པར་ཞལ་གྱིས་བཞེས་ཏེ། ཟབ་ཅིང་དཀོན་ལ་བཅུད་དུ་འདྲིལ་བའི་གདམས་ངག་འདི་ལྟ་བུ་རྙེད་པར་དཀའ་བས་བཏང་སྙོམས་ཀྱིས་ཡལ་བར་མ་དོར་བར་ཐོས་པས་ཚིག་ཟུངས། བསམ་པས་དོན་དཔྱད། སྒོམ་པས་རྩེ་གཅིག་ཉམས་སུ་ལོངས་ལ་རང་གཞན་གྱི་དོན་གྲུབ་པར་གྱིས་ཤིག །ཅེས་གདམས་པར་མཛད་པའོ། གསུམ་པ་ཇི་ལྟར་འཆད་པའི་ཚུལ་གྱིས་ཚིག་དོན་རྒྱས་པར་དབྱེ་བ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ལ་ ནས་ བྱ་བ་སྟེ༔ ཞེས་གསུངས་ཏེ། བཤད་པར་ཞལ་གྱིས་བཞེས་པའི་གདམས་ངག་དེ་ལ་མདོ་ཆིངས་ཆེན་པོ་གསུམ་གྱིས་བསྡམས་ཏེ། གང་ཤེས་པར་བྱ་བའི་གཞི། གང་གིས་རྟོགས་པར་བྱེད་པའི་ལམ། གང་དུ་མཐར་ཕྱིན་པར་འགྱུར་པའི་འབྲས་བུ་བཅས་རྣམ་པ་གསུམ་གྱིས་མཚོན་པར་བྱ་བ་ཡིན་ཏེ། ཞེས་ལྷག་བཅས་ཀྱི་སྒྲས་རྒྱས་བཤད་ཀྱི་ཚིག་དྲངས་པར་མཛད་དོ། །གཉིས་པ་ལ་གསུམ། གཞི། ལམ། འབྲས་བུ་རྒྱས་པར་བཤད་པའོ། །དེའི་དང་པོ་ལ་གསུམ། གནས་ལུགས་ངོ་བོའི་གཞི་དང་། འཁྲུལ་པ་བརྟགས་པའི་གཞི་བཤད། སྐབས་ཀྱི་དོན་བསྡུས་ཏེ་མཚམས་སྦྱར་བའོ། །དང་པོ་ནི། ཤེས་བྱའི་གཞི་ ནས་ གནས་གྱུར་ཀྱང༔ ཞེས་པས་བསྟན་ཏེ། རྒྱལ་བ་བྱམས་པས། ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པས། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་སྒྲུབ་པའི་ལམ་ལ་ཞུགས་པའི་ཐོག་མར་ཐོས་པའི་ཤེས་རབ་ཀྱིས་ཤེས་བྱ་གཏན་ལ་དབབ་དགོས་ཀྱང་། འདིར་ཉམས་ལེན་དམར་ཁྲིད་ཀྱི་དབང་དུ་མཛད་ནས་མི་ཤེས་སུ་མི་རུང་བའི་གནད་མདོར་བསྡུས་ཏེ། ཤེས་བྱ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྣོད་བཅུད་ཀྱི་དངོས་པོ་ལ་ནམ་མཁས་ཁྱབ་པ་བཞིན་དུ་འཁོར་འདས་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཁྱད་པར་ལྔ་ལྡན་དུ་བཞུགས་པ་ཡིན་ཏེ། ངོ་བོ་འདུས་མ་བྱས་པ། བཞུགས་ཚུལ་གསལ་སྟོང་རིག་པའི་རང་བབས། དང་པོར་འཁྲུལ་མ་མྱོང་ཞིང་མཐར་གྲོལ་བ་ལས་འདས་པ། ནམ་མཁའ་ལྟར་སྐྱེ་འགག་སོགས་སྤྲོས་པའི་མཚན་མ་མེད་པས་རབ་ཏུ་ཞི་བ། འཁོར་བ་དང་མྱང་འདས་གཉིས་ལ་སྐྱོན་རྟོག་གིས་དབྱེ་ཞིང་རིང་བ་དང་། ཡོན་ཏན་དུ་ཤེས་པས་བསྲི་བ་སྟེ་ཉེ་བར་གྱུར་པ་གང་ཡང་མེད་པར་བཞུགས་ཤིང་གནས་པར་གྱུར་ཏོ། །ཀྱང་ཞེས་པ་ནི་ཚིག་ཕྱི་མ་སྡུད་པའི་སྒྲའོ། །དེའི་དོན་ཅུང་ཟད་བཤད་ན། གཤེགས་སྙིང་ཤེས་བྱ་ཐམས་ཅད་ཀྱི་གཞི་ཡིན་པའི་རྒྱུ་མཚན་ནི། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་འབྱུང་སྟེ། ཐོག་མ་མེད་པའི་དུས་ཅན་གྱི་དབྱིངས་དེ་ཉིད་དག་མ་དག་མ་ཕྱེ་བར་རྣམ་པར་བཞག་པའི་དབང་དུ་བྱས་ཏེ་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་སམ་གཞི་ཡིན་ལ། ཕྱེ་ན་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པའི་གློ་བུར་གྱི་དྲི་མ་ནི་ཟག་བཅས་འཁོར་བའི་རྒྱུ། ཀུན་གཞིའི་ངོ་བོ་གཤེགས་སྙིང་ནི་ཟག་མེད་མྱང་འདས་ཀྱི་རྒྱུ་ཡིན་ཏེ། འཕགས་པ་ཀླུས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སོ། །དེ་གཉིས་ཀྱང་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་མགོན་པོ་བྱམས་པས། ས་ནི་ཆུ་ལ་ཆུ་རླུང་ལ། །སོགས་དཔེ་དང་བཅས་པས་བསྟན་ཅིང་། དེ་གཉིས་ལ་གསུང་རབ་རྣམས་སུ་ཆོས་ཅན་དང་ཆོས་ཉིད་མཐའ་དང་དབུས་སྣང་བ་དང་སྟོང་པ་ཀུན་རྫོབ་དང་དོན་དམ་སོགས་ཐ་སྙད་དུ་མས་བསྟན་པ་ཡིན་ནོ། །དེ་ལྟར་ཁྱད་གཞི་དབྱིངས་ཀུན་ཁྱབ་བདེ་གཤེགས་སྙིང་པོ་དེ་ཉིད། ཁྱད་ཆོས་འདུས་མ་བྱས་པ་སོགས་ཀྱིས་གསལ་བར་མཛད་པ་སྟེ། དེའང་དབྱིངས་དེ་ཉིད་ཀུན་ལ་ཁྱབ་པའི་ཚུལ་ནི། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་ནམ་མཁའི་སྤྱི་མཚན་མཆོག་དམན་བར་མའི་གཟུགས་ཐམས་ཅད་ལ་རང་བཞིན་གྱིས་ཁྱབ་པ་བཞིན་དུ་དབྱིངས་ཀྱི་མཚན་ཉིད་ཆོས་ཐམས་ཅད་ལ་རང་བཞིན་གྱིས་ཁྱབ་པར་གསུངས་ཤིང་། དབྱིངས་དེ་འཇུག་ཚུལ་གྱི་སྒོ་ནས་མིང་གསུམ་གྱིས་བསྟན་ཏེ། གློ་བུར་གྱི་དྲི་མས་བསྒྲིབས་པའི་སེམས་ཅན་གྱི་སྐབས་སུ་རིགས། དྲི་མ་བྲལ་བའི་སངས་རྒྱས་ཀྱི་སྐབས་སུ་ཆོས་སྐུ། གཉིས་ཀའི་ངོ་བོར་ཁྱབ་ཅིང་འགྱུར་བ་མེད་པའི་ཆ་ནས་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་སོ། །དབྱིངས་དེ་ལ་འཁོར་ལོ་བར་པའི་མདོ་རྣམས་ནས་སྟོང་པ་ཉིད་དང་། དེ་བཞིན་ཉིད་ལ་སོགས་པའི་སྒྲས་བསྟན་ཏེ། སྡུད་པར། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟའི་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་སོགས་དང་། རྩ་ཤེར། དེ་བཞིན་གཤེགས་པའི་རང་བཞིན་གང་། །འགྲོ་བ་འདི་ཡི་རང་བཞིན་ཡིན། །ཞེས་སོགས་དངོས་པོའི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་མཐའ་ཡས་པར་གསུངས་སོ། །འཁོར་ལོ་ཐ་མ་སོགས་སུ་བདེ་གཤེགས་སྙིང་པོ་ཞེས་རྒྱ་ཆེར་བསྟན་ཏེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུག་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོགས་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་སུ་ཨེ་ཝྃ་དང་རྡོར་སེམས་དང་། རྒྱུད་དང་ཐིག་ལེ་འགྱུར་མེད་འོད་གསལ་རང་བྱུང་ཡེ་ཤེས་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཏེ། ཧེ་བཛྲ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་ཡི་གེར་རབ་ཏུ་གནས། །ཞེས་དང་། སམྦུ་ཊིར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། འདུས་པར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིག་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །ཅེས་སོ། །གཤེགས་སྙིང་སེམས་ཅན་ལ་བཞུགས་པར་ཡིད་ཆེས་པའི་ཐུན་མོང་གི་ལུང་ནི། མདོ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་དང་། ཤཱ་རིའི་བུ། དོན་དམ་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་སོགས་དང་། ཁྱད་པར་གྱི་ལུང་ནི། ཧེ་བཛྲ་ལས། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བར་ཁྱབ་པར་གནས། །ཞེས་སོགས་དང་། བླ་ན་མེད་པའི་ལུང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་དང་། རང་ཤར་ལས། །ཡང་དག་སངས་རྒྱས་དགོངས་པ་ནི། སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་སོགས་རྒྱ་ཆེར་འབྱུང་ཞིང་། དེའི་སྒྲུབ་བྱེད་དུ་མགོན་པོ་བྱམས་པས་རྒྱུ་མཚན་གསུམ་བཀོད་དེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པ་དང་། སེམས་ཅན་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་རྫ་བུམ་དང་གསེར་བུམ་གྱི་ནམ་མཁའ་བཞིན་ཁྱད་པར་དུ་དབྱེ་བ་མེད་པ་དང་། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་སྐུ་གསུམ་འབྱུང་རུང་གི་རིགས་གཉིས་ཡོད་པའི་ཕྱིར་རོ། །གཤེགས་སྙིང་ཡོད་པའི་རིག་པ་དཔེས་བསྟན་པ་ནི། སོར་ཕྲེང་གི་མདོ་ལས། འོ་མ་ལ་མར་ཡོད་པས་སྲུབ་ཀྱི་ཆུ་ལ་མི་སྲུབ་པ་དང་། གསེར་འདོད་པ་བྲག་ལ་རྐོ་ཡི་ཤིང་ལ་མི་རྐོ་བ་བཞིན་དུ་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་ཡོད་པས་སངས་རྒྱས་སྒྲུབ་པ་ལ་དོན་ཡོད་ཀྱི་ཁམས་མེད་ན་སྒྲུབ་པ་དོན་མེད་དུ་འགྱུར་བའི་ཚུལ་རྒྱས་པར་གསུངས་པའི་དོན་བསྡུས། འཕགས་པ་ཀླུས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེད་པར་ཟད། །ཅེས་སོ། །འཐད་པ་དཔལ་ཕྲེང་གི་མདོ་དོན་རྒྱུད་བླར་ལྡོག་ཕྱོགས་ཀྱིས་བསྟན་པ། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་དང་། སྒྲུབ་ཕྱོགས་ཀྱིས་བསྟན་པ། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་གི་ཕྱིར། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། །གཤེགས་སྙིང་ངོ་བོ་རྒྱུ་རྐྱེན་ལས་མ་བྱུང་བས་རྒྱུན་དང་སྐད་ཅིག་གིས་རྟག་མི་རྟག་ལ་སོགས་པ་བློའི་ཡུལ་ལས་འདས་པས་ནམ་ཡང་འཇིག་པ་མི་མངའ་ཞིང་། དེའང་རྟག་པ་བརྟན་པ་ཞི་བ་འཕོ་འགྱུར་མེད་པའི་ཆོས་བཞི་དང་ལྡན་པས་འདུས་མ་བྱས་སུ་གསུངས་ཏེ། སེམས་ཀྱི་རང་བཞིན་ནམ་མཁའ་ཡི། ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་མེད། །འཇིག་དང་གནས་པའང་ཡོད་མ་ཡིན། །ཞེས་དང་། གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་མེད་ཉིད་ནི་བརྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། །ཞེས་སོགས་གསུངས་སོ། །བཞུགས་ཚུལ་ངོ་བོ་མ་སྐྱེས་པས་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་འགག་པ་མེད་པར་འོད་གསལ་བ། རྣམ་པ་ཟུང་འཇུག་རིག་པའི་གཤིས་ལུགས་སུ་གནས་པ་སྟེ། རང་ཤར་ལས། དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། །རང་བཞིན་ནི་རང་གིས་འོད་གསལ་བའོ། །ཐུགས་རྗེ་ནི་རིག་པའི་སྙིང་པོར་གནས་ཏེ་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ། །ཞེས་སོ། །དེ་ཉིད་འཁྲུལ་གྲོལ་ལྟར་སྣང་བ་ནི་སེམས་ཅན་གྱི་ངོས་ནས་བཏགས་པ་ཡིན་གྱི་དོན་ལ་འཁྲུལ་གྲོལ་གཉིས་ཀ་མི་དམིགས་ཏེ། ནམ་མཁའ་དང་ཉི་མ་སྤྲིན་གྱིས་བསྒྲིབས་པ་དང་མི་བསྒྲིབས་ཞེས་པ་ནི་ས་སྟེང་དུ་འཁོད་བའི་ལུས་ཅན་རྣམས་ཀྱིས་མཐོང་བ་ལོག་པའི་དབང་དུ་བྱས་ཀྱི་དེ་གཉིས་ལ་བསྒྲིབས་མ་བསྒྲིབས་མེད་པ་བཞིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། གསང་སྙིང་ལས། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་བོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སོ། །དེའི་རྒྱུ་མཚན་ནམ་མཁའ་ལྟར་ཡོད་མེད་ཡིན་མིན་རྟག་ཆད་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་རབ་ཏུ་ཞི་ཞིང་གཉིས་སུ་མེད་པ་དབུ་མའི་བདག་ཉིད་ཅན་ཏེ། མྱང་འདས་ཆེན་པོར། སེམས་ཅན་ལ་བཞུགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་འདས་པ་དང་མ་འོངས་པ་དང་ད་ལྟ་བ་མ་ཡིན། ནང་དང་ཕྱི་རོལ་མ་ཡིན་ཏེ་གཟུགས་སྒྲ་དྲི་རོ་རེག་བྱས་མ་བསྡུས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཀྱང་དེ་དང་འདྲའོ། །ཞེས་དང་། རྡོ་རྗེ་གུར་ལས། ནམ་མཁའི་ཁམས་ནི་ཇི་སྙེད་དང་། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན། །བདེ་ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ། །སངས་རྒྱས་ནམ་མཁའ་འདྲ་བར་བཞུགས། །ཞེས་སོ། །སྙིང་པོའི་རང་ངོ་ནས་འཁོར་བའི་སྐྱོན་སྤང་ཞིང་བསལ་བ་དང་མྱང་འདས་ཀྱི་ཡོན་ཏན་བཞག་ཅིང་བསྣན་དུ་མེད་པའི་རྒྱུ་མཚན་ཀྱང་། རྒྱུད་བླར། ཉེས་པ་གློ་བུར་དང་ལྡན་ཕྱིར། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་མཚན་ཉིད་དོ། །ཞེས་དང་། དེ་དང་མངོན་རྒྱན་གཉིས་ཀར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་སོ། །དེས་ན་འཁོར་འདས་གཉིས་ལ་བཟང་ངན་བླང་དོར་དུ་རྟོག་པ་མེད་པས་ཉེ་རིང་མི་མངའ་བར་ནམ་མཁའ་ལྟར་ཁྱབ་པ་སྟེ། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་སོ། །གཉིས་པ་ནི། ལྷན་སྐྱེས་ནས། བཞིན་དུ་སྣང༔ ཞེས་གསུངས་ཏེ། སྙིང་པོ་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟ་བུ་དེ་ལ་སྒྲིབ་བྱེད་གློ་བུར་གྱི་སྒྲིབ་པ་སྤྲིན་ལྡངས་པ་ལྟར་བྱུང་སྟེ། དེའང་རང་བཞིན་རྣམ་དག་དང་དུས་སྔ་ཕྱི་མེད་པར་མཉམ་དུ་བྱུང་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་གསེར་དང་གཡའ་ལྟ་བུ་དང་། མེད་བཞིན་དུ་ཡོད་པར་བཏགས་པ་གློ་བུར་བའི་འཁྲུལ་པ་ཡུལ་ཡུལ་ཅན་སྣང་བ་ཀུན་ཏུ་བཏགས་པའི་མ་རིག་པ་སྟེ། འཁྲུལ་པ་ཐམས་ཅད་འབྱུང་བའི་གཞི་ཉེས་པ་མཐའ་དག་སྐྱེད་པའི་གདོན་ཆེན་པོ་དེ་གཉིས་ཀྱི་རང་ངོ་མ་ཤེས་པར་གཟུང་བ་ཡུལ་དང་འཛིན་པ་སེམས་ཞེས་གཉིས་སུ་རྟོག་པའི་བག་ཆགས་རིམ་གྱིས་རྒྱས་ཤིང་བརྟས་པར་གྱུར་པ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོ་སོར་ཞེན་ཅིང་འཛིན་པ་གནས་ཡུལ་རིགས་གཟུགས་བྱེད་ལས་སྣ་ཚོགས་ཐ་དད་པའི་འགྲོ་བ་རིགས་དྲུག་པོ་གཉིད་ཀྱིས་བསླད་པའི་རྨི་ལམ་བཞིན་དོན་ལ་གཅིག་ཀྱང་མེད་རུང་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་སྣང་བའོ། །དེའི་དོན་ཅུང་ཟད་བཤད་ན་ལྔ་སྟེ། དང་པོ་འཁྲུལ་པའི་གཞི་ནི། གཞི་ཡོད་པ་ལས་འཁྲུལ་པ་སྦྲུལ་ཡོད་པས་ཐག་ཁྲ་ལ་སྦྲུལ་འཛིན་གྱི་ཤེས་པ་ཞུགས་པ་ལྟ་བུ་དང་། མེད་པ་ལས་འཁྲུལ་པ་རབ་རིབ་ཅན་གྱི་མིག་ཏུ་ནམ་མཁའ་ལ་སྐྲ་ཤད་མཐོང་བ་ལྟ་བུ་དང་། དབྱེར་མེད་ལས་འཁྲུལ་པ་ག་བུར་གྱི་ངོ་བོ་ལ་ནུས་པ་གཉིས་ཡོད་པས་ཚད་ནད་ལ་སྨན་དང་རླུང་ནད་ལ་དུག་ཏུ་འགྱུར་བ་ལྟ་བུའོ། །གཉིས་པ་འཁྲུལ་བའི་རྒྱུ་ནི། གསང་སྙིང་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་གསུངས་པ་ལྟར་འཁོར་བའི་ཆོས་ཐམས་ཅད་ཀྱི་སྤྱིའི་རྒྱུ་ནི་བདག་ཏུ་རྟོག་པ་ཉིད་ཡིན་ལ། བྱེ་བྲག་བརྒྱུད་པའི་རྒྱུ་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་རང་ངོ་མ་ཤེས་པའི་ཆ་ཙམ་གནས་པ་བདག་ཉིད་གཅིག་པའི་མ་རིག་པ་དང་། མཚུངས་ལྡན་གྱི་རྒྱུ་ཆོས་ཉིད་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་རྐྱེན་དང་འཕྲད་ན་འཁྲུལ་བ་འབྱུང་རུང་དུ་གནས་པ་དང་། ལྷན་ཅིག་བྱེད་རྒྱུ་སེམས་ཉིད་རང་གིས་རང་ལ་ཡུལ་དང་ཡུལ་ཅན་གཟུང་བ་ཀུན་བཏགས་ཀྱི་མ་རིག་པ་ཡིད་ཤེས་རྟོག་བཅས་དང་། ཉེར་ལེན་གྱི་རྒྱུ་ལས་ཀྱི་བག་ཆགས་བསགས་པས་རང་འབྲས་འབྱིན་ངེས་ཀྱི་ནུས་པ་ཡོད་པའོ། །དེ་ལས་ཡིད་ཤེས་ལ་དབྱེ་ན། ཀུན་གཞི་ལ་ངའོ་སྙམ་དུ་འཛིན་ཅིང་རྣམ་ཤེས་ཉོན་མོངས་པར་བྱེད་པའི་ཉོན་ཡིད་དང་། ཚོགས་དྲུག་ནི་ཤེས་པ་སྐྱེ་འགག་གི་རྒྱུན་བྱེད་ཅིང་ལས་ཀྱི་ནུས་པ་ཀུན་གཞི་ལ་འཇོག་པ་དེ་མ་ཐག་ཡིད་ཅེས་གཉིས་སུ་ཡོད་ཅིང་། ཡིད་དེ་གཉིས་ཀྱི་རྟེན་དུ་གྱུར་ཅིང་བག་ཆགས་དང་ས་བོན་ཐམས་ཅད་འཛིན་པ་ནི་འཁྲུལ་བ་བཏགས་པའི་གཞི་སྟེ། གཞུང་ལུགས་རྣམས་སུ་ཀུན་གཞིའི་རྣམ་ཤེས་ཞེས་བྱ་བར་རྣམ་པར་བཞག་གོ །གསུམ་པ་རྐྱེན་ནི། མཐོ་རིས་ངན་འགྲོ་ཁམས་གོང་མ་རྣམས་སུ་སྐྱེ་བའི་རྐྱེན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ། ལས་དེ་དག་ཀུན་ནས་སློང་བ་པོ་ཉོན་མོངས་པ་དུག་ལྔ་རྣམས་སོ། །རྒྱུ་རྐྱེན་དེ་དག་འཛོམས་པས་འཁོར་བའི་འཁོར་ལོ་ཆེན་པོ་འདི་བྱུང་བ་སྟེ། དེའང་བདེ་གཤེགས་སྙིང་པོའི་ངོ་བོ་སྟོང་ཆ་ལ་དྲི་མ་ནམ་ཡང་མེད་ཀྱང་གསལ་ཆ་ལ་རང་ངོ་མ་རིག་སྟེ་སྐད་ཅིག་མ་དང་པོ་ལ་འདུ་བྱེད་ཀྱི་ཡིད་གཡོས་པས་གཟུང་འཛིན་ཐ་དད་དུ་བཏགས །དེ་ལས་དོན་མཐོང་བའི་རྣམ་ཤེས། དེས་བླང་དོར་དུ་བཏགས་པས་ཚོར་བ། །དེ་ལས་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས། དེའི་བག་ཆགས་བརྟས་པ་གཟུགས་བཅས་ཕུང་པོ་ལྔ་གྲུབ་སྟེ། དཔེ་ཕྱིའི་རྟེན་འབྲེལ་ས་བོན་ལས་མྱུ་གུ་སོགས་རྒྱུ་དང་འབྲེལ་བ་དྲུག་པོ་འབྱུང་བ་ལྔ་དུས་ཀྱི་སྦྱོར་བ་བཅས་རྐྱེན་དང་འབྲེལ་བ་དྲུག་གིས་ཁོར་མོ་ཡུག་ཏུ་བསྐྱེད་པ་ལྟར། ནང་གི་རྟེན་འབྲེལ་མ་རིག་པ་ལས་འདུ་བྱེད་སོགས་བཅུ་གཉིས་པོས་ཁམས་གསུམ་དུ་འཁོར་བ་ཡིན་ནོ། །བཞི་པ་བྱེད་པ་པོ་ནི། རིག་གསུམ་ལས། རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པ་པོར་བརྗོད་དོ། །ཞེས་པ་ལྟར་འཁོར་འདས་གཉིས་ཀའི་བྱེད་པ་པོ་མ་བཅོས་རྒྱུན་གྱི་སྐད་ཅིག་མ་ཡིན་ལ། ཁྱད་པར་འཁོར་བའི་བྱེད་པ་པོ་གཉིས་མེད་ལ་གཉིས་སུ་འཛིན་པའི་འཁྲུལ་རྟོག་རྒྱུན་གྱི་སྐད་ཅིག་མ་སྟེ། དེས་འཁྲུལ་ཤེས་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ནུས་པ་ཇེ་རྒྱས་སུ་སོང་བས་མཐའ་མེད་པའི་འཁོར་བ་འདི་གྲུབ་བོ། །ལྔ་པ་འབྲས་བུ་ནི། ལས་ཉོན་གྱི་རྒྱུ་འབྲས་ཟོ་ཆུན་ལྟར་འཁོར་བ་ལས། སྣང་འགྱུར་ཐུན་མོང་བའི་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་། མྱོང་འགྱུར་ཐུན་མོང་མ་ཡིན་པའི་ལས་ཀྱིས་བཅུད་ཀྱི་སེམས་ཅན་དུ་སྣང་ཞིང་རྣམ་པར་སྨིན་པ་མྱོང་བ་སྟེ། དེ་དག་རྣམས་ཀྱི་དོན་གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་སོགས་གསུངས་པ་ལྟར་རོ། །འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་ལྟར་ན། ངོ་བོ་ཀ་དག་གི་གཞི་བདེ་གཤེགས་སྙིང་པོ་ལས་རང་བཞིན་ལྷུན་གྲུབ་ཀྱི་གཞི་སྣང་ཤར་བའི་སྐད་ཅིག་ལ་རང་ངོ་ཤེས་ཏེ་ཚོགས་བརྒྱད་ཀྱི་ཉེར་ལེན་དབྱིངས་སུ་དེངས་པ་ནི་ཀུན་ཏུ་བཟང་པོ་གདོད་མའི་གྲོལ་གཞིར་སངས་རྒྱས་པ་དང་། གཞི་སྣང་དེ་ཉིད་ལྷན་སྐྱེས་མ་རིག་པས་བསྒྲིབས་ནས་གཟུང་འཛིན་ཀུན་ཏུ་བཏགས་ཏེ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཕྱིར་གསལ་སྣང་བའི་སྒོ་བརྒྱད་རྨི་ལམ་ལྟར་ཤར་ནས་འཁོར་བར་མེད་བཞིན་དུ་འཁྲུལ་བ་ལ་སེམས་ཅན་ཞེས་བཏགས་པར་གསུངས་སོ། །གསུམ་པ་ནི། དེ་ལྟ་ན་ཡང་ནས་ བརྩོན་པར་བྱ༔ ཞེས་གསུངས་ཏེ། ཐོག་མ་མེད་པ་ནས་འཁོར་འདས་གཉིས་སུ་བཏགས་ཤིང་འཁྲུལ་པའི་ཚུལ་དེ་ལྟ་བུ་ཡིན་ནའང་། སྤྲིན་གྱི་འདུ་འགོད་ཀྱིས་ནམ་མཁའ་ལ་ནམ་ཡང་གཡོ་བ་མེད་པ་བཞིན་དུ། ཐོག་མའི་ཀ་དག་བདེ་གཤེགས་སྙིང་པོ་རང་གི་ངོ་བོའི་བཞུགས་ཚུལ་དེ་ལས་གཞན་དུ་འགྱུར་བ་མི་སྲིད་པས། སྔོན་ཆད་འཁོར་འདས་གཉིས་ཀའི་ཆོས་སུ་རྣམ་པར་མ་གཡོས་ཤིང་། ད་རུང་མུ་མཐའ་མེད་པའི་འཁོར་བར་འཁོར་ཀྱང་གཡོ་བར་མི་འགྱུར་བ་དེའི་ཕྱིར་ན། འཁྲུལ་བ་གློ་བུར་གྱི་དྲི་མ་ནམ་དག་པའི་ཚེ་རང་ངོ་མངོན་དུ་བྱས་ཏེ་འཚང་རྒྱ་བར་འགྱུར་བའི་ཕྱིར། དེ་ཉིད་སྦྱོང་བའི་ཐབས་ལ་འབད་བརྩོན་མི་གཡེལ་བར་བྱའོ། །དེ་ལྟར་ཡང་ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་སོ། །ཞེས་སོ། །གློ་བུར་དྲི་མས་སྙིང་པོའི་རང་ངོ་ལ་ནམ་ཡང་མ་གོས་པས་སྦྱངས་ན་འབྲལ་དུ་རུང་བ་ནི། སྙིང་པོ་ལས། སུས་ཀྱང་མ་བཅིངས་བཅིངས་མེད་དོ། །བཅིང་བར་བྱ་བའང་ཡོད་མ་ཡིན། །ཞེས་སོ། སེམས་ཅན་སྤྱི་བཙན་དུ་འཁོར་བ་ལ་ཐོག་མཐའ་མེད་པར་གསུངས་ཀྱང་གང་ཟག་སྒོས་བཙན་དུ་མངོན་པའི་མདོ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་འབྱུང་བ་བཞིན་དྲི་མ་ལམ་གྱིས་སྦྱངས་པས་མྱང་འདས་ལ་རེག་ཅིང་། སྦྱངས་ཟིན་ནས་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་འབྲས་བུ་རྒྱུ་རུ་མི་ལྡོག་པས་ལམ་ལ་བརྩོན་པ་ནི་འཐད་པ་དང་བཅས་པའོ།། །།གཉིས་པ་གང་གིས་རྟོགས་པར་བྱེད་པའི་ལམ་བཤད་པ་ལ་གཉིས། སྡོམ་གྱིས་མདོར་བསྟན། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། རྟོགས་བྱེད་ལམ་ནས་ལམ་ ལ་འཇུག༔ ཅེས་གསུངས་ཏེ། གཞི་འབྲས་དབྱེར་མེད་པ་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་མདོ་སྔགས་ལམ་གྱི་རིམ་པ་བསམ་པའི་མཐའ་ཡས་པར་གསུངས་ཀྱང་། གནད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་ན། བློ་རྒྱུད་སྦྱོང་བའི་ཚུལ་ཞིང་ཐ་རྒོད་བཏུལ་བ་ལྟ་བུ་དང་། སྨིན་གྲོལ་གྱི་ས་བོན་གདབ་པའི་ཚུལ་འབྲུ་སྐྱོན་མེད་པ་འདེབས་པ་ལྟ་བུ་དང་། དེ་ཉིད་སྐྱེད་བསྲིང་བའི་ཚུལ་ཆུ་ལུད་སོགས་སོ་ནམ་ལ་བརྩོན་པ་ལྟ་བུ་དང་། ལམ་གྱི་གེགས་སེལ་བའི་ཐབས་སད་སེར་སོགས་སྲུང་བའི་ཐབས་ལ་འབད་པ་ལྟ་བུ་དང་། ཡོན་ཏན་གྱི་བོགས་འདོན་བའི་ཐབས་ཆར་འབེབས་སོགས་གོང་འཕེལ་དུ་འགྱུར་བའི་ཐབས་བྱེད་པ་ལྟ་བུ་སྟེ་རྣམ་པ་ལྔ་ཡིས་ལམ་ལེགས་པར་སྦྱངས་པས། འབྲས་བུ་བཅུད་དུ་སྨིན་པ་ལྟར་རྣམ་གྲོལ་གྱི་འབྲས་བུ་མངོན་དུ་བྱེད་པར་འགྱུར་བས་ན་ཡང་དག་པའི་ལམ་ལ་རབ་ཏུ་འཇུག་པར་བྱའོ། །གཉིས་པ་ལ་ལྔ། རྒྱུད་སྦྱོང་བ། ས་བོན་གདབ་པ། སྐྱེད་བསྲིང་བ། གེགས་སེལ་བ། བོགས་འདོན་པའི་རིམ་པའོ། །དང་པོ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ། བསྟེན་ནས་བློ་རྒྱུད་ཇི་ལྟར་སྦྱོང་བའི་རིམ་པའོ། །དེའི་དང་པོ་ལའང་བཞི། བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད། ཇི་ལྟར་བསྟེན་པའི་ཐབས། སྟེན་བྱེད་སློབ་མའི་མཚན་ཉིད། བསྟེན་ནས་གདམས་པ་སྟོན་ཚུལ་ལོ། །དང་པོ་ནི། དེ་ལ་དང་པོ་ ནས་ མཚན་ཉིད་ཀུན་ལྡན ཞེས་གསུངས་ཏེ། གཞི་ཤེས་ནས་གློ་བུར་དྲི་མ་སྦྱང་བའི་ཕྱིར་དུ་ལམ་གྱི་རིམ་པ་ལ་འཇུག་པའི་ཚུལ་དེ་ལའང་དང་པོ་ཉིད་དུ་རྟོག་འཁྲུལ་གྱི་བློ་ངན་གོམས་ཀྱི་དབང་དུ་ཤོར་བས་ལས་སུ་མི་རུང་བ་དེ་ཉིད་དུལ་བར་བྱ་བའི་ཆེད་དུ་རྒྱུད་ལེགས་པར་སྦྱང་དགོས་པས་དེའི་ཚུལ་འཆད་པར་བྱའོ། །དེའང་བྱིས་པའི་སྐྱེ་བོ་རྣམས་རང་གི་བློ་སྟོབས་ཀྱིས་ཡང་དག་པའི་ལམ་གྱི་ཕྱོགས་ཙམ་དུའང་བགྲོད་པར་མི་ནུས་པས་སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ཁྱད་པར་ལམ་ལ་ཚུལ་བཞིན་འཇུག་ཅིང་ལེགས་པར་བགྲོད་པར་བྱེད་པའི་རྩ་བ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཐོག་མ་ཉིད་དུ་ལེགས་པར་བརྟགས་ནས་བསྟེན་དགོས་ཏེ། དཔེར་ན་རྒྱུས་མེད་པའི་ལམ་དུ་ཞུགས་པ་ལ་རྒྱུས་ཤེས་ཀྱི་ལམ་མཁན་དང་། འཇིགས་སར་བགྲོད་པ་ལ་སྟོབས་ལྡན་གྱི་སྐྱེལ་མ་དང་། ཆུའི་ཕ་རོལ་ཏུ་བགྲོད་པ་ལ་གྲུ་འཛིན་པའི་མཉན་པ་ཉིད་མེད་ཐབས་མེད་པ་བཞིན་ནོ། །སློབ་དཔོན་གྱི་མཚན་ཉིད་མདོ་རྒྱུད་མན་ངག་རྣམས་ནས་རྒྱ་ཆེར་གསུངས་ཀྱང་མདོར་བསྡུ་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་སྡོམ་པ་གསུམ་ཇི་ལྟར་བླངས་པའི་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཉེས་ལྟུང་གིས་མ་གོས་པས་རྒྱུད་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་སྤངས་པ། མདོ་སྔགས་ཀྱི་རྒྱུད་ལུང་མན་ངག་མང་དུ་ཐོས་པས་གང་ལའང་མ་རྨོངས་ཤིང་ཕྱོགས་ལྷུང་བྲལ་བའི་རྣམ་ཐར་གྱིས་རབ་ཏུ་བརྒྱན་པ། ཐོས་དོན་བསམ་པས་གཏན་ལ་ཕབ་པས་མཐའ་དྲུག་ཚུལ་བཞིའི་བྱེ་བྲག་ཕྱེད་པ། དེའི་དོན་སྒོམ་པས་རྒྱུད་ལ་སྦྱར་བས་ཉམས་དང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཤིང་ས་ལམ་གོང་དུ་སྤོགས་པའི་དྲོད་རྟགས་དང་ལྡན་པ་སྟེ་ཐོས་བསམ་སྒོ་གསུམ་གྱིས་རང་དོན་མཐར་ཕྱིན་པ། དེ་དག་ལས་བྱུང་བའི་དྲི་མ་མེད་པའི་མཁྱེན་རབ་ཀྱི་རྩལ་རྒྱས་པས་རྙེད་བཀུར་གྲགས་པ་ལ་མི་ལྟོས་པར་དམིགས་པ་མེད་པའི་ཐུགས་རྗེའི་འཇུག་པས་སྐལ་ལྡན་གྱི་སློབ་མ་རྗེས་སུ་འཛིན་པར་མཛད་པའི་བརྩེ་བ་ཅན། དེའང་ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེད་ནུས་པ། བྱིན་རླབས་སྟོབས་ཀྱིས་མ་དག་པའི་སྣང་བ་འགོག་ནུས་པ། ཉམས་ཀྱི་གེགས་སེལ་ཞིང་རྟོགས་པའི་བོགས་འབྱིན་ནུས་པ་སྟེ། མདོར་ན་མཁྱེན་བརྩེ་ནུས་པས་གཞན་དོན་ལྷུན་གྱིས་གྲུབ་པའི་མཚན་ཉིད་བཟང་པོ་ཀུན་དང་ལྡན་པའོ། །ཐོག་མར་དགེ་བའི་བཤེས་གཉེན་ལ་བསྟེན་དགོས་པའི་ལུང་ཡང་སྡོང་པོ་བཀོད་པ་ལས། ཐམས་ཅད་མཁྱེན་པ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་རག་ལས་སོ། །ཞེས་དང་། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་དང་། ཡུམ་ལས། བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཐོག་མ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་དང་། ཇི་སྐད་དུ། གདོས་པ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་སོགས་ལུང་དང་རིག་པ་དང་དཔེ་མཐའ་ཡས་པ་གསུངས་སོ། །གཉིས་པ་ནི། མཉེས་པ་གསུམ་ནས་ ཡལ་གམ་བླང༔ ཞེས་གསུངས་ཏེ། མཚན་ཉིད་དེ་ལྡན་གྱི་སློབ་དཔོན་རྙེད་ནས་ཇི་ལྟར་བསྟེན་པའི་ཚུལ་ཡང་། མདོ་སྡེ་རྒྱན་ལས། རྙེད་པ་བཀུར་སྟི་དག་དང་རིམ་གྲོ་དག །སྒྲུབ་པའི་སྒོ་ནས་བླ་མ་བསྟེན་པར་བྱ། །ཞེས་པ་ལྟར་རབ་གདམས་ངག་གི་དོན་ཉམས་སུ་ལེན་ཞིང་བཀའ་བཞིན་བྱེད་པ་སྒྲུབ་པའི་ཞབས་ཏོག །འབྲིང་ལུས་ངག་ཡིད་གསུམ་གྱིས་སྲི་ཞུ་རིམ་གྲོ་ཇི་ལྟར་ལྕོགས་པ། ཐ་མ་ཟང་ཟིང་རྙེད་པ་རང་ལ་བདོག་རྒུ་ཐམས་ཅད་འབུལ་ཞིང་བཀུར་སྟི་བྱ་བ་སྟེ་མཉེས་པ་རྣམ་པ་གསུམ་གྱི་སྒོ་ནས། དགོས་འབྱུང་གི་ནོར་བུ། འཆི་གསོས་ཀྱི་སྨན་པ། ཁོང་པའི་དོན་སྙིང་དུ་འདུ་ཤེས་ནས་མོས་པ་དང་གུས་པ་ཚད་བཟུང་ཐང་ལྷོད་མེད་པར་བསྟེན། སྒོ་གསུམ་བྱ་བ་ཁ་ན་མ་ཐོ་བའམ་ལེགས་སུ་རེ་བའི་ཚོད་འཛིན་སོགས་ཐུགས་ལ་མི་མཉེས་པར་འགྱུར་བའི་བྱ་བ་སྐད་ཅིག་མ་ཙམ་ཡང་མི་བྱ་བར་སྤང་། ཟབ་མོའི་ཆོས་དང་སྐྱེས་བུ་དམ་པའི་དགོངས་སྤྱོད་ཀྱི་གཏིང་དཔོག་པར་དཀའ་བས་བློ་སྒྲིན་ཅིང་ཐུགས་ཟིན་པས་གསང་བ་གསུམ་གྱི་རྣམ་པར་ཐར་པ་ཚུལ་བཞིན་དུ་བསླབ་པ་ལ་མཁས་པར་བྱ་བའི་སྒོ་ནས། ཅི་མཛད་ལེགས་པར་མཐོང་ཞིང་ཅི་གསུང་ཚད་མར་འཛིན་ཏེ་བཀའ་བཞིན་རྗེས་སུ་སྒྲུབ་པའི་ཡལ་གམ་མམ་དམ་བཅའ་བརྟན་པོ་རྐྱེན་གྱིས་མི་འཕྲོག་པ་ཡང་དང་ཡང་དུ་བླངས་ཏེ་ལག་ལེན་དུ་ཁེལ་བར་བྱའོ། །དེ་ལྟར་ཡང་འདུས་པ་ལས། རིགས་ཀྱི་བུ། སློབ་དཔོན་ནི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བྱའོ། །ཞེས་དང་། རང་ཤར་ལས། དེ་ལྟར་གསང་སྔགས་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཅེས་དང་། མདོ་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །ཞེས་སོ། །ཇི་སྐད་བཤད་པའི་མཚན་ཉིད་ཀུན་ལྡན་གྱི་སློབ་དཔོན་དུས་ཀྱི་དབང་གིས་རྙེད་པར་དཀའ་ཞིང་། རྙེད་ཀྱང་རང་སྣང་མ་དག་པའི་སེམས་ཅན་གྱིས་གཞན་དག་སྐྱོན་ཅན་དུ་མཐོང་བས་ཡོན་ཏན་ཤས་ཆེ་བསྟན་པར་བྱ་དགོས་ཏེ། དོན་དམ་བསྙེན་པ་ལས། རྩོད་དུས་དབང་གི་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་འབྱུང་བ་བཞིན་ནོ། །གསུམ་པ་ནི། དེས་ཀྱང་ ནས་ སློབ་མའི་ ཞེས་པའི་བར་གྱིས་བསྟན་ཏེ། མཚན་ལྡན་གྱི་སློབ་དཔོན་དེས་ཀྱང་སློབ་མ་ཇི་ལྟ་བུ་ལ་གདམས་པ་སྟོན་ཞེ་ན། དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །ཅེས་དང་། གསང་སྙིང་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་འབྱུང་བ་ལྟར། ཆོས་དཀར་ཐམས་ཅད་ཀྱི་རྩ་བ་དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པ་དང་། འཁོར་བ་ལ་མེ་འོབས་སམ་བཙོན་ར་ལྟར་ཤེས་ནས་སྲིད་པ་ལས་ངེས་པར་འབྱུང་བའི་བློ་དང་། སེམས་ཅན་ཕ་མར་ཤེས་པས་གཞན་དོན་སྤྲོ་བའི་སྙིང་རྗེ་དང་། སྔོན་སྦྱངས་ཀྱིས་རིགས་སད་པས་ཐོས་པ་ཙམ་གྱིས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་དབང་པོ་རྣོན་པོར་གྱུར་པ་དང་། རྒྱ་ཆེ་བ་ཐེག་པ་ཆེན་པོ་དང་ཟབ་མོ་གསང་སྔགས་ཀྱི་ལྟ་སྤྱོད་ལ་ཐེ་ཚོམ་མེད་པར་ཡིད་ལ་ཤོང་བའི་བློ་ཆེ་བ་དང་། གང་ལའང་མི་བསྙེངས་ཤིང་ཞུམ་པ་མེད་པར་འཇུག་ནུས་པའི་བརྟུལ་ཞུགས་དང་ལྡན་པ་སྟེ་དྲུག་པོ་དེ་ལ་ཡོན་ཏན་གྱི་མཚན་ཉིད་ཐམས་ཅད་འདུས་པས། མཚན་ཉིད་དེ་ལྡན་གྱི་སློབ་མ་རྗེས་སུ་གཟུང་བར་བྱའོ། །བཞི་པ་ནི། རྒྱུད་དང་ ནས་ སྦྱིན་མི་བྱ༔ ཞེས་གསུངས་ཏེ། དེ་ལྟར་བླ་སློབ་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་པ་ན། བླ་མས་སློབ་མའི་རྒྱུད་ཞིབ་མོར་བརྟགས་ཏེ་བློ་ཚོད་དང་སྦྱར་ལ་ཐེག་པ་ཆེ་ཆུང་གི་གདམས་པ་བསྟན་དགོས་ཀྱི་སོ་སོའི་བློ་དང་མི་འཚམས་པ་བློ་དམན་ལ་ཟབ་ཅིང་རྒྱ་ཆེ་བ་དང་བློ་ཆེན་ལ་ཐེག་དམན་གྱི་གདམས་པ་སྦྱིན་པ་སོགས་མི་བྱ་སྟེ། དེ་ལྟར་བྱས་ན་ཆོས་བསྟན་པའི་ཡུལ་ལ་མི་ཕན་ཅིང་སྟོན་པ་པོ་ཉིད་ཉེས་པ་དང་བཅས་པར་འགྱུར་པ་སྟེ། བློ་དམན་ཟབ་རྒྱས་ཀྱིས་དངངས་སྐྲག་སྐྱེ་བས་ལམ་ལས་ཕྱིར་ལྡོག་པར་འགྱུར་བ་དང་། བློ་ཆེན་ལྟ་སྤྱོད་ཀྱིས་མ་ཚིམས་པར་ལམ་སྟེགས་སྤོང་བའི་སྐྱོན་བསྐྱེད་པར་བྱེད་དོ། །དེ་ལྟར་ཡང་རྒྱུད་རྡོར་ཕྲེང་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །འདི་དང་ཕ་རོལ་ཏུ་ནི་ཕུང་། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོ། །སྣོད་དང་ཇི་ལྟར་སྦྱར་བའི་ཚུལ་ཡང་། དམན་ལ་ཆགས་བྲལ་སྤྱོད་པ་སྟེ། །རྒྱ་ཆེ་བ་ལ་ཕ་རོལ་ཕྱིན། །ཟབ་ལ་སྔགས་ཀྱི་ཐེག་པའོ། །ཞེས་དང་། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་པ་ལྟར་རོ། །གཉིས་པ་བློ་སྦྱོང་བའི་ཚུལ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དེའི་དང་པོ་ལའང་གཉིས། རིང་བ་དང་། ཉེ་བའི་སྔོན་འགྲོའོ། །དང་པོ་ནི། བློ་རིགས་ ནས་ བྱ་བ་བཏང༔ ཞེས་གསུངས་ཏེ། བློའི་རིགས་སམ་རྒྱུད་ཚོད་དང་མཐུན་པར་གདམས་ངག་སྟོན་པའི་ཚུལ་དེའང་གཙོ་བོར་རིམ་གྱིས་དཀྲི་བའི་ཚུལ་ཤེས་ན་ཅིག་ཅར་དཀྲི་ཚུལ་ཞར་ལས་ཤེས་པར་འགྱུར་བ་དང་། སྤྱིར་ལམ་རིམ་པར་མ་འཛེགས་པར་ཐོད་རྒལ་གྱིས་གོང་མར་འཕར་བར་མི་ནུས་པ་དང་། ལམ་གྱི་ཡོན་ཏན་འོག་མ་མ་སྐྱེས་པར་གོང་མ་ཐོབ་པར་མི་ནུས་པའི་ཕྱིར་རིམ་བགྲོད་ཀྱི་ཚུལ་གལ་ཆེ་སྟེ། མདོ་མྱང་འདས་ལས། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སོ། །ཇི་ལྟར་བྱིས་པ་ཆུང་ངུ་དང་། །རིམ་གྱིས་ལུས་ཤེད་རྫོགས་པ་ལྟར། །ཆོས་འདི་ཡང་ནི་དེ་དང་འདྲ། །དང་པོར་འཇུག་པའི་རིམ་པ་ནས། །ཡོངས་སུ་རྫོགས་པའི་བར་དུའོ། །ཞེས་སོ། །དེ་ནས་ལམ་རིམ་གྱིས་དཀྲི་བའི་ཚུལ་ནི། ལམ་ལ་འཇུག་པར་འདོད་པའི་གང་ཟག་དེས་དང་པོ་ཉིད་དུ་འཇིག་རྟེན་གྱི་ལུས་སེམས་རྣམ་པར་གཡེང་བའི་འདུ་འཛིའི་གནས་ལས་རིང་དུ་བྱོལ་ནས་ཐག་བསྲིངས་ཏེ། རྒྱལ་བས་བསྔགས་པའི་བས་མཐའི་དབེན་གནས་དམ་པར་སོང་ལ་དེར་ཡང་འཕྲལ་མཁོའི་ཡོ་བྱད་མ་ཐོགས་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ། ལུས་ཀྱི་མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བ་ངག་དོན་མེད་ལོང་གཏམ། ཡིད་ཉོན་མོངས་འཁྲུལ་རྟོག་གི་རྗེས་སུ་འབྲང་བ་སོགས་འཇིག་རྟེན་པ་དང་མཐུན་པའི་བྱ་བ་མཐའ་དག་བཏང་ན་དམ་པའི་ཆོས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་བྱའོ། །དེའང་འདུ་འཛིས་རྣམ་པར་གཡེང་བ་ལ་སྒོ་གསུམ་མ་བསྡམས་ཤིང་བདུད་རིས་ཀྱི་བར་དུ་གཅོད་པ་དང་བསམ་གཏན་དང་ཤེས་རབ་མི་སྐྱེ་བ་སོགས་ཉེས་པ་ཉི་ཤུ་ཡོད་པ་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས་གསུངས་ཤིང་། སངས་རྒྱས་རྣམས་ལ་མཆོད་པའི་བྱེ་བྲག་དུ་མས་བསྐལ་པར་མཆོད་པ་བས་ངེས་འབྱུང་གི་སེམས་ཀྱིས་དབེན་པར་གོམ་བདུན་བོར་བའི་བསོད་ནམས་ཆེ་བ་ཏིང་འཛིན་རྒྱལ་པོ་སོགས་ལས་གསུངས་པ་དང་། གོང་གི་འདུ་འཛིས་ཉེས་པ་ལས་ལྡོག་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བ་དང་། ཁྱད་པར་སེམས་ལ་བརྟན་པ་མ་ཐོབ་པའི་གང་ཟག་ལས་དང་པོ་པས་དབེན་པ་བསྟེན་པ་ཁོ་ན་གལ་ཆེ་སྟེ། དཀོན་མཆོག་གི་ཟ་མ་ཏོག་ལས། ལས་དང་པོ་པས་སེམས་ཉེ་བར་ཞི་བ་དང་རབ་ཏུ་དུལ་བར་བྱ་བའི་ཕྱིར་དབེན་པར་གནས་པར་བྱའོ། །ཞེས་སོ། །གཉིས་པ་ནི། བདེ་བའི་སྟན་ ནས་ འདི་ལྟར་བསམ༔ ཞེས་གསུངས་ཏེ། དབེན་གནས་བྲག་ཕུག་གམ་བསམ་གཏན་གྱི་ཁང་པར་བདེ་བའི་སྟན་འཇམ་ཞིང་སྙོམས་པ་ལ་འདུག་པས་ཡུན་རིང་སྡོད་ཚུགས། ལུས་གནད་དྲང་པོར་བསྲང་བས་རྩ་རླུང་རང་མལ་ཏུ་གནས་ཏེ་འཁྲུལ་རྟོག་ཉུང་། རླུང་རོ་ལན་གསུམ་བསལ་བས་རྩ་ནང་ཉོན་མོངས་ཀྱི་སྙིགས་མ་དག །དཀོན་མཆོག་གསུམ་ལ་དམ་པའི་ཆོས་མཐར་ཕྱིན་པའི་གསོལ་བ་བཏབ་པས་བར་ཆད་མི་འབྱུང་། བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་བསྐྱེད་པས་སྒོ་གསུམ་ལ་བྱིན་རླབས་འཇུག །རྐྱེན་གྱིས་མི་འཕྲོག་བའི་དྲན་པ་རང་མལ་མངོན་དུ་བཞག་པས་སྒོམ་དོན་གསལ་ཐེབས་པར་འགྱུར་བས་ན། ཇི་སྐད་བཤད་པ་རྣམས་ཚུལ་བཞིན་བྱས་ལ་བློ་སྦྱོང་བའི་ཚུལ་འདི་ལྟར་བསམ་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ། འབྲིང་པོ་དང་ཐུན་མོང་བ། ཆེན་པོ་དང་ཐུན་མོང་བའི་ལམ་རིམ་མོ། །དང་པོ་ལ་གསུམ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས་བསམ་པའོ། །དང་པོ་ནི། དལ་འབྱོར་ ནས་ མ་འབད་ན༔ ཞེས་གསུངས་ཏེ། འདི་ལ་བཞི། རྟེན་གྱི་ངོ་བོ། དེ་རྙེད་པར་དཀའ་བའི་རྒྱུ་མཚན། རྙེད་པ་དོན་ཆེ་བའི་ཚུལ། དེ་ལས་སྙིང་པོ་ལེན་དགོས་པར་གདམས་པའོ། །དང་པོ་ནི། མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་ནི་རྟེན་གྱི་ངོ་བོ་ཡིན། རང་འབྱོར་གཟུགས་རྒྱན་ལེགས་པ་ལྟ་བུ་ལྔ་དང་གཞན་འབྱོར་སྣང་བའི་བྱེ་བྲག་གིས་གསལ་བ་ལྟ་བུ་ལྔ་ནི་དེའི་ཁྱད་པར་གྱི་ཆོས་ཏེ་ཕུན་སུམ་ཚོགས་པ་དེ་ལྟ་བུས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ནི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་རྟེན་ཡིན་ནོ། །དེ་ལ་མི་ཁོམ་པ་བརྒྱད་ནི། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང་། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་དང་། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་ཞུགས། །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། ཚུལ་ཁྲིམས་ལ་སོགས་དགེ་བའི་ལས་རྒྱ་ཆེན་པོ་བསགས་ཤིང་སྨོན་ལམ་གྱིས་མཚམས་སྦྱར་ན་དལ་འབྱོར་ཐོབ་པར་འགྱུར་ནའང་། ཞི་བ་ལྷས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་བཞིན་དུ་བསོད་ནམས་གསོག་པ་དཀོན་པ་དང་། དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། དལ་འབྱོར་གྱི་རྟེན་ནི་ཨུ་དུམྦ་རའི་མེ་ཏོག་དང་འདྲ་སྟེ། དེ་ནས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་བརྒྱ་ལམ་ནའང་དཀོན་པ་དང་མཚུངས་པར་གྲགས་ཤིང་། གཞན་ཡང་། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་པ་ལྟར་རོ། །གྲངས་ལ་བསམ་ཡང་རྙེད་པར་དཀའ་སྟེ། དམྱལ་བ་ནི་ས་ཆེན་པོའི་རྡུལ། ཡི་དྭགས་ནི་ཁ་བ་བུ་ཡུག །དུད་འགྲོ་ཆང་གི་སྦང་མ། ལྷ་མི་གཉིས་སེན་མོའི་སྟེང་གི་རྡུལ་ཆགས་པ་ཙམ་ལས་མེད་པར་མདོ་ལས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་པ་ལྟར་མི་ལུས་ཀྱི་གྲུ་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཏེ་སྙིང་པོ་གཏན་འདུན་གྱི་ནོར་བུ་ལེན་པའི་ཐབས་ལ་རབ་ཏུ་མཁས་ཤིང་སྒྲིན་པར་གྱུར་ན། རྙེད་དཀའ་རྙེད་པ་དེ་ཉིད་ཤིན་ཏུ་དོན་ཆེ་བ་དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་ལས་ཀྱང་ལྷག་སྟེ། ཙནྡྲ་གོ་མཱིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་སོ། །བཞི་པ་ནི། རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་ཉིད་རྙེད་པར་གྱུར་པ་དེའི་ཕྱིར། དུས་ཀྱི་རྒྱུན་དང་གནས་སྐབས་ཀྱི་བྱེ་བྲག་ཐམས་ཅད་དུ། དལ་འབྱོར་ལས་སྙིང་པོ་ལེན་པའི་ཐབས་ཡང་དག་པའི་ལམ་སྟོན་པ་པོ་དགེ་བའི་བཤེས་གཉེན་དང་དགེ་བའི་ལྟ་སྤྱོད་ཅན་གྱི་གྲོགས་པོ་བསྟེན་དགོས་ཏེ། བཤེས་སྤྲིང་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པ་ཐུབ་པས་གསུངས་དེའི་ཕྱིར། །དགེ་བའི་བཤེས་གཉེན་བསྟེན་བགྱི་བཤེས་གཉེན་ལ། །བསྟེན་ནས་རབ་ཏུ་མང་པོ་ཞི་བ་ཐོབ། །ཅེས་སོ། །དེ་ལས་ལོག་པ་རང་བློ་མི་དགེ་བའི་ལམ་དུ་ཁྲིད་དེ་དལ་འབྱོར་ཆུད་ཟོས་སུ་གཏོང་བར་བྱེད་པོའི་སྡིག་ཏོའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་སྤང་དགོས་ཏེ། དྲན་ཉེར་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དུག་གི་སྡོང་པོ་ལྟ་བུའོ། །ཞེས་དང་། དཀོན་བརྩེགས་ལས། སྡིག་པའི་གྲོགས་པོ་གང་ཞེ་ན། དགེ་བ་འགྲིབ་ཅིང་མི་དགེ་བ་ལ་སྦྱོར་བ་གང་ཡིན་ཏེ། དེ་བསྙེན་པར་མི་བྱ། བསྟེན་པར་མི་བྱ། མཐོང་བར་མི་བྱའོ། །ཞེས་སོ། །དེར་མ་ཟད་ཚེ་འདིར་ལྟོས་ཀྱི་སྣང་བ་ཐམས་ཅད་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟར་ཡུན་ཐུང་ལ་སྙིང་པོ་མེད་པས་བློས་ལིང་གིས་བཏང་ནས་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་གཏན་གྱི་འདུན་མ་འགྲུབ་པའི་ཕྱིར། ད་ལྟ་མྱུར་བ་ཉིད་དུ་དལ་འབྱོར་སྙིང་པོ་ལེན་པའི་ཐབས་ལ་མ་འབད་ན་ཚེ་ལ་ངེས་པ་མེད་དེ། ཇི་སྐད་དུ། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་དུ་འབད་པར་རིགས། །ཞེས་སོ། །གཉིས་པ་ནི། འདུས་བྱས་ ནས སྤྱོད་པར་བྱ༔ ཞེས་གསུངས་ཏེ། སྤྱིར་སྣོད་བཅུད་དུ་སྣང་བ་འདི་དག་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཏེ་འདུས་ཤིང་བྱས་པའི་ཆོས་ཡིན་པའི་ཕྱིར་གཅིག་ཀྱང་མི་རྟག་སྟེ། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས། ཇི་ལྟར་མི་རྟག་ན། ཚོམས་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླངས་པའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་མ་འཆི་བར་འགྱུར། །ཞེས་པ་ལྟར་མི་རྟག་པའི་མཐའ་བཞི་ལས་མ་འདས་པར་རགས་པ་སྣོད་བཅུད་ཆགས་འཇིག་ལོ་ཟླ་དུས་བཞིའི་འགྱུར་བ་དང་ཕྲ་བ་སྐད་ཅིག་རེ་རེ་བཞིན་རྙིངས་ཤིང་འཕོ་བ་ཉི་མ་དང་ཟླ་བའི་འཆར་ནུབ་སྐད་ཅིག་ཡུད་ཡུད་འགྲོ་བ་དང་འདྲ་ལ། བྱེ་བྲག་མི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་ཅིང་འཆི་རྐྱེན་མང་བས་མྱུར་དུ་འཆི་ངེས་པ་བར་སྣང་གི་གློག་ཤར་བའི་མོད་ནས་ཡལ་བ་དང་མཚུངས་ཏེ། འདུལ་བ་ལུང་ལས། རི་གཟར་ཆུ་བོ་རྒྱ་མཚོར་འཇུག་པ་དང་། །ཉི་མ་ཟླ་བ་ནུབ་རིར་ཕྱོགས་པ་དང་། །ཉིན་མཚན་ཐང་ཅིག་ཡུད་ཙམ་ཤུགས་ཀྱིས་འགྲོ། །སྐྱེས་བུའི་ཚེ་འགྲོ་འདི་དག་མཚུངས་པར་ལྡན། །ཅེས་སོ། །ཤི་བའི་ཚེ་དམ་པའི་ཆོས་མ་ཡིན་པ་བློ་སྟོབས་གཉེན་འཁོར་ལོངས་སྤྱོད་ཅིས་ཀྱང་མི་ཕན་པས། འཇིག་རྟེན་དང་ལྟར་སྣང་གི་ཆོས་མཆིལ་མའི་ཐལ་བ་ལྟར་རིང་དུ་བོར་ནས་དམ་པའི་ལྷ་ཆོས་རྣམ་པར་དག་པ་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གདམས་པའི་ཚུལ་བཞིན་དུ་སྤྱད་པར་བྱའོ། །གསུམ་པ་ནི། ལྷ་ཆོས་ ནས་ ཚུལ་བཞིན་བསླབ༔ ཅེས་གསུངས་ཏེ། ཐར་པ་དམ་པའི་ལྷ་ཆོས་སྒྲུབ་པའི་གཞིའམ་རྩ་བར་གྱུར་པ་ནི། སེམས་པ་ཡིད་དང་བྱས་པ་ལུས་ངག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བཅས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་པས་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱ་བ་སྟེ། དེའང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དང་། །ཞེས་འབྱུང་བ་ལྟར་ཉོན་མོངས་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་སྡིག་པ་མི་དགེ་བ་བཅུ་ཆ་དང་བཅས་པ་ཆེན་པོས་དམྱལ་བ། །འབྲིང་གིས་ཡི་དྭགས། ཆུང་ངུས་བྱོལ་སོང་སྟེ་ངན་སོང་གསུམ་དུ་འགྲོ་ཞིང་སྡུག་བསྔལ་དྲག་པོས་མནར་བར་བྱེད་ལ། བསོད་ནམས་ཆ་མཐུན་གྱིས་ལས་དགེ་བ་བཅུ་འཁོར་དང་བཅས་པས་མཐོ་རིས་སུ་སྐྱེས་ནས་བདེ་འབྲས་མྱོང་ཞིང་། ངེས་འབྱུང་དང་བྱང་སེམས་ཀྱིས་ཟིན་པའི་ཐར་པ་ཆ་མཐུན་གྱི་ལས་དགེ་བ་བྱས་པས་ཐར་པ་རྣམ་གསུམ་གང་རུང་ཐོབ་པར་འགྱུར་བ་ཡིན་ནོ། །དེའང་ཏིང་འཛིན་རྒྱལ་པོ་ལས། ལས་བསགས་པ་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ནི་དཀར་ནག་འབྲས་བུ་སྨིན། །ཞེས་གསུངས་པ་ལྟར་ལས་ཀྱི་རྣམ་སྨིན་ནམ་ཡང་མི་བསླུ་ཞིང་དགེ་སྡིག་གི་འབྲས་བུ་མི་འཆོལ་བར་བྱེད་པ་པོ་རང་རང་ལ་སྨིན་པ་དང་། ལས་རྣམས་འཕེལ་བ་འགྱུར་དང་བཅས་པས་རྒྱུ་ཆུང་ཡང་འབྲས་བུ་ཆེ་བ་དེ་བས་ན། འཕེན་རྫོགས་དང་བྱས་བསགས་ལ་བཞིར་ཕྱེས་པའི་སྔར་བྱས་ཀྱི་སྡིག་པ་ཆ་དང་བཅས་པ་ཡུལ་མཆོག་ལ་བཤགས་ཤིང་ཕྱིན་ཆད་མི་བྱ་བར་སྙིང་ཐག་པ་ནས་དམ་བཅས་པས་བསྡམ། དགེ་བའི་རྩ་བ་ཆ་བཅས་ཕྲ་མོ་ནས་ཀྱང་ཁྱད་དུ་མི་གསོད་པར་འབད་པ་ཆེན་པོས་དང་དུ་བླང་བར་བྱ་དགོས་ལ། དེའང་ཟག་བཅས་ཐུན་མོང་གི་དགེ་བ་དཀོན་མཆོག་གི་རྟེན་ལ་ཕྱག་དང་བསྐོར་བ་བྱས་པས་ལུས་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་སྡིག་པ་འདག །སྔགས་དང་སྙིང་པོ་བཟླས་བརྗོད་དང་རྒྱལ་བའི་བཀའ་མདོ་རྒྱུད་ཟབ་མོ་བཀླགས་པས་ངག་གི་མི་དགེ་བ་བཞི་གཙོ་བོར་གྱུར་པའི་སྒྲིབ་པ་བྱང་། དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པས་ཀུན་ནས་བསླངས་ཏེ་དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་གསོལ་བ་གདབ་པས་མཚོན་རྣམ་རྟོག་དགེ་བའི་ལས་ལམ་དུ་བསྒྱུར་བས་ཡིད་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་ཉེས་པ་རྣམས་ཞི་བར་འགྱུར། དགེ་སྡིག་གཉིས་ཀའང་རང་གི་སེམས་ཁོ་ནར་རག་ལས་པ་སྟེ། དཀོན་མཆོག་སྤྲིན་ལས། དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ཀུན་སེམས་ཀྱིས་བསགས་པ་ཡིན། །ཞེས་གསུངས་པས་དུས་རྟག་ཏུ་སེམས་བསྲུང་བ་ལ་འབད་པར་བྱ་སྟེ། དེའི་ཚུལ་ཡང་ཞི་བ་ལྷས། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དང་། །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་པ་ལྟར། དུས་རྟག་པར་སྲུང་སེམས་མི་བརྗེད་པའི་དྲན་པ་དང་། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོགས་པའི་ཤེས་བཞིན་དང་། བྱ་བ་གང་ཡིན་གྱི་འཇུག་ལྡོག་གི་གནས་ལ་གཟོབ་པའི་བག་ཡོད་པ་རྣམས་ལ་ཚུལ་བཞིན་དུ་བསླབ་བོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ་ལ་གཉིས། བློ་སྦྱོང་བའི་ཚུལ། འབྱོངས་པའི་ཚད་དོ། །དང་པོ་ནི། ཁྱད་པར་ ནས་ ཡང་ཡང་བསྐྱེད༔ ཅེས་གསུངས་ཏེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་འདུ་ཤེས་དེ་དག་ཡང་དག་པའི་ལྟ་བ་ཡིན་མོད་ཀྱི། དེ་ལས་ཁྱད་པར་དུ་གྱུར་པ་ཐར་པ་ཞི་བ་བླ་ན་མེད་པའི་གོ་འཕང་བསྒྲུབ་པ་ལ། འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་བསམ་པ་ཉིད་གལ་ཆེ་བ་སྟེ། དེ་ལ་འཁོར་པའི་མཚན་ཉིད་ནི། ལུང་རྣམ་འབྱེད་ལས། མི་གཙང་བ་ལ་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་པ་ལྟར་སྲིད་པའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེ་མདག་གི་འོབས་ལ་ཤ་རྗེན་དུ་གནས་པ་དང་། སྤུ་གྲི་རྣོན་པོའི་ཚལ་ལ་རྐང་རྗེན་དུ་རྒྱུ་བ་དང་། རལ་གྲིའི་ནགས་ལ་གཅེར་བུར་འཛེགས་པ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཡིན་ལ། འཁོར་བའི་རང་བཞིན་ནི། མདོ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་པ་ལྟར་ཐོག་མ་དང་ཐ་མ་མེད་པར་འཁོར་བས་དེའི་ཚུལ་དང་པོར་ཤེས་པར་བྱ་ཞིང་། དེ་ནས་རྒྱུན་དུ་མི་བརྗེད་པའི་དྲན་པ་ཡིས་བསྐུལ་ལོ། །དེ་ལ་འཁོར་བའི་སྡུག་བསྔལ་མདོར་བསྡུ་ན་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྤྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་བླངས་པ་ཙམ་ནས་སྡུག་བསྔལ་བདེན་པར་གྲུབ་པའི་སྟེང་དུ་སྡུག་བསྔལ་ཆེན་པོ་མངོན་པར་མཛེ་ཐོག་ཏུ་ཕོལ་མིག་བྱུང་བ་ལྟ་བུ་སྟེ། མཚན་གཞིའི་གཙོ་བོ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་རྣམས་ཡིན་ལ། མི་ལ་སྡུག་བསྔལ་བརྒྱད། ལྷ་དང་ལྷ་མིན་ལའང་འདོད་པས་མི་ངོམས་པ་དང་འཐབ་རྩོད་སོགས་ཀྱང་དེར་གཏོགས་པའོ། །འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་འབྱོར་ཐམས་ཅད་མི་རྟག་གཡོ་བའི་ཆོས་ཉིད་ཡིན་པས་བདེ་བར་སྡོད་འཕྲོ་ལ་ནད་དམ་དགྲས་གློ་བུར་དུ་བཅོམ་པ་ལྟ་བུ་སྟེ། ལྷ་མི་རྣམས་ལྟར་སྣང་བདེ་བར་གནས་ཀྱང་ཡུན་རིང་མི་བརྟན་པར་འགྱུར་ནས་འགྲོ་བའོ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ཕུང་ལྔས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་སྐད་ཅིག་གིས་སྐྱེ་འགག་བྱེད་པ་སོ་སྐྱེས་མི་རྟོགས་ཀྱང་འཕགས་པ་རྣམས་ཀྱི་གཟིགས་ངོར་རྟག་ཏུ་གཡོ་བའི་འདུ་བྱེད་ཅན་ཡིན་པས་སྡུག་བསྔལ་བ་སྟེ། མཛོད་ཊཱིཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་སོ། །དེས་ན་ད་ལྟ་ནད་དང་དགྲ་སོགས་སྡུག་བསྔལ་ལྟར་སྣང་བ་ཡུད་ཙམ་རེའང་ལུས་སེམས་ཀྱིས་མི་བཟོད་ན། འཁོར་བའི་གནས་སུ་ཐོག་མཐའ་མེད་པར་སྡུག་བསྔལ་ཚབ་པོ་ཆེ་དེ་གསུམ་དང་རྟག་ཏུ་འགྲོགས་པ་ལ་བཟོད་པའི་བླགས་ག་ལ་ཡོད་པས་རྒྱུ་མཚན་ཞིབ་མོར་བསམས་ལ། དེ་དག་ལས་མྱུར་དུ་ཐར་བར་འདོད་པའི་བློ་ཤུགས་དྲག་པོ་འཕྲལ་རྐྱེན་གྱིས་བསྐུལ་པའི་བཅོས་མ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཡང་དང་ཡང་དུ་བསྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། སེམས་ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་དེས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུ་དེ་བཞིན་ཏེ། །ཞེས་དང་། འདུལ་བ་ལུང་ལས། ངས་ནི་ཁྱེད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པའི་ཚུལ་བསམ་མོ། །གཉིས་པ་ནི། ནམ་ཞིག་ ནས་ སྐབས་མེད་འགྱུར༔ ཞེས་གསུངས་ཏེ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་གཏན་ལ་ཕབ་ནས་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བསྐྱེད་པས་ནམ་ཞིག་སྲིད་པའི་རྩེ་མོ་མན་ཆད་ཀྱི་དཔལ་དང་འབྱོར་པ་ལེགས་ལེགས་ལྟར་སྣང་བ་མཐའ་དག་པ་འདི་ཀུན་འདུས་བྱས་ཡིན་པས་མི་རྟག་པ་སྒྱུ་མ་ལྟ་བུ། གཡོ་བའི་ཆོས་ཡིན་པས་མི་བརྟན་པ་སྟོན་ཀའི་སྤྲིན་ལྟ་བུ། སྙིང་པོ་མེད་པས་སླུ་བར་བྱེད་པ་ཆུ་བུར་ལྟ་བུར་རྟོགས་པར་འགྱུར་ལ། རྟོགས་རིས་དེ་ཡིས་འཁོར་བའི་གནས་སུ་ཆེ་བར་གྲགས་པ་ཆགས་བྲལ་གྱི་བདེ་བ་ཅན་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོར་གྱུར་པ་བརྒྱ་བྱིན། མི་དབང་འཁོར་ལོས་སྒྱུར་རྒྱལ་ལྟ་བུའི་དཔལ་འབྱོར་ལའང་ཆགས་ཤིང་ཞེན་པའི་བློ་སྐད་ཅིག་ཙམ་ཡང་སྐྱེ་བའི་གོ་སྐབས་མེད་པར་འགྱུར་ཏེ། རྒྱལ་ཚབ་བྱམས་པས། ལྷ་ལ་འཆི་འཕོ་མི་ལ་ཡོངས་འཚོལ་སྡུག་བསྔལ་ཞེས་ནི་རྟོགས་པའི་ཕྱིར། །ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དེ། །ཤེས་རབ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲང་ལ། །འདི་ནི་སྡུག་བསྔལ་འདི་རྒྱུ་འདི་འགོག་པ་ཞེས་ཤེས་པས་མཐོང་ཕྱིར་རོ། །ཞེས་སོ། །གསུམ་པ་སྐྱེས་བུ་ཆེན་པོ་དང་ཐུན་མོང་པའི་ལམ་རིམ་བསྟན་པ་ལ་གཉིས། ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ། དངོས་གཞིའི་སེམས་བསྐྱེད་པའོ། །དང་པོ་ནི། དེ་ནས་ ནས་ སྐྱབས་སུ་བཟུང༔ ཞེས་གསུངས་ཏེ། ལམ་རིམ་དེ་རྣམས་ཀྱིས་དལ་འབྱོར་ཆུད་ཟོས་སུ་མི་བཏང་བར་མྱུར་བ་ཉིད་དུ་ཁམས་གསུམ་ལས་ཐར་བར་འདོད་པའི་ངེས་འབྱུང་གི་བློ་སྐྱེས་པ་དེ་ནས། རང་སྟོབས་ཁོ་ནས་ནི་འཁོར་བའི་འཇིགས་པ་ལྟ་ཅི་སྨོས་ཚེ་འདིའི་འཇིགས་སྐྲག་ཙམ་ལས་ཀྱང་བརྒལ་མི་ནུས་པ་ཚད་མས་གྲུབ་པས། དེ་ལས་སྐྱོབ་ནུས་པའི་སྐྱབས་གནས་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། ཡུལ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ། བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་ཆོས་སྲུང་ཡེ་ཤེས་པའི་འཁོར་ཚོགས་དང་བཅས་པ་རྣམས། རང་ཉིད་ཉེས་པའི་སྐྱོན་ཐམས་ཅད་སྤངས་པས་སྲིད་པའི་འཆིང་བ་ལས་གྲོལ་ཞིང་ཚད་མེད་པའི་ཡོན་ཏན་དང་ལྡན་པས་གཞན་སྐྱོབ་པར་ནུས་པའི་ཕྱིར་ནམ་ཡང་བསླུ་བ་མེད་པར་གཏན་གྱི་སྐྱབས་སུ་གྱུར་པ་རྒྱུ་མཚན་ཤེས་པའི་ངེས་པས་མཐོང་ནས། བསམ་པ་རང་ཉིད་གཞན་དག་མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ཆེན་པོ་ལས་མྱུར་བ་ཉིད་དུ་བརྒལ་ཞིང་བསྒྲལ་བའི་ཕྱིར། དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ། ཚུལ་ལུས་གུས་པ། ངག་གདུང་བ། ཡིད་དད་མོས་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་བྱའོ། །འདིའི་དོན་ཅུང་ཟད་བཤད་ན་བདུན། དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ནི། ཇོ་བོ་རྗེས། སྔོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་སངས་རྒྱས་པའི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་མེད་དུ་མི་རུང་བ་དང་། ནང་པ་དང་ཕྱི་པའི་ཁྱད་པར་སྐྱབས་འགྲོ་ཡོད་མེད་ལས་འབྱེད་པ་དང་། འདི་དག་གི་སྐྱབས་ལ་མ་བརྟེན་པར་འཁོར་བ་ལས་ཐར་པའི་ཐབས་མེད་པའོ། །གཉིས་པ་སྐྱབས་ཡུལ་ལ་རྒྱུ་འབྲས་གཉིས་ལས། རྒྱུའི་ཡུལ་ནི་གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་རྩ་གསུམ་སྟེ་མཆོག་གསུམ་ལ་ཐེག་པ་ཆེ་ཆུང་གི་ངོས་འཛིན་མི་འདྲ་བ་ལས། ཐེག་ཆེན་བླ་ན་མེད་པའི་ལུགས་འདིར། སངས་རྒྱས་དག་པ་གཉིས་ལྡན་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དོན་གཉིས་ཕུན་སུམ་ཚོགས་པ། ཆོས་བརྗོད་བྱ་འགོག་ལམ་གྱིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་དང་རྗོད་བྱེད་གསུང་རབ་མིང་ཚིག་ཡི་གེར་སྣང་བ་ལུང་རྟོགས་གཉིས། དགེ་འདུན་དངོས་རྒྱལ་སྲས་འཕགས་པའི་སར་བཞུགས་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པ། རྗེས་མཐུན་ཚོགས་སྦྱོར་དང་ཉན་རང་འཕགས་པ་རྣམས་སོ། །སྔགས་ལ་དེ་སྟེང་ཁྱད་པར་གྱི་དཀོན་མཆོག་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཡུལ་ཡི་དམ། ཕྲིན་ལས་སྒྲུབ་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་སྟེ། བླ་མ་དཀོན་མཆོག་ཀུན་འདུས། ཡི་དམ་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ཡིན་ཀྱང་རྩལ་དུ་བཏོན་ནས་སྐྱབས་ཡུལ་དུ་བཟུང་བའོ། །འབྲས་བུའི་ཡུལ་རང་སེམས་སྟོང་གསལ་ཟུང་འཇུག་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་བཞུགས་པ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཏེ། དེའང་འབྲས་བུ་གྲུབ་པའི་ཆེད་དུ་སྐྱབས་གནས་སུ་ཁས་བླངས་ནས་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོ་དང་། སེམས་ཉིད་སངས་རྒྱས་མངོན་དུ་འགྱུར་བའི་ཕྱིར་རྒྱུ་ལ་འཇུག་པའམ་གཙོ་བོར་རང་ལ་ལྷུན་གྲུབ་ཏུ་ཡོད་པས་གཞན་དུ་མི་བཙལ་བར་རང་ལ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོ་སྟེ། ཡེ་ཤེས་གྲུབ་པ་ལས། དཀོན་མཆོག་གསུམ་གྱི་མངའ་བདག་ལ། །གཞན་དུ་ཕུན་ཚོགས་བདེ་འདོད་ནས། །གང་ཕྱིར་རྒྱུ་ལ་སྨོན་པ་དང་། །འོད་གསལ་བ་ཡི་སེམས་ཉིད་ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། །ཅེས་སོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། དམིགས་པ་སྒོམ་ཁྲིད་སོ་སོར་འབྱུང་བ་ལྟར་ལ་བསམ་པ་དང་དུས་དང་བྱེད་ཚུལ་གཞུང་གིས་དངོས་སུ་བསྟན་པ་བཞིན་ནོ། །བཞི་པ་ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ལ་མཐར་ཐུག་གི་སྐྱབས་དང་སྟོན་པ། དེས་བསྟན་པའི་དོན་ཉམས་སུ་བླངས་པས་འཇིགས་པ་ལས་ཐར་པའི་ཕྱིར་ཆོས་ལ་ལམ། དགེ་འདུན་ལ་ལམ་སྣ་འདྲེན་པའི་ཟླ་གྲོགས་ཞུ་ཞིང་དེ་བཞིན་དུ་སྐྱོབ་པ་ཡིན་ལ། གསང་སྔགས་ཀྱི་བླ་མ་ནི་མཆོག་གསུམ་གྱི་ཕྲིན་ལས་དེ་གཅིག་པུས་མཛད་པས་དེ་ཐམས་ཅད་ཀུན་འདུས་ཡིན་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །ཞེས་སོ། །ལྔ་པ་སྐྱབས་སུ་སོང་བའི་ཚད་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། རང་གཞན་གྱི་སྐྱབས་དང་དཀོན་མཆོག་ནང་ཕན་ཚུན་གྱི་ཁྱད་པར་ཤེས་པ། ཤེས་ནས་སྐྱབས་སུ་འགྲོ་བར་དམ་བཅས་པ། །དེ་ལས་སྲོག་གི་ཕྱིར་ཡང་སྐྱབས་གཞན་མི་འཚོལ་བ་སྟེ་ཁྱད་པར་བཞི་དང་ལྡན་པའོ། །དྲུག་པ་བསླབ་བྱ་ནི། དགག་སྒྲུབ་ཀྱི་ཕྱོགས་དྲུག་ཆ་མཐུན་དང་བཅས་པའོ། །བདུན་པ་ཕན་ཡོན་ནི། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །འཇིགས་དང་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་བར་བཤད། །ཅེས་དང་། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་སོགས་ལུང་མཐའ་ཡས་སོ། །གཉིས་པ་དངོས་གཞི་སེམས་བསྐྱེད་བཤད་པ་ལ་གཉིས། ཀུན་རྫོབ་དང་། དོན་དམ་སེམས་བསྐྱེད་དོ། །དང་པོ་ལའང་གཉིས། སྨོན་པ་དང་། འཇུག་པའི་སེམས་བསྐྱེད་དོ། །དང་པོ་ནི། རང་ཉམས་ལ་ ནས་ བྱང་སེམས་བསྐྱེད༔ ཅེས་གསུངས་ཏེ། ཇི་ལྟར་རང་ཉིད་རྣམ་པ་ཀུན་ཏུ་སྡུག་བསྔལ་མི་འདོད་ཅིང་བདེ་བ་རྒྱ་ཆེར་འདོད་པའི་ཉམས་མྱོང་ལས་རྗེས་སུ་དཔག་སྟེ་ཕ་མར་གྱུར་པའི་འགྲོ་བ་རིགས་དྲུག་པོ་རྣམས་ཀྱང་དེ་ལྟར་འདོད་པ་མཚུངས་ལྡན་ཡིན་པའི་ཕྱིར། དེ་དག་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་བསོད་ནམས་བྱེད་པ་དང་ལྡན་ཅིང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྣམས་བྲལ་བ་བདག་ཁོ་ནས་བྱ་དགོས་པའི་ཕྱིར། མར་ཤེས་པས་དང་དུ་ལེན་འདོད་ཀྱི་བྱམས་པ་དང་། དེ་དག་སྲིད་ལམ་དུ་སྡུག་བསྔལ་བར་ཤེས་ནས་སྤང་དུ་མི་བཟོད་པའི་སྙིང་རྗེ་དང་། ལྷ་དང་སངས་རྒྱས་ཀྱི་བདེ་བ་ཐོབ་པ་ལ་སྤྲོ་བའི་དགའ་བ་དང་། ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཏེ། རྒྱུ་ལ་དམ་བཅའ་བ་དེ་བཞི་པོ་མཁའ་ཁྱབ་ཀྱི་འགྲོ་བ་དམིགས་ཡུལ་དུ་བྱས་པས་ཚད་མེད་པ་སྟེ། ཏིང་འཛིན་རྣམ་པ་བཞིའི་སྒོ་ནས་འབྲས་བུ་ལ་དམ་བཅའ་བ། ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་བསམ་པས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །འདིའི་དོན་ཅུང་ཟད་བཤད་ན་བདུན། དང་པོ་སེམས་བསྐྱེད་ཀྱི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་པ་ལྟར། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་རང་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་སྟེ། །དེའང་རྒྱུ་གྲོགས་སྟོབས་སོགས་བཞི་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཁོ་ནས་ཁྱེར་བའི་ལྷག་བསམ་གྱི་སྙིང་སྟོབས་དང་ལྡན་པ། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་ཐོབ་པར་འདོད་པའོ། །གཉིས་པ་དབྱེ་བ་ནི། སོ་སྐྱེ་མོས་སྤྱོད་ནས་སངས་རྒྱས་ཀྱི་བར་ས་མཚམས་ཀྱི་དབྱེ་བ་བཞི། དཔེས་བསྟན་པ་ཉེར་གཉིས་སོགས་ཡོད་ཀྱང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་གཉིས་པོ་འདི་གོ་སླ་ཞིང་གྲགས་ཆེ་སྟེ། དེའང་འགྲོ་བར་འདོད་པ་དང་མཚུངས་པར་སངས་རྒྱས་ཐོབ་འདོད་ནི་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་བརྩོན་པ་ནི་འཇུག་པའི་སེམས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པས་ཤེས་པར་བྱ། །ཞེས་སོ། །གསུམ་པ་དམིགས་པ་ནི། བྱང་ས་ལས། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པའོ། །ཞེས་པ་ལྟར་ཐེག་པ་ཆེན་པོའི་ཡེ་ཤེས་འཚོལ་བར་དམིགས་པ་དང་། ཚད་མེད་པ་བཞི་ལ་དམིགས་པའོ། །བཞི་པ་བསྐྱེད་ཚུལ་ནི། གཞུང་གི་དངོས་བསྟན་ཉིད་དེ། དེ་ལའང་ཚད་མེད་བཞིའི་ངོ་བོ་ནི། སེམས་ཅན་ཐམས་ཅད་སྔར་མེད་ཀྱི་བདེ་དགེ་གསར་པ་དང་འཕྲད་པར་འདོད་པ་ནི་བྱམས་པ། དེ་ལྟར་ཡོད་པའི་སྡུག་བསྔལ་བྲལ་ཞིང་ཕྱིན་ཆད་དེའི་རྒྱུ་འགོག་འདོད་ནི་སྙིང་རྗེ། དེ་ལྟར་འགྲོ་རྣམས་བདེ་བ་དང་ལྡན་པར་དགའ་ཞིང་ཡི་རངས་པས་དྲངས་པ་ནི་དགའ་བ། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་ལྡན་གྱི་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི་བཏང་སྙོམས་ཏེ་རང་རང་གི་མི་མཐུན་ཕྱོགས་སྤངས་པའོ། །མིང་དོན་ནི། སེམས་ཅན་གྲངས་དང་རིས་སུ་ཆད་པ་མ་ཡིན་པར། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་འགྲོ་ཁམས་ཀྱིས་ཁྱབ་པ་དམིགས་ཡུལ་བྱས་པས་ཚད་མེད་པའོ། །དབྱེ་བ་ནི། སྙིང་པོ་མཆོག་གི་མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པས་མ་ཟིན་པའི་བྱམས་སོགས་བཞིའི་སྲིད་བདེའི་རྒྱུ་ཙམ་ཡིན་པས་ཚངས་པའི་གནས་པ་བཞི་ཞེས་བྱ་ཞིང་། དེ་བཞི་སེམས་བསྐྱེད་ཀྱིས་ཟིན་པ་ནི་མྱང་འདས་ཀྱི་རྒྱུ་བྱེད་བས་ཚད་མེད་བཞི་ཞེས་བཤད་དོ། །སྐྱེད་བྱེད་ནི་རྐྱེན་བཞི་སྟེ། རང་བཞིན་གནས་རིགས་རྒྱུའི་རྐྱེན། དགེ་བའི་བཤེས་གཉེན་བདག་རྐྱེན། རང་རང་གི་ཡུལ་མངོན་གྱུར་དམིགས་རྐྱེན། ཕན་ཡོན་དང་ཉེས་དམིགས་མཐོང་བ་དེ་མ་ཐག་རྐྱེན་ནོ། །སྐྱེ་ཚུལ་ནི། སེམས་ཅན་ལ་བརྟེན་ནས་དམིགས་པ་དང་བཅས་པའི་ཚད་མེད་བཞི་སྐྱེ་ཞིང་། ཆོས་ཉིད་ལ་བརྟེན་ནས་དེ་དག་གི་རང་བཞིན་མ་སྐྱེས་པར་རྟོགས་པ་དམིགས་པ་མེད་པར་བཞི་པོས་སྐྱེ་བ་ས་སྡེ་དང་མདོ་རྒྱན་ལས་བཤད་དོ། །གོ་རིམ་ནི། ཡུམ་བར་མ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་དང་། བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པར་བྱ། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་མདོ་རྒྱུད་མཐུན་བར་གསུངས་སོ། །ལྔ་པ་ཆོ་ག་ནི། ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཁྱད་པར་སྔགས་ཀྱི་ཚུལ་ལས་བྱུང་བ་རྣམས་སོ། །དྲུག་པ་བསླབ་བྱ་ནི། སྤྱིར་ཉམས་སུ་བླང་བྱའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་ཡང་། ཁྱད་པར་སྨོན་པའི་བསླབ་བྱ་ནི། བྱང་སེམས་ཀྱི་ཕན་ཡོན་དྲན་པས་སེམས་ཅན་བློས་མི་སྤོང་བ་དང་། ཚོགས་བསགས་ཤིང་ཚད་མེད་བཞི་བསྒོམ་པ་དང་། དཀར་ནག་ཆོས་བརྒྱད་བླང་དོར་དུ་བྱ་བའོ། །འཇུག་པའི་བསླབ་བྱ། བསླབ་པ་རྣམ་པ་གསུམ་གྱིས་བསྡུས་པའི་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སློབ་ཚུལ་རྒྱས་པ་འོག་ཏུ་འབྱུང་བ་ལྟར་རོ། །བདུན་པ་ཕན་ཡོན་ནི། སངས་རྒྱས་མ་བསྒྲུབ་ན་ཕར་ཞོག །བསྒྲུབ་ཕྱིན་ཆད་ནམ་ཡང་མེད་ཐབས་མེད་པས་ཡོན་ཏན་ལ་ཚད་མེད་པར་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་རྣམས་སུ་ཡང་ཡང་གསུངས་པ་ལྟར་ལ། མདོར་ན། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་མདོ་ལས་འབྱུང་བ་ལྟར་རོ། །གཉིས་པ་འཇུག་པ་ལ་གསུམ། རང་སྨིན་པར་བྱེད་པ་ཕར་ཕྱིན་དྲུག་ལ་བསླབ་པ། གཞན་སྨིན་པར་བྱེད་པ་བསྡུ་དངོས་བཞི་ལ་བསླབ་པ། དེ་གཉིས་ཀྱི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ལོ། །དང་པོ་ནི། གཞན་ཕྱིར་ ནས་ མངོན་དུ་བྱ། ཞེས་གསུངས་ཏེ། བསམ་པ་མཁའ་ཁྱབ་ཀྱི་སེམས་ཅན་གཞན་དག་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཕྱིར་དུ་རང་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་དོན་དུ་གཉེར་བའི་བློས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱ་སྟེ། དེའང་མདོ་ལས། ལག་བཟང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་བསླབ་པར་བྱའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་ཕྱིན་དྲུག་གི་དང་པོ་སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བ། ཀུན་སློང་བཤད་མ་ཐག་པ་གཞན་ཕྱིར་རྫོགས་བྱང་དོན་གཉེར་གྱི་བློ་དང་ལྡན་པས། གཏང་བྱ་སྦྱིན་པ་ལ་དབྱེ་ན་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་གསུམ་ལས། དང་པོ་ནི། བསམ་པ་དངོས་པོ་ཞིང་དང་ཐབས་ཏེ་མ་དག་པ་བཞི་དང་བྲལ་ལ་དག་པ་བཞི་དང་ལྡན་པས། ནང་གི་དངོས་པོ་རང་གི་ལུས་སུ་གཏོགས་པ་དང་ཕྱིའི་དངོས་པོ་རང་ལ་བདོག་པའི་འབྱོར་བ་ལོངས་སྤྱོད་ཇི་སྙེད་པ་ཐམས་ཅད་ཁྱད་པར་དུ་བྱས་པའི་ཞིང་བཞི་ལ་བསམ་སྦྱོར་ཕུན་སུམ་ཚོགས་པས་སེར་སྣ་མེད་པར་རྩྭ་ལྟར་ཡོངས་སུ་གཏོང་བ་དང་། གཉིས་པ་ནི། རྒྱལ་པོ་དང་གཅན་གཟན་དང་དགྲ་དང་ཆོམ་རྐུན་མེ་ཆུ་ནད་གདོན་སོགས་འཇིགས་པས་ཉེན་པ་ལ་རང་གི་ནུས་པ་དང་སྦྱར་ཏེ་སོ་སོའི་གཉེན་པོ་གང་ལ་འོས་པའི་སྐྱབས་ཀྱི་ཐབས་སྦྱིན་པས་འཇིགས་པ་དེ་ལས་དབུགས་འབྱིན་པར་བྱེད་པ་དང་། གསུམ་པ་ནི། གཞན་དད་ཅིང་རང་མི་ཉམས་པར་བྱ་བའི་ཕྱིར་རང་ཡང་སྒོ་གསུམ་གྱི་མ་དག་པ་སྤོང་ཞིང་དག་པ་གསུམ་ལྡན་གྱིས་དམ་པའི་ཆོས་ལ་སྤྱོད་པས་དགེ་བའི་བཤེས་གཉེན་གྱི་འོས་སུ་འགྱུར་ཞིང་། དེ་ལས་གཞན་ཡང་གུས་ཤིང་སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམས་པར་འགྱུར་བས། ཡུལ་ཆོས་འདོད་པ་ལ། བསམ་པ་ཟང་ཟིང་མེད་པའི་སེམས་ཀྱིས། ཐེག་པ་ཆེ་ཆུང་གི་ཆོས་སྣོད་དང་འཚམས་པ། ཆོས་སྟོན་པའི་ཐབས་དང་ལྡན་པས། རང་གིས་སློབ་པའི་ཆོས་དེ་ལ་འགོད་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ངོ་བོ་ནི། ལེན་པ་དང་སྲུང་བས་བསྡུས་པའི་ཡོན་ཏན་བཞི་ལྡན། གང་ཟག་ཉེས་པ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་དང་། ངེས་པར་འབྱུང་བའི་བློས་བསླབ་པ་ལ་རབ་ཏུ་དང་ཞིང་མོས་པའི་བློ་དང་ལྡན་པས། བསླབ་བྱ་ལ་དབྱེ་ན། སྡོམ་པའི། དགེ་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། དང་པོ་ནི། ཐུན་མོང་བ་སོ་ཐར་རིས་བདུན། ཐུན་མོང་མ་ཡིན་པ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལས་བྱུང་བའི་བྱང་སྡོམ་གྱི་བསླབ་བྱ་ཐམས་ཅད་ལེགས་པར་བསྲུངས་ཏེ་སྒོ་གསུམ་ལ་ཁ་ན་མ་ཐོ་བར་འགྱུར་བའི་ཉེས་སྤྱོད་ཀྱི་རྒྱུན་བཅད་དེ་ཕྱིན་ཆད་བསྡམ་པ་དང་། གཉིས་པ་ནི། གཙོ་བོར་ལུས་ངག་གི་བྱ་བ་དང་འབྲེལ་ཞིང་ཤེས་རབ་ཀྱིས་མ་ཟིན་པ་ཟག་བཅས་ཀྱི་དགེ་བ་དང་། གཙོ་བོར་སེམས་ཀྱི་ཏིང་ངེ་འཛིན་དང་འབྲེལ་ཞིང་ཤེས་རབ་ཀྱིས་ཟིན་པ་ཟག་མེད་ཀྱི་དགེ་བའི་ཚོགས་ཅི་ནུས་སུ་བསྒྲུབ་པ་དང་། །གསུམ་པ་ནི། བྱང་ས་ལས་བྱ་བ་དོན་ལྡན་གྱི་གྲོགས་བྱེད་པ་སོགས་རྣམ་པ་བཅུ་གཅིག་ཏུ་གསུངས་ཀྱང་། མདོར་ན་སྒོ་གསུམ་གྱི་བྱ་བ་ཅི་བྱེད་པ་ཐམས་ཅད་སེམས་ཅན་གཞན་ཁོ་ནའི་དོན་དུ་བྱེད་པའི་ལྷག་བསམ་གྱི་འཕེན་པ་བཏང་ནས་དངོས་སུ་གཞན་ཕན་གྱི་བྱ་བ་ལག་ཏུ་ཅི་ལོན་བྱའོ། །གསུམ་པ་བཟོད་པའི་ངོ་བོ་ནི། བཟང་ངན་ལ་དགག་སྒྲུབ་བྲལ་བའི་ཇི་མི་སྙམ་པ། དོན་ཆེད་མི་འོས་པའི་ལོག་སྒྲུབ་སོགས་གནོད་པའི་ཡུལ་གྱིས་རང་གི་ལྷག་པའི་བསམ་པ་ལ་ནམ་ཡང་མི་བརྫི་ཞིང་གཡོ་བ་མེད་པའི་ཕྱིར་བསྒོམ་པ་སྟེ། དེ་ལ་དབྱེ་ན། གནོད་པ་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་སེམས་གསུམ་ལས། དང་པོ་ནི། བདག་དང་བདག་གི་བའི་ཕྱོགས་ལ་ཁྲོ་འཁྲུགས་བཅོམ་རྡེག་གཤེ་སྐུར་བྱེད་པ་སོགས་གནོད་པ་ལ་ཁོང་ཁྲོ་བྱུང་ན། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་བར་འགྱུར། །ཞེས་སོགས་དེའི་ཉེས་པ་དྲན་ཅིང་གཞན་ཡང་འདུ་ཤེས་ལྔ་དང་བརྟགས་པ་རྣམ་པ་དགུའི་སྒོ་ནས་གནོད་པ་དེ་དག་ལ་ཇི་མི་སྙམ་དུ་བཟོད་པ་དང་། གཉིས་པ་ནི། བྱང་ཆུབ་སྒྲུབ་པའི་ཆོས་ཀྱི་ཕྱིར་དུ་རང་གི་སྒོ་གསུམ་ལ་བྱ་དཀའ་བའི་སྡུག་བསྔལ་ཆེན་པོ་ཅི་ཞིག་བྱུང་ཡང་སྤྲོ་བ་ཉམས་པ་མེད་པར་དགའ་བཞིན་དང་དུ་ལེན་པ་ནི། དཔེར་ན་ནད་དྲག་པོའི་སྡུག་བསྔལ་སེལ་སླད་དཔྱད་རྩུབ་མོ་བསྟེན་པ་བཞིན་འཁོར་བའི་གཡུལ་ངོ་ཟློག་ཅིང་ཉོན་མོངས་པའི་དགྲ་འཇོམས་པའི་དཔའ་བོ་ཆེན་པོ་ཡིན་པ་དང་། གསུམ་པ་ནི། དཀོན་མཆོག་གི་ཡོན་ཏན་སོགས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་མོས་པ་དང་། ཁྱད་པར་ཡང་དག་པའི་དེ་ཁོ་ན་ཉིད་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་གནས་ལུགས་སྤྲོས་བྲལ་སྟོང་པ་ཉིད་ཟབ་མོ་ལ་སྐྲག་པ་མེད་པ་དང་མོས་ཤིང་ཁོང་དུ་ཆུད་པར་བྱ་བའོ། །བཞི་པ་བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་ཞིང་ལེ་ལོ་མེད་པ། རྒྱུ་སྔོན་གྱི་ལས་འཕྲོ་བཟང་པོས་སྙིང་སྟོབས་རླབས་པོ་ཆེ་དཀར་པོ་དགེ་བའི་ཕྱོགས་སུ་སད་པ། དེ་ཡིས་བརྩོན་བྱ་ལ་དབྱེ་ན། གོ་ཆའི། སྦྱོར་བའི། དོན་བྱེད་ཀྱི་བརྩོན་འགྲུས་གསུམ་ལས། དང་པོ་ནི། དུས་འདི་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ་བདག་གི་བྱང་ཆུབ་སྤྱོད་པ་སྐད་ཅིག་ཀྱང་མི་འདོར་སྙམ་དུ་དུས་རིང་བ་དང་བསྒྲུབ་དཀའ་བ་སོགས་ལ་སེམས་ཞུམ་པ་མེད་པའི་གོ་ཆ་གྱོན་པ་དང་། གཉིས་པ་ནི། ཉོན་མོངས་སྤོང་བ་དང་། དགེ་བ་སྒྲུབ་པ་དང་། གཞན་དོན་བྱེད་པ་རྣམས་ལ་ཉིན་དང་མཚན་མོ་ཀུན་ཏུ་སྐད་ཅིག་ཀྱང་གཡེང་བ་མེད་པར་རྟག་གུས་མི་གཡོ་མི་ལྡོག་ང་རྒྱལ་མེད་པའི་བརྩོན་འགྲུས་བརྩམ་པ་དང་། གསུམ་པ་ནི། སེམས་ཅན་གཞན་ལ་དངོས་དང་བརྒྱུད་ནས་ཕན་པར་བྱེད་པའི་དོན་ཅུང་ཟད་རེ་འགྲུབ་ན་རང་ཉིད་བསྐལ་པར་ངན་འགྲོ་གནས་དགོས་ནའང་སྐྱོ་བ་དང་ངལ་བའི་སེམས་སྤང་བར་བྱས་ནས་དོན་དེ་ཐོག་མར་སྒྲུབ་པར་བྱེད་པའོ། །ལྔ་པ་བསམ་གཏན་གྱི་ངོ་བོ་ནི། སེམས་བྱུང་དགེ་བའི་ངོ་བོར་ནང་དུ་རྩེ་གཅིག་ཏུ་གནས་པ། སྦྱོར་བ་རང་གི་ཡིད་གཡོ་བ་དང་བཅས་པ་འདི་ནི་གནོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྣམ་པར་རྟོག་པ་ཞི་བའི་བདེ་བ་ལ་མངོན་པར་འདོད་པའི་སེམས་པས། ལུས་འདུ་འཛི། སེམས་རྣམ་རྟོག་ལས་བསྲིང་ཞིང་འདོད་ཆུང་ཆོག་ཤེས་སོགས་རྒྱུ་བསྒྲུབ་པ་དང་། ཉེས་པ་ལྔ་སྤངས་པའི་འདུ་བྱེད་བརྒྱད་བསྟེན་པ་སོགས་སྔོན་དུ་སོང་ནས་དངོས་གཞིའི་བསམ་གཏན་ལ་དབྱེ་ན། མཐོང་ཆོས་བདེན་གནས། ཡོན་ཏན་སྒྲུབ་པ། སེམས་ཅན་དོན་བྱེད་གསུམ་ལས། དང་པོ་ནི། སེམས་གནས་པའི་ཐབས་དགུ་ལ་བརྟེན་ཏེ། རྣམ་རྟོག་ཀུན་དང་བྲལ་བའི་ལུས་སེམས་ཤིན་སྦྱང་གི་བདེ་བ་རོ་མྱོང་དང་རློམས་སེམས་མེད་པ་འཇིག་རྟེན་པའི་ལམ་དང་ཐུན་མོང་གྱུར་པའི་བསམ་གཏན་ཡིན་ལ། དེ་ཉིད་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་ཡིན་པས་གཞིར་གཟུང་བར་བྱ་དགོས་ཏེ། དེ་ལའང་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་ཉེར་བསྡོོགས་དང་དངོས་གཞི་རྣམས་ཀྱི་ཁྱད་པར་སོགས་ཡོད་དོ། །གཉིས་པ་ནི། བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་ཐོབ་པར་བྱེད་པ་ལ་ཡིད་བྱེད་བདུན་གྱིས་འཇིག་རྟེན་པའི་ལྷག་མཐོང་བསྒྲུབ་དགོས་པས་མཉམ་གཞག་ཞི་གནས་དང་རྗེས་ཐོབ་ལྷག་མཐོང་གཙོར་བྱེད་པ་དང་བཅས། ཉན་ཐོས་དང་ཐུན་མོང་བ་ཟད་པར་བཅུ་དང་ཟིལ་གནོན་དང་རྣམ་ཐར་བརྒྱད་ལ་སོགས་པ་དང་། ཐུན་མོང་མིན་པ་ཉན་རང་གི་སྤྱོད་ཡུལ་ལས་འདས་པའི་རྣམ་ཐར་དང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་རབ་ཏུ་བསྒྲུབ་པས་ཚོགས་སྦྱོར་མཐར་ཕྱིན་པའོ། །གསུམ་པ་ནི། དེ་ནས་མཐོང་ལམ་ཡན་ཆད་དུ་འཕགས་པའི་ཏིང་ངེ་འཛིན་ཐོབ་པ་ལ་ཟག་མེད་དམ་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་བྱ་སྟེ། དེའི་མཐུས་ལུས་ཀྱི་བཀོད་པ་མཐའ་ཡས་པ་སྤྲུལ་ཏེ་གཞན་དོན་བཅུ་གཅིག་སོགས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཉིད་ལ་ཞུགས་པ་སྟེ། རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་སངས་རྒྱས་ཐམས་ཅད་དང་། །འགྲོ་བ་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཚུངས་པ་ཉིད། །ཅེས་སོགས་གསུངས་པ་ལྟར་རོ། །འདི་ཡན་ཆད་ཀྱི་ཕར་ཕྱིན་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ཅིང་ཞེན་པ་དང་རེ་བ་མེད་པ་དང་མཐར་མི་རྟོག་པའི་བསྔོ་བས་སྤེལ་ཞིང་། སྟོང་ཉིད་དང་སྙིང་རྗེས་དག་པའི་ཐབས་དང་ལྡན་དགོས་སོ། །དྲུག་པ་ཤེས་རབ་ཀྱི་ངོ་བོ་ནི། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཏེ་དངོས་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ཀྱང་། འདིར་དེའི་རྒྱུ་སོ་སོར་རྟོག་པའི་བློ་གྲོས་ཀྱིས་ཤེས་རབ་ཇི་ལྟར་བསྐྱེད་ན། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ། །ཅེས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་རིམ་གྱིས་བསྐྱེད་པར་བྱ་བ་ལས། དང་པོར་ཐོས་པའི་ཤེས་རབ་ཀྱིས་ཤེས་བྱ་ཇི་སྙེད་པའི་ཆོས་རྣམས་ཀྱི་སྒྲ་ཚིག་མ་ལུས་པ་ཁོང་དུ་ཆུད་པར་བྱ་དགོས་ཏེ། དེའང་སྒྲ་ཚད་བཟོ་གས་ོལ་སོགས་པ་འཇིག་རྟེན་པའི་ཤེས་རབ་དང་། ལེགས་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཤེས་པ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་འབྲས་མིང་རྒྱུ་ལ་བཏགས་པ་བཅས། མདོར་ན་ཤེས་བྱ་གང་ལའང་རྨོངས་པ་མེད་པའི་ཐོས་པ་ཕྱོགས་མེད་དུ་བྱ། གཉིས་པ་ནི། ཐོས་པ་དེའང་བླུན་པོ་དད་པའི་རྗེས་འབྲང་ཙམ་དུ་མ་བཞག་པར་བར་དུ་རྟོག་ཅིང་ཞིབ་མོར་དཔྱོད་པའི་བསམ་པས་དོན་སྤྱི་ཙམ་དུ་མ་ལུས་པར། ཚད་མའི་ལུང་། དངོས་སྟོབས་ཀྱི་རིག་པ། འགལ་མེད་ཀྱི་སྒྲུབ་བྱེད་དང་ལྡན་པས་བདེན་གཉིས་དྲང་ངེས་ལ་སོགས་ཟབ་མོའི་དོན་གྱི་གོ་བ་ཚུལ་བཞིན་དུ་བཙལ། གསུམ་པ་ནི། ཐོས་བསམ་གྱིས་ངེས་པ་རྙེད་པའི་ཚུལ་དེ་ཉིད་ཐ་མར་བླང་དོར་གྱི་སྒོ་ནས་རང་གི་རྒྱུད་ལ་སྦྱོར་ཞིང་ཁྱད་པར་ལྟ་བའི་དོན་ཉིད་རྩེ་གཅིག་ཏུ་སྒོམ་པས་ཉམས་སུ་བླངས་ཏེ་ཚིག་དང་ཡིད་དཔྱོད་ཙམ་དུ་མ་སོང་བར་གནས་ལུགས་ཀྱི་དོན་ཡང་དག་པའི་མངོན་རྟོགས་ཉིད་མངོན་དུ་ཐོབ་པར་བྱའོ། །འདི་དག་གི་དོན་རྒྱས་པ་མདོ་རྒྱན་སོགས་སུ་འབྱུང་བ་ལྟར་ལ། བསྡུ་ན་ཕྱིན་དྲུག་གི་མཚན་ཉིད་ནི། བྱང་སེམས་ཀྱིས་བསྒྲུབ་པའི་བསླབ་བྱ་གང་ཞིག །ཁྱད་ཆོས་བཞི་དང་ལྡན་པའི་སྦྱིན་སོགས་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། ཁྱད་ཆོས་བཞི་ནི། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། དེ་ལྟར་བྱས་ནས་ཆོས་བསྟན་པས་གདུལ་བྱའི་རྒྱུད་བྱང་ཆུབ་གསུམ་གང་རུང་དུ་སྨིན་པར་བྱེད་པའོ། །རབ་དབྱེ་ནི། སྦྱིན་པ་སོགས་དྲུག་པོ་རེ་རེ་ལའང་སྦྱིན་སོགས་དྲུག་རེར་དབྱེ་ན། གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་སྦྱིན་པའི་སྦྱིན་པ་སོགས་སོ་སོའི་སྦྱིན་པ། དེ་བཞིན་དུ་རང་རང་གི་མི་མཐུན་ཕྱོགས་ཀྱིས་མ་གོས་པར་སྤྱོད་པ་སོ་སོའི་ཚུལ་ཁྲིམས། རང་རང་གི་དཀའ་སྤྱད་བཟོད་པས་སྤྱོད་པ་སོ་སོའི་བཟོད་པ། དགའ་སྤྲོ་དང་བཅས་པས་སྤྱོད་པ་སོ་སོའི་བརྩོན་འགྲུས། དེ་ལྟར་བརྩོན་པས་སེམས་ཟིན་ཏེ་གཞན་དུ་མི་གཡེང་བས་སྤྱོད་པ་སོ་སོའི་བསམ་གཏན། འཁོར་གསུམ་མི་རྟོག་པའི་སྒོ་ནས་ཕྱིན་དྲུག་ལ་སྤྱོད་པ་སོ་སོའི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བར་མངོན་རྒྱན་ལས་བཤད་ཅིང་། དེར་མ་ཟད་མདོ་སྡེ་བསྐལ་བཟང་ལས་དབྱེ་བ་རྒྱ་ཆེར་འབྱུང་བ་སོགས་སོ། །གྲངས་ངེས་ནི། བྱང་སེམས་ཀྱི་བསྒྲུབ་པའི་ཆོས་ཐམས་ཅད་བསླབ་པ་གསུམ་དུ་འདུ་བ་ལ་ལྟོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་ལ་ཆགས་པ་དང་བྲལ་བ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ལ། དེ་ལས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ། དེ་གསུམ་ནི་རྒྱུ་དང་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུས་སོ། །བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པར་བསྡུས་ལ། བརྩོན་འགྲུས་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བ་ཡིན་ནོ། །སྒྲུབ་ཚུལ་ནི་མདོ་རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིན། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟེན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །དེ་ཐམས་ཅད་ཀྱང་དམ་པ་དྲུག་དང་ལྡན་པར་ཉམས་སུ་བླང་དགོས་ཏེ། རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྤྱིན་སོགས་ཕྱོགས་རེ་མ་ཡིན་པར་གཞི་ཐམས་ཅད་ལ་འཇུག་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། རྣམ་དག་དམ་པ་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་སྤྱོད་པ་རྣམས་སོ། །གཉིས་པ་གཞན་སྨིན་བྱེད་བསྡུ་དངོས་ལ་བསླབ་པའི་ཚུལ་ནི། རང་རྒྱུད་སྨིན་ ནས་ རབ་ཏུ་འགོད༔ ཅེས་གསུངས་ཏེ། དེ་ལྟར་འཇུག་པའི་སྤྱོད་པ་ལ་བསླབས་པས་རང་རྒྱུད་ཡོངས་སུ་སྨིན་པར་གྱུར་ནས་སེམས་ཅན་གཞན་དག་སྨིན་པར་བྱེད་དགོས་པས། དེའི་ཐབས་སམ་ལག་ལེན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་བསྡུ་བའི་དངོས་པོ་བཞི་ཡིན་ཏེ། མདོ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་གོ་རིམ་དང་རྣམ་གྲངས་བསྟན། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པར་བྱེད་དང་འཇུག་བྱེད་དང་། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །ཞེས་དགོས་ཆེད་སྒྲ་དོན་སོགས་རྒྱས་པར་གསུངས་པ་དེ་མཚུངས་པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་སྤྱོད་པ་ཡིས་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་ཇི་ལྟར་བྱ་བའི་ཚུལ་ཡང་བསྟན་པ་ལྟར། ཐོག་མར་གདུལ་བྱའི་སྣོད་ལྡན་འཁོར་དུ་མ་འདུས་པ་རྣམས་ལ་ཟང་ཟིང་གི་དངོས་པོ་ཇི་ལྟར་འོས་པ་སྤྱིན་པས་ལེགས་པར་བསྡུས་ལ། འདུས་ནས་ཕ་རོལ་པོའི་བློ་ལ་འཐད་ཅིང་ཡིད་ལ་འབབ་པའི་ཚིག་སྙན་པར་སྨྲ་བའི་གཏམ་སྨྲས་པས་ཡིད་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་དྲང་། དྲངས་པ་དེ་དག་སླར་མི་ལྡོག་པ་རང་གི་རྗེས་སུ་འཇུག་ཅིང་སྤྲོ་བ་སྐྱེད་པའི་ཕྱིར་རང་ཉིད་ཀྱང་གཞན་ལ་བཤད་བྱའི་ཆོས་དོན་དེ་དག་དང་མི་འགལ་ཞིང་མཐུན་པར་སྤྱོད་པ་ལ་སྐྱོ་དུབ་མེད་པར་བྱ་བས་བློ་བག་ཕབས་ཏེ། གདུལ་བྱའི་ཁམས་དང་དབང་པོ་དམན་འབྲིང་མཆོག་གི་ཁྱད་པར་དང་མཐུན་པར་ཐེག་པ་ཆེ་ཆུང་གི་ཆོས་སྒོ་སོ་སོར་བསྟན་ནས་དེའི་དོན་སྒྲུབ་ཅིང་སྤྱོད་དུ་འཇུག་པའི་གཏན་འདུན་གྱི་གྲོས་ཆེན་གདབ། བཞི་པོའང་བསྡུ་ན་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་གཉིས་སུ་འདུ་བ་ཡིན་ལ། དེ་གཉིས་པོས་གནས་སྐབས་དང་མཐར་ཐུག་དག་ཏུ་འཕྲལ་གྱི་ཕན་པ་དང་ཡུན་གྱི་བདེ་བའི་དཔལ་ལ་འགྲོ་བ་རྣམས་རབ་ཏུ་འགོད་པར་བྱའོ། །གསུམ་པ་དེ་དག་གི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ནི། གནད་ཀྱི་ ནས་ བྱང་སེམས་སྦྱང༔ ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཉམས་ལེན་མ་ལུས་པའི་གནད་ཀྱི་སྙིང་པོར་དྲིལ་ན་གསུམ་སྟེ། རྒྱུ་ལ་སྦྱོང་བ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམ། སེམས་དངོས་ལ་སྦྱོང་བ་ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་བླང་། སྤྱོད་པ་ལ་སྤྱོང་བ་དགེ་བ་གཞན་དོན་དུ་བསྔོ་ཞིང་བདེ་སྡུག་གཏོང་ལེན་ལ་རྩེ་གཅིག་ཏུ་འབད་པར་བྱ་སྟེ། དེའང་ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་བདག་གཞན་བརྗེ་བའི་བློ་སྦྱོང་ཟབ་མོ་ལ་བསླབ་པ་གལ་ཆེ་སྟེ། །དེའི་རྒྱུ་མཚན་ཡང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་རྣལ་མ་དང་ལྡོག་ཕྱོགས་ཀྱི་སྒོ་ནས་བསྟན་པ་ལྟར་ཡིན་ལ། དེའི་ཚུལ་ཡང་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང་། །ཞེས་པའི་དོན་ལྟར་ནམ་མཁས་ཁྱབ་པའི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་དང་ཉོན་མོངས་པ། འབྲས་བུ་ལུས་སེམས་ལ་སྡུག་བསྔལ་གྱི་ཚོར་བ་ཇི་སྙེད་ཡོད་པ་ཐམས་ཅད་བདག་གི་ཁུར་དུ་ཐེ་ཚོམ་མེད་པར་དགའ་བཞིན་སྤྲོ་བཞིན་དུ་བླང་བའི་འདུན་པ་བྱ་བ་དང་། བདག་གི་རྒྱུད་ལ་ཐོག་མ་མ་མཆིས་པ་ནས་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་དང་། འབྲས་བུ་ལུས་སེམས་ལ་བདེ་བའི་ཚོར་བ་ཅི་ཡོད་པ་ཐམས་ཅད་འགྲོ་བ་རིགས་དྲུག་གི་སེམས་ཅན་ཀུན་ལ་རེ་རེ་ནས་ཚང་བར་སྦྱིན་པའི་འདུན་པ་བྱ་བ་སྟེ། དེ་དག་ཀྱང་བློ་སྦྱོང་དོན་བདུན་མ་ལས། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་གཉིས་རླུང་ལ་བསྐྱོན་ཏེ་བྱ། །ཞེས་པ་ལྟར་ཉམས་སུ་ལེན་ཅིང་། ཁམས་བཟང་ངན་སྐྱིད་སྡུག་མཐོ་དམན་ཇི་ལྟར་བྱུང་ཡང་རྐྱེན་ངན་གྱིས་མི་འཆོར་བའི་གོ་ཆ་ཆེན་པོར་བགོས་ལ་སྙིང་རྗེ་གཞིར་བྱས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྩེ་གཅིག་ཏུ་སྦྱངས་ལ་སྐྱེས་བརྟན་གོང་འཕེལ་དུ་བྱའོ། །གཉིས་པ་དོན་དམ་སེམས་བསྐྱེད་བསྟན་པ་ལ་གསུམ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། དེའི་འབྲས་བུ་བསྟན་ཏེ་མཚམས་སྦྱར་བའོ། །དང་པོ་ལའང་བཞི། ཕྱི་གཟུང་ཡུལ་རང་བཞིན་མེད་པར་གཏན་ལ་འབེབས་པ། ནང་འཛིན་པ་དང་གང་ཟག་གི་བདག་རང་བཞིན་མེད་པར་གཏན་ལ་འབེབས་པ། དཔྱོད་བྱེད་ཀྱི་བློ་རང་བཞིན་མེད་པར་གཏན་ལ་འབེབས་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཁྱད་པར་ཕྱི་ ནས་ ལྟ་བུར་བལྟ༔ ཞེས་གསུངས་ཏེ། ཐབས་ཀུན་རྫོབ་བྱང་སེམས་ལས་ཁྱད་པར་དུ་གྱུར་པ་ཤེས་རབ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལའང་ཐོག་མར་ཕྱི་རོལ་ཏུ་བདེན་བདེན་ལྟར་སྣང་བ་བདག་ཏུ་འཛིན་པས་གཟུང་བར་བྱ་བའི་ཡུལ་ཐམས་ཅད་ལུང་རིག་གིས་ལེགས་པར་བརྟགས་ན་གཅིག་ཀྱང་བདེན་པ་མ་ཡིན་པ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མའི་དངོས་པོ་ལྟ་བུར་སྣང་བ་ཡིན་ནོ། །དེའང་གྲུབ་མཐས་བློ་མ་བསྒྱུར་བའི་འཇིག་རྟེན་ཕལ་པ་རྣམས་ཀྱིས་སྣང་དངོས་བདེན་རྟག་ཏུ་ཞེན་ཅིང་། གྲུབ་མཐའ་ལོག་པར་ཞུགས་པའི་མུ་སྟེགས་པ་རྣམས་ཀྱིས་རྟག་པ། གཅིག་པུ། རང་དབང་ཅན་སོགས་སུ་འདོད་པ་ཡོད་ཀྱང་མ་རྟོགས་པ་དང་ལོག་པར་རྟོག་པ་ལ་ཞུགས་པ་ཡིན་ཏེ། འདི་ལྟར་སྣང་དངོས་རྣམས་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། རྟག་ལ་བྱ་བ་མེད་ཕྱིར་རོ། །ཞེས་པ་ལྟར་ཏེ་ནམ་མཁའ་བཞིན་ནོ། །དེ་ཆོས་ཅན། མི་རྟག་པར་ཐལ། འཁྲུལ་ངོར་རྒྱུན་འཕོ་བས་དོན་བྱེད་ནུས་པའི་ཕྱིར། ས་བོན་དང་མྱུ་གུ་བཞིན་ནོ། །སྣང་བ་རྟག་ཆོས་ཅན། གཅིག་པུ་མ་ཡིན་པར་ཐལ། དངོས་སྣང་སྣ་ཚོགས་སུ་འབྱུང་ཞིང་འགྱུར་བའི་ཕྱིར། ཆུའི་དངོས་པོ་གཅིག་ལ་རིགས་དྲུག་གི་མཐོང་ཚུལ་ཐ་དད་པ་བཞིན། དེ་ཆོས་ཅན། སྣ་ཚོགས་པའང་དོན་ལ་བདེན་པ་མེད་པར་ཐལ། རྐྱེན་ལས་བྱུང་བའི་ཕྱིར་འཇའ་ཚོན་བཞིན་ནོ། ཁམས་གསུམ་པོ་ཆོས་ཅན། རང་དབང་དུ་འགྱུར་བ་མེད་པར་ཐལ། ལས་ཀྱི་ཕྱི་བཞིན་དུ་འགྲོ་བའི་ཕྱིར། འགྱུར་བའི་སྡུག་བསྔལ་བཞིན་ནོ། །ལས་ཆོས་ཅན། དོན་དམ་པར་མི་བདེན་པར་ཐལ། རྫས་དང་དུས་ཀྱི་དངོས་པོར་མ་གྲུབ་པའི་ཕྱིར། འདུས་མ་བྱས་པ་བཞིན་ནོ། །དེའང་གོ་སླ་བར་བརྗོད་ན། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་རྟག་པ་མ་ཡིན་ཏེ། དེ་ཡིན་ན་རྟག་དངོས་གཞན་དུ་འགྱུར་མི་སྲིད་པས་ནམ་མཁའི་རང་བཞིན་གང་དུའང་མི་འགྱུར་བ་བཞིན་དོན་བྱེད་མི་ནུས་པའི་ཕྱིར། མི་རྟག་པ་ཡིན་ཏེ། སྐད་ཅིག་གཉིས་པར་རྒྱུན་འགྱུར་བས་ས་བོན་ལས་མྱུ་གུ་དང་མར་མེའི་རྒྱུན་བཞིན་ཀུན་རྫོབ་ཙམ་དུ་དོན་བྱེད་ནུས་པའི་ཕྱིར། འོ་ན་མི་རྟག་པར་གྲུབ་བམ་ཞེ་ན། དེའང་མ་གྲུབ་སྟེ་རྟག་མི་རྟག་གཅིག་ལ་གཅིག་ལྟོས་པའི་མིང་ཙམ་ཡིན་པས་ལྟོས་ས་མ་གྲུབ་པའི་ལྟོས་ཆོས་ཀྱང་མི་བདེན་པའི་ཕྱིར། འཕགས་ཞབས་ཀྱིས། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་པ་ལྟར་རོ། །གཞི་གཅིག་པུ་ཉིད་དུ་ངེས་པའང་མ་ཡིན་ཏེ། ཡིན་ན་གཅིག་དང་དུ་མ་རྫས་འགལ་བས་སྣ་ཚོགས་སུ་འབྱུང་བར་མི་རིགས་པ་ལ། ཆུའི་དངོས་པོ་གཅིག་ལ་དམྱལ་བས་ཁྲོ་ཆུ། ཡི་དྭགས་ཀྱིས་རྣག་ཁྲག །དུད་འགྲོས་བཏུང་བ། མི་ཡིས་ཉེར་སྤྱད། ལྷ་ཡིས་བདུད་རྩི་སོགས་སུ་མཐོང་བ་ལྟར་ལས་སྣང་གི་རྗེས་སུ་འགྱུར་ཞིང་འགྲོ་བའི་ཕྱིར། སྣ་ཚོགས་ཉིད་ཀྱང་མི་བདེན་ཏེ་གཅིག་པུའི་གཞི་མ་གྲུབ་པས་དེའི་ཁྱད་ཆོས་མ་གྲུབ་སྟེ། ཁྱད་གཞི་མོ་གཤམ་གྱི་བུ་མ་གྲུབ་པས་ཁྱད་ཆོས་མཛེས་པ་སོགས་མ་གྲུབ་པ་བཞིན་ཏེ། འཕགས་ཞབས་ཀྱིས། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་སྣང་བར་འགྱུར་ཕྱིར་རོ། །དངོས་པོ་ངོ་བོ་ཉིད་མེད་དེ། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །ཅེས་སོ། །བྱེད་པ་པོར་གྲགས་པ་ཚངས་དབང་ཁྱབ་འཇུག་གིས་མཚོན་ཁམས་གསུམ་ན་རང་དབང་དུ་གྱུར་བ་འགའ་ཡང་མེད་དེ། ཡོད་ན་མྱང་འདས་བཞིན་ལྡོག་མི་སྲིད་པ་ལ་ཐམས་ཅད་ཀྱང་ལས་དཀར་ནག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་ན་ཟག་པ་དང་བཅས་པའི་ཕྱིར་རོ། །འོ་ན་ལས་བདེན་པར་གྲུབ་བམ་ཞེ་ན། དོན་དམ་པར་ལས་ཀྱང་བདེན་པར་གྲུབ་པ་མེད་དེ། འཕགས་པས། ཆོས་འདི་དག་ནི་ཆོས་ཉིད་ཀྱིས། །འོང་བ་མེད་ཅིང་འགྲོ་མེད་ན། །ལས་དང་ལས་ཀྱི་རྣམ་པར་སྨིན། །ཅི་ལྟ་བུར་ནི་འཐད་པར་འགྱུར། །དམ་པའི་དོན་དུ་འོང་མེད་ཅིང་། །གང་དུའང་འགྲོ་བ་ཡོད་མ་ཡིན། །ཀུན་རྫོབ་ཏུ་ནི་ལམ་འཇུག་ཅིང་། །རྣམ་པར་སྨིན་པ་ཉེ་བར་སྟོན། །ཞེས་གསུངས་པ་ལྟར་རོ། །ནང་པའི་གྲུབ་མཐའ་འཛིན་པ་ལས་ཕྱོགས་རྟོགས་ཉན་ཐོས་བྱེ་བྲག་སྨྲ་བ་རྣམས། དངོས་སྣང་རྣམས་མི་བདེན་པས་ཀུན་རྫོབ་ཡིན་ཀྱང་དངོས་པོ་དང་དུས་རྩོམ་བྱེད་རགས་མཐའ་རྡུལ་ཕྲན་ཆ་མེད་ཐོ་བ་ལ་སོགས་པས་གཞིག་མི་ནུས་པ་དང་། ཤེས་པའི་མཐའ་སྐད་ཅིག་ཆ་མེད་བློས་བཞག་ཏུ་མི་རུང་བ་དོན་དམ་བདེན་པར་འདོད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེའང་ལྟ་བའི་མུན་པས་ཁེབས་པ་སྟེ། རྡུལ་ཕྲན་དོན་དམ་པ་མ་ཡིན་ཏེ་ཆ་མེད་པའི་རྡུལ་མ་གྲུབ་པའི་ཕྱིར། གལ་ཏེ་གྲུབ་ན་ཆ་ཤས་མེད་པའི་ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟར་ཐམས་ཅད་གོ་ས་གཅིག་ཏུ་འདྲེས་པས་དངོས་པོ་རགས་པ་རྩོམ་མི་ནུས་ཏེ། ཉི་ཤུ་པ་ལས། དྲུག་གི་ཆར་ནི་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །རྡུལ་ཕྲན་རྣམས་ཕྱོགས་སོ་སོར་ཡོད་ན་ཤར་ལ་སོགས་པའི་དབྱེ་བས་ཆ་དང་བཅས་པས་སྔར་ཆ་མེད་དུ་དམ་བཅས་པའི་རང་ཚིག་དང་འགལ་ལོ། །རྡུལ་ཕྲན་སིལ་བུ་རེག་ལ་མ་འབྱར་བར་གནས་པར་འདོད་པའང་འགལ་ཏེ། རེག་ལ་མ་འབྱར་པའི་བར་དུ་སྣང་མུན་གྱི་རྡུལ་གྱིས་མི་ཆོད་མི་སྲིད་པས་ཆོད་ན་དེ་དང་འབྱར་བས་བར་མེད་དུ་འགྱུར་ལ། མ་ཆོད་ན་བར་མེད་པས་ཁས་བླངས་དང་འགལ་ལོ། །སྐད་ཅིག་མའི་རྒྱུན་གྱིས་དུས་བརྩམས་པའང་འགལ་ཏེ། སྐད་ཅིག་མ་སྔ་ཕྱི་མ་འཕྲད་ན་ཤེས་པ་ཕྱི་མ་རྒྱུ་མེད་དུ་འགྱུར་བས་སྔ་མ་རྩོམ་བྱེད་དུ་མི་འགྲོ་ལ། འཕྲད་ནའང་སྐད་ཅིག་མ་གསུམ་དུས་གཅིག་ལ་འཕྲད་ན་ཐམས་ཅད་དུས་མཉམ་དུ་འགྱུར་པས་བསྐལ་པའང་སྐད་ཅིག་གཅིག་ཁོ་ནར་འགྱུར་ཞིང་། རེས་མོས་སུ་འཕྲད་ན་སྐད་ཅིག་མ་གཅིག་གི་ཆ་སྔ་མ་འདས་པ། གཉིས་པ་ད་ལྟ་བ་སྟེ་ཆ་གཉིས་སུ་འགྱུར་བས་ཆ་མེད་ཀྱི་དམ་བཅའ་ཉམས་པའོ། །འདིས་ནི་ཤེས་བྱ་རྫས་ཡོད་དུ་འདོད་པས་དོན་ལ་མཐར་ལྟ་ཁས་ལེན་པར་སོང་པའི་ཕྱིར་ནང་པའི་ལྟ་གྲུབ་དམན་ཤོས་ཡིན་པས་འདིར་མཚན་གཞི་ཙམ་དུ་དངོས་སུ་བསྟན་པར་སྣང་ལ། དེས་མཚོན་ནས་ཤུགས་བསྟན་མདོ་སྡེ་པས་རྩོམ་བྱེད་ལྐོག་ན་མོས་བརྩམས་པའི་ཤེས་བྱ་རྣམས་བཏགས་ཡོད་ཙམ་དུ་འདོད་པ་དང་། སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་བདེན་པར་འདོད་པ་རྣམས་ཀྱང་དངོས་པོར་སྨྲ་བའི་གྲུབ་མཐའ་ཡིན་པས་ལུང་རིག་གི་སུན་ཕྱུངས་ལ་དབུ་མའི་ལམ་དུ་འཇུག་པར་བྱའོ། །རྒྱུ་མཚན་དེས་ན་དངོས་སྣང་ཐམས་ཅད་བདེན་པར་གྲུབ་པ་གཅིག་ཀྱང་མེད་པས་མེད་བཞིན་དུ་སྣང་བ། སྣང་ཡང་མི་བདེན་པར་རྫུན་པར་སྣང་བ། དེའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སྣང་བ་ཡིན་ཏེ་ཆོས་ཐམས་ཅད་རང་ངོས་ནས་བདེན་པར་གྲུབ་ན་དངོས་པོའི་རང་མཚན་མི་བཏང་བས་སྐྱེ་འཇིག་སོགས་གང་ཡང་མི་རུང་ལ། དེ་མ་གྲུབ་པའི་གནད་ཀྱིས་རྟེན་ཅིང་འབྲེལ་འབྱུང་གི་ཆོས་རྣམས་དགག་པ་མེད་པར་འཆར་དུ་རུང་བས་སྟོང་པ་ཉིད་ལ་སྣང་བ་མི་འགག་ཅིང་སྣང་བའང་སྟོང་ཉིད་ཀྱི་རྒྱ་ལས་མ་འདས་པ་སྟེ། འཕགས་ཞབས་ཀྱི། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་རྫུན་སྣང་རྟེན་འབྲེལ་ཙམ་དུ་ཤར་བ་དེ་སྒྱུ་མའི་རང་བཞིན་གྱི་དཔེ་རྣམས་དང་འདྲ་བ་ཡིན་ཏེ། སེམས་འཁྲུལ་པའི་སྣང་བ་ལས་ཕྱི་རོལ་ཏུ་མ་གྲུབ་པ་རྨི་ལམ་དང་། རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་ཚོགས་པས་སྣང་བ་སྣ་ཚོགས་སུ་འཁྲུལ་བ་སྒྱུ་མ་དང་། རྐྱེན་ལ་བརྟེན་ནས་ཐམས་ཅད་དུ་ཁྱབ་པ་ཆུའི་ཟླ་བ་རྣམས་དང་འདྲ་ཞིང་། ཡུལ་ངེས་པ་མེད་པར་སོ་སོར་སྣང་བ་དྲི་ཟའི་གྲོང་ཁྱེར། བདེན་དངོས་མེད་པའི་ཁ་དོག་སྣ་ཚོགས་སུ་སྣང་བ་བར་སྣང་གི་འཇའ་ཚོན་ལྟ་བུར་བལྟ་བར་བྱ་སྟེ། ཇི་སྐད་དུ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ལྟ་མཁན་སེམས་ ནས་ གདམས་པར་ཟད༔ ཅེས་གསུངས་ཏེ། ཕྱི་བལྟ་བྱའི་ཡུལ་བདེན་པར་མ་གྲུབ་ཀྱང་ནང་ལྟ་མཁན་སེམས་བདེན་པར་གྲུབ་བམ་ཞེ་ན་དེའང་མ་གྲུབ་སྟེ། སེམས་ནི་ཉེར་ལེན་གྱི་ཕུང་པོ་ལ་སྒྲོ་བཏགས་ནས་ངའོ་སྙམ་པའི་ངར་འཛིན་འདི་ལས་ལོགས་སུ་མེད་ཅིང་དེ་དང་བདག་གཉིས་ཀྱང་ཐ་དད་མེད་པས་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན་དེ་དག་ཏུ་གྲུབ་པ་མེད་དེ། ངའམ་བདག་ཏུ་འཛིན་པ་ཆོས་ཅན། དོན་དམ་པར་མ་གྲུབ་པར་ཐལ། ཕུང་པོ་ལྔ་ལས་ཐ་དད་པའམ་གཅིག་ཏུ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཐ་དད་དུ་ཡོད་ན་ཕུང་ལྔ་ལས་རྫས་གཞན་ཕུང་པོ་དྲུག་པར་འགྱུར་བ་ལ་དེ་འདྲ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། མོ་གཤམ་གྱི་བུའི་མིང་བཞིན་ནོ། །གཅིག་ཏུ་ཡོད་ན་རྫས་གཅིག་པར་འགྱུར་བ་ལ་ཕུང་ལྔ་རྫས་ཡོད་དང་ངར་འཛིན་བཏགས་ཡོད་རྫས་འགལ་བའི་ཕྱིར། དངོས་པོ་དང་དངོས་མེད་བཞིན་ནོ། །དེའང་གོ་སླ་བར་བརྗོད་ན། བདག་དེ་ནི་ཕུང་པོ་ལྔའི་ཚོགས་པ་ལས་གཞན་ཐ་དད་པ་དང་། ཕུང་པོ་ལྔ་དང་གཅིག་ཏུའང་མ་དམིགས་པའི་ཕྱིར་བདག་མ་གྲུབ་སྟེ། དང་པོ་ལྟར་བདག་ཕུང་ཐ་དད་དུ་གྲུབ་ན་གཞན་ཕུང་པོ་དྲུག་པ་ཡོད་པར་འགྱུར་བ་དང་། ཕུང་པོ་ལས་གཞན་ལ་ངར་འཛིན་འཇུག་པ་མེད་པའི་ཕྱིར་དང་། ཕུང་པོའི་མཚན་ཉིད་བྲལ་བས་དངོས་པོ་མེད་པར་འགྱུར་ཞིང་དངོས་མེད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར་ཐ་དད་དུ་མ་གྲུབ་བོ། །དེ་ལྟར་ཐ་དད་དུ་གྲུབ་པ་མ་ཡིན་ཀྱང་གཉིས་པ་བདག་ཕུང་གཅིག་པར་གྲུབ་བམ་ཞེ་ན་དེའང་མ་གྲུབ་སྟེ། མཚན་ཉིད་མི་མཐུན་པའི་ཕྱིར། དེའང་ཕུང་པོ་རྣམས་འདུས་བྱས་ཡིན་པས་མི་རྟག་པར་གྲུབ་ཅིང་བདག་ནི་སྔར་མཐོང་བ་ཉིད་ད་ལྟར་ངོ་ཤེས་པར་རློམས་པ་སོགས་རྟག་པར་འཛིན་པས་དེ་གཉིས་འགལ་བའི་ཕྱིར་དང་། ཕུང་པོ་གཟུགས་ཚོར་སོགས་ནང་གསེས་བཅས་དབྱེ་བ་དུ་མ་སྤུངས་པ་ཅན་ཡིན་ལ། བདག་ནི་ང་ཉིད་དོ་ཞེས་གཅིག་པུར་འཛིན་པའི་ཕྱིར་དང་། ཕུང་པོ་སྐྱེ་འཇིག་གི་གཞན་དབང་ཅན་དུ་གྲུབ་ལ། བདག་ནི་ངའོ་སྙམ་དུ་རང་དབང་ཅན་དུ་འཛིན་པར་མྱོང་བས་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །འོན་ཏེ་ཕུང་པོ་ལས་གཞན་ན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །བདག་མ་གྲུབ་ཀྱང་དེའི་རྒྱུན་རྟག་པས་དེ་གྲུབ་བོ་སྙམ་ན་དེའང་མ་ཡིན་ཏེ། བདེན་གཉིས་ལས། རྒྱུན་དང་སྐད་ཅིག་ཅེས་བྱ་བ། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་སོ། །དེ་བས་ཉེར་ལེན་གྱི་ཕུང་པོ་ལྔའི་ཚོགས་པ་ཙམ་ལ་བརྟེན་ནས་དོན་ལ་ཅུང་ཟད་མ་གྲུབ་ཀྱང་ངར་འཛིན་དབང་གིས་བདག་དང་གང་ཟག་སོགས་དེ་ལྟར་སྒྲོ་བཏགས་པར་ཟད་དེ། འཇུག་པ་ལས། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་དང་། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །ཞེས་པ་ལྟར་རོ། །དེའང་དཔེར་ན་ཤིང་རྟའི་འཁོར་ལོ་དང་སྲོག་ཤིང་སོགས་ཡན་ལག་ཚོགས་པ་ལ་ཤིང་རྟ་ཞེས་གདགས་པར་ཟད་ཀྱི། དེ་དག་མ་ཡིན་པ་ཡན་ལག་ཅན་གྱི་ཤིང་རྟའི་མཚན་གཞི་མི་རྙེད་པ་ལྟར་ཕུང་པོའི་ཚོགས་པར་ངར་འཛིན་པ་ཙམ་ལས་བདག་ཅེས་བྱ་བ་གཞི་མ་གྲུབ་སྟེ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། འདོགས་མཁན་ ནས་ བརྟག་མི་བཏུབ༔ ཅེས་གསུངས་ཏེ། དེ་ལྟར་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་བདེན་པར་མ་གྲུབ་ཀྱང་། དེ་ལྟར་འདོགས་མཁན་གྱི་རྟོག་པ་ཉིད་བདེན་པར་གྲུབ་བམ་སྙམ་ན། དེ་ལ་དུས་གསུམ་གྱི་ཆ་ཤས་ཡོད་དམ་མེད། མེད་ན་སྐད་ཅིག་མ་དངོས་མེད་དུ་ཐལ་བས་རྟོག་པ་གང་ཡོད་དངོས་མེད་དུ་ཐལ་ལ། ཡོད་ན་སྔར་སྐྱེས་པའི་རྟོག་པ་འདས་པ་ནི་ཡལ་ཏེ་ཞིག་ནས་མེད་ལ། མ་འོངས་པ་ནི་ད་རུང་མ་སྐྱེས་པས་མ་གྲུབ་ལ། ད་ལྟ་བའི་རྟོག་པ་རང་གིས་རང་ལ་བརྟག་ཅིང་མཚོན་མི་བཏུབ་སྟེ་མིག་གིས་མིག་མི་མཐོང་ཞིང་རལ་གྲིའི་སོས་རང་ཉིད་གཅོད་མི་ནུས་པ་བཞིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་དགོས། །དེ་ལྟར་སྐད་ཅིག་གསུམ་བརྟག་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། །བཞི་པ་ནི། མདོར་ན་ ནས་ ལམ་ཞེས་བྱ༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་དོན་མདོར་བསྡུ་ན་ཆོས་དང་གང་ཟག་ཏུ་འཛིན་པའི་བདག་གཉིས་དང་། ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས། དེ་དག་གང་ལ་བརྟེན་པའི་ཀུན་གཞི་དང་བཅས་པ་དེ་ཐམས་ཅད་བདེན་པ་མེད་པས་དངོས་མེད་དུ་གྲུབ་བམ་སྙམ་ན། སྔར་བདེན་དངོས་སུ་གྲུབ་པ་ཕྱིས་བདེན་མེད་དུ་སོང་ན་དེར་གདགས་སུ་རུང་ཡང་། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པས་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པ་སྟེ། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་དང་། རྩ་ཤེ་ལས། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པ་ལྟར་ཡོད་མེད་སོགས་སྤྲོས་པའི་གཟེབ་ལས་གྲོལ་བ་ནམ་མཁའ་ལྟ་བུ། དངོས་དང་དངོས་མེད་དུ་འཛིན་པའི་བློའི་འཇུག་པ་རབ་ཏུ་ཞི། གདོད་མ་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་ལུང་དང་རིག་པས་ཤེས་པར་བྱས་ནས། སྐྱེ་མེད་ཀྱི་གནས་ལུགས་དེ་ཉིད་ཀྱང་སྨྲ་བསམ་བརྗོད་པ་དང་བྲལ་བས་སྒྲ་རྟོག་དང་བློའི་ཡུལ་ལས་འདས་པར་རྟོགས་དགོས་ཏེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་དེ་བརྗོད་པས་མི་མཚོན་པས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་གཟིགས་པ་སྨྲ་བའི་ཟླ་བ་རྣམས་ཀྱང་གནས་ལུགས་ཐད་ཀར་སྟོན་པ་ལ་རྗོད་བྱེད་ཚིག་གིས་དབུལ་བ་ལྟར་སྣང་བའི་ཕྱིར། མཐའ་བརྒྱད་ཀྱི་སྤྲོས་པ་ཀུན་དང་བྲལ་བའི་བརྗོད་མེད་དེ་ནི་ཐེག་ཆེན་གྱི་ལྟ་བའི་ཡང་རྩེ་དབུ་མ་ཆེན་པོ་སྟེ། དེ་ཉིད་ལམ་དུ་བྱེད་པས་དེའི་ལམ་ཞེས་བྱའོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། དེ་ལྟར་ ནས་ བཞག་པ་ལས༔ ཞེས་གསུངས་ཏེ། ལྟ་བ་སྤྲོས་བྲལ་གྱི་གནས་ལུགས་དེ་ལྟར་ལེགས་པར་ཤེས་ནས། དོན་དམ་དཔྱོད་བྱེད་ཀྱི་རིག་པས་སྤྲོས་པའི་མཚན་མ་ཅིའང་མ་རྙེད་པར་མཐར་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་ཞིང་གང་དུའང་མི་ཞེན་ལ་མཐའ་བྲལ་གྱི་དོན་ལ་ངེས་པ་གཏིང་ཚུགས་སུ་རྙེད་པའི་ཤེས་རབ་ཀྱི་རྒྱུན་དེ་ལ་བདེན་དངོས་བཀག་པའི་སྟོང་ཉིད་དུ་ཞེན་པ་སོགས་རིག་ཤེས་རྗེས་དཔག་གི་བློ་ཡིས་བཅས་བཅོས་ཅིའང་བྱར་མེད་པར་གཙུབ་ཤིང་དང་གཙུབ་གཏན་ལས་བྱུང་བའི་མེས་ཤིང་གཉིས་བསྲེགས་ཏེ་མེའང་རང་ཡལ་བ་ལྟར་རང་བཞིན་དུ་འཇོག་སྟེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིང་ཡང་མ་སེམས་ཤིག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །ཅེས་དང་། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་སྒོམ་པ་ལགས་སོ། ཞེས་དང་། མདོ་དང་རྒྱན་གཉིས་ཀ་མཐུན་པར། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་རྟག་ཏུ་མཉམ་པར་བཞག །རྗེས་ཐོབ་ཏུ། སྡུད་པ་ལས། བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་རློམས་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་བློས་བསོད་ནམས་ཀྱི་ཚོགས་ཅི་ནུས་བསགས་པ་ལས་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་འགྱུར་རོ། །གསུམ་པ་དེའི་འབྲས་བུ་བསྟན་ཅིང་མཚམས་སྦྱར་བ་ན། རྣམ་རྟོག་ཞི་ ནས་ གཞི་རུ་བཟུང༔ ཞེས་གསུངས་ཏེ། དེ་ལྟར་སྒོམ་པ་གོམས་པ་ལས་རྣམ་པར་རྟོག་པའི་འཚུབ་མ་མཐའ་དག་ཞི་ཞིང་གཤིས་ཀྱི་ཐོག་ཏུ་ཇི་ཙམ་འདོད་པ་དེ་སྲིད་དུ་གནས་པས་ལུས་སེམས་ལས་སུ་རུང་། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་མཐོང་བ་མེད་པའི་ཚུལ་གྱིས་ལྷག་གེར་མཐོང་ཞིང་རིག་པར་འགྱུར་ཏེ། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཅེས་དང་། དབུ་མ་བདེན་ཆུང་ལས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་སོ། །ཐབས་ཤེས་ཟུང་འཇུག་གི་ལམ་དེས་སྒྲིབ་པ་གཉིས་པོ་དྲུངས་ཕྱུང་སྟེ། སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག །མི་བརྗེད་པའི་གཟུངས། ཆགས་ཐོགས་མེད་པའི་སྤོབས་པ། རླུང་སེམས་ལ་དབང་འབྱོར་བའི་རྫུ་འཕྲུལ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་སོགས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་རིམ་པ་བཞིན་འགྲུབ་པ་དང་། ལམ་ལྔ་པོ་དང་ས་བཅུ་པོ་རྣམས་རིམ་གྱིས་བགྲོད་ཅིང་དེ་དག་གི་ཡོན་ཏན་ཐོབ་པར་འགྱུར་པ་སྟེ། དེའང་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་ཀྱི་ཡེ་ཤེས་མ་ཐོབ་བར་སྦྱིན་སོགས་ཚོགས་གཉིས་ལ་འབད་པ་ཐར་པ་ཆ་མཐུན་གྱི་དགེ་བའི་ཚོགས་གསོག་པ་ནི་ཚོགས་ལམ་སྟེ། དེ་ལ་གསུམ་ལས་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི། འབྲིང་པོར་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་གཙོ་བོར་བསྒོམ་པའོ། །ཚོགས་ལམ་རབ་ཀྱི་མཐར་ཕྱིན་ན་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་སྒོམ་བྱུང་འཇིག་རྟེན་པའི་ཡེ་ཤེས་ངེས་འབྱེད་ཡན་ལག་རྣམ་བཞི་སྐྱེ་བ་སྟེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་སྦྱོར་ལམ་མོ། །བཞི་ནི་བདེན་པ་མཐོང་བའི་སྔ་ལྟས་ཀྱི་དྲོད། འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་རྩེ་མོ། ཟབ་མོའི་ཆོས་ལ་བཟོད་པ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཏུ་གྱུར་པའི་གནས་སྐབས་བཞི་སྟེ། སྔ་མ་གཉིས་ལ་དབང་པོ་ལྔ། ཕྱི་མ་གཉིས་ལ་སྟོབས་ལྔ་དང་ལྡན་པའོ། བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་དབྱེ་བས་ངེས་འབྱེད་བཅུ་གཉིས་སུ་གྲགས། ཆོས་མཆོག་གི་རྗེས་ཐོག་ཏུ་བདེན་པ་བཞི་རེ་རེར་ཡང་ཆོས་རྗེས་ཤེས་བཟོད་ཀྱིས་དབྱེ་བའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་གྱི་ཡེ་ཤེས་སྐྱེས་ཏེ་ཁམས་གསུམ་གྱིས་བསྡུས་པའི་མཐོང་བས་སྤང་བྱ་རྣམས་སྤངས་ནས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སྔར་མ་མཐོང་བའི་དོན་འཕགས་པའི་བདེན་པ་དངོས་སུ་མཐོང་བས་མཐོང་ལམ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པའོ། །དེ་ནས་བརྩམ་སྔར་རྟོགས་པའི་དེ་ཁོ་ན་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པས་སྒོམ་ལམ་སྟེ། དེ་ལའང་ཆུང་འབྲིང་ཆེ་གསུམ་དུ་ཡོད་ཅིང་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའོ། །དེ་ལྟར་སློབ་ལམ་གྱིས་བསྡུས་པའི་བྱང་ཕྱོགས་ཀྱི་ཆོས་སོ་བདུན་རྫོགས་ནས་སྒོམ་ལམ་མཐར་ཕྱིན་པའི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་ཕྲ་ཞིང་ཕྲ་བ་མ་ལུས་པ་སྤངས་ནས་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་ནི་མི་སློབ་པའམ་མཐར་ཕྱིན་པའི་ལམ་སྟེ་མི་སློབ་པའི་ཆོས་བཅུ་མངོན་དུ་གྱུར་པའོ། །གནས་སྐབས་དེ་དག་གི་ཡོན་ཏན་གྱི་རྟེན་དང་གོང་མ་གོང་མ་སྐྱེད་པར་བྱེད་པའི་ཆ་ནས་ས་ཞེས་རྣམ་པར་བཞག་པའི་དབང་དུ་བྱས་ན་ཡོངས་སུ་སྦྱོང་པའི་ཁྱད་པར་གྱིས་ས་བཅུར་ངེས་ཏེ། མཐོང་ལམ་དུ་ས་དང་པོ་རབ་ཏུ་དགའ་བ་ཐོབ། འཇིགས་པ་ལྔ་དང་བྲལ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། སྒོམ་ལམ་གསུམ་དུ་ས་གཉིས་པ་ནས་བཅུ་པའི་བར་བགྲོད་དེ་སྤངས་རྟོགས་ཡོན་ཏན་གྱི་ཁྱད་པར་གོང་ནས་གོང་དུ་བྱེ་བ་བརྒྱ་སྟོང་འགྱུར་དུ་འཕེལ་ཞིང་། ས་བརྒྱད་པར་དབང་བཅུ། དགུ་པར་སོ་སོ་ཡང་དག་རིག་བཞི། བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བ་བརྙེས་ཏེ་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། །ས་དེ་དག་རེ་རེ་ལའང་ཁྱད་པར་དགུ་དགུས་བཤད་པ་སོགས་མདོ་སྡེ་རྒྱན་གྱིས་མཚོན་གཞུང་རྣམས་སུ་གསལ། ཚུལ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་རྒྱུ་ལམ་དུ་བྱེད་པའི་ཐེག་པ་ལས་ཇི་ལྟར་གསུངས་པའི་དོན་མདོར་བསྡུས་ནས་བསྟན་པ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་ལའང་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འབྲེལ་བར་སྤྱོད་པ་ལམ་གྱི་གཞིའམ་རྟེན་ཏུ་གཟུང་དགོས་པས་འདིར་ཐོག་མར་བཤད་པ་ཡིན་ཏེ། རིམ་ལྔ་ལས། ཤེས་རབ་སྙིང་རྗེ་གཅིག་པར་ནི། །འཇུག་པ་གང་གིས་ཤེས་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་དང་། རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་དང་། ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་འབྱུང་བ་ལྟར་རོ། །འདིར་རྒྱུ་འབྲས་ཀྱི་ཐེག་པ་ཞེས་པའི་དོན་ཡང་། མཐའ་གཉིས་སེལ་བ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེག་པའི་ཉེ་ལམ་ནི། །ཞེས་གསུངས་པ་ལྟར། སྤྱིར་འདིས་འདོང་པས་རྒྱུ་དང་། འདིར་འདོང་པས་འབྲས་བུའི་ཐེག་པ་ཞེས་གྲགས་ཤིང་། ཀུན་མཁྱེན་ཀློང་ཆེན་པས། ཁམས་བདེ་གཤེགས་སྙིང་པོ་ས་བོན་དུ་ཡོད་པ་ཙམ་རྐྱེན་ཚོགས་གཉིས་ཀྱིས་ཡོན་ཏན་གོང་དུ་འཕེལ་བ་ལས་སངས་རྒྱས་ཐོབ་པར་འདོད་པས་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རྒྱུའི་ཐེག་པ་དང་། སྙིང་པོ་ཡོན་ཏན་བཅས་སེམས་ཅན་ལ་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་སྦྱང་གཞི་ཉི་མ་འོད་ཟེར་ལྡན་པ་འདྲ་བ་ལ། སྦྱང་བྱ་ཚོགས་བརྒྱད་གློ་བུར་བའི་དྲི་མ་སྤྲིན་ལྟ་བུས་བསྒྲིབས་པ་ཉིད། སྦྱོང་བྱེད་སྨིན་གྲོལ་ལམ་གྱིས་སྦྱངས་པའི་འབྲས་བུ་གདོད་གནས་ཀྱི་རང་བཞིན་མངོན་དུ་གྱུར་པ་ལས་སྔ་ཕྱིར་བཟང་ངན་ཁྱད་པར་མེད་པར་འདོད་པས་འབྲས་བུའི་ཐེག་པ་ཞེས་བཏགས་པར་བཞེད་དེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་སོ། །ཞེས་པ་ལྟར་རོ། །དེ་གཉིས་ཀྱི་ཁྱད་པར་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འབྱུང་བ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་དེ་གཉིས་མཐར་ཐུག་འབྲས་བུའི་དོན་གཅིག་ནའང་ལམ་བགྲོད་པ་ལ་གསང་སྔགས་ཚུལ་བཞིས་ཁྱད་པར་དུ་འཕགས་པ་སྟེ། སྔ་མས་ཕྱིའི་ཕར་ཕྱིན་ལ་འཇུག་པས་ཡུན་རིང་པོར་མཐར་མི་ཕྱིན་ཅིང་གེགས་དང་བཅས་པས་རྨོངས་ལ། སྔགས་པས་ནང་ཐབས་ཤེས་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་དེ་དག་མྱུར་དུ་རྫོགས་ནུས་པས་མ་རྨོངས་པ་དང་། སྔ་མས་ཉོན་མོངས་གཅིག་སྦྱོང་ཞིང་འདོད་པ་གཅིག་སྒྲུབ་པ་ལའང་དཀའ་ཐུབ་སྡོམ་པ་སོགས་མི་ཟབ་པའི་ཐབས་ཕྱོགས་རེ་བ་ཡུན་དུ་བསྟེན་དགོས་པ། སྔགས་པས་བསྐྱེད་རྫོགས་ཡན་ལག་དང་བཅས་པའི་རྣམ་གྲངས་མང་པོ་རེ་རེས་ཀྱང་དོན་བདེ་བླག་ཏུ་སྒྲུབ་ནུས་པའི་ཕྱིར་ཐབས་ཟབ་ལ་མང་བ་དང་། སྔ་མས་སོ་སོའི་བློ་དང་མཐུན་པར་འབྲས་བུ་སྒྲུབ་པའི་ཐབས་དཀོན་པས་དཀའ་ཚེགས་ཆེན་པོས་བསྒྲུབ་དགོས་ལ། སྔགས་པས་ཡུལ་དུས་གནས་སྐབས་དབང་པོའི་ཁྱད་པར་དང་འཚམས་པའི་ཐབས་བདེ་ཞིང་འཆིང་བྱེད་ཀྱང་གྲོལ་བྱེད་དུ་སྒྱུར་བས་འབྲས་བུ་བདེ་བླག་ཏུ་བྱེད་ནུས་པའི་ཕྱིར་དཀའ་བ་མེད་པ་དང་། ཐེག་དམན་པ་ཐབས་མི་ཤེས་པས་དབང་པོ་བརྟུལ་ཞིང་ཕར་ཕྱིན་པ་ཐབས་ལ་འཁྲུལ་བས་དབང་པོ་འབྲིང་ཡིན་ལ། སྔགས་པས་སྤྱད་ན་ངན་འགྲོར་འགྱུར་པའི་ལས་ཀྱང་ཐབས་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཏུ་སྒྱུར་ནུས་པ་དང་། སྔ་མས་གཉིས་རྟོག་བླང་དོར་ཁོ་ནར་སྤྱོད་ལ་སྔགས་པས་ལྷག་པའི་བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་ཤེས་ནས་གཟུང་འཛིན་བླང་དོར་མེད་པར་ཅི་སྣང་ལམ་དུ་སློང་ནུས་པའི་ཕྱིར་དབང་པོ་རྣོན་པོར་གྱུར་པས་འཕགས་སོ། །གཞན་ཡང་ཚུལ་དྲུག་དང་བདུན་དང་བཅུ་གཉིས་ལ་སོགས་པས་ཁྱད་པར་དུ་འཕགས་པའི་ཚུལ་མང་དུ་བཤད་དོ། །ལམ་འདིར་འཇུག་དགོས་པའི་རྒྱུ་མཚན་ཡང་། རྒྱལ་བས་གཉེན་པོ་ལ་དགོངས་ཏེ་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། དེ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་ཐེག་པ་རིམ་དགུ། དེ་ཡང་བསྡུ་ན་སྡེ་གསུམ་མམ་བཞིར་བསྡུ་བ་སོགས་ཇི་སྙེད་ཅིག་བསྟན་པ་དེ་ཐམས་ཅད་ཀྱང་རྣལ་འབྱོར་བླ་མེད་འདིར་འཇུག་པའི་ལམ་སྟེགས་ཙམ་དུ་གྱུར་པ་སྟེ། ཉན་རང་འབྲས་བུ་མཐར་ཕྱིན་པ་རྣམས་ཀྱང་ནམ་ཞིག་སངས་རྒྱས་ཀྱི་འོད་ཟེར་ཆེན་པོས་འགོག་པ་ལས་བསླངས་ནས་གདོད་ཐེག་ཆེན་ལ་འཇུག་དགོས་པ་དང་། བྱང་སེམས་དང་སྔགས་ཕྱི་རྒྱུད་གསུམ་གྱིས་ས་བཅུ་པ་རྒྱལ་ཚབ་ཆེན་པོའི་གོ་འཕང་ལ་བགྲོད་པར་ནུས་ཀྱང་། བྱང་ཆུབ་ཆེན་པོ་ཐོབ་པ་ལ་འཁོར་བར་འཆིང་བྱེད་ཀྱི་ཀུན་རྟོག་ཕྲ་བ་ཙམ་དུ་མ་ཟད་སྣང་གསུམ་མམ་འཕོ་བའི་བག་ཆགས་ཀྱང་རྩད་ནས་སྤང་དགོས་ཤིང་། དེ་སྤོང་བྱེད་ཀྱི་གཉེན་པོ་དབང་བཞི་པའི་ལམ་ཟུང་འཇུག་མི་འགྱུར་བའི་བདེ་ཆེན་རང་རིག་པའི་ཡེ་ཤེས་ཉིད་ཡིན་པས་དེ་ནི་རྣལ་འབྱོར་བླ་མེད་ལས་གཞན་དུ་མ་གསུངས་པའི་ཕྱིར། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་རྣལ་འབྱོར་བླ་མེད་ཀྱི་ལམ་དུ་འཇུག་དགོས་པ་མ་ཟད། ཐེག་རིམ་སྔ་མ་སྔ་མའི་དོན་རྣམས་ཕྱི་མ་ཕྱི་མའི་ནང་དུ་འདུ་བས་ཐེག་པ་འདི་ཉིད་བསྟན་པ་དང་ཐེག་རིམ་ཐམས་ཅད་ཀྱི་མཆོག་དང་ཡང་རྩེར་གྱུར་པ་སྟེ། གསང་སྙིང་ལས། རང་བཞིན་གསང་པའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། འབྱུང་གནས་ངེས་པར་གཏན་ལ་འབེབས། །ཞེས་དང་། བཤད་རྒྱུད་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །གཉིས་པ་ས་བོན་གདབ་པ་ལ་གཉིས། མཚན་སྨོས་པའི་སྒོ་ནས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གཅིག་འབྱུང་སྟེ། ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་བ་དེ་ནས་ཐུན་མོང་མ་ཡིན་པའི་ལམ་རིམ་ལ་འཇུག་པའི་ཐོག་མར་རང་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་གདབ་པའི་རིམ་པ་ནི་འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལ་གཉིས། ས་བོན་གདབ་ཐབས་དངོས་དང་། དེའི་སྲོག་དམ་ཚིག་བསྟན་པའོ། །དང་པོ་ལའང་གསུམ། གང་ལ་དབང་བསྐུར་བའི་ཡུལ། གང་བསྐུར་བའི་དབང་། དེ་ཇི་ལྟར་སྐུར་བའི་ཚུལ་ལོ། །དང་པོ་ནི། དེས་བར་ ནས་ སྐལ་བཟང་ལ༔ ཞེས་གསུངས་ཏེ། གང་ལ་ས་བོན་གདབ་པའི་ཡུལ་ནི། རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པ་ལྟར་ཤེས་རབ་དང་སྙིང་རྗེས་སྲིད་པ་དང་ཞི་བའི་མཐའ་གཉིས་ལས་ངེས་པར་འབྱུང་བས་རྒྱུད་བསྐུལ་ཞིང་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་སྟེ་དེའི་རྟགས་ནི། མདོ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་པ་ལྟར་ཏེ་དེའང་ཐོས་པ་ལ་སོགས་པའི་རྐྱེན་གྱིས་སད་པར་གྱུར་པ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཚུལ་ལ་བློ་ལེགས་པར་འབྱོངས་པ་ལས། གྲངས་མེད་གསུམ་སོགས་ཡུན་དང་ཚེགས་ལ་མི་ལྟོས་པར་ཚེ་གཅིག་སོགས་དུས་མྱུར་བ་ཉིད་དུ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཅིང་ཐོབ་པར་འདོད་པའི་སྐལ་བ་བཟང་པོ་ཅན་དེ་ནི་སྨིན་བྱེད་ཀྱི་ས་བོན་གདབ་པའི་སྣོད་དུ་གྱུར་པ་ཡིན་ནོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། རང་རྒྱུད་ ནས་ གདབ་པར་བྱ། ཞེས་གསུངས་ཏེ། དེའང་དབང་སྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་བས། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་པ་ལྟར་སེམས་ཅན་རང་རང་གི་རྒྱུད་ལ་མཚུངས་ལྡན་གྱི་རྒྱུ་སྐུ་བཞིའི་རང་བཞིན་གདོད་མ་ནས་གནས་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྐྱེན་སྔགས་ཀྱི་ཐབས་ཀྱིས་མངོན་དུ་འགྱུར་བར་བྱེད་པ་སྟེ། དེའང་རྩ་ཁམས་སྐུ་རྡོ་རྗེ། ངག་རླུང་གསུང་རྡོ་རྗེ། ཐིག་ལེ་ཐུགས་རྡོ་རྗེ། ཀུན་གཞི་ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་བཞིའི་ངོ་བོར་ཡེ་ནས་ལྷུན་གྲུབ་ཏུ་གནས་ཀྱང་གློ་བུར་དྲི་མའི་སྦུབས་སུ་བག་ལ་ཉལ་བས་ནུས་པ་མི་གསལ་བ་དེ་ཉིད། ཕར་ཕྱིན་དང་གསང་སྔགས་ཀྱི་རྒྱུད་སྡེ་འོག་མ་རྣམས་སུ་མ་གྲགས་པ་རྡོ་རྗེ་ཐེག་པའི་ཡང་རྩེ་བླ་ན་མེད་པའི་རྒྱུད་དོན་ཐབས་ལ་མཁས་པའི་ཁྱད་པར་ཆོ་གའི་ལས་ཀྱིས། རྟེན་གྱི་དཀྱིལ་འཁོར་བཞིར་བཅུག་ནས་བུམ་པ་སོགས་དབང་སྐུར་བ་རྣམ་པ་བཞིས་སྐུ་བཞིར་སྨིན་བྱེད་ཀྱི་ས་བོན་རྒྱུད་ལ་གདབ་པར་བྱའོ། །གཉིས་པ་ནི། ལུས་རྩ་ ནས་ ས་བོན་ཡིན༔ ཞེས་གསུངས་ཏེ། སྐལ་ལྡན་ལ་དབང་བཞིའི་ས་བོན་ཇི་ལྟར་འདེབས་ན། ཐལ་འགྱུར་རྩ་པའི་རྒྱུད་ལས། འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་གསུངས་པ་ལྟར་རྣལ་འབྱོར་བླ་མེད་ཀྱི་ཚུལ་འདིར་གཞི་ལམ་འབྲས་བུའི་འབྲེལ་གྱིས་དབང་བཞིར་ངེས་ལ། དེའི་རྟེན་ཀྱང་ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་ཡོངས་སུ་རྫོགས་པ་ཁོ་ན་ཡིན་པས་དེའི་དབང་དུ་བྱས་ཏེ། མཐོ་རིས་ཀྱི་རྟེན་མངལ་དུ་སྐྱེ་སྲིད་འཛིན་པའི་ཐོག་མར་མིག་དང་ལྟེ་བའི་རྩ་མདུད་ཆགས། དེ་ནས་འཁོར་ལོ་ལྔ་ནས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་རིམ་པར་ཆགས་ཏེ་ལུས་བསྐྱེད་པའི་ཕྱིར་གནས་པ་རྩ་ནི་ལུས་ཀྱི་སྦྱང་བྱའི་གཙོ་བོ་ཡིན་པ་དང་། ལུས་ཀྱང་ངག་ཡིད་ཀྱི་རྟེན་དང་རགས་པའི་སྦྱང་བྱ་ཡིན་པས་ཐོག་མར་དེ་ཉིད་དག་པར་བྱེད་པའི་ཕྱིར་དུ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་པོ་གང་རུང་དུ་ཕན་ནུས་གཉིས་ཀྱིས་བསྡུས་པའི་སྤྲོས་བཅས་བུམ་པའི་དབང་བསྐུར་བས། སད་པའི་གནས་སྐབས་དང་ལུས་རྩའི་དྲི་མ་དག །ཕུང་པོ་ལྔར་འཛིན་གྱི་རྟོག་པ་འགགས། ཕུང་པོའི་བདུད་བཅོམ། ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ལྟ་བའི་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། གནས་སྐབས་རྒྱུའི་ས་བརྒྱད་པ་དང་སྐལ་བ་མཉམ། མཐར་ཐུག་གི་འབྲས་བུ་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་ས་བོན་ཐེབས་པ་ཡིན་ནོ། །རྩ་དེ་དག་ལ་རྩ་དང་ཡན་ལག་གི་རླུང་རྣམས་བརྟེན་ནས་ནང་དུ་འཁྲུལ་རྟོག་སྐྱེད་ཅིང་ཕྱི་རོལ་ཏུ་ངག་གི་བརྗོད་པ་སྣ་ཚོགས་སུ་འབྱུང་བས་གཡོ་བ་རླུང་ནི་ངག་གི་སྦྱང་བྱའི་གཙོ་བོ་ཡིན་ཞིང་། ལུས་ལས་ངག་ཕྲ་བས་བུམ་དབང་གི་རྗེས་སུ་ངག་རླུང་དག་པར་བྱེད་པའི་ཕྱིར་དུ། བདག་གི་དེ་ཁོ་ན་ཉིད་ལུས་ཀྱི་དཀྱིལ་འཁོར་ཟབ་མོའི་དབང་གསུམ་ཀ་དང་འབྲེལ་བ་གཞིར་བཞག་སྟེ་འདིར་ཁྱད་པར་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ་གའི་དཀྱིལ་འཁོར་དུ་སྐལ་མེད་ལ་བསྟན་དུ་མི་རུང་བ་བྱང་སེམས་དཀར་དམར་ལ་བརྟེན་ནས་གསང་བའི་དབང་བསྐུར་བས། རྨི་ལམ་གྱི་གནས་སྐབས་དང་ངག་རླུང་གི་དྲི་མ་དག །དབྱིབས་ལ་ལྷར་ཞེན་གྱི་རྟོག་པ་འགགས། ཉོན་མོངས་པའི་བདུད་བཅོམ། རླུང་སྔགས་དབྱེར་མེད་དུ་ཤེས་པའི་རང་བྱིན་རླབས་མཚན་བཅས་རྫོགས་རིམ་གྱི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་དགུ་པ་དང་སྐལ་བ་མཉམ། འབྲས་བུ་གསུང་རྡོ་རྗེ་གསལ་སྟོང་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །རྩ་རླུང་དེ་དག་ལ་ཁམས་ཀྱི་དྭངས་མ་ཐིག་ལེ་བྱང་ཆུབ་སེམས་རྣམས་བརྟེན་ནས་གནས་ཏེ། རྩ་ཡུར་བ་ལྟ་བུའི་ནང་དུ་རླུང་གི་གཡོ་རྩོལ་ལ་བརྟེན་ནས་ཁམས་དཀར་དམར་ཆུ་རྒྱུན་ལྟ་བུ་འགྲོ་འོང་གི་རྐྱེན་གྱིས་ཡིད་གཟུང་འཛིན་གྱི་སྣང་བ་བསྐྱེད་པས་བཀོད་པ་ཐིག་ལེ་ནི་ཡིད་དང་འབྲེལ་བའི་སྦྱང་བྱ་ཡིན་པ་དང་། ངག་ལས་ཡིད་ཕྲ་བས་གསང་དབང་གི་རྗེས་སུ་ཡིད་དང་ཐིག་ལེ་དག་པར་བྱེད་པའི་ཕྱིར་དུ། ལྷའི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཕོ་ཉ་མོ་ལ་བརྟེན་ནས་དཔེའི་ཡེ་ཤེས་མཚོན་པའི་དབང་བསྐུར་བས། གཉིད་འཐུག་གི་གནས་སྐབས་དང་ཡིད་ཐིག་ལེའི་དྲི་མ་དག །རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། འཆི་བདག་གི་བདུད་བཅོམ། ཕྱག་རྒྱ་གསུམ་གྱིས་དཔེའི་ཡེ་ཤེས་སྒྲུབ་པ་དཀྱིལ་འཁོར་འཁོར་ལོའི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་པ་དང་སྐལ་བ་མཉམ། འབྲས་བུ་ཐུགས་རྡོ་རྗེ་བདེ་སྟོང་ཟུང་འཇུག་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་ས་བོན་ཐེབས་པ་ཡིན་ནོ། །རྩ་རླུང་ཐིག་ལེ་དེ་ཐམས་ཅད་ཀྱང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལས་འདུ་བྱེད་ཀྱི་ཡིད་གཡོས་ཏེ་གཟུང་འཛིན་དུ་ཞེན་པའི་སྣང་བ་ལས་གཞན་དུ་མེད་པས་སྦྱང་བྱ་ཐམས་ཅད་ཀྱི་གཙོ་བོ། སྔ་མ་རྣམས་ལ་ཆེས་ཤིན་ཏུ་ཕྲ་བ་ཀུན་གཞི་མ་རིག་པའི་བག་ཆགས་དང་བཅས་པ་དག་པར་བྱེད་པའི་ཕྱིར་དུ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་རིག་དོན་དམ་པ་མཚོན་བྱེད་བརྡ་དང་ཚིག་གི་དབང་བསྐུར་བས། སྙོམས་འཇུག་གནས་སྐབས་འཛག་བདེའི་སྤྲོས་པ་དང་སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་བག་ཆགས་བཅས་དག །གཉིས་སྣང་བྱུང་ཚོར་གྱི་རྟོག་པ་འགགས། ལྷའི་བུའི་བདུད་བཅོམ། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་ཀ་དག་ལྷུན་གྲུབ་ཀྱི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་གཅིག་པ་དང་སྐལ་བ་མཉམ། འབྲས་བུ་ཡེ་ཤེས་རྡོ་རྗེ་རིག་སྟོང་ཟུང་འཇུག་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་ས་བོན་ནམ་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ནི། དེ་རྣམས་ ནས་ གྲོལ་བར་འགྱུར༔ ཞེས་གསུངས་ཏེ། དབང་བཞི་པོ་དེ་རྣམས་ཆོ་གའི་བྱ་བ་ཇི་ལྟ་བུས་བསྐུར་ན། དབང་ཀུན་ཀྱང་སྐུར་བ་པོ་སློབ་དཔོན་དང་བསྐུར་ཡུལ་སློབ་མའི་དབང་པོའི་ཁྱད་པར་གྱིས་ཐུན་མོང་མ་ཡིན་པའི་སྐུར་ཚུལ་ཡང་མང་དུ་འགྱུར་པ་ལས། ཐུན་མོང་བའི་གང་ཟག་སྤྱི་ཙམ་གྱི་དབང་དུ་བྱས་ན་བྱ་བྱེད་ལས་གསུམ་གྱིས་བསྡུས་པ་སྟེ། བྱེད་པ་པོ་རྡོ་རྗེ་སློབ་དཔོན་ལྷ་དང་བདག་དང་གསང་སྔགས་དང་བཟླས་བརྗོད་དང་འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔ་ལ་རང་བྱན་ཆུད་པས། བྱ་བའི་ལས་བཅུད་བཟང་པོ་བླུགས་པ་ལ་སྣོད་གཙང་མར་བྱ་བ་བཞིན་དུ། སའི་ཆོ་ག་སྔོན་དུ་འགྲོ་བས་ལྷ་དང་བུམ་པ་དང་སློབ་མ་ལྷག་པར་གནས་པ་དང་། ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་ཅིང་མཆོད་དེ་བདག་ཉིད་འཇུག་པའམ་རིག་པའི་མེ་ཏོག་དོར་ཅིང་གནང་བ་ནོད་པ་བཅས་བྱས་ནས། ཕྱི་མཚན་མ་དང་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པས་རྒྱུད་སྦྱངས་པའི་སློབ་མ་ལ། བྱེད་པ་རྫས་སྔགས་ཏིང་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས་དབང་བསྐུར་བས། བྱ་བ་སློབ་མའི་སྒོ་གསུམ་ཕྲ་རགས་གདོད་ནས་གདན་གསུམ་ཚང་བའི་ལྷར་དག་པ་ཉིད་ངོ་འཕྲོད་པར་བྱས་པ་ལས་རང་སྐལ་གྱི་སྦྱང་བྱའི་དྲི་མ་ཅི་རིགས་དག་པའམ་ཉམས་སྨད་པར་བྱས་ཤིང་། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། ཆུ་ལུད་དྲོད་གཤེར་འཛོམས་པ་ལ་ས་བོན་ཐེབས་པ་ལྟར་སྐྱེས་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུར་འགྱུར་བའི་ཁྱད་པར་ནི་དབང་ཐོབ་པ་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བ། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །ཐུན་མོང་མ་ཡིན་པའི་གང་ཟག་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན་རང་བཞིན་གྱིས་དབང་པོ་རྣོན་པོ་ཁ་ཅིག་ཆོ་གའི་ལས་རིམ་རྒྱས་པ་ལ་མ་ལྟོས་པར་བརྡ་ཐབས་དང་། དེའི་དོན་ངོ་སྤྲོད་པ་ཙམ་ལ་བརྟེན་ནས་རྒྱུད་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་འགྱུར་ཏེ། དཔེར་ན། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པའི་དོན་གསང་སྔགས་སྔ་འགྱུར་བ་རྣམས་ཀྱིས་བླ་མའི་ཟླུམ་པོ་བཞི་དབང་སོགས་དང་། ཕྱི་འགྱུར་བ་རྣམས་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་རིམ་པ་སོགས་ཟབ་དབང་མཐའ་ཡས་པ་འབྱུང་བ་བཞིན་ནོ། །དེ་ལས་ཀྱང་སྐལ་བ་མཆོག་ཏུ་གྱུར་པའི་གང་ཟག་གཞན་པ་འགའ་ཞིག་ནི་མཚན་ལྡན་བླ་མའི་ཏིང་ངེ་འཛིན་དང་བྱིན་རླབས་ཀྱི་མཐུ་ཁོ་ནས་རྒྱུད་སྨིན་ཅིང་གྲོལ་བར་འགྱུར་ཏེ། སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམ་པ་ལ་ཡེ་ཤེས་བཙན་ཐབས་སུ་སྐྱེ་ཞིང་དེ་ཉིད་དབང་བསྐུར་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཡིན་པའི་ཕྱིར། དཔེར་ན་འཕགས་ཡུལ་གྲུབ་པའི་སློབ་དཔོན་མང་པོ་དང་བོད་ཀྱི་སྔོན་བྱོན་གྲུབ་ཐོབ་བརྒྱུད་པའི་རྣམ་པར་ཐར་པ་བཞིན་ནོ། །འདིར་འཕྲོས་དོན་ཅུང་ཟད་སྨོས་ན། དབང་གི་ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་སྐུར་བའི་ཚུལ། མ་ཐོབ་པའི་ཉེས་དམིགས། ཐོབ་པའི་ཕན་ཡོན་ཏེ་དྲུག་ལས། དང་པོ་ནི། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། སྦྱང་བྱའི་དྲི་མ་འཁྲུད་པའམ་གཏོར་ཞིང་། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་ཏེ། དགྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །གསུམ་པ་ལ་རྒྱུ་ལམ་འབྲས་བུའི་དབང་གསུམ་ལས། རྒྱུ་དུས་ཀྱི་དབང་ནི། དང་པོར་བླ་མ་ལས་བླང་དགོས་ཏེ། སྨིན་བྱེད་གང་ཞིག །དེ་ཡིན་ན་སྔགས་ཀྱི་ལམ་སོ་སོ་ཉན་སྒོམ་གྱི་སྔོན་དུ་ཐོབ་དགོས་པའི་ཕྱིར། ལམ་དུས་ཀྱི་དབང་ནི། ཕྱིས་བླ་མ་ལས་སམ་སྡོམ་ལྡན་རང་ཉིད་ཀྱིས་བླངས་ཀྱང་རུང་སྟེ། སྔར་རྒྱུད་སྨིན་ཟིན་གྱི་དབང་རྒྱུན་དེ་གོང་འཕེལ་དུ་བྱེད་པའི་དབང་ཡིན་པའི་ཕྱིར། འབྲས་དུས་ཀྱི་དབང་ནི། སློབ་ལམ་རྫོགས་པའི་རྒྱུན་མཐའི་དུས་སུ་བསྐུར་ཏེ། དེ་མཐར་ཐུག་གི་འབྲས་བུར་སྦྱོར་བྱེད་ཀྱི་དབང་ཡིན་པའི་ཕྱིར་རོ། །བཞི་བ་ནི། དབང་བསྐུར་བ་དེའང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཏེ། དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་སོ། །དེ་ལ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་ནི་རིམ་པ་ཇི་ལྟ་བར་སློབ་དཔོན་རྫོགས་པའི་སངས་རྒྱས་དང་། མཐར་ལམ་པ་དང་། མཐོང་སྒོམ་ལ་གནས་པ་སྟེ་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་རྡུལ་ཚོན། འབྲིང་རས་རིས། རབ་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་དང་། དེ་ལས་ཀྱང་བློ་ཆེ་བ་སྐལ་ལྡན་ཡང་རབ་ལ་བླ་མའི་ལུས་དཀྱིལ་ལ་བརྟེན་ནས་བསྐུར་བར་གསུངས་སོ། །དཀྱིལ་འཁོར་དེར་བསྐུར་བྱའི་དབང་ནི། སྦྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུ་དུས་ཀྱི་དབང་ཐམས་ཅད་བཞིར་ངེས་པ་ཡིན་ཏེ། སྦྱང་བྱ་དྲི་མ་བཞི་དང་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་ལམ་བཞི་དང་། སྦྱངས་འབྲས་སྐུ་བཞིར་ངེས་པའི་ཕྱིར་དེ་ལྟར་ཡང་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་དང་། འདུས་པ་ལས། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོགས་གསར་རྙིང་རྒྱུད་སྡེ་ཀུན་མཐུན་པར་འབྱུང་ངོ་། །བྱེ་བྲག་སྔ་འགྱུར་རང་ལུགས་རྒྱུད་ལུང་མན་ངག་གསུམ་གྱི་དབྱེ་བས་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་ན། སློབ་བུ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། བདག་དང་གཞན་དང་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ། སྤྱོད་རིགས་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བར་གསུངས་པ་དང་། ལུང་འདུས་མདོ་ལྟར་ན། རང་བཞིན་གྱིས་སྣོད་དུ་གྱུར་པ་ཟབ་མོའི་དོན་ལ་མོས་པའི་སློབ་མ་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ཀྱི་དངོས་བསྟན་ལྟར་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སློབ་མ་ཐུན་མོང་བ་ལ་མདོ་ཡོངས་རྫོགས་ཡན་ལག་དང་བཅས་པའི་དཀྱིལ་འཁོར་སོ་སོར་ཕྱེ་ནས་དབང་རྩ་བ་སོ་དྲུག་ལ་ཡན་ལག་རགས་པར་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བ་སྟེ། རྒྱུད་མན་ངག་གི་ལུགས་གཉིས་ཀའང་ཕྱི་ནང་སྒྲུབ་གསང་གི་དབང་བཞིས་བསྡུས་པ་དང་། མན་ངག་ཨ་ཏི་ཡོ་ག་ལ་རིག་པ་རྩལ་གྱི་དབང་རྩལ་དུ་བཏོན་ནས་སྐུར་བའི་ཚུལ་རྫོགས་ཆེན་སྡེ་གསུམ་གྱི་ལུགས་སོ་སོར་འབྱུང་བ་ལས། མན་ངག་སྡེ་པ་ལྟར་ན། སྤྲོས་བཅས་དབང་གི་སྒོ་གསུམ་དང་ཤེས་བྱ་ལ་རྨོངས་པའི་དྲི་མ་སྦྱོང་། སྤྲོས་མེད་ཀྱིས་སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག །ཤིན་ཏུ་སྤྲོས་མེད་ཀྱིས་སེམས་ཉིད་གཞི་མེད་རྩ་བྲལ་དུ་ངོ་སྤྲད་ཅིང་ཀ་དག་གི་ཡེ་ཤེས་དང་། རབ་ཏུ་སྤྲོས་མེད་ཀྱིས་ལྷུན་གྲུབ་འོད་གསལ་མངོན་སུམ་གྱི་དོན་ཉམས་སུ་ལེན་པ་ལ་དབང་བར་བྱེད་དོ། །སྒྲུབ་སྡེ་ལྟར་ན་སྤྱི་བཀའ་བདེ་གཤེགས་འདུས་པ་ལས། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་ཕྱི་དབང་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་དང་བཞིར་བཤད་དོ། །ལྔ་པ་ནི། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་པི་ཝང་སྦྱོར་ཀུན་འཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོ། །དྲུག་པ་ནི། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་སོགས་ལུང་རིགས་མཐའ་ཡས་པ་འབྱུང་ངོ་། །གཉིས་པ་སྲོག་དམ་ཚིག་བསྟན་པ་ནི། དབང་གི་སྲོག་ ནས་ དག་པར་བྱ༔ ཞེས་གསུངས་ཏེ། དབང་གིས་རྒྱུད་སྨིན་ཀྱང་དེའི་དོན་རྒྱུད་ལ་བསྟེན་པའི་སྲོག་ནི་དམ་ཚིག་སྟེ། དེའང་དབང་བསྐུར་བ་ཉིད་ཀྱིས་དམ་ཚིག་དང་སྡོམ་པ་ཐོབ་པ་ཡིན་པས་དེ་ཉིད་ལེགས་པར་བསྐྱང་དགོས་ཏེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། །དེ་ལ་དམ་ཚིག་གི་ངོ་བོ་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་གསུངས་པ་ལྟར། སངས་རྒྱས་ཀུན་གྱི་རྡོ་རྗེའི་གསང་བ་གསུམ་འཛིན་ཅིང་མི་ཉམས་པར་སྲུང་པའི་ཆ་ནས་དམ་ཚིག །རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པ་ཡིན་པས་ངོ་བོ་གཅིག་ལ་ཁྱད་པར་དང་སྤྱི་ལྡོག་གིས་ཕྱེ་བའོ། །ངེས་ཚིག་ནི། སྔགས་ཀྱི་སྒོར་ཞུགས་ནས་དེ་ཉིད་ཀྱི་བརྟུལ་ཞུགས་སྲུང་ཞིང་བསྒྲུབས་པས་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བར་བྱེད་པས་སྔགས་ཀྱི་འདུལ་བ་ཞེས་བྱ་ཞིང་། ས་མ་ཡའི་སྒྲ་ལས་དམ་བཅས་པའི་ཐ་ཚིག་དང་མནའ་དང་སྡོམ་པ་སོགས་ལ་འཇུག་པས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པས་རྡོ་རྗེའི་ཡལ་གམ་མམ་དམ་ཚིག་སྟེ། བསྲུངས་ན་སྔགས་ཀྱི་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་ཞིང་། མ་བསྲུངས་ན་བསླབ་པ་ཐམས་ཅད་དོན་མེད་དུ་འགྱུར་བས་ཁེ་ཉེན་དང་བཅས་པའི་ཕྱིར། དེ་ལྟར་ཡང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །དེ་ལ་དབྱེ་ན། བདེ་འདུས་ཞི་རྒྱུད་ལས། སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བས་གཟུང་བྱ་སྟེ། །ཞེས་པས་སྤྱིའི་དམ་ཚིག །ཁྱད་པར་གྱི་དམ་ཚིག །ལྷག་པའི་དམ་ཚིག་སྟེ་གསུམ་དུ་བསྡུས་པ་ཡིན་ལ། དེ་རྣམས་རིམ་པ་བཞིན་དུ་ཕྱི་སྙིང་། ནང་སྙིང་ཁྲག །གསང་བ་སྲོག་གི་ཚུལ་དུ་བསྲུང་ཞིང་རྣམ་པར་དག་པར་བྱའོ། །དེ་དག་གི་དོན་ཅུང་ཟད་སྨོས་ན། སྤྱིའི་དམ་ཚིག་ནི། སོ་ཐར། བྱང་སེམས། ཕྱི་རྒྱུད་གསུམ་གྱི་བསྲུང་མཚམས་སུ་གྲགས་པ་རྣམས་ཏེ། དང་པོ་ལ་སོ་ཐར་རིས་བརྒྱད་ཀྱི་སྤང་བླང་། གཉིས་པ་ལ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ནས་བྱུང་བའི་བསླབ་བྱ། གསུམ་པ་ལ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ལ་འབྱུང་པའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་སོ། ཁྱད་པར་གྱི་དམ་ཚིག་ནི། སྔགས་བླ་མེད་ནས་གསུངས་པའི་རིགས་ལྔ་སྤྱིའི་དམ་ཚིག་དང་། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཁྱད་པར་བ་རྣམས་ཏེ། དེ་ལ་རིགས་ལྔའི་དམ་ཚིག་ནི། ཕྱི་སྨོན་སེམས་དང་འཇུག་སེམས་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་། དཀོན་མཆོག་གསུམ་འཛིན་ཅིང་། སྦས་དོན་བདེ་སྟོང་དབྱེར་མེད་ཀྱི་བྱང་སེམས་དང་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་དུ་བཟུང་བ་སྟེ་དེ་བཞིན་རིགས་ཀྱི་དམ་ཚིག །ཕྱི་རྫས་ཀྱི་རྡོར་དྲིལ་དང་ལྷ་སྐུ་ཕྱག་ཆེན། ནང་ཡབ་ཡུམ་གཉིས་ཀྱི་མཁའ་གསང་ཕན་ཚུན་རྒྱས་བཏབ་སྟེ་སྦྱོར་བ། གསང་བ་ཁམས་དཀར་དམར་གཉིས་འབར་འཛག་གི་རྒྱས་ཟུང་དུ་འབྲེལ་བ། དེ་ཁོ་ན་ཉིད་བདེ་སྟོང་གཉིས་ཟུང་འཇུག་གི་རྒྱས་འཆིང་བ་སྟེ། དེ་ལྟར་ཕྱི་ནང་ལ་སོགས་པའི་རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་གསུམ་འཛིན་ཅིང་། དེ་དག་སྟོན་པའི་བླ་མ་ལ་གུས་པས་བསྟེན་པ་སྟེ་རྡོ་རྗེའི་རིགས་ཀྱི་དམ་ཚིག །ཕྱི་ཆོས་སྐྱོབ་ཟང་ཟིང་དང་དེའི་རྩ་བ་བྱམས་པའི་སྦྱིན་པ་སྟེ་བཞི་སྟེར་ཞིང་། སྦས་དོན་རྗེས་ཆགས་ཀྱི་མེས་བྱང་སེམས་དབབ་ལྡོག་གི་དགའ་བཞིའི་ཡེ་ཤེས་སྦྱིན་པ་ནི་རིན་ཆེན་རིགས་ཀྱི་དམ་ཚིག །ཕྱི་ཉན་རང་། ནང་བྱང་སེམས། གསང་བ་བྱ་བ་སྤྱོད་པ་རྣལ་འབྱོར་ཕྱི་ནང་སྟེ་ཐེག་པ་གསུམ་འཛིན་ཅིང་། སྦས་དོན་རླུང་དབུ་མར་བཅིངས་པས་གཞོམ་མེད་ཀྱི་གསུང་སྒྲུབ་པ་ནི་པདྨ་རིགས་ཀྱི་དམ་ཚིག །སྔར་གྱི་སྡོམ་པ་དེ་ཐམས་ཅད་དང་མཆོད་པའི་ལས་ཀྱང་ཅི་ནུས་སུ་སྒྲུབ་ཅིང་། འཇུག་པར་གཏོགས་པའི་སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་ཕྱིན་པ་རྣམས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཟློ་བ་ལ་འགོད་ཅིང་། སྦས་དོན་དུ་ཐམས་ཅད་ཟུང་འཇུག་ཨེ་ཝཾ་གྱི་སྡོམ་པས་རྒྱས་འདེབས་པ་དང་། ཞུ་བདེས་ཕུང་ཁམས་དབང་ཡུལ་གྱི་ལྷ་རྣམས་ཚིམ་པར་མཆོད་ཅིང་ཕྲ་རགས་ཀྱི་སྒོ་གསུམ་ཤིན་ཏུ་ཕྲ་བ་རྡོ་རྗེ་གསུམ་གྱི་རང་བཞིན་གཞི་རྫོགས་ཡེ་གྲོལ་ཆེན་པོར་སྒྲོལ་དགྲོལ་དབྱུང་ཞིང་ཟློ་བར་བྱེད་པ་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ །རྩ་བའི་དམ་ཚིག་ནི། སྤྱིར་སྒོ་གསུམ་མི་དགེ་བ་ལས་ལྡོག་ཅིང་ལྷ་སྔགས་ཏིང་ངེ་འཛིན་ལས་མི་འདའ་བ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡིན་ལ། ཁྱད་པར་དུ་སྒོ་གསུམ་གཡོ་ཟོལ་མེད་པས་ཅི་མཉེས་ཀྱིས་བླ་མ་བཀུར་བ་དང་། མཆེད་ལྕམ་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་བསམ་པས་བརྩེ་གདུང་རྒྱུན་མི་ཆད་པའི་བྱམས་པས་བྱ་བ་གཉིས་ནི་རྡོ་རྗེའི་སྐུའི་དམ་ཚིག །སྔགས་དང་ཕྱག་རྒྱ་བརྩོན་པ་རབ་འབྲིང་གི་དབང་ལ་ཉིན་མཚན་དུས་དྲུག་གམ་ཟླ་ཞག་ལོ་དུས་རྣམས་ལས་མི་འདའ་བར་བྱེད་པ་ནི་རྡོ་རྗེ་གསུང་གི་དམ་ཚིག །གསང་བའི་དོན་གཞན་དུ་མི་སྨྲ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་ཕྱག་རྒྱ་ལས་མི་འདའ་བ་གཉིས་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །ཁྱད་པར་དུའང་འགྲོ་བ་མཐའ་དག་ཡེ་ནས་རང་བཞིན་རྣམ་དག་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བ་ནི་མཉམ་པ་ཆེན་པོའི་དམ་ཚིག་སྟེ། དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱས་པ་ལ་དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར་བརྩོན་པར་བྱའོ། །ཡན་ལག་གི་དམ་ཚིག་ནི། ལྔ་ཚན་ལྔ་ལས། ཤེས་པར་བྱ་བ་ལྔ་ནི། ཕུང་ཁམས་སོགས་ལྔ་ཚན་གྱི་རྟོག་ཚོགས་རྣམས་ཡེ་ནས་རིགས་ལྔ་ཡབ་ཡུམ་སོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱེད་པ་སྟེ་ལྟ་བའི་དམ་ཚིག་གོ །མི་སྤང་བ་ལྔ་ནི། དུག་ལྔ་ཐབས་གྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་པར་མི་སྤོང་ཞིང་། སྦས་དོན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྫོགས་པས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་ཕྱེད་པ་མེད་པའི་གཏི་མུག །མི་དམིགས་པའི་སྙིང་རྗེ་ཆེན་པོའི་འདོད་ཆགས། རང་རིག་པའི་ཡེ་ཤེས་རྟོག་པ་འཇོམས་པའི་ཞེ་སྡང་། ཟུང་འཇུག་ལྟ་བའི་རྒྱལ་པོ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ་རྟོགས་གོམས་ཀྱི་སྦྱོར་བས་མི་སྤོང་བའོ། །སྤྱད་པར་བྱ་བ་ལྔ་ནི། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་དང་། བརླང་ཚིག་སྨྲ་བ་རྣམས་ཞིང་བཅུ་སྒྲོལ་བ་ལ་སོགས་ཏེ་གཞན་དོན་དུ་འགྱུར་ན་སྤྱད་པར་བྱ་ཞིང་། སྦས་དོན་དུ་སྲོག་ནི་རླུང་སྟེ་བུམ་ཅན་ལ་སོགས་པའི་ཐབས་ཀྱིས་དགག་པའམ་གཟུང་འཛིན་རྟོག་པའི་སྲོག་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་པས། བཙུན་མོའི་ཤུ་ཀྲའམ་བདེ་ཆེན་གྱི་ཡེ་ཤེས་སུས་ཀྱང་སྦྱིན་པ་མེད་པར་དེ་བླང་བ་དང་། རང་རིག་ཉིད་ཡུལ་ཕྱག་རྒྱ་ཆེན་པོ་དང་ཁ་སྦྱོར་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་སྒྲུབ་པ་ནི་འདོད་པ་སྤྱོད་པ་དང་། འཁོར་བ་མེད་སྣང་ལས་འགྲོ་བ་སྒྲོལ་བའི་རྫུན་དང་། སྒྲ་ཐམས་ཅད་བརྗོད་མེད་དུ་རྟོགས་པས་གབ་སྦས་མེད་པར་བརྡ་སྤྲོད་པ་ལ་སོགས་པའི་བརླང་ཚིག་རྣམས་སོ། །དང་དུ་བླང་བ་ལྔ་ནི། བྱང་སེམས་དཀར་དམར། དྲི་ཆེན། དྲི་ཆུ། ཤ་ཆེན་གྱི་དྭངས་མ་རྣམས་གཙང་དམེའི་རྟོག་པ་སྦྱོང་བ་ལ་སོགས་པའི་དགོས་པས་བརྟེན་ཅིང་། སྦས་དོན་དུ་ཕུང་ལྔའི་དྭངས་མ་འཛག་མེད་དུ་འཆིང་བས་དང་དུ་བླང་བའོ། །བསྒྲུབ་པར་བྱ་བ་ལྔ་ནི། ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་དེ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་རང་རྒྱུད་ལ་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་སྟེ་སྒོམ་པའི་དམ་ཚིག་དང་། བར་མ་གསུམ་པོ་ཕྱི་ལྟར་ན་སྤྱོད་པའི་དམ་ཚིག་གཙོ་ཆེའོ། །རྩ་བའི་དམ་ཚིག་གསུམ་དང་ཡན་ལག་ཉེར་ལྔ་བསྡམས་པས་དམ་ཚིག་ཉེར་བརྒྱད་ཅེས་མ་ཧཱའི་སྤྱི་སྐད་དུ་གྲགས་སོ། །ལྷག་པའི་དམ་ཚིག་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་གང་ཟག་གིས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བར་བྱ་བ་ལྷག་པར་བསྟེན་པའི་དམ་ཚིག །གཅན་གཟན་གྱི་རྒྱལ་པོའི་ཁྲི་མི་བཤིག་པ་ལ་སོགས་ཉི་ཤུ་སྟེ། བརྡས་བསྟན་པའི་དོན་གོ་བདེ་བར་བཀྲོལ་ན། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་གཅོག །བླ་མའི་ཡུམ་ལ་མི་སྤྱོད། དད་ཅན་ཚོགས་མི་གཅོག །དཀོན་ཅོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་མྱོས་པར་མི་འཐུང་། རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱོད། མཚན་ངན་གྱི་གཟུངས་མ་མི་བསྟེན། མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན། མཁས་པའི་ཡོན་ཏན་ལ་མི་གཤེ། སྣོད་མིན་ལ་གསང་ཆོས་མི་སྟོན། མཚན་ལྡན་གྱི་གཟུངས་མ་དང་། སྣོད་ལྡན་གྱི་སློབ་མ་མི་སྤང་། དོན་བདེ་སྟོང་དང་རྟགས་ཡབ་ཡུམ་དང་མི་འབྲལ། མཆེད་ལ་ཀྱལ་ཀ་ཙམ་དུའང་ནང་འཐབ་མི་བྱེད། གཞན་གྱིས་སྤྱད་པའི་ལྷག་མི་སྤྱོད། བླ་མའི་གདན་ས་མི་རློམ། རང་གཞན་གྱི་མཚམས་མི་འདྲལ། ཏིང་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བཟླས་པ་དང་ཆོ་ག་མི་ཚིག་གིས་བར་མི་གཅོད། དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་བརྡ་མི་བརྗེད། རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུགས་ཤིང་སྐྱེ་བོའི་མཐུ་ཟློག་མི་བྱེད། སློབ་དཔོན་གཙུག་ཏུ་ཁུར་བ་ལས་ཉམས་པར་མི་བྱ་བ་རྣམས་སོ། །དེ་དག་སྲུང་པའི་ཐབས་ནི། གནང་བཀག་གི་གནས་རྣམས་མི་བརྗེད་པའི་དྲན་པ་དང་། དམ་ཚིག་ལས་འདས་མ་འདས་རྟོག་དཔྱོད་བྱེད་པའི་ཤེས་བཞིན་དང་། གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་། ཉམས་ན་བདག་ཉིད་ངན་སྙམ་དུ་རང་ལ་བརྟེན་ནས་འཛེམ་པའི་ངོ་ཚ་ཤེས་པ་དང་། ཡུལ་གཞན་ལ་བརྟེན་ནས་འཛེམ་པའི་ཁྲེལ་ཡོད་པ་དང་། ཉམས་པའི་ཉེས་དམིགས་མཐོང་བས་འཇིགས་པ་དང་། ཕན་ཡོན་ལ་བྲོད་པས་གུས་པ་སྟེ་དེ་དག་གི་སྒོ་ནས་འབད་པས་བསྲུང་བའོ། །དེ་ཡང་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། །ཉམས་ན་ཕྱིར་བཅོས་པ་ནི། ཡུལ་གང་ཟག་ལས་ཉམས་པ་རྣམས་དེ་དག་གི་དྲུང་དུ་བཤགས་ཤིང་། གཞན་རྣམས་འགྱོད་སྡོམ་གྱི་སྒོ་ནས་ཇི་ལྟར་རིགས་པས་བཤགས་པར་བྱ་ལ། ཉམས་པ་ཆེན་པོ་ནི། ཡུལ་གང་ལ་བརྟེན་ནས་ཉམས་ཀྱང་རུང་སྟེ། ཐོག་མར་སོ་སོའི་ལུགས་བཞིན་བཤགས་ནས་སླར་དབང་དང་དམ་ཚིག་ནོད་པར་བྱ་བ་ཡིན་ནོ། །སྔགས་པས་རྩ་བའི་དམ་ཚིག་ལས་འགལ་ན་རྡོ་རྗེའི་དམྱལ་པར་ཟང་ཐལ་དུ་འགྲོ་བས་མཚོན་ཉམས་པའི་ཉེས་དམིགས་དང་། དམ་ཚིག་ཚུལ་བཞིན་ཏུ་བསྲུང་ན་རབ་ཚེ་གཅིག །འབྲིང་དང་ཐ་མས་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་མཆོག་འགྲུབ་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །གསུམ་པ་སྐྱེད་སྲིང་བ་ལ་གཉིས། ཚིག་གོང་མ་དང་མཚམས་སྦྱར་བའི་ཚུལ་གྱིས་མིང་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ རིམ་པ་ནི༔ ཞེས་གསུངས་ཏེ། དེ་ལྟར་དབང་བཞིས་རྒྱུད་སྨིན་ཅིང་དམ་ཚིག་མ་ཉམས་པས་སྒོ་གསུམ་རྣམ་པར་དག་པའི་གང་ཟག་སྔགས་ཀྱི་ལམ་ལས་དངོས་གྲུབ་མྱུར་དུ་སྒྲུབ་པར་འདོད་པ་དག་གིས་ས་བོན་བཏབ་པ་དེ་ཉིད་བྱང་ཆུབ་ཀྱི་ལམ་དུ་སྐྱེད་སྲིང་བར་བྱེད་པའི་ཐབས་ཟབ་མོ་ལམ་གྱི་རིམ་པ་ནི་འདི་ལྟར་རོ། །ཞེས་སོ། །དེའང་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ནི་བསྐྱེད་རྫོགས་གཉིས་ཡིན་ལ་དེ་གཉིས་ཀྱི་སྤྱི་དོན་ཅུང་ཟད་བཤད་ན། རིམ་གཉིས་སོ་སོའི་ངོ་བོ། ངེས་ཚིག །དབྱེ་བ། གོ་རིམ། དགོས་པ་སྟེ་ལྔ་ལས། དང་པོ་བསྐྱེད་རིམ་གྱི་ངོ་བོ་ནི། རྗེས་དཔག་གི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་། དེ་ཡང་ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ལ། ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱལ་བས་སྔགས་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་དང་སྟོང་ཉིད་ཀྱིས་རྒྱས་བཏབ་པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ་ཁྱད་ཆོས་བཞི་ལྡན་ནོ། །རྫོགས་རིམ་གྱི་ངོ་བོ་ནི། མངོན་སུམ་པའི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པ་རྒྱུའི་རྫོགས་རིམ་དང་། དེ་བརྟན་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་གཞི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཁྱད་ཆོས་རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད་ རྣམ་པའི་ཁྱད་པར་བདེ་བ་ཆེན་པོ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ་ཁྱད་པར་གསུམ་ལྡན་ནོ། །གཉིས་པ་ནི། བསྐྱེད་རིམ་གྱི་སྐད་དོད་ཨུཏྤཏྟི་ཀྲ་མ་ཞེས་པའི་ཨུཏྤཏྟི་ནི་བཅོས་པའམ་བཏགས་པ་སོགས་ལ་འཇུག་པས་རྣམ་པར་རྟོག་པས་གསར་དུ་བཅོས་པའམ་བཏགས་པའི་དོན་ཏེ་བསྐྱེད་པ་ཡིན་ལ་གང་ལས་བཅོས་ཤིང་གདམས་པའི་གཞི་ནི་རྫོགས་པའི་རིམ་པ་སྟེ། དེ་ཉིད་ཀྱི་སྐད་དོད་ནིཥྤནྣ་ཀྲ་མ་ཞེས་པའི་ནིཥྤནྣ་ནི་མ་བཅོས་པ། གྲུབ་པ། རྫོགས་པ་སོགས་ལ་འཇུག་པས་བཅོས་མེད་ཤུགས་འབྱུང་གི་དོན་ནོ། །དེ་གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ཐབས་སམ་ལམ་གྱི་གོ་རིམ་གྱི་དོན་དུ་འགྱུར་རོ། །གསུམ་པ་ནི། ངོ་བོའི་སྒོ་ནས་དབྱེ་ན། བཅོས་ཤིང་བཏགས་པ་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་བསྐྱེད་རིམ་དང་། བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་རྫོགས་རིམ་སྟེ་གཉིས། སྦྱང་བྱ་སྦྱོང་བྱེད་ལ་ལྟོས་ན། ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བསྐྱེད་རིམ་ཀུན་རྫོབ་བདེན་པའི་རྣལ་འབྱོར་དང་། དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་དོན་དམ་བདེན་པའི་རྣལ་འབྱོར་ཞེས་པ་གཉིས། སྒོམ་ཚུལ་གྱི་སྒོ་ནས། སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ནས་བསྐྱེད་རིམ་སྒོམ་ཚུལ་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་སོ། །རྫོགས་རིམ་ནི། ཀུན་རྫོབ་རང་བྱིན་རླབས་པའི་རིམ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་། གཞན་ལུས་ལ་བརྟེན་པ་དཀྱིལ་འཁོར་འཁོར་ལོ། དེ་དག་རྣམས་ཀྱི་རྒྱས་འདེབས་སུ་གྱུར་པ་དོན་དམ་འོད་གསལ་ཆེན་པོ་བརྗོད་མེད་ལྷན་ཅིག་སྐྱེས་པའི་རིམ་པ་སྤྱི་དང་། ཁྱད་པར་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་རྣམས་སོ། །བཞི་པ་ནི། གནས་ལུགས་ཀྱི་ལམ་ལ་འཇུག་པའི་སྔོན་དུ་རྒྱུད་སྦྱོང་བའི་ཕྱིར་བསྐྱེད་རིམ་ལམ་གྱི་སྔོན་འགྲོར་སྦྱང་ཞིང་། རྒྱུད་བྱང་ནས་གནས་ལུགས་དངོས་བསྒོམ་པའི་ཕྱིར་རྫོགས་རིམ་ལམ་གྱི་དངོས་གཞི་ཡིན་པའི་རིམ་པའམ། ཡེ་ཤེས་ཀྱི་ཚོགས་ཀྱི་གཞི་འདིང་བ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སྐྱེ་བའི་གེགས་བསལ་བའི་རྒྱུར་ཡང་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་པ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་དང་། རིམ་ལྔ་ལས་ཀྱང་། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་འབྱུང་སྟེ་མདོར་ན་སྦྱང་བྱ་འཁྲུལ་བ་ཀུན་བཏགས་དང་ས་བོན་གྱི་ཆ་གཉིས་སྦྱོང་བྱེད་རྟེན་དང་བརྟེན་པ། གྲུབ་འབྲས་ཐུན་མོང་དང་མཆོག་གི་གོ་རིམ་སོགས་ལ་ལྟོས་པའོ། །ལྔ་པ་ནི། སྣོད་བཅུད་ཐ་མལ་དུ་འཛིན་པ་སྤོང་ཞིང་། ལམ་མ་དག་ས་བདུན་དང་། འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་ནི་བསྐྱེད་རིམ་དང་། འཕོ་བའི་བག་ཆགས་ཀྱི་དྲི་མ་སྤོང་ཞིང་། ལམ་དག་པ་ས་གསུམ་དང་འབྲས་བུ་ལྷན་ཅིག་སྐྱེས་སྐུའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་རྫོགས་རིམ་གྱི་དགོས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་པ་ལྟར་རོ། །གཉིས་པ་ལ་བཞི། བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་བསྒོམ་པ། གསང་དབང་དང་རྗེས་སུ་འབྲེལ་བའི་ཟབ་ལམ་གསལ་སྟོང་ཟུང་འཇུག་བསྒོམ་པ། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་ཕོ་ཉའི་ལམ་བདེ་སྟོང་ཟུང་འཇུག་བསྒོམ་པ། དབང་བཞི་པ་དང་རྗེས་སུ་འབྲེལ་པའི་རྫོགས་ཆེན་རིག་སྟོང་ཟུང་འཇུག་ཏུ་བསྒོམ་པའོ། །དང་པོ་ལ་གསུམ། བསྐྱེད་རིམ་གྱི་དགོས་པ་བསྟན་པ། བསྐྱེད་རིམ་དངོས། དེའི་དོན་བསྡུ་བའོ། །དང་པོ་ནི། དང་པོ་བུམ་པའི་དབང་ ནས་ དག་ལ་བསླབ༔ ཅེས་གསུངས་ཏེ། ལམ་གྱི་རིམ་པ་དེ་ལའང་དབང་བཞི་སོ་སོ་དང་རྗེས་སུ་འབྲེལ་བའི་ལམ་བཞི་ཡོད་པ་ལས། དང་པོ་བུམ་པའི་དབང་དང་རྗེས་སུ་འབྲེལ་བའི་ལམ་ནི། བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཐ་མལ་གྱི་དངོས་པོར་སྣང་བ་ལ་དེ་དང་དེར་ཞེན་པའི་ཀུན་ཏུ་རྟོག་པ་འདི་ཉིད་སྦྱང་བར་བྱ་བའི་ཕྱིར་དུ། ཐུན་མོང་བ་མ་ཧཱ་དང་ཁྱད་པར་བ་ཡོ་ག་གོང་མ་གཉིས་ཀྱི་ཚུལ་དང་མཐུན་པའི་བསྐྱེད་རིམ་དག་ལ་བསླབ་པར་བྱའོ། །གཉིས་པ་ལ་གཉིས། སྡོམ་གྱི་སྒོ་ནས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ ནས་ འབྲས་བུར་བཅས༔ ཞེས་གསུངས་ཏེ། དེའང་དཔེར་ན་ཚོང་དོན་དུ་གཉེར་བ་ལ། བསྒྲུབ་བྱ་རིན་ཐང་ཆེ་བའི་ནོར། སྒྲུབ་བྱེད་རིན་ཐང་དཔོག་པའི་ཟོང་། སྒྲུབ་ཚུལ་ཚོང་གི་ཐབས་ལ་མཁས་པས། གྲུབ་འབྲས་འདོད་པའི་ནོར་བདེ་བླག་ཏུ་ཐོབ་པ་བཞིན། བསྐྱེད་རིམ་གྱི་ལམ་དེ་ལའང་བསྒྲུབ་བྱ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ལྷ་དང་། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང་། དེ་དག་གི་བྱིན་རླབས་མཚན་མའི་ལྷར་གྲགས་པ་སྟེ་གསུམ། སྒྲུབ་བྱེད་ཀྱི་ཐབས་སྔོན་འགྲོ་དངོས་གཞི་རྗེས་ཀྱིས་བསྡུས་པ་རྣམས་དང་། ཇི་ལྟར་སྒྲུབ་པའི་ཚུལ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་རྣམས་དང་། བསྒྲུབས་པའི་འབྲས་བུ་རིག་འཛིན་བཞིན་གྲུབ་པའི་ཚུལ་དང་བཅས་ལྟོས་ནས་འབྲེལ་བའི་ཚུལ་གྱིས་རིམ་པར་བསྟན་པར་བྱའོ། །གཉིས་པ་ལ་བཞི། གང་བསྒྲུབ་བྱའི་ལྷ། གང་གིས་སྒྲུབ་པའི་ཐབས། ཇི་ལྟར་སྒྲུབ་པའི་ལམ། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། བསྒྲུབ་བྱ་ ནས་ མངོན་དུ་བྱ༔ ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ་བསྒྲུབ་པར་བྱ་བའི་ལྷ་ནི་སྤྱིར་གོང་དུ་སྨོས་པ་ལྟར་གསུམ་ལས། དང་པོ་ནི། འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་པ་མེད་པའི་གནས་ལུགས་ཡེ་ཤེས་གསུམ་ལྡན་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འགྲོ་བ་ཀུན་ལ་ཁྱད་པར་མེད་པར་གདོད་ནས་བཞུགས་པ་ནི་དམ་ཚིག་སེམས་དཔའ་དང་། གཉིས་པ་ནི། འཁོར་འདས་ཐམས་ཅད་ལ་ཁྱབ་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་མ་ནས་དབྱེར་མི་ཕྱེད་པའི་རང་བཞིན་ཅན་དུ་བཞུགས་པ་ནི་དམ་ཡེ་གཉིས་མེད་ཀྱི་དོན་ཏེ། དྲི་མ་སྦྱང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལ་རྒྱུའི་ཐེག་པར་རིགས་དང་ཁམས་དང་བདེ་བར་གཤེགས་པའི་སྙིང་པོ་སོགས་ཀྱིས་བསྟན་ལ། སྔགས་ཀྲི་ཡ་བས་བདག་གི་དེ་ཁོ་ན་ཉིད་དང་། ཨུ་བྷ་ཡས་བྱང་ཆུབ་ཀྱི་སེམས། ཡོ་གས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། མ་ཧཱ་ཡོ་ག་བས་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུས་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བཏགས་ཤིང་། མན་ངག་སྡེ་པས། ལུས་ཅན་རྣམས་ཀྱི་སྙིང་དབུས་ན་དྭངས་མ་ལྔ་འདུས་ལ་བརྟེན་པའི་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པར་གསུངས་པ་དང་། གཞན་དུ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་འདི་དག་གི་སྣང་གཞི་གཉུག་མའི་ཕུང་སོགས་སམ་ཕུང་ཁམས་སྐྱེ་མཆེད་གཞན་ཞེས་གྲགས་པ་ཡེ་ནས་གདན་གསུམ་ཚང་བའི་ལྷའི་དཀྱིལ་འཁོར་དུ་རྣམ་པར་དག་པ་དང་། ཤིན་ཏུ་ཕྲ་བའི་སྒོ་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་དུ་གནས་པར་བཤད་པ་རྣམས་ཀྱང་དོན་གཅིག་ཏུ་འབབ་བོ། །དེ་ལྟར་ཡིན་ཀྱང་རང་ངོ་མ་ཤེས་པས་ཐ་དད་དུ་བཟུང་བས་འཁྲུལ་ཏེ་མ་རྟོགས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། དཔེར་ན་ནོར་བུ་ཉིད་འདམ་གྱི་དྲི་མ་ལས་མ་གྲོལ་བར་རང་གི་བྱ་བ་བྱེད་མི་ནུས་པ་ལྟར་གཉིས་མེད་ཀྱི་དོན་དེ་ཡང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་དྲི་མ་སྦྱང་དགོས་ལ། དེ་སྦྱོང་བྱེད་ཀྱི་ཐབས་ནི་འཁྲུལ་བ་གློ་བུར་བ་ཀུན་བཏགས་ཀྱི་ཆ་རྣམས་བསྐྱེད་རིམ་གྱིས་དང་། ས་བོན་གྱི་ཆ་ནི་རྫོགས་རིམ་གྱིས་སྦྱོང་བ་ཡིན་ཞིང་། ཇི་ལྟར་སྦྱོང་ན། འཁྲུལ་བའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བར་བྱེད་པ་ལ། སྒྱུར་ཚུལ་དེའི་རང་ངོ་ལ་བསལ་བཞག་མེད་པར་བཞག་པས་གང་ཤར་གྱི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ། རྒྱུ་མཚན་དེས་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་བྱེད་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་ན་མཚན་ཉིད་ཐེག་པ་བས་གཞི་སྤོང་བགེགས་སྦྱོང་བའི་ལམ་ལས་ཁྱད་བར་དུ་འཕགས་པའོ། །དེ་ལྟར་བསྒྲུབ་གཞི་དམ་ཡེ་དབྱེར་མེད་ངོས་ཟིན་ནས་སྐབས་ཀྱི་བསྒྲུབ་བྱ་དངོས། དེ་དག་གི་བྱིན་རླབས་སམ་རྩལ་ལས་ཤར་བའི་མཚན་མའི་ལྷ་སྟེ། དེའང་ངོ་བོ་བརྒྱུད་གསུམ་གྱི་བླ་མ་རིག་འཛིན། ཐེག་རིམ་དགུའི་ཡི་དམ། གནས་གསུམ་མཁའ་འགྲོའི་ཚོགས་ཏེ་རྩ་བ་གསུམ། རྣམ་པ་ཞི་བ་དང་ཁྲོ་བོ། ཆགས་བྲལ་དང་ཆགས་བཅས། འཁོར་ལོའི་དབང་ཕྱུག་དང་འཁོར་གྱི་ཚུལ་དུ་བསྟན་པའི་བྱེ་བྲག་བསམ་ལས་འདས་པ་ཡོད་ཀྱང་། བྱིན་རླབས་དང་དངོས་གྲུབ་རྣམ་པ་གཉིས་གཞན་ལས་ཁྱད་པར་དུ་མས་འཕགས་པ་མྱུར་དུ་ཐོབ་པར་འདོད་ནས་རྩ་བ་གསུམ་པོ་དེ་ཀུན་གྱི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་གཅིག་ཏུ་འདུས་པ་པདྨ་ཐོད་ཕྲེང་རྩལ་ང་ཉིད་བསྒོམ་པར་བྱའོ། །དེ་ལྟར་ཡང་ཐུགས་སྒྲུབ་གསང་འདུས་གནད་ཡིག་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་དང་། བྱང་གཏེར་ལས། དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས༔ དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ༔ པདྨ་འབྱུང་གནས་ང་ཉིད་སྒོམ་པ་ཡིས༔ ཞི་ཁྲོ་རབ་འབྱམས་ཐམས་ཅད་རྫོགས་པར་འགྱུར༔ ཞེས་སོགས་འབྱུང་བ་ལྟར་རོ། །དེ་ལྟར་བདེ་གཤེགས་ཀུན་འདུས་གུ་རུ་པདྨ་སྒྲུབ་པའི་ཚུལ་གཏེར་ཁ་རེ་རེར་ཡང་སྤྱི་དང་ཁྱད་པར་མཐའ་ཡས་པ་ཞིག་མཆིས་པ་ལས། འདིར་སྙིགས་མའི་རྒུད་པ་མཐར་ཐུག་པ་སྐྱོབ་པའི་དཔལ་མགོན་གཅིག་པུ་པ་གཏེར་འབྱིན་རིག་འཛིན་གྲུབ་པའི་རྒྱལ་པོ་རྣམ་གཉིས་ཀྱི་ཟབ་གཏེར་དང་འབྲེལ་བའི་དབང་དུ་བྱས་ནས། ཕྱི་ལྟར་བྱང་ཆུབ་སྒྲུབ་པའི་ལམ་ལ་འཕྲལ་དང་ཡུན་དུ་ཕྱི་ནང་གསང་བའི་བགེགས་དང་བར་ཆད་ཀུན་སེལ་བའི་ཕྱིར་དུ། སྣང་སྲིད་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གཙོ་བོ་རྒྱལ་བ་སྐུ་གསུམ་གྱི་རྣམ་པར་ཤར་བ་གུ་རུ་པདྨ་འབྱུང་གནས་ལ། འཁོར་གུ་རུ་རྒྱལ་བའི་གདུང་འཛིན་སོགས་རིག་འཛིན་རྩལ་འཆང་ཆེན་པོ་རྣམ་འཕྲུལ་བཅུ་གཉིས། སྒོ་སྲུང་དཔའ་བོ་ཡབ་ཡུམ་གྱིས་བསྐོར་བ་བཅས་དཀྱིལ་འཁོར་ཡོངས་རྫོགས་སྤྱི་དང་། བྱེ་བྲག་ཆོས་སྐུ་ཚེ་དཔག་མེད་ལྷ་བཅུ་གསུམ་པ་སྒེར་དུ་ཕྱུང་བས་མཚོན་སོ་སོའི་ཚུལ་དུ་བསྙེན་པར་བྱ་སྟེ་རྒྱལ་པོ་ཆེན་པོ་ལ་སྙན་གསན་འབེབས་པ་ལྟ་བུའོ། །ནང་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཡིད་ལ་གང་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་དུ། གཙོ་བོ་ཁྱབ་བདག་བདེ་བ་ཆེན་པོ་གུ་རུ་ཡིད་བཞིན་ནོར་བུ་ལ། འཁོར་གུ་རུ་ཆེ་བའི་ཆེ་མཆོག་སོགས་རྣམ་འཕྲུལ་བཅུ་གསུམ་སྒོ་སྲུང་བཞི་དང་བཅས་པ། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་ནས་ཐབས་ལམ་དང་གྲོལ་བའི་ལམ་ལ་ཞུགས་ནས་ཉེ་བར་བསྙེན་པར་བྱ་སྟེ་རྒྱལ་པོ་ལ་འབྲེལ་བཏགས་པ་ལྟ་བུའོ། །གསང་བ་དོན་རང་སེམས་ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་ཀ་དག་དང་ལྷུན་གྲུབ་རིག་པ་དབྱེར་མེད་ཟུང་དུ་འཇུག་པ་ཉིད་རྟགས་ཕྱག་རྒྱའི་གཟུགས་སུ་ཤར་བ་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། རྩ་བ་གསུམ་པོ་ཀུན་ཁ་གཅིག་ཏུ་འདྲིལ་བ་རང་བྱུང་བདེ་ཆེན་རོལ་པའི་འཁོར་ལོ་ཉིད། བསྐྱེད་རྫོགས་དབྱེར་མེད་ལམ་ཟབ་སྙིང་པོའི་རྣལ་འབྱོར་གྱིས་ཉམས་སུ་བླངས་ནས་མི་འགྱུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒྲུབ་པར་བྱ་སྟེ་རྒྱལ་པོ་མཉེས་ནས་འདོད་དོན་སྒྲུབ་པ་ལྟ་བུའོ། །ཡང་གསང་རིག་འཛིན་གཙོ་མཆོག་རྡོ་རྗེ་དྲག་པོ་རྩལ་ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཀུན་འདུས་ཤིང་འབར་བ་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་རབ་འབྱམས་ཡོངས་སུ་རྫོགས་པའི་ཡི་དམ་གྱི་ལྷ་གསང་བ་གཅིག་འགྲུབ་ཉིད། སྒྲུབ་པ་ཆེན་པོ་དང་འབྲེལ་བའི་ཉེ་རྒྱུའི་སྤྱོད་པའི་བརྟུལ་ཞུགས་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ལྔ་མངོན་དུ་བྱ་སྟེ། རྒྱལ་པོའི་གོ་སར་རང་ཉིད་འཁོད་ནས་དབང་བསྒྱུར་བ་བཞིན་ནོ། །གཉིས་པ་གང་གིས་སྒྲུབ་པའི་ཐབས་བསྟན་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། གང་ཡང་ ནས་ བྱ་བས་འཇུག༔ ཅེས་གསུངས་ཏེ། དེ་ལྟར་བསྒྲུབ་བྱ་བླ་མ་ཕྱི་ནང་གསང་བ་ཡང་གསང་དེ་དག་གང་ལའང་སྒྲུབ་བྱེད་ཐབས་ཀྱི་རིམ་པ་ནི། ཐོག་མར་སྔོན་དུ་འགྲོ་བ་བསགས་སྤྱངས་འགལ་སྤོང་མཐུན་སྒྲུབ་ཀྱི་རིམ་པ་དང་། བར་དུ་དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ་དང་། མཐར་ཕྲིན་ལས་ཀྱི་ཁ་སྐོང་བ་རྗེས་ཀྱི་བྱ་བ་སྟེ་རྣམ་པ་གསུམ་གྱིས་ཉམས་ལེན་ལ་འཇུག་པར་བྱའོ། །གཉིས་པ་ལ་གཉིས། རྩ་བའི་དཀྱིལ་འཁོར་སྒྲུབ་པའི་ཐབས་དང་། དེ་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་ཐབས་སོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལའང་གཉིས། ཁྲིད་ཀྱི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོའོ། །དང་པོ་ཁྲིད་ཀྱི་སྔོན་འགྲོ་ལའང་བཞི། ལམ་གྱི་རྩ་བ་སྐྱབས་སེམས། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་རིམ་པ། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། དེ་ལ་སྐྱབས་སོགས་རྐང་པ་གཅིག་སྟེ། སྒྲུབ་བྱེད་ཀྱི་ཐབས་དེ་ལའང་ཐོག་མར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་སོང་ཞིང་། ལྷག་པའི་བསམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས་ཉམས་ལེན་རྣམས་ལ་རིམ་གྱིས་འཇུག་པར་བྱ་དགོས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ཡིན་པའི་ཕྱིར། དེ་དག་གི་དོན་རྒྱས་པར་གོང་དུ་བསྟན་ཟིན་ཅིང་མདོར་བསྡུ་ན། སྐྱབས་འགྲོའི་རྒྱུ་ངེས་འབྱུང་དང་གཞན་ཕན་གྱི་བསམ་པ། ཡུལ་ཚངས་སོགས་ལོག་པའི་སྟོན་པ་དང་རྟག་ཆད་ཀྱི་ལམ་དང་དེ་འཛིན་གང་ཟག་བཅས་སྤངས་ནས། དེ་དག་ལས་ཁྱད་པར་དུ་མས་འཕགས་པ་ཐུན་མོང་དཀོན་མཆོག་གསུམ། ཁྱད་པར་རྩ་བ་གསུམ། ཀུན་འདུས་རྡོ་རྗེ་སློབ་དཔོན་ལ། གང་ཟག་རང་གིས་ཐོག་དྲངས་མར་གྱུར་མཁའ་ཁྱབ་ཀྱི་འགྲོ་བས། དུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཚུལ་ཅི་མཛད་ཁྱེད་ཤེས་ཀྱི་གུས་པ་ཆེན་པོས། དམིགས་འདོན་ཕྲིན་ལས་སོ་སོའི་གཞུང་ལས་གསུངས་པ་ལྟར་བྱེད་པ་ནི་ཡུལ་དང་བྱེད་པོ་གཉིས་སུ་འཛིན་པས་ཀུན་རྫོབ་རྒྱུའི་སྐྱབས་འགྲོ་དང་། སེམས་ཉིད་ཡེ་ནས་རང་བཞིན་རྣམ་དག་ཡེ་ཤེས་སུམ་ལྡན་དཀོན་མཆོག་རྩ་གསུམ་དུ་ལྷུན་གྱིས་གྲུབ་པ་ལ་དེ་ལྟར་ཤེས་པས་ཡུལ་དང་བྱེད་པ་པོ་གཉིས་མེད་དུ་རྟོགས་པ་ནི་དོན་དམ་འབྲས་བུའི་སྐྱབས་འགྲོ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །སེམས་བསྐྱེད་ཀྱང་མདོར་ན་རྟེན་སྙིང་རྗེ་དང་། བརྟེན་པ་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་བས་ཀུན་རྫོབ་སྨོན་འཇུག་དང་། དོན་དམ་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་འོད་གསལ་བའི་དབྱིངས་སུ་མཉམ་པར་འཇོག་པ་ལ་གནད་ཐམས་ཅད་ཚང་སྟེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །གཉིས་པ་ནི། ཉམས་རྟོགས་ ནས་ ལེགས་པར་སྦྱང༔ ཞེས་གསུངས་ཏེ། སྤྱིར་སོ་སོ་སྐྱེ་བོའི་རྒྱུད་ལ་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཚན་པོ་ཆེ་ཡོད་པས་ཐར་པ་དང་རྣམ་མཁྱེན་ལ་བར་དུ་གཅོད་ཅིང་། ཁྱད་པར་ལམ་གྱི་དངོས་གཞིའི་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཚུལ་བཞིན་དུ་མི་སྐྱེ་བའི་གེགས་གཅིག་པུ་ནི། སྔར་བསགས་ཀྱི་སྡིག་པ་དང་བཅས་པ་ལས་འགལ་བའི་ལྟུང་བ་རྣམས་ཡིན་པས་དེ་དག་ལ་གནོང་ཞིང་འགྱོད་པ་ཆེན་པོས་དེ་སྦྱོང་བྱེད་ཀྱི་གཉེན་པོ་ཁྱད་པར་དུ་འཕགས་པ། བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐྱབས་སུ་རྩེ་གཅིག་པར་བཟུང་ཞིང་། ཕྱི་ནང་གསང་བའི་རྣལ་འབྱོར་གང་རུང་དང་འབྲེལ་བར་སྐུ་ལྷའི་རྣམ་པ་བསྒོམ། སྙིང་པོའི་གསང་སྔགས་ཡི་གེ་བརྒྱ་པ་བདུད་རྩི་འབེབས་སྦྱོང་སོགས་དམིགས་པའི་འཕྲོ་འདུ་དང་བཅས་ཏེ་བཟླ། སྡིག་ལྟུང་སྔར་བྱས་བཤགས་ཤིང་ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དྲག་པོས་རང་གི་རྒྱུད་ལེགས་པར་སྦྱངས་ནས་རྣམ་པར་དག་པར་བྱའོ། །དེའང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར་སྡིག་པ་བཤགས་པ་ལ་སྟོབས་བཞི་ཚང་དགོས་ཤིང་དེ་ཚང་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བཤགས་པ་ཚད་ལྡན་ལན་གཅིག་གིས་བྱང་བར་འགྱུར་ཏེ། མདོ་ལས། གང་གིས་བསྐལ་པ་དུ་མ་རུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་སོ། །དེ་ལ་སྐབས་འདིར་རྟེན་གྱི་སྟོབས་ནི། བཤགས་ཡུལ་གྱི་རྟེན་བླ་མ་རྡོ་རྗེ་སེམས་དཔའ། རང་རྒྱུད་ཀྱི་རྟེན་དེ་ལ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ལ། དེའང་འདིར་བདག་གཞན་གྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ་སྙམ་པ་དང་། །སྔགས་དོན་བསམ་པ་ལ་ཚང་། སྔགས་དོན་ནི། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོང་། ཞེས་སོགས་གསོལ་འདེབས་ཐུགས་རྒྱུད་བསྐུལ་བའི་ཚིག་ཡིན། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་མི་དགེ་བའི་གཉེན་པོར་དགེ་བ་ལ་སྤྱོད་པ་སྟེ་འདིར་ལྷ་སྒོམ་སྔགས་བཟླ་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་སོགས་ཡིན། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་པ་དང་། སོར་ཆུད་པའམ་སླར་ལྡོག་པའི་སྟོབས་ཕྱིན་ཆད་སྡོམ་པའི་སེམས་ཡིན་པས། སྟོབས་གཉིས་པོ་དེ་བཟླས་པའི་མཇུག་ཏུ་བདག་ནི་མི་ཤེས་སོགས་ཚིགས་བཅད་ལྷུག་གི་བཤགས་པ་བཏོན་ན་དེ་ལ་ཚང་ཞིང་། གལ་ཏེ་མི་འདོན་ནའང་གནོང་འགྱོད་མེད་ན་བཤགས་པའི་བློ་མི་སྐྱེ་ཞིང་། འགྱོད་པ་གཤའ་མ་ཞིག་སྐྱེས་ཕྱིན་ཆད་ཉེས་དམིགས་ཤེས་པས་སྡོམ་སེམས་ཤུགས་ལ་འབྱུང་བ་ཆོས་ཉིད་དོ། །འདི་ཉིད་གསང་སྔགས་བླ་མེད་ཀྱི་ནང་གི་ཁྲུས་ཡིན་པས་ཐོག་མར་སྦྱོར་བའང་ཤིན་ཏུ་འབྲེལ་ཆགས་པ་ཡིན་ཞིང་། སྤྱིར་སྒོམ་བཟླས་འདིའི་ཕན་ཡོན་ཚད་མེད་པར་གསུངས་ཏེ། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། རྡོ་རྗེ་སེམས་དཔའ་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆགས་ཐམས་ཅད་འཇོམས་པར་བྱེད། །ཅེས་དང་། དྲི་མེད་བཤགས་པའི་རྒྱུད་ལས། འདི་དག་དུས་གཅིག་ལ་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆགས་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་ལས་ཐར་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་ནི། ཡེ་ཤེས་ ནས་ མཛོད་དུ་འབུལ༔ ཞེས་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་འདྲའི་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། ཞེས་པ་ལྟར་ཆོས་ཐམས་ཅད་རྒྱུ་འབྲས་འབྲེལ་བ་ཅན་དུ་གྲུབ་པས། བདེན་གཉིས་དབྱེར་མེད་ཀྱི་ལྟ་བས་གཞི་བཟུང་། ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པས་རྒྱུ་བྱས། ཆོས་སྐུ་དང་གཟུགས་སྐུའི་འབྲས་བུ་འབྱུང་བ་ཡིན་ཞིང་། དེའང་རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་དེ་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འབྱུང་བ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་འབྲས་བུའི་མཐར་ཐུག་ཆོས་སྐུ་ཐོབ་པའི་རྒྱུ་མཐུན་ཞི་ལྷག་གིས་བསྡུས་པའི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེའང་བསོད་ནམས་ཀྱི་ཚོགས་བསགས་པ་ལ་རག་ལས་ཤིང་སྦྱིན་སོགས་ཕར་ཕྱིན་གྱིས་བསྡུས་པའི་བསོད་ནམས་བསགས་ཐབས་མཐའ་ཡས་པ་ཞིག་མཆིས་ཀྱང་། བྱ་སླ་དོན་ཆེ་བ་མཎྜལ་ཕུལ་བ་ལས་ལྷག་པ་གང་ཡང་མེད་པས་དེ་ལ་འབད་དགོས་པ་ཡིན་པས། དེའང་གང་ལ་འབུལ་བའི་ཡུལ་སྒྲུབ་པའི་མཎྜལ་རྩ་གསུམ་རབ་འབྱམས་རྒྱ་མཚོ་མཁའ་ཁྱབ་ཀྱི་འཁོར་ལོར་མངོན་སུམ་བཞིན་དུ་བཞུགས་པར་མོས་པ་ལ། འབུལ་བྱའི་དངོས་པོ་མཆོད་པའི་མཎྜལ་གཙང་ཞིང་དག་ལ་གྱ་ནོམ་པ་ལག་ལེན་མཐོང་བརྒྱུད་ལྟར་བཀོད་པས་དམིགས་རྟེན་ཏུ་བྱས་ཏེ། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་མིའི་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱིས་ཡོངས་སུ་གཏམས་པ་དང་། ནང་ལྟར་ན། རང་ལུས་ཕུང་པོ་ལྔ་ཁམས་ལྔ་སྐྱེ་མཆེད་དྲུག་གིས་བསྡུས་པ་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་སྟེ། པགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། སྒལ་ཚིགས་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་པ་དང་། གསང་བ་ལྟར་ན། འཁོར་འདས་ཀྱི་རྒྱུར་གྱུར་པའི་ཀུན་གཞི་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དྲིའི་བྱུག་པ། རང་རིག་པ་རང་བྱུང་འོད་གསལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རི་རབ། དེ་ལས་ཚད་མེད་བཞི་དང་དགའ་བ་བཞི་དང་ཡེ་ཤེས་བཞི་སོགས་འབྱུང་བ་གླིང་བཞི་ཐབས་ཤེས་ཟུང་དུ་འབྲེལ་བ་ཉི་ཟླ་ལ་སོགས་པར་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་ཡུལ་ཆོས་ཀྱི་དབྱིངས་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་མེ་ལོང་ཤིན་ཏུ་དྭངས་པ་ལྟ་བུའི་ངོས་ལ། རང་རིག་པ་རང་བྱུང་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་རོལ་པ་ཅིར་ཡང་མ་འགགས་པའི་རྩལ་སྣང་གཟུགས་བརྙན་ལྟ་བུ་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་མཆོད་པའི་སྤྲིན་ཆེན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྨོན་ལམ་གྱི་སྟོབས་ལས་རྣམ་པར་འཕྲུལ་བ་ལྟར་མོས་ཤིང་འཁོར་གསུམ་ཡོངས་དག་གི་ངང་དུ་འབུལ་ལོ། །དེ་ལྟར་ཕྱི་ནང་གསང་བ་ཐམས་ཅད་མཆོད་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན་ལ། མཎྜལ་འདི་ཉིད་དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཁྱད་པར་ཅན་གྱིས་སྤེལ་བས་བསོད་ནམས་མཐའ་ཡས་པ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ཕ་རོལ་ཕྱིན་པ་འདི་རྣམས་ཉིད། །ཐུབ་པས་མཎྜལ་བྱས་པས་ཐོབ། །བདེ་གཤེགས་ཕོ་བྲང་དམ་པ་འདི། །ལུས་ཀྱིས་ལས་རྣམས་བྱས་པ་ནི། །གསེར་གྱི་ཁ་དོག་དང་ལྡན་ཞིང་། །ནད་ཀུན་ལས་ནི་གྲོལ་བ་དང་། །ཟླ་བ་ལྟར་གསལ་ཡིད་འོང་བའི། །ལྷ་མི་ཁྱད་པར་འཕགས་པ་དང་། །ནོར་དང་གསེར་ནི་ཕུན་ཚོགས་པས། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་དང་། ཀ་མ་ལ་ཤཱི་ལས། གླིང་བཞི་ཕུལ་བའི་བསོད་ནམས་ཀྱིས། །བདུད་བཞི་མ་ལུས་ཞི་བར་འགྱུར། །གླིང་ཕྲན་ཕུལ་བའི་བསོད་ནམས་གྱིས། །ཚད་མེད་བཞི་དང་ལྡན་པར་འགྱུར། །རིན་ཆེན་སྣ་བདུན་ཕུལ་བ་ཡིས། །འཕགས་པའི་ནོར་བདུན་ཐོབ་པར་འགྱུར། །གཏེར་ཆེན་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་ལོངས་སྤྱོད་འཕེལ་བར་འགྱུར། །ཉི་ཟླ་ཕུལ་བའི་བསོད་ནམས་ཀྱིས། །ལྟ་སྒོམ་སེམས་ལ་གསལ་བར་འགྱུར། །རིན་ཆེན་ཕུལ་བའི་བསོད་ནམས་ཀྱིས། །རང་བྱུང་ཡེ་ཤེས་ཐོབ་པར་འགྱུར། །མཎྜལ་གཅིག་ཕུལ་དྲུག་དང་ལྡན། །བསོད་ནམས་ཚོགས་ནི་བསམ་མི་ཁྱབ། །དེས་ན་དེ་ལ་བརྩོན་པར་བྱ། །ཞེས་སོ། །བཞི་པ་ནི། ཁྱད་པར་ ནས་ རང་ངོ་བསྐྱང༔ ཞེས་གསུངས་ཏེ། བསག་སྦྱང་དེ་དག་ཀུན་ཀྱང་སྔགས་ཀྱི་ལམ་འདིར་ཁྱད་པར་དུ་གལ་ཆེ་བ་ནི། རང་རྒྱུད་ལ་བྱིན་རླབས་མྱུར་དུ་འཇུག་པ་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཀུན་གྱི་གཞི་རྟེན་དུ་གྱུར་པ་ནི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཁོ་ན་ཡིན་པས་དེ་ཉིད་ཕྱོགས་དུས་དཀོན་མཆོག་ཀུན་འདུས་སུ་ངེས་པའི་ཤེས་པ་བརྟན་པོས་རྣལ་འབྱོར་དུ་བྱེད་པ་ལ་འབད་ཅིང་། དེའང་ཐོག་མར་ཚད་མེད་པའི་བཀའ་དྲིན་དྲན་ཏེ་ཅི་མཛད་ལེགས་པར་མཐོང་བའི་སྒོ་ནས་མོས་གུས་ལ་གནད་དུ་བསྣུན། གོམས་ནས་བཅོས་མིན་གྱི་མོས་གུས་དྲག་པོས་ཐ་མལ་གྱི་སྣང་བ་བཙན་ཐབས་སུ་སྒྱུར་ནུས་པ་ལ་བསླབ། དེའང་ཐོག་མར་ཁྲིད་རིམ་སོ་སོར་ལྟར་ཡུལ་ལམ་རྟེན་གསལ་གདབ། སྤྱི་འགྲོའི་ཡན་ལག་བདུན་པའམ་ཁྱད་པར་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་བཅུ་པ་གང་རུང་གིས་ཚོགས་བསག །དང་གུས་དྲག་པོས་རྩ་བརྒྱུད་བླ་མ་ལ་གསོལ་བ་ཡང་ཡང་གདབ། མཐར་བྱིན་རླབས་དབང་བཞིའི་ཡེ་ཤེས་ལམ་དུས་འོད་ཟེར་སྤྲོས་ཐིམ་གྱི་ཚུལ་དུ་བླང་། མོས་གུས་ཤུགས་ཀྱིས་འོད་དུ་ཞུ་ནས་རང་ལ་བསྟིམ། བླ་མའི་ཐུགས་རྣམ་པར་དག་པའི་ཡེ་ཤེས་དང་རང་གི་ཡིད་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་གཅིག་ཏུ་བསྲེས་ལ་རང་སྣང་རིས་མེད་ཆེན་པོའི་དགོངས་པའི་རང་ངོ་རྩོལ་བྲལ་ལྷུག་པར་བསྐྱངས་ལ་མཉམ་པར་བཞག་གོ །དེའི་དོན་ཅུང་ཟད་སྨོས་ན། སློབ་དཔོན་བྷ་བི་ལྷས། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །ཞེས་པ་ལྟར། རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ལས་གཞན་ཅིས་ཀྱང་ཚུལ་བཞིན་གྲུབ་པ་མ་ཡིན་པས་བླ་མའི་རྣལ་འབྱོར་གྱི་ལམ་ལ་འཇུག་དགོས། དེའང་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པས་རྩ་བའི་བླ་མ་དེ་ཉིད་སོ་སྐྱེའམ་འཕགས་པ་གང་ཡིན་ཀྱང་རུང་། སངས་རྒྱས་དངོས་སུ་ལྟ་དགོས་ཤིང་། དོན་ལ་དེ་བཞིན་གཤེགས་པ་གཅིག་ལ་གསོལ་བ་བཏབ་པས་ཐམས་ཅད་ལ་བཏབ་པར་འགྱུར་ནའང་། རང་ཉིད་ཀྱི་བསམ་པའི་ཁྱེར་སོས་མོས་པ་འཇུག་ཚུལ་གྱི་ཁྱད་པར་ལས་ཕན་ཡོན་རྒྱ་ཆེ་ཆུང་འབྱུང་བས་ན་ཕྱོགས་བཅུའི་དཀོན་མཆོག་ཀུན་འདུས་སུ་བལྟ་དགོས་པ་དང་། དེར་མ་ཟད་བདག་ཅག་གི་སྣང་ངོར་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཆེ་ཞིང་ཆེས་ལྷག་སྟེ། ཅིའི་ཕྱིར་ཞེ་ན་བདག་ཅག་ལ་སངས་རྒྱས་གཟུགས་ཀྱི་སྐུ་དངོས་ཀྱི་ཞལ་བལྟ་བ་དང་གསུང་ཐོས་པའི་སྐལ་བས་ཕོངས་པའི་སྐབས་འདིར་རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇོག་པའི་བདག་རྐྱེན་མཛད་པས་སངས་རྒྱས་ཆོས་ཀྱི་སྐུའི་ཞལ་བལྟ་བ་ལ་སྦྱོར་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་སངས་རྒྱས་ཀུན་ལས་ལྷག་པར་ངེས་པས་སོ། །དེ་ལྟར་ཡང་ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་། ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་དང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས། རྡོ་རྗེ་སློབ་དཔོན་ལ་བརྙས་པའམ་མཆོད་ན་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་དེ་ལྟར་བྱས་པར་འགྱུར་བས་ཁེ་ཉེན་གཉིས་ཀ་གཞན་ལས་ཆེས་ཆེ་བ་ཡིན་ཞིང་། གསོལ་འདེབས་ཀྱི་ཡུལ་གསལ་གདབ་པ་ལའང་། ཡེ་ཤེས་པ་ལྟར་གཞན་ནས་སྤྱན་འདྲེན་པ་དང་། སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་སྒོམ་པ་གཉིས་དོན་ལ་ཁྱད་པར་མེད་དེ། མདོ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཅེས་སོ། །ཚོགས་བསགས་ཡན་ལག་བདུན་པ་མདོ་སྡེ་རྣམས་ལས་རྒྱས་བསྡུས་ཅི་རིགས་པ་ཕན་ཡོན་བཅས་ཡང་ཡང་གསུངས་ཤིང་། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་གསུངས། ཡན་ལག་བརྒྱད་པ་ནི། སངས་རྒྱས་གསང་བའི་ལམ་རིམ་དུ། ཡན་ལག་བརྒྱད་པའི་ཚུལ་བཟུང་ལ། །ཞེས་པའི་དོན་སྒེག་པ་རྡོ་རྗེའི་རྒྱུན་བཤགས་རྩ་བར། རྒྱལ་བ་འཁོར་བཅས་སྤྱན་དྲངས་ཏེ། །བླ་མ་སྙིང་པོར་བཞུགས་པ་ལ། །ཕྱག་སྐྱབས་མཆོད་དང་བཤགས་པ་དང་། །ཡི་རང་སེམས་བསྐྱེད་ལུས་དབུལ་དང་། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཞེས་དང་། དེ་ཡི་ལས་བྱང་དུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་འབྱུང་བ་འདིའི་སྐབས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། ཆོས་འཁོར་བསྐོར་བ་གཉིས་མི་འབྱུང་བ་ནི་སྔགས་ཀྱི་སྟོན་པ་ངེས་པ་ལྔ་ལྡན་ཡིན་ཕྱིར་མྱ་ངན་ལས་འདའ་བར་མི་སྟོན་པ་དང་། དེ་བཞིན་དུ་ཆོས་དུས་གསུམ་དུས་མེད་དུ་སྟོན་པ་ལས་བསྐུལ་བ་ལ་མི་ལྟོས་པས། ཐུན་མོང་མ་ཡིན་པའི་སྐབས་འདིར་དེ་གཉིས་མི་དགོས་པར་བཞེད་ཅིང་། གཉིས་པོའི་ཚབ་ཏུ་སྐྱབས་སེམས་ལུས་དབུལ་བསྣན་པས་ཡན་ལག་བརྒྱད་དང་། བཅུ་པ་ནི་བཀའ་བརྒྱད་ཡོངས་རྫོགས་དང་གཏེར་རྙིང་ཐུགས་སྒྲུབ་འགའ་ཞིག་ལས་ཀྱང་འབྱུང་ཞིང་སྤྱི་མཐུན་དྲུག་པོའི་སྟེང་དུ་སྤྱན་འདྲེན་བཞུགས་གསོལ། བསྔོ་བ་དང་སྨོན་ལམ་ཁྱད་པར་ཕྱེ་བས་བཅུར་བརྩི། དེ་དག་གི་དམིགས་པ་ནི་འདིར་ཡིག་ཚོགས་ལ་འཇིགས་པས་མ་སྤྲོས་སོ། །གསོལ་བ་གང་ལ་འདེབས་པའི་ཡུལ་ཡང་རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་རྒྱུད། གང་ཟག་སྙན་བརྒྱུད་གསུམ་གྱི་སྟེང་དུ་གཏེར་མའི་ཕྱོགས་འདིར་ཐུགས་རྗེ་བྱིན་རླབས། མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར་གསུམ་གྱི་ཆུ་བོ་ཡང་སྤྲུལ་སྐུ་གཏེར་སྟོན་ཉིད་ལ་ཚང་བས་བརྒྱུད་པ་དྲུག་ལྡན་གྱི་རྩ་བརྒྱུད་རིག་འཛིན་བླ་མ་རྣམས་ཕྱོགས་དུས་དཀོན་མཆོག་རྩ་གསུམ་མ་ལུས་པའི་ངོ་བོར་ཤེས་པ་དང་། གང་གིས་འདེབས་པ་པོ་མཁའ་མཉམ་འགྲོ་བ་ཀུན་གྱི་བྱང་རང་གིས་དྲངས་པས་དང་། ཇི་ལྟར་འདེབས་ན་རྩ་བརྒྱུད་བླ་མ་དེ་རྣམས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དགོས་འདོད་ཀུན་འབྱུང་དུ་བློ་ཐག་བཅད་ནས་རེ་ལྟོས་ལིང་བསྐྱུར་གྱི་གདུང་ཤུགས་དྲག་པོས་དང་། གང་གི་ཕྱིར་ན། རིམ་གཉིས་སྒོམ་པའི་བར་ཆད་ཞི་ཞིང་དངོས་གྲུབ་སྤྱི་དང་ཁྱད་པར་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་ནས་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་སླད་དུའོ། །བླ་མའི་རྣལ་འབྱོར་སྒོམ་པའི་ཕན་ཡོན་ནི། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་སོགས་གསར་རྙིང་རྒྱུད་གཞུང་ཀུན་ལས་མཐའ་ཡས་པ་གསུངས་སོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་གཉིས། འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་བསྒྲུབ་པའོ། །དང་པོ་ལ་གཉིས། བགེགས་བསྐྲད་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ནི། རང་བཞིན་ ནས་ དྲག་ཏུ་བསྐྲད༔ ཅེས་གསུངས་ཏེ། ཇི་སྐད་དུ། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཞེས་པ་ལྟར། གདོད་ནས་རང་བཞིན་གྱིས་དངོས་མཚན་དུ་མ་གྲུབ་ཀྱང་རང་གི་ཉོན་མོངས་པའི་རྟོག་ཚོགས་ཕྱི་རོལ་ཏུ་ཤར་བས་མཚན་མ་ལྟར་སྣང་བ། བདག་འཁོར་ཡོ་བྱད་རྣལ་འབྱོར་རྣམས་ལ་འཚེ་ཞིང་གླགས་ལྟ་བའི་བགེགས་ཀྱི་ཚོགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ལ། བདག་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བཤམས་པའི་གཏོར་མ་སྔགས་དང་ཕྱག་རྒྱས་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་བརླབས་ཏེ་བརྔན་པར་བྱིན་ལ། བདེན་པའི་ཚིག་གིས་གནོད་འཚེ་མེད་པར་གཞན་དུ་སོང་ཞིག་པའི་བཀའ་བསྒོ། བརྔན་ཀྱང་མི་ཚིམས་ཤིང་ཞི་བའི་ཚིག་ལ་མི་ཉན་པའི་གདུག་པ་ཅན་མཐའ་དག་དྲག་པོའི་སྔགས་དང་མེ་མཚོན་ཁྲོ་ཆུང་འབར་བའི་ཆར་དབབ་པས་སྡིགས་བསྐྲད་གཟིར་ཏེ་དཔག་ཚད་མང་པོའི་ཕ་རོལ་ཏུ་བསྐྲད་པར་བྱའོ། །གཉིས་པ་ནི། རྡོ་རྗེའི་ ནས་ བར་ཆད་བསྲུང༔ ཞེས་གསུངས་ཏེ། རྐུན་མ་བསྐྲད་ནས་སྒོ་གཅོད་པའི་དཔེ་ལྟར་བར་གཅོད་ཀྱི་བགེགས་བསྐྲད་ནས་ཕྱིན་ཆད་མི་འཇུག་པའི་སླད་དུ་སྲུང་པའི་འཁོར་ལོ་བསྒོམ་པ་ལ་ལྔ་སྟེ། དང་པོ་ནི། བདག་ཉིད་ཞེ་སྡང་རྡོ་རྗེ་ལས་འཕྲོས་པའི་འོད་ཟེར་གྱིས། འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེ་རྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ར་གུར་གྱི་ཕྱི་རོལ་ཏུ་རྡོ་རྗེའི་དྲྭ་བས་གཏམས་པའི་གུར་ཁང་རྒྱལ་ཐབས་ཏེ་རྒྱལ་པོའི་ཕོ་བྲང་གི་ལྕགས་རི་བཙན་པོ་ལྟ་བུ་མི་ཕྱེད་མི་ཤིགས་པ། གཉིས་པ་ནི། དེའི་ཕྱི་རོལ་ཏུ་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་སྟེ་རིགས་བསྡུས་པའི་ཕྱག་མཚན་ལྔ་པོ་རེ་རེ་བཞིན་འབར་ཞིང་བརྟན་པ་གྲངས་མེད་པའི་གུར་ཁྱིམ་ཟླུམ་པོ་ཕྱི་ནང་ལྔ་སྦྲགས་ཀྱིས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་གཏམས་པ། གསུམ་པ་ནི། དེ་དག་ལས་སྐྱེས་པའི་མེ་ཡེ་ཤེས་ལྔ་ལྡན་གྱི་ཁ་དོག་ཅན་བསྐལ་པ་འཇིག་པའི་མེ་ཕུང་ལྟ་བུ་རབ་ཏུ་འབར་བས་མགར་གྱི་ཞུན་མེ་ལ་སྦྲང་བུ་བཞིན་དུ་བར་དུ་གཅོད་པས་ཕྱོགས་སུའང་ཉེ་མི་ནུས་པར་དམིགས་པའོ། །བཞི་པ་ནི། རང་གཞན་གྱི་སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་སུ་གདོད་ནས་ཡིན་པ་ལ་ཡིན་པར་ཤེས་པ་ནི་རང་བཞིན་ལྷུན་གྲུབ་ཀྱི་སྲུང་འཁོར་ཆེན་པོ་སྟེ། བདེ་འདུས་ལས། ཐམས་ཅད་སྐུ་དང་ཡེ་ཤེས་དང༔ བགེགས་སུ་རྟོག་པ་གང་ཡང་མེད༔ བསྲུང་བར་བྱ་དང་སྲུང་བྱེད་མེད༔ ཅེས་སོ། །ལྔ་པ་ནི། གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་པ་ལྟར་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་ཀྱི་ལྟ་བས་ཟིན་པ་སྟེ། བར་དུ་གཅད་བྱ་གཅོད་བྱེད་བར་ཆད་གསུམ་ཀའང་རང་བཞིན་གྱིས་མི་དམིགས་པ་ཀ་དག་མཉམ་ཡངས་ཆེན་པོ་ཤེས་ན་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་པས་སྲུང་བ་རྣམས་ཀྱི་མཆོག་ཡིན་ཏེ། སློབ་དཔོན་ཆེན་པོས། རྟོག་སེམས་བློ་ཡི་དྲི་མ་དག༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཅེས་གསུངས་སོ། །དེ་དག་གི་དགོས་པའང་གལ་ཕྲེང་ལས། ངོ་བོ་བདག་གཞན་གཉིས་མེད་ཀྱང་། །དང་པོའི་ལས་ཅན་རྣལ་འབྱོར་པའི། །ཏིང་འཛིན་ཉམས་ལེན་བར་གཅོད་དག །ངེས་པར་བསལ་ཕྱིར་མཚམས་གཅད་བྱ། །ཞེས་སོ། །གཉིས་པ་མཐུན་རྐྱེན་སྒྲུབ་པ་ལའང་གཉིས། བྱིན་དབབ་པ། མཆོད་རྫས་བྱིན་བརླབ་བོ། །དང་པོ་ནི། ཡེ་ཤེས་ ནས་ རྟོག་པ་བསལ༔ ཞེས་གསུངས་ཏེ། རྣལ་འབྱོར་གྱི་འགལ་རྐྱེན་བསལ་ནས་མཐུན་རྐྱེན་གཙོ་བོ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབ་པ་ལ། དབབ་བྱ་ཡེ་ཤེས་ལྷའི་འབྲས་ཆོས་རྣམ་ལྔའི་གཟི་བརྗིད་བྱིན་རླབས་ཆེན་པོ། དབབ་པའི་ཡུལ་བདག་སྒྲུབ་པ་པོ་དང་གནས་ཁང་སྒྲུབ་པའི་ཡོ་བྱད་དང་བཅས་པ་རྣམས་ལ། འབེབས་པའི་ཚུལ་དད་མོས་གདུང་ཤུགས་སྔགས་དང་ཏིང་འཛིན་ཁྱད་པར་གྱི་སྦྱར་སྤོས་ཡི་དྭགས་ཀྱི་མེར་བསྲེགས་པ་དང་ཅང་ཏེའུ་དྲིལ་བུ་སོགས་ཀྱི་སྒྲས་བསྐུལ་ཏེ། ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་མཁའ་ཁྱབ་ཏུ་སད་པའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་ལ་ལྷག་པར་བསྟིམ་ཞིང་དབབ་པས། མ་དག་གཉིས་སྣང་མཚན་མའི་རྟོག་པ་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་ཤར་བ་སྟེ། གལ་ཕྲེང་ལས། སྔགས་བརྗོད་འོད་བསྡུའི་ཕྱག་རྒྱ་ཡིས། །འབྲས་བུ་རྣམ་ལྔའི་བྱིན་རླབས་དབབ། །ཅེས་སོ། །གཉིས་པ་ནི། ཕྱི་ནང་ ནས་ འདོད་རྒུར་སྤེལ༔ ཞེས་གསུངས་ཏེ། བྱིན་དབབ་པའི་རྗེས་སུ་གལ་པོ་ལས། མི་དམིགས་ཆོས་ལ་བློ་བཏགས་ཤིང་། །ཡེ་ཤེས་ཅན་གྱི་སྦྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ། །ཅེས་འབྱུང་བ་ལྟར་མཆོད་རྫས་བྱིན་གྱིས་བརླབ་པའི་ཐོག་མར་ཡེ་ཤེས་རང་རྩལ་མེ་རླུང་ཆུར་ཤར་བས་མ་དག་གཉིས་འཛིན་གྱི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་བསང་། ཐ་མལ་དུ་ཞེན་པའི་དངོས་པོ་རྣམས་སྤྲོས་བྲལ་སྟོང་ཉིད་དུ་སྦྱངས་ནས། ཕྱི་མཆོད་ལྷ་རྫས་ཀྱི་མེ་ཏོག་སོགས་ཉེར་སྤྱོད་ལྔ། དབང་ལྔའི་པུཥྤེ་སོགས་རང་བྱུང་གི་དམ་རྫས་ལྔ། རྡོ་རྗེའི་གཟུགས་སོགས་འདོད་པའི་ཡོན་ཏན་ལྔ་པོ་རྣམས་སོ་སོའི་མིང་གི་ཐོག་མ་ལས་དེ་དང་དེའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་མཆོད་པའི་རྡུལ་རེ་རེ་ལས་ཀྱང་མཆོད་རྫས་སོ་སོ་ཐོགས་པའི་ལྷ་མོ་རྡུལ་སྙེད་དུ་འཕྲོ་བའི་མཆོད་སྤྲིན་རབ་འབྱམས་ཀྱིས་ནམ་མཁའི་ཁམས་གང་བར་བསམ་པ་དང་། ནང་མཆོད་སྨན་གཏོར་རཀྟ་གསུམ་སོ་སོར་མེ་རླུང་ས་བོན་སོགས་ཀྱིས་སྦྱོར་བས་མཚན་འཛིན་རང་ག་མའི་རྟོག་པ་སྦྱང་། དམ་ཡེ་གཉིས་མེད་ཀྱི་བདུད་རྩི་དང་ཟག་མེད་འདོད་ཡོན་གྱི་ཕུང་པོ་དང་ཆགས་མེད་དམར་ཆེན་གྱི་རྒྱ་མཚོར་རྟོག །ཆེས་ཆེར་འཕེལ་བས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྦར་བ་དང་། གསང་མཆོད་གཉིས་སྣང་ལོག་རྟོག་གཉིས་མེད་ཆོས་དབྱིངས་སུ་བསྒྲལ་བ་དང་། ཡུལ་དབང་ཤེས་གསུམ་ཐབས་ཤེས་ཟུང་འཇུག་ཏུ་སྦྱོར་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྣོད་དག་པའི་ཞིང་བཅུད་ལྷ་དང་ལྷ་མོ་སྟེ་སྣང་སྤྱོད་ཐམས་ཅད་མཆོད་པའི་ཕྱག་རྒྱ་ལས་འདའ་བ་མེད་པ་དང་། མཆོད་པའི་ཡོ་བྱད་ཇི་སྙེད་པའང་སེམས་ཉིད་ཡེ་ཤེས་ཆེན་པོའི་རོལ་པར་སྡུད་པ་རོལ་པ་ཡེ་ཤེས་ཀྱི་མཆོད་པ་སྟེ། ཐམས་ཅད་ཀྱང་མཆོད་རྫས་དམ་ཚིག་གི་ཕྱག་རྒྱ་ལ་སོ་སོའི་རང་སྔགས་བརྗོད་པ་ཆོས་རྒྱ། བཅའ་བ་ལས་རྒྱ། བསྒོམ་པ་ཡེ་རྒྱ། ཀུན་ཀྱང་ཆོས་ཉིད་རྩལ་ཅིར་ཡང་སྣང་བ་ཡེ་ཤེས་སྒྱུ་མའི་རོལ་པར་ཤེས་པ་ཕྱག་རྒྱ་ཆེན་པོ་རྣམས་དང་ལྡན་པས་བདེ་བ་ཆེན་པོའི་རང་བཞིན་གྱི་མཆོད་པའི་སྤྲིན་ཕུང་དཀྱིལ་འཁོར་བ་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་འདོད་རྒུར་འབྱུང་བར་སྤེལ་ཏེ་བྱིན་གྱིས་བརླབ་བོ། །སྔོན་འགྲོ་དེ་རྣམས་ལ་དག་རྫོགས་སྨིན་གསུམ་སྦྱོར་ན། སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱང་ཞིང་བསྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་གསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་། འོད་ཟེར་ཆེན་པོས་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུ་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་བགེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་སྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བར་བཤད་དོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ་གཉིས། རྩ་བའི་རྣལ་འབྱོར་དང་། དེའི་ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི། རྒྱུ་ཏིང་འཛིན་གསུམ་གྱི་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། གསལ་བརྟན་དག་གསུམ་བཤད་པ། སྲོག་སྡོམ་གཟེར་བཞིའི་མན་ངག་བཤད་པའོ། །དང་པོ་ལའང་གཉིས། དག་པ་དང་བཅས་ཏེ་མདོར་བསྟན་པ། དེ་རྒྱས་པར་བཤད་པའོ། །དང་པོ་ནི། དངོས་གཞི་ ནས་ ཏིང་འཛིན་ནི༔ ཞེས་གསུངས་ཏེ། སྒྲུབ་ཐབས་ཀྱི་དངོས་གཞི་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་ཐོག་མར། སྦྱང་བྱ་སེམས་ཅན་རྣམས་ཀྱི་འཆི་སྲིད་དང་བར་དོའི་སྲིད་པ་དང་སྐྱེ་བའི་སྲིད་པའི་ཚུལ་རིམ་པར་འབྱུང་བ་དང་མཐུན་པར། སྦྱོང་བྱེད་ཟབ་པ་དང་རྒྱ་ཆེ་བ་དེ་བཞིན་ཉིད། ཀུན་ཏུ་སྣང་། རྒྱུའི་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། དེས་ནི་སྦྱངས་འབྲས་སྐུ་གསུམ་འགྲུབ་རུང་གི་རྟེན་འབྲེལ་འགྲིགས་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། སྲིད་པའི་རིམ་པ་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་སོ། །གཉིས་པ་ལ་གསུམ། དེ་བཞིན་ཉིད། ཀུན་སྣང་། རྒྱུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། སྟོང་ཆེན་ ནས་ མཉམ་པར་བཞག༔ ཅེས་གསུངས་ཏེ། དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ནི། སྦྱང་བྱ་འགྲོ་བ་རྣམས་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་ཞེས་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་སྒྲིབ་བྲལ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་གནས་པ་དེ་ཡིན་ལ། སྦྱོང་བྱེད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ལས་གཞན་དུ་མེད་ཅིང་སེམས་ཀྱང་རང་གི་ངོ་བོས་མ་གྲུབ་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟར་དག་པ། ཀུན་རྫོབ་དང་དོན་དམ་དུ་འཛིན་པའི་བཟང་ངན་དབྱེ་བ་བྱར་མེད་པས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་དབྱིངས་སུ་མ་བཅོས་པར་མཉམ་པར་བཞག །དེ་ལམ་དུ་ཇི་ལྟར་འགྱུར་ན། རྣམ་པར་མི་རྟོག་པའི་སྟོང་ཉིད་དེ་འཆི་བ་འོད་གསལ་དང་། འབྲས་བུ་ཆོས་སྐུ་གཉིས་ཀ་དང་རྣམ་པ་མཐུན་ཞིང་དེ་ལྟར་བསྒོམས་པའི་རྗེས་ཐོབ་ཉིད་དུ་འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཞིང་དེ་ལྟར་བསྒོམས་པས་མར་འཁོར་བའི་དྲི་མ་འཆི་སྲིད་སྦྱོང་ཞིང་རྟག་པར་ལྟ་བ་དང་། གཟུགས་མེད་ཀྱི་ཁམས་དག་པར་བྱེད། ཡར་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་སྐུ་མངོན་དུ་བྱེད་པའི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་ན་ལམ་གོང་མའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་ནི། སྙིང་རྗེ་ ནས་ ཀུན་ཏུ་སྤྲོ༔ ཞེས་གསུངས་ཏེ། སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྦྱང་བྱ་འཆི་སྲིད་ཀྱི་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་ལྷུན་གྲུབ་ལོངས་སྐུའི་འོད་གསལ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ལ་ཡེ་ཤེས་ལྔའི་རང་སྣང་འོད་དང་ཐིག་ལེ་ཚོམ་བུའི་རྣམ་པ་སྒྱུ་མ་ལྟ་བུར་ཤར་ཡང་ངོ་མ་ཤེས་པས་ལས་རླུང་གི་རྐྱེན་ལས་སེམས་སྣང་གསུམ་ལུགས་ལྡོག་གི་རིམ་པ་ཤིན་ཏུ་ཕྲ་ཞིང་དྭངས་པའི་བར་དོའི་ལུས་དབང་པོ་ཀུན་ཚང་བར་གྲུབ་པ་རྨི་ལམ་ལྟར་ཡད་ཡུད་ཕྱད་ཕྱོད་དུ་སྣང་བ་དེ་ཉིད་ཡིན་ལ། སྦྱོང་བྱེད་དེ་ཁོ་ན་ཉིད་མ་རྟོགས་པའི་འགྲོ་བ་ཀུན་ལ་རང་རིག་པའི་རང་རྩལ་སྙིང་རྗེ་སྒྱུ་མ་ལྟ་བུའི་སྤྲིན་སྤྲོ་བ་སྟེ། དེའང་ནམ་མཁའ་དག་པ་ལས་སྤྲིན་དང་འཇའ་ཚོན་གསལ་བར་སྣང་ཡང་ནམ་མཁའི་ཆོ་འཕྲུལ་ཙམ་ལས་བདེན་པར་མ་གྲུབ་པ་བཞིན་དུ་སྙིང་རྗེ་དེའང་རྣམ་པ་གསལ་ལ་ངོ་བོ་འཛིན་པ་མེད་པ་མཁའ་ལྟར་ཁྱབ་པར་བརྡལ་ཞིང་རིས་སུ་མ་ཆད་པ་ཀུན་ཏུ་སྤྲོ། དེ་ལམ་དུ་ཇི་ལྟར་འགྱུར་ན། དེ་ཉིད་སྒྱུ་མ་ལྟར་སྣང་བའི་ཆ་ནས་བར་དོ་དང་འབྲས་བུ་ལོངས་སྐུ་གཉིས་ཀ་དང་རྣམ་པ་མཐུན་པ་དང་། རྗེས་ཐོབ་ཏུ་བར་དོར་དག་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་དག་རྫོགས་ཀྱི་ང་རྒྱལ་བྱེད་ཅིང་དེ་ལྟར་བསྒོམས་པས་བར་དོའི་སྲིད་པ་སྦྱོང་། ཆད་པར་ལྟ་བ་དང་གཟུགས་ཀྱི་ཁམས་དག་པར་བྱེད། ལོངས་སྐུ་སྒྱུ་མ་ལྟ་བུ་མཚན་དཔེས་སྤྲས་པ་མངོན་དུ་འགྱུར་པའི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་སྐུར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་རྫོགས་རིམ་གྱི་སྨོན་བྱེད་དུ་འགྱུར་རོ། །གསུམ་པ་ནི། ཕྱག་རྒྱ་ ནས་ ཚད་དུ་འདོན༔ ཞེས་གསུངས་ཏེ། རྒྱུའི་ཏིང་ངེ་འཛིན་ནི། སྦྱང་བྱ་བར་སྲིད་དེ་ཕྱི་མའི་སྲིད་པ་ལེན་པ་ལ་མངོན་དུ་ཕྱོགས་པ་ན་གང་དུ་སྐྱེ་བར་འགྱུར་བའི་གནས་ལ་སྲིད་པ་སྐྱེ་བའི་རྐྱེན་གྱིས་དེར་འཇུག་ལ་ཁད་ཀྱི་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱོང་བྱེད་ནི་ལྷ་སྐུ་ཕྱག་རྒྱ་གཅིག་པ་དང་ཕྲ་མོ་ཡིག་འབྲུའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་སྐྱེད་ཅིང་སྤྲུལ་པར་བྱེད་པ་དང་། དེ་ཉིད་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་བསྒོམས་ནས་དཀྱིལ་འཁོར་ཐམས་ཅད་ཀྱང་བདེ་གསལ་གྱི་རྣམ་པར་འཕྲུལ་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་འཆར་བའི་རྒྱུ་བྱེད་པའི་ཕྱིར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་རྩལ་རྒྱུའི་ས་བོན་ནི། རང་རིག་ལས་གཞན་དུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྙིང་པོ་ཧྲཱིཿདང་ཧཱུྃ་ལ་སོགས་པ་གཟུང་འཛིན་གཉིས་སྟོང་གི་ནམ་མཁའ་ལ་སྐད་ཅིག་གིས་ཤར་བར་བསྒོམས་ནས་ཡིད་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་སེམས་བཟུང་ལ་གསལ་སྣང་ཚད་དུ་ཕྱིན་པར་འདོན་པར་བྱ་སྟེ། དེའང་ས་ལེ། སིང་ངེ་། ལྷག་གེ །ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང་། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་བཅས་ཚད་བརྒྱད་གྱད་དུ་གྱུར་པ་ལ་བསླབ། དེ་ལམ་དུ་ཇི་ལྟར་འགྱུར་ན། དེ་ཉིད་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་རྒྱུར་འགྱུར་བ་ལྟར་འཁོར་བའི་སྐྱེ་གནས་སུ་འཇུག་ཀའི་བར་དོའི་རླུང་སེམས་ཉིད་ཀྱིས་སྲིད་པ་ཕྱི་མའི་རྒྱུ་བྱེད་པ་བཞིན་དུ་སངས་རྒྱས་སྤྲུལ་པའི་སྐུས་ཀྱང་གདུལ་བྱའི་ཆེད་དུ་གཟུགས་སྐུའི་རྣམ་པར་འཕྲུལ་པ་སྣ་ཚོགས་པར་སྟོན་པའི་ཆ་ནས་དེ་གསུམ་རྣམ་པ་མཐུན་པས་ན་སྐྱེ་བ་གནས་སུ་དག་པ་སྤྲུལ་པའི་སྐུའོ་ཞེས་ང་རྒྱལ་བྱ། དེ་ལྟར་བསྒོམས་པས་སྐྱེ་གནས་སུ་འཇུག་པའི་སྲིད་པ་སྦྱོང་ཞིང་འདོད་པའི་ཁམས་དག་པར་བྱེད། གདུལ་བྱ་གང་འདུལ་དུ་སྣང་བའི་སྤྲུལ་སྐུ་མངོན་དུ་བྱེད་རུང་གི་ཐར་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བདེ་བ་དང་རླུང་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་ནུས་པའི་གཞི་བཏིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱང་ལམ་རིམ་ལས། སྟོང་པས་རྣམ་ཀུན་མཚན་མ་མེད། །བདག་ཏུ་འཛིན་པའི་ཞེན་པ་གྲོལ། །དེ་ཕྱིར་མཐོང་རྗེས་དེ་བཞིན་ཉིད། །སྙིང་རྗེ་འབྱུང་བའི་གཞི་རུ་བཞག །གོ་རིམ་འགྱུར་བའང་དེ་བཞིན་ངེས། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །གཉིས་པ་དཀྱིལ་འཁོར་བསྐྱེད་པ་ལ་གཉིས། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷར་བསྐྱེད་པའོ། །དང་པོ་ནི། དེ་ལས་ ནས་ ཆེན་པོར་གསལ༔ ཞེས་གསུངས་ཏེ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་སྤྱིའི་གོ་རིམ་ནི། སྣོད་ཆགས་པའི་རྗེས་སུ་བཅུད་རིམ་པར་ཆགས་པའི་ཞེན་པ་སྦྱོང་བ་དང་། དེ་བཞིན་གཤེགས་པ་རྣམས་གང་དུ་འཚང་རྒྱ་བའི་ཞིང་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རང་སྣང་གི་ཞིང་ཁམས་ཚད་མེད་པ་དེར་འཚང་རྒྱ་བ་དང་། ལམ་གོང་མའི་དུས་སུ་ཐོག་མར་རགས་པ་ལུས་རྩའི་ཁམས་སྦྱངས་ནས་ཕྲ་བ་ངག་རླུང་དང་ཡིད་ཐིག་ལེ་རིམ་པར་འཆིང་ཞིང་དག་པར་བྱེད་དགོས་པས་རྟེན་དང་བརྟེན་པའི་གོ་རིམ་ངེས་པ་ཡིན་ལ། དེའི་ཕྱིར་དང་པོ་རྟེན་གྱི་དཀྱིལ་འཁོར་བསྒོམ་དགོས་ཤིང་དེའང་མ་དག་པའི་གནས་སྐབས་འཇིག་རྟེན་ཆགས་རིམ་དང་བསྟུན་ནས་སྒོམ་པར་བྱེད་པ་སྟེ། གལ་ཕྲེང་ལས། སྣོད་ཀྱི་རིམ་པ་འབྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་སོ། །དེ་ཇི་ལྟར་བསྒོམ་ན། ནམ་མཁར་གནས་པའི་རྒྱུའི་ས་བོན་དེ་ལས་འབར་བ་ཆེན་པོའི་འོད་ཟེར་མེ་རླུང་ཆུའི་རྣམ་པར་སྤྲོས། སྣོད་བཅུད་དངོས་པོར་འཛིན་པ་ཐམས་ཅད་སྦྱངས་ནས་སྟོང་ཉིད་དུ་གྱུར་པར་མོས། སྔར་དེ་ཏིང་སྐབས་སྟོང་པར་བསྒོམ་པ་ནི་ནང་འཛིན་རྟོག་སྦྱོང་བ་ཡིན་ལ། འདིར་ནི་གཟུགས་ཡུལ་སྦྱོང་པའི་དགོས་པ་ཐ་དད་ཡིན་པས་བལྡབས་པར་མི་འགྲོའོ། །དེ་ནས་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞིར་གྱུར་པ་ནམ་མཁའི་ཁམས་དང་ཆགས་པར་འགྱུར་བའི་རྒྱུའི་གཙོ་བོ་ཀུན་བྱེད་སེམས་ཉིད་དང་བྱེ་བྲག་འགྲོ་བའི་ལས་སྤྱི་མཐུན་པར་བསགས་པའི་བག་ཆགས་སེམས་ལ་ཞེན་པས་ཡུལ་སྣང་གྱུར་ཐུན་མོང་དུ་སྨིན་པའི་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་གྲུབ་པ་དེ་ཡིན་ལ། སྦྱོང་བྱེད་རྒྱུའི་ཡི་གེ་ལས་རིམ་པར་ཆད་པའི་ས་བོན་རྣམས་ལས་ཆོས་འབྱུང་ནམ་མཁའི་ཁོངས་སུ་རླུང་མེ་ཆུ་ས་སྟེ་འབྱུང་བ་བཞི་རི་རབ་དང་བཅས་རིམ་པར་བརྩེགས་པར་བསྒོམ་སྟེ། དེ་དག་ཀྱང་སྒྱུ་འཕྲུལ་རོལ་པ་ལས། ཕྱི་རོལ་འབྱུང་སོགས་ཡུམ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བ་ལྷ་མོ་མཱ་མ་ཀི །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་པ་ལྟར་འབྱུང་ལྔ་དག་པ་ཡུམ་ལྔའོ་ཞེས་ང་རྒྱལ་བཟུང་བས། སྦྱངས་འབྲས་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་དང་དེའི་ཕྱག་རྒྱ་ཡུམ་ལྔར་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་འབྱུང་ལྔ་ཡུམ་ལྔའི་རང་བཞིན་གྱི་མཁའ་ཀློང་དུ་གཞལ་ཡས་ཁང་གསལ་བཏབ་སྟེ། དེའི་སྦྱང་བྱ་སེམས་ཅན་རྣམས་རང་གི་ཚེ་དང་རྗེས་སུ་འབྲེལ་བའི་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་ཡུལ་ཕྱོགས་དང་ཁང་ཁྱིམ་དང་ཡོ་བྱད་ལ་སོགས་པའི་ཞེན་རྟོག་ཡིན་ལ། སྦྱོང་བྱེད་རྣམ་སྣང་གི་ངོ་བོ་བྷྲཱུྃ་ཡིག་ལས་ཞི་བ་ཐར་པ་ཆེན་པོའི་གཞལ་མེད་ཁང་ངམ། དྲག་པོ་ལ་ཧེ་རུ་ཀ་དཔལ་ཆེན་པོ་རབ་ཏུ་དགྱེས་པས་རོལ་པའི་དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་གི་རྣམ་པ་ལམ་དུ་བྱེད་པ། འོག་གཞི་ཁོར་ཡུག་ལོགས། ཐོག་དབུབ། སྒོ། རྟ་བབས། རྒྱན་གྱི་ཁྱད་པར་སོགས་དང་ལྡན་པའི་ཕྱི་རོལ་ཏུ་རྡོ་རྗེའི་སྲུང་པའི་འཁོར་ལོ་རང་བྱུང་གི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བཀོད་པ་བཅས་བསྒོམས་ནས་འབྲས་དུས་ཀྱི་ཞིང་དང་གཞལ་ཡས་ཁང་དུ་མོས་པའི་ང་རྒྱལ་བྱས་པས། སྦྱངས་འབྲས་སངས་རྒྱས་ཀྱི་གནས་ཆོས་དབྱིངས་སྤྲོས་བྲལ་གྱི་རང་བཞིན་རྡོ་རྗེ་བཙུན་མོ་ལྔའི་བྷ་ག་གསང་བ་དགྱེས་པ་ཆེན་པོ་མངོན་དུ་བྱེད་པའོ། །ལམ་དུས་སུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་རྩ་འཁོར་ལོ་ལྔ་དང་དབུ་མའོ། །གཞལ་ཡས་ཁང་གི་འོག་གཞི་སྣ་ཚོགས་རྡོ་རྗེ་པད་ཉི་རྣམས་ནི་རྩ་འཁོར་རྣམས་ཀྱི་ལྟེ་བར་གནས་པའི་རླུང་དང་ཁམས་རྣམས་སོ། །དེ་རྣམས་དང་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་གཞལ་ཡས་ཁང་སྟེ་དེ་ཉིད་ལེགས་པར་བསྒོམས་པས་རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་ནས་ཡེ་ཤེས་ཁྱད་པར་ཅན་གྱི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོའོ། །དེའི་ནང་དུ་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བར་འགྱུར་བའི་གནས་མའི་པདྨ་དང་། ཕ་མའི་ཁུ་ཁྲག་དྲོད་གཤེར་ལ་སོགས་པའི་རྟོག་པ་སྦྱོང་བྱེད་ཞི་བ་ལ་པདྨ་ཉི་ཟླ། ཁྲོ་བོ་ལ་པད་ཉི་དྲེགས་པ་ཅན་བྱོལ་སོང་གི་གདན་ལ་སོགས་པ་བསྒོམས་པས། སྦྱངས་འབྲས་མ་ཆགས་པ་དང་འོད་གསལ་བ་སོགས་གདན་དེ་དག་གི་མཚོན་དོན་མཐུན་པར་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་འཆར་བ་ཡིན་ལ། ལམ་དུས་སུ་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་ཡིག་སྟེ། འབར་འཛག་གི་ཞུ་བདེ་དང་ཡང་ན་ཤེས་རབ་མའི་པདྨའི་ལྟེ་བར་ཉི་མ་བྱང་ཆུབ་ཀྱི་སེམས་གནས་པ་ཡབ་ཀྱི་ཀུནྡ་བརྟན་པའི་རིམ་པ་ཇི་ལྟ་བ་བཞིན་པད་ཉི་ཟླ་བའོ། །དེ་ལྟར་བསྒོམས་པས་རྫོགས་རིམ་གྱི་དུས་སུ་གཏུམ་མོ་དང་། ཕྱག་རྒྱའི་ལས་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་ཆེན་པོ་ཐོབ་པའི་གཞི་བཏིང་བས་ན་སྨིན་བྱེད་དུ་འགྲོའོ། །མདོར་ན་སྦྱང་བྱ་ཕྱི་སྣོད་ཀྱིས་བསྡུས་པའི་འཇིག་རྟེན་ཐ་མལ་དུ་སྣང་བ་འདི་ཉིད། སྦྱོང་བྱེད་རྒྱ་དང་ཚད་ལས་འདས་པས་ཞི་བ་དང་ཁྲོ་བོ་ཞིང་ཁམས་ཆེན་པོ་རྒྱན་སྟུག་པོ་བཀོད་པར་གསལ་བཏབ་པས། སྦྱངས་འབྲས་སངས་རྒྱས་རང་སྣང་གི་ཞིང་ཁམས་མཐའ་དང་དབུས་མེད་པ་ལ་དབང་འབྱོར་ཐོབ་པར་འགྱུར་རོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ནི། ནང་བཅུད་ ནས་ རིམ་པ་ནི༔ ཞེས་གསུངས་ཏེ། དེ་ལྟར་རྟེན་གཞལ་ཡས་ཁང་བསྐྱེད་པའི་རྗེས་སུ་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་ནི། སྤྱིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་པ་ལྟར་རིམ་པ་དང་པོ་ནི་སྐྱེ་སྲིད་སྦྱོང་བྱེད་ཡིན་པས་སྲིད་པར་སྐྱེ་བའི་རིམ་པ་དང་མཐུན་པར་བསྒོམ་པ་ཡིན་ལ། དེའང་སྦྱང་བྱ་ནང་བཅུད་ཀྱི་སེམས་ཅན་མངལ་སོགས་སྐྱེ་བའི་གནས་རྣམ་པ་བཞིས་བསྡུས་པའི་ལུས་ཀྱི་བག་ཆགས་རགས་པ་ཀུན་ཡིན་ལ། སྦྱོང་བྱེད་སྣང་ལ་རང་བཞིན་མ་གྲུབ་པ་སྟོང་པའི་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་མེ་ལོང་གི་གཟུགས་ལྟ་བུའི་ལྷའི་ཕྱག་རྒྱར་བསྒོམས་པས། སྦྱངས་འབྲས་སངས་རྒྱས་ཀྱི་གཟུགས་སྐུ་རྣམ་གཉིས་འགྲུབ་པའི་ཉེར་ལེན་དུ་འགྱུར་བ་སྟེ། དེ་ལྟ་བུའི་ལམ་བསྒྲུབ་པའི་རིམ་པ་དང་པོ་ནི་འདི་ལྟ་སྟེ། གཉིས་པ་ནི། རྒྱུ་ལས་ ནས་ རྫུས་སྐྱེས་སྦྱོང༔ ཞེས་གསུངས་ཏེ། འདི་ལ་བཞི། དབང་བརྟུལ་ལས་དང་པོ་པ་སྤྲོས་བཅས་རྣམས་ལ་སྒོང་སྐྱེས་དང་མཐུན་པར་རྒྱས་པ་ཆེན་པོའི་བསྐྱེད་རིམ་དང་། དབང་འབྲིང་སྤྲོས་པ་ཆུང་བ་མངལ་སྐྱེས་དང་མཐུན་པར་མངོན་བྱང་གི་བསྐྱེད་ཆོག་དང་། དབང་རྣོན་སྤྲོས་མེད་ཀྱི་གང་ཟག་ལ་དྲོད་གཤེར་སྐྱེས་དང་མཐུན་པར་སྔགས་ཙམ་གྱི་བསྐྱེད་པ་དང་། ཡང་རབ་ཤིན་ཏུ་སྤྲོས་མེད་ལ་རྫུས་སྐྱེས་དང་མཐུན་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཆོག་རྣམ་པ་བཞི་ཡོད་པ་ལས། དང་པོ་ནི། གཉིས་སྐྱེས་རྣམས་ཐོག་མར་མའི་མངལ་དང་དེ་ནས་སྒོ་ང་སྟེ་ལན་གཉིས་སུ་སྐྱེས་པ་སྟེ། གསར་སྙིང་སྤྱི་ཁྱབ་ལྟར་ན་ཐོག་མར་རྒྱུའི་ས་བོན་ལས་རྒྱུ་རྡོ་རྗེ་འཛིན་པ་ལྷན་སྐྱེས་ཀྱི་སྐུར་བསྒོམ། དེ་ཉིད་རྗེས་ཆགས་ཀྱི་ཐིག་ལེར་ཞུ་བ་གླུས་བསྐུལ་བའི་རྐྱེན་ལས་འབྲས་བུ་རྡོ་རྗེ་འཛིན་པ་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུར་བཞེངས་པའམ། སྔ་འགྱུར་རང་སྐད་བདག་སྲས་གཞན་སྲས་སུ་བྱ་བའི་ཆོ་ག་ལྟར་ན། ཡེ་ཤེས་རྩེ་མོ་ལས། སྲས་དང་བཙུན་མོར་བཅས་པ་ནི། །འཁོར་པའི་ཆོས་ལས་སྐྱེས་པ་སྟེ། །སེམས་ཅན་གྱིས་ནི་སྲས་སུ་བྱ། །ཞེས་དང་། ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་། །ལྷུན་གྱིས་གྲུབ་པའི་ཆོ་ག་དང་། །ཆོ་གའི་ཡན་ལག་རྫོགས་པ་ལ། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་གསུངས་ཏེ། དེ་ལའང་མན་ངག་སྒྲུབ་སྡེའི་ལུགས་ལྟར་ན། བདེ་འདུས་ལས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ་སྟེ་རྒྱུའི་ས་བོན་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་བཀུག་ནས་མཁའ་རུ་བསྟིམ་པ་དང་། སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱང་བ་དང་། གཉིས་སུ་མེད་པ་ལ་ཆེ་བ་བརྗོད་པ་དང་། མཁའ་ནས་བཏོན་ལ་དཀྱིལ་འཁོར་དུ་འགོད་པའོ། །ཞེས་དང་། གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་དེ་གཙོ་བོ་ཡབ་ཡུམ་ཞུ་སྟེ་རྒྱུའི་ས་བོན་དུ་གྱུར་པ་དང་། དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང་། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང་། ཡུམ་ལས་འོད་འཕྲོ་ཞིང་ལྷ་ལ་གསོལ་བ་གདབ་པ་དང་། དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམས་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང་། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང་། བདག་གི་རྟོག་པ་ཞེ་གཉིས་ལྷར་བསྐྱེད་དེ་ཕྱིར་འདོན་པ་དང་། སྤྱན་དྲངས་པ་ལ་རྒྱས་གདབ་པའོ། །ཞེས་པ་ལྟར་རོ། །རྒྱུད་སྡེ་སྒྱུ་འཕྲུལ་ལྟར་ན་གཙོ་བོ་ཡབ་ཡུམ་ལྷར་བསྐྱེད་ནས་སྙོམས་པར་འཇུག་ཅིང་ངོ་མཚར་རྫས་ཀྱི་དཀྱིལ་འཁོར་ཡི་གེའི་སྤྲིན་སྤྲོ་བ་བདག་གི་སྲས་སུ་གཞན་བྱ་བ་དང་། ཐུགས་དམ་བསྐུལ་ཞིང་བྱིན་རླབས་རྗེས་གནང་གི་རྐྱེན་གྱིས་གོང་བུ་ཡི་གེ་ཕྱག་མཚན་སྐུ་ཡོངས་རྫོགས་སུ་བྱེད་པས་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཞེན་པ་སྦྱོང་བ་གཞན་གྱི་སྲས་སུ་བདག་བྱ་བ་སྟེ། དེ་དག་གིས་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །གཉིས་པ་ནི། འདི་ལའང་དགོས་དོན་ཚང་ཚུལ་མཚུངས་པ་ལ་ཆོ་ག་རྒྱས་འབྲིང་བསྡུས་གསུམ་དུ་འབྱུང་བའི་རྒྱས་པ་མ་རྒྱུད་རྣམས་ཀྱི་དགོངས་པ་མངོན་བྱང་ལྔ་བསྐྱེད་ལ་ཐོག་མར་མངལ་ཞུགས་ཀྱི་རིམ་པ་དང་སྦྱོར་ན། ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་བར་དོ་ནས་ལུས་འཚོལ་བ་ཚོགས་ལམ། མངལ་དུ་ལུས་ལེན་པ་དངོས་ལ་སྦྱོར་བས་སྦྱོར་ལམ། མངལ་དུ་ཞུགས་པ་ནས་བཟུང་བྱང་ཆུབ་ལྔའི་རིམ་པ་མཐོང་སྒོམ་གྱི་ལམ་དུ་བཞག་སྟེ། ཟླ་བ་བཅུའི་ངོ་ས་བཅུར་མཚོན་ནས་མི་སློབ་པའི་ཟུང་འཇུག་རང་བཞིན་སྤྲུལ་པའི་སྐུར་གྲུབ་པ་ནི་སྐྱེ་བ་སྤྲུལ་པའི་སྐུ་སྟེ། གཞི་ལམ་འབྲས་བུའི་འབྲེལ་དུ་བབས་ཀྱིས་གྲུབ་པའོ། །སྦྱང་གཞི་དེ་ལ་བརྟེན་པའི་སྦྱོང་བྱེད་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། སྦྱང་གཞི་གཟུགས་ཀྱི་ཕུང་པོ་ནམ་མཁའི་ཁམས། ལུས་ཀུན་གཞིའི་རྣམ་ཤེས། ཉོན་མོངས་པ་གཏི་མུག །ཕའི་ཁམས་དཀར་ཆ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་དགའ་བ་བཅུ་དྲུག་ཡས་བབས་ཐབས་ཀྱི་རང་བཞིན་དུ་ཤར་བའི་ཡེ་ཤེས་དང་པོ་སེམས་སོ་སོར་རྟོག་པའི་ངོ་བོར་རྫོགས་པའི་རྣམ་པ་ལམ་བྱེད་ཟླ་བའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་སྨིན་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་བོ། །མངོན་བྱང་གཉིས་པ་ཉི་མའི་དཀྱིལ་འཁོར་ནི། སྦྱང་གཞི་ཚོར་བའི་ཕུང་པོ་སའི་ཁམས། ཉོན་མོངས་པ་ཅན་གྱི་ཡིད་དེ་སེར་སྣ་ང་རྒྱལ། མའི་ཁམས་དམར་ཆ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་རྣམ་པར་བྱང་བའི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ངོ་བོ་མས་བརྟན་ཤེས་རབ་ཀྱི་རང་བཞིན་གཟུགས་ལ་སོགས་པའི་ཕུང་པོ་ལྔ། འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་ཚད་མེད་བཞིས་ཕྱེ་བའི་ལམ་སྟོང་པ་ཉིད་ཉི་ཤུར་ཤར་བའི་ཡེ་ཤེས་གཉིས་པ་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་རྣམ་པ་ལམ་བྱེད་ཉི་མའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས་འབྲས་བུའི་དུས་ན་དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་དུ་སྨིན་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་དང་བཅས་པ་ནི། ཁུ་རྡུལ་གཉིས་ཀྱི་བར་དུ་དྲི་ཟ་ཉེ་བར་ལེན་པའི་སེམས་བར་དོའི་རྣམ་ཤེས་ཞུགས་པ་དང་། འདུ་ཤེས་ཀྱི་ཕུང་པོ་མེའི་ཁམས། ངག་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་པ་འདོད་ཆགས། བར་དོའི་རྣམ་ཤེས་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་ལུགས་ལྡོག་ཏུ་དག་པའི་རྗེས་སུ་ལས་རླུང་དུས་སྦྱོར་དང་བཅས་པ་འགགས་པས་ཡེ་ཤེས་གསུམ་པ་བརྟན་པའི་རྡོ་རྗེར་རྫོགས་པའི་རྣམ་པ་ལམ་བྱེད་ས་བོན་ཕྱག་མཚན་གྱི་ཚུལ་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་ཆོས་ཐམས་ཅད་མ་འདྲེས་པར་རྟོགས་པའི་རང་བཞིན་དུ་སྨིན་ཅིང་སོ་སོར་རྟོག་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་བཞི་པ་ས་བོན་ཕྱག་མཚན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ནི་ཁུ་རྡུལ་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་དང་། འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས། བྱ་བ་སྒོ་ལྔའི་རྣམ་ཤེས། ཉོན་མོངས་པ་ཕྲག་དོག །བར་དོའི་རྣམ་ཤེས་དང་ཁུ་ཁྲག་འདྲེས་པ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་རྣམ་པར་དག་པ་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་དང་། ཇི་སྙེད་པའི་ཡེ་ཤེས་བཞི་པ་ཤེས་བྱ་ཀུན་ལ་ཁྱབ་པ་རྡོ་རྗེའི་བདག་ཉིད་དུ་རྫོགས་པའི་རྣམ་པ་ལམ་བྱེད་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེའམ་གོང་བུ་གཅིག་ཏུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་སྨིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་ལྔ་པ་དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི། མངལ་གྱི་གནས་སྐབས་ཡོངས་སུ་རྫོགས་ནས་ཕྱིར་བཙས་པ་དང་། རྣམ་ཤེས་ཀྱི་ཕུང་པོ་ཆུའི་ཁམས། ཡིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ། ཉོན་མོངས་པ་ཞེ་སྡང་། སྐྱེ་བ་ལེན་པའི་ལུས་ཀྱི་སྐྱེ་མཆེད་རྫོགས་པའི་གནས་སྐབས་རང་བཞིན་སྤྲུལ་པའི་སྐུར་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་འབྲས་བུའི་རྡོ་རྗེ་འཛིན་པ་དང་། རང་བཞིན་སངས་རྒྱས་རྣམས་ཀྱི་ཇི་ལྟ་བའི་ཡེ་ཤེས་རྣམ་པར་གྲོལ་བའི་འབྲས་བུ་ལྔ་པ་དེ་བཞིན་གཤེགས་པའི་བདག་ཉིད་རང་རྒྱུད་ལ་རྫོགས་པའི་རྣམ་པ་ལམ་བྱེད་ལྷའི་སྐུ་རྒྱན་དང་ཆ་ལུགས་རྫོགས་པར་བསྒོམས་པས་འབྲས་བུའི་དུས་ན་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དབྱིངས་དང་རང་བཞིན་དབྱེར་མེད་པའི་བདག་ཉིད་དུ་སྨིན་ཅིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པ་སྟེ། རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །འབྲིང་པོ་མངོན་བྱང་བཞི་བསྐྱེད་པ་ནི། གལ་པོ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་པས་སྟོང་པ་ཉིད་ཀྱིས་འཆི་སྲིད་བར་དོ་དང་བཅས་པ་སྦྱོང་། ལྷའི་ས་བོན་བསྒོམས་པས་སྐྱེ་སྲིད་ཀྱི་ཉེར་ལེན་དྲི་ཟའི་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་པ་སྦྱོང་། ལྷ་སྐུ་རྫོགས་པར་བསྒོམས་པས་རླུང་བཅུས་རིམ་གྱིས་བསྐྱེད་ནས་ལུས་གྲུབ་པ་སྦྱོང་། གནས་གསུམ་ལ་སོགས་པར་ཡི་གེ་བཀོད་པར་བཙས་ནས་དབང་པོ་ཡུལ་ལ་སྲེད་པའི་གནས་སྐབས་སྦྱོང་བ་སྟེ་རྡོ་རྗེ་བཞིའི་ཆོ་གས་བསྐྱེད་པ་འདི་དང་འདྲ་བར། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་སོ། །བསྡུས་པ་ཕ་རྒྱུད་ལྟར་ཆོ་ག་གསུམ་བསྐྱེད་ནི། གདན་གྱི་ཉི་མས་མའི་རྡུལ། ཟླ་བས་ཕའི་ཁུ་བ། ས་བོན་ཡི་གེ་གདན་སྟེང་དུ་བབས་པས་ནི་བར་དོའི་རྣམ་ཤེས་ཏེ་སྦྱོང་བྱེད་གསུམ་པོ་དེས་དཀར་དམར་ཚོགས་ཟིན་པ་ལ་རྣམ་ཤེས་འཇུག་པར་ཉེ་བ་ཉིད་སྦྱོང་བ་ཡིན་ལ། དེ་ཕྱག་མཚན་དུ་བསྒྱུར་བས་ནི་ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔའི་རིམ་པ། དེ་ལ་ཡི་གེས་མཚན་པ་ལས་འོད་ཟེར་སྤྲོ་འདུ་བྱས་པས་ནི་མངལ་དུ་ལུས་ཆགས་པ་དེ་ཉིད་འབྱུང་བ་ལྔས་འཕེལ་སྡུད་སྨིན་བརྟན་གོ་ཕྱེས་ཏེ་ཕུང་ཁམས་སྐྱེ་མཆེད་རིམ་པ་བཞིན་གྲུབ་པ་དེ་སྦྱོང་། སྐུ་ཡོངས་སུ་རྫོགས་པས་ནི་དབང་པོ་རྣམས་རྫོགས་ནས་ཕྱི་རོལ་ཏུ་བཙས་པ་སྦྱོང་བར་བྱེད་དོ། །དེ་གསུམ་གྱི་དངོས་བསྟན་ནི་ཕྱག་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ། ཡིག་འབྲུ་གསུང་རྡོ་རྗེ་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་སྐུའི་རྡོ་རྗེར་དག་པར་བྱེད་པའོ། །སྦྱངས་འབྲས་དེ་བཞིན་གཤེགས་པ་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པར་ལྷུམས་སུ་ཞུགས་པ་དང་བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་མངོན་བྱང་ལྔའི་ཆོ་གས་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །དེའང་སྦྱང་བྱའི་གཙོ་བོར་བསྟན་པ་ཙམ་ལས་སྒོང་སྐྱེས་སོགས་སྐྱེ་གནས་གཞན་གྱི་བག་ཆགས་སྦྱོང་བྱེད་དུ་འགྲོ་བའང་ཤེས་པར་བྱའོ། །གསུམ་པ་ནི། སྲིན་བུ་སོགས་དྲོད་དང་གཤེར་ཙམ་ལ་གནས་ལུས་ཀྱི་སྲེད་ལེན་ཞུགས་ནས་ཕུང་པོར་གྲུབ་པ་དང་མཐུན་པར་ལུང་ཨ་ནུ་ཡོ་གའི་དགོངས་པ་སྤྲོས་མེད་ཀྱི་བསྐྱེད་རིམ་ལའང་གཉིས་ཏེ། རང་ཤར་ལས། གཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་འཇུག་ནས་ནི། །ཞེས་འབྱུང་བ་ལྟར་ལ། རིམ་གྱིས་འཇུག་པས། ཤེས་རབ་ཀྱི་དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་ཀུན་རྫོབ་ཀྱི་སྣང་ཆ་ཐམས་ཅད་ལྷའི་ཕྱག་རྒྱར་རང་བཞིན་གྱིས་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་སྐད་ཅིག་གིས་བཞེངས་པ་དང་། གཅིག་ཅར་དུ་འཇུག་པས་ལྷ་རྣམས་ཚིག་གིས་མ་བསྐྱེད་ཀྱང་སྔགས་དྲན་པ་ཙམ་ལས་དཀྱིལ་འཁོར་འཁོར་ལོར་གསལ་བར་གྲུབ་པ་སྟེ། འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་སྐྱེས་རྫོགས་པའི་ལྷ་རུ་བསྒོམ། །ཞེས་སོ། །དེ་དག་གིས་གཙོ་བོར་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །བཞི་པ་ནི། རྫུས་སྐྱེས་རྣམས་སེམས་ཙམ་ལ་བརྟེན་ནས་སྐད་ཅིག་གིས་ལུས་སུ་གྲུབ་པ་དང་མཐུན་པར་མན་ངག་ཨ་ཏི་ཡོ་ག་ཤིན་ཏུ་སྤྲོས་མེད་ཀྱི་སྐྱེད་ཚུལ་ཆོ་ག་དང་ཚིག་ལ་མ་ལྟོས་པར་ཡིད་ཆོས་གདོད་ནས་ལྷའི་འཁོར་ལོ་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་གནས་པ་ཉིད་དྲན་པས་གསལ་འདེབས་ཙམ་གྱིས་ཡོངས་སུ་རྫོགས་པ་མེ་ལོང་ལ་གཟུགས་བརྙན་བཙན་ཐབས་སུ་ཤར་བ་ལྟར་བསྐྱེད་རྫོགས་དབྱེར་མེད་དུ་བསྒོམ་པ་སྟེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །དེ་ལྟར་བསྐྱེད་ཆོག་རྣམ་པ་བཞི་པོ་དེ་གཙོ་བོར་སྐྱེ་བ་གང་གིས་བསྡུས་པ་དེས་དེ་དང་མཐུན་པར་བསྒོམ་ལ། ཐོག་མེད་ཀྱི་བག་ཆགས་སྦྱང་ཕྱིར་སྐྱེ་བ་རེ་རེས་ཀྱང་ཐམས་ཅད་བསྒོམ་པ་དང་། ཁྱད་པར་ལས་དང་པོ་པ། སེམས་ཅུང་ཟད་བརྟན་པ། བརྟན་པ་ཆེར་ཐོབ་པ། ཤིན་ཏུ་ཐོབ་པའི་གོ་རིམ་དང་སྦྱར་ཏེ་བསྒོམ་པ་ཀུན་མཁྱེན་ཀློང་ཆེན་པས་གསུངས་སོ། །དེའང་རྟེན་དང་བརྟེན་པའི་དཀྱིལ་འཁོར་བ་ཐམས་ཅད་གཅིག་ཅར་དུ་གསལ་མི་ནུས་ལ་རིམ་གྱིས་མ་འདྲེས་པར་ཅི་འདོད་དུ་གསལ་ནུས་པ་ཚུན་ཆད་ནི་ལས་དང་པོ་ཡིན་ལ། རགས་པའི་དཀྱིལ་འཁོར་གཅིག་ཆར་གསལ་ལ་ཐེབས་ཤིང་སྐྱེ་མཆེད་ཀྱི་ལྷ་ལ་སོགས་པ་གཅིག་ཆར་གསལ་མི་ཐེབས་པ་ནི་གཉིས་པ་དང་། སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱང་གཅིག་ཆར་གསལ་ཐེབས་པ་ནི་གསུམ་པ་སྟེ་དེ་ཡན་ཆད་བསྐྱེད་རིམ་ཁོ་ནས་འབྱུང་ལ། དེ་ནས་རྫོགས་རིམ་དང་སྦྲགས་ཏེ་བསྒོམས་པས་ཕྲ་ཐིག་གི་དབུས་སུ་དཀྱིལ་འཁོར་སྤྲོ་བསྡུ་ནུས་ཤིང་ཐུན་དང་ཐུན་མཚམས་ཉིན་མཚན་དབྱེ་བ་མེད་ཅིང་བསམ་གཏན་གྱི་ལས་ཚོགས་ཐོགས་མེད་དུ་འགྲུབ་པར་འགྱུར་ལ། བཞི་པ་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་གྱི་གསལ་སྣང་ཟད་མི་ཤེས་པར་འབྱུང་ཞིང་ཡིད་ལ་བསམ་པ་ཙམ་གྱིས་སེམས་ཅན་གྱི་དོན་མང་པོ་སྒྲུབ་ནུས་པས་གྲུབ་པའི་སྐྱེས་བུ་ཞེས་བྱ་སྟེ། དེ་དག་ལ་རིམ་བཞིན་ལས་དང་པོ་པ། ཡེ་ཤེས་ཕེབ་པ། ཡེ་ཤེས་ལ་ཅུང་ཟད་དབང་བ། ཆེར་དབང་བ་ཞེས་མཉམ་སྦྱོར་རྒྱུད་སོགས་ཀྱི་དགོངས་པ་ཡེ་ཤེས་ཞབས་རྗེས་འབྲངས་དང་བཅས་པས་རྩལ་དུ་འདོན་པར་མཛད་དོ། །གསུམ་པ་ནི། གང་ཡང་ ནས་ སྦྱོང་བར་བྱེད༔ ཅེས་གསུངས་ཏེ། སྐྱེད་ཐབས་ཀྱི་ཆོ་ག་བཞི་པོ་དེ་དག་གང་ལའང་ལས་དང་པོ་པས་རྩ་བའི་ལྷ་ཕྱག་རྒྱ་གཅིག་པ་བསྒོམས་པས་ལུས་ཅན་རྣམས་དང་པོར་སྐྱེས་ནས་བྱིས་པར་གྱུར་པའི་གནས་སྐབས་དང་། དེ་ལ་གསལ་སྣང་ཐོབ་ནས་ཕྱག་རྒྱ་སྤྲོས་བཅས་ཀྱིས་ལང་ཚོ་དར་ལ་བབས་པའི་གནས་སྐབས་དང་། དེ་ལ་བརྟན་པ་ཐོབ་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པས་ན་ཚོད་ཡོལ་ནས་རྒན་པོའི་གནས་སྐབས་ཏེ་སྐྱེ་བའི་སྲིད་པའི་རིམ་པ་གསུམ་པོ་དེ་སྦྱོང་བར་བྱེད་པ་ཡིན་ལ། དེའི་རྒྱུ་མཚན་གང་ཟག་གཅིག་གི་རྒྱུད་ལའང་རིམ་གྱིས་གོམས་པ་བརྟན་པའི་དབང་གིས་དབང་པོ་བརྟུལ་འབྲིང་རྣོན་པོ་གསུམ་དུ་ན་འཕོ་བའི་ཕྱིར་རོ། །གསུམ་པ་གསལ་བརྟན་དག་གསུམ་ལ་བསླབ་པ་ནི། སྦྱོང་བྱེད་ ནས་ ལྷ་རུ་སྦྱོར༔ ཞེས་གསུངས་ཏེ། སྐྱེད་པའི་ཚུལ་དེ་ཉིད་སྦྱོང་བར་བྱེད་པའི་ཐབས་ཀྱི་ཁྱད་པར་ནི། སྒྲུབ་ཐབས་ཀུན་བཟང་ལས་ ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་བའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེ་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་པ་བཞིན་ཐ་མལ་བདག་དང་བདག་གི་བའི་དངོས་པོར་ཞེན་པ་དང་འཛིན་སྟངས་འགལ་བའི་ཏིང་ངེ་འཛིན་ལྷག་པར་ལམ་དུ་བྱེད་དགོས་ཤིང་། དེ་ལ་གསུམ། དང་པོ་རྣམ་པ་གསལ་བ་ཞེས་ལྷའི་གསལ་སྣང་སྒྲུབ་པ་ནི་ལས་དང་པོ་པས་དཀྱིལ་འཁོར་ལ་གསལ་སྣང་ཐོན་དཀའ་ཡང་ལྷག་པར་མོས་པས་བསྒོམས་པས་རྒྱུད་སྨིན་བྱེད་ཀྱི་སྟོབས་ཆེ་བ་དང་། ཕྱག་རྒྱ་གཅིག་པ་ལྟ་བུར་གང་སེམས་བཟུང་སླ་ས་ནས་བརྩམས་གོ་རིམ་སོགས་མ་ངེས་པར་ཞལ་དང་སྐུ་དང་ཕྱག་མཚན་རྒྱན་ཆའི་ཆ་ཤས་རྣམས་རེ་རེ་ལ་སེམས་ཟིན་པས་སོ་སོའི་གསལ་སྣང་སྐྱེས་པ་དང་གཅིག་ཆར་དུ་གསལ་འདེབས། མཐར་རྙོག་པ་མེད་པའི་རྫིང་བུ་མི་གཡོ་བ་གསལ་དྭངས་ཀྱི་ནང་དུ་གཟུགས་བརྙན་གསལ་བཀྲ་མ་འདྲེས་པར་སྣང་བ་ལྟར་ཡུལ་གསུམ་ལ་མངོན་སུམ་བཞིན་དུ་སྣང་བའི་གོམས་པ་བརྟན་པོར་གྱུར་པས་ནི་ཕྱི་རོལ་གཟུགས་ཕུང་དུ་སྣང་བ་རྣམས་སྦྱོང་བར་བྱེད་དོ། །གཉིས་པ་ང་རྒྱལ་བརྟན་པ་ནི། ལྷའི་གསལ་སྣང་ཐོབ་མ་ཐོབ་གང་ལྟར་ལྷ་དེར་ཤེས་པ་ཙམ་གྱི་ང་རྒྱལ་ཉི་ཚེ་བ་མིན་པར་འབྲས་དུས་ཀྱི་སངས་རྒྱས་སྐྱོན་ཐམས་ཅད་ཟད་ཅིང་ཡོན་ཏན་མཐའ་དག་རྫོགས་པ་དེ་ཉིད་དངོས་སུ་མོས་པའི་ང་རྒྱལ་བརྟན་པོ་དང་། གསལ་སྣང་ཐོབ་ནས་དེ་ཉིད་ཡེ་ཤེས་ཀྱི་སྐུར་དངོས་སུ་ངེས་པའི་ཤེས་པ་དྲག་པོས་རང་ཉིད་སེམས་ཐ་མལ་དུ་ཞེན་པའི་འཛིན་སེམས་སྦྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་དག་པ་དྲན་པ་ནི། རྒྱས་པར་ཞི་ཁྲོའི་དཀྱིལ་འཁོར་གང་དང་གང་བསྒོམ་པ་དེའི་ཞལ་ཕྱག་སྐུ་མདོག་རྒྱན་ཆས་སོགས་རྟེན་དང་བརྟེན་པར་བཅས་པ་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་དེ་དང་དེའི་རྣམ་པར་ཤར་བའི་བརྡ་དོན་རྟགས་གསུམ་རེ་རེ་ནས་དྲན་པར་བྱ་དགོས་ཀྱང་། མདོར་ན་གཉུག་མ་ཆོས་ཉིད་ཀྱི་སྟེང་ན་འབྲས་བུ་རྣམ་བྱང་གི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས་ཡོན་ཏན་གང་དང་གང་ཞིག་ལྷའི་རྣམ་པ་དེ་དང་དེའི་ངོ་བོར་གདོད་ནས་དག་པར་བཞུགས་པ་ལ་ཏིང་ངེ་འཛིན་གྱིས་བསྒོམ་པའི་ལྷ་དེ་ཡང་དེ་ལས་གཞན་དུ་མ་གྱུར་པ་རྣམ་པར་དག་པར་མོས་པས་སྣང་ཞེན་ཐམས་ཅད་ཀྱང་གདོད་ནས་རྣམ་པར་དག་པའི་ལྷ་ཡེ་ཤེས་ཀྱི་འཁོར་ལོ་རུ་སྦྱོང་བར་བྱེད་དོ། །བཞི་བ་སྲོག་སྡོམ་གཟེར་བཞི་བཤད་པ་ལ་བཞི། ཏིང་ངེ་འཛིན་གྱི་གཟེར། སྙིང་པོ་སྔགས་ཀྱི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར་བཤད་པའོ། །དང་པོ་ལ་གཉིས། ཏིང་ངེ་འཛིན་གྱི་རྩལ་སྦྱང་བ་དང་། འབྱོངས་པའི་ཚད་འབྲས་བུ་དང་བཅས་པའོ། །དང་པོ་ནི། ཀུན་ཀྱང་ ནས་ རོལ་པར་ཁྱེར༔ ཞེས་གསུངས་ཏེ། བསྐྱེད་པའི་ཆོ་ག་དེ་དག་ཀུན་གང་ལ་བརྟེན་ཀྱང་བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་རོ་མཉམ་ཆེན་པོར་བརྟེན་པར་བསྒྲུབ་པའི་ཕྱིར་སྲོག་སྡོམ་གཟེར་བཞིའི་མན་ངག་དང་ལྡན་པར་གཅེས་ཏེ། གསང་རྫོགས་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་གི་ཉི་མ་ཀུན། མ་བཟུང་པར་ཡང་སྲོག་སྟོང་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་གསུངས་པ་ལྟར་ལས་དང་པོ་པས། ལྷ་སྐུའི་རྣམ་པར་སེམས་འཛིན་པ་ལས་གཞན་དུ་མི་གཡོ་བའི་ཡིད་རྩེ་གཅིག་ཏུ་གནས་པའི་བསམ་གཏན་གྱིས། རང་གི་སེམས་ཉིད་རྣམ་ཤེས་ཚོགས་བརྒྱད་དང་ལྷའི་སྐུ་དང་ཡེ་ཤེས་སུ་རྫོགས་པའི་ཕྱིར་ཏིང་ངེ་འཛིན་གྱི་གཟེར་གདབ་པར་བྱ་སྟེ། དེའང་། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཞེས་པ་ལྟར། ཐོག་མར་ལྷ་ཕྱག་རྒྱ་གཅིག་པ་ལ་ཕྲ་བ་ས་བོན་ཨ་དཀར་པོའམ་ཧཱུཾ་སྔོན་པོ་ལ་སོགས་པ་ཁྲུ་གང་པ་གསལ་བར་བྲིས་པ་དང་། རགས་པ་ལྷའི་གཟུགས་མཚན་ཉིད་དང་ལྡན་པ་ཐོད་པར་བྲིས་པ་སོགས་འདུ་བྱས་ལ། རང་མདུན་ཁད་ཉེ་བར་དམིགས་པ་གཏོད་པའི་རྟེན་དུ་བསྐྱེད་པའི་ཚུལ་ལ་མཁས་པའི་སྒྲུབ་པ་པོས་བཞག་པར་བྱ། དེ་ལྟར་བྱས་ནས་ཀྱང་བདེ་བའི་སྟན་ལ་ལུས་གནད་བསྲང་། རླུང་རོ་ལན་གསུམ་བསལ་ཞིང་ཡིད་ཀྱི་འཛིན་སྟངས་མིག་གི་ལྟ་སྟངས་རླུང་གི་འགྲོ་ལྡོག་གསུམ་ཡུལ་སོ་སོ་ལ་ཡ་བྲལ་དུ་མ་སོང་བར་ཕྱོགས་མཉམ་པོར་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏད་དེ་ཡུན་ཐུང་ལ་གྲངས་མང་བར་བསྒོམས་པས་ཉམས་ལྔ་རིམ་པར་འཆར་བར་འགྱུར་ཏེ། དེའང་དམིགས་རྟེན་ལ་སེམས་མི་གནས་པར་འདུ་བྱེད་ཀྱི་རྟོག་པ་མང་པོ་བན་བུན་ལང་ལོང་དུ་འགྱུ་བ་ནི་གཡོ་བའི་ཉམས་རི་གཟར་གྱི་ཆུ་ལྟ་བུ། དེ་ནས་རྣམ་རྟོག་ཅུང་ཟད་ཞི་ནས་ཕལ་ཆེར་དམིགས་རྟེན་ལ་སེམས་གནས་ཤིང་དེའི་རྣམ་འགྱུར་གྱི་བག་ཆགས་བརྟས་པས་མིག་བཙུམ་ཡང་ཡིད་ཡུལ་དུ་ཝལ་གྱིས་འཆར་བ་ནི་ཐོབ་པའི་ཉམས་གཅོང་རོང་གི་ཀླུང་ལྟ་བུ། དམིགས་རྟེན་ལ་སྒོམ་པ་ཇི་ལྟ་བར་རང་ཉིད་དེ་དང་དེར་གསལ་ཐེབས་ཤིང་དེའང་ཆེ་ཆུང་རྣམ་འགྱུར་མ་ངེས་པ་ཅི་འདོད་བསྒྱུར་དུ་བཏུབ་ཅིང་དེ་ལས་རྟོག་པ་གཞན་དུ་མི་གཡོ་བ་ནི་གོམས་པའི་ཉམས་ཆུ་ཆེན་དལ་འབབ་ལྟ་བུ། ལྷའི་རྣམ་པ་དེའང་རང་སེམས་དང་དབྱེར་མེད་དུ་བསྲེས་ནས་བསྒོམས་པས་རྟོག་པ་གང་གིས་ཀྱང་བར་དུ་མི་ཆོད་པར་སྐུ་ཡོངས་རྫོགས་ལ་སེམས་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་ནི་གཡོ་པའི་ཉམས་མཚོ་ཆུང་རླུང་གིས་བསྐྱོད་པ་ལྟར་བུ། དེ་ལས་ཀྱང་སྤྱན་གྱི་དཀར་ནག་བ་སྤུའི་བུ་ག་ཚུན་ཆད་གསལ་ནུས་ཤིང་ཉིན་མཚན་རྟག་ཏུ་ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་གསལ་བརྟན་ཚད་བརྒྱད་གྱད་དུ་གྱུར་པ་ནི་མཐར་ཕྱིན་པའི་ཉམས་རྒྱ་མཚོ་ཆེན་པོ་རླབས་དང་བྲལ་བ་ལྟ་བུ་སྟེ། དེ་ལྟར་མ་གྱུར་གྱི་བར་དུ་ལེགས་པར་བསླབ་ཅིང་དང་པོ་ནས་མི་སུན་པར་བྱ་བའི་ཕྱིར་གོམས་རིམ་གྱིས་ཐུན་ཚོད་ཀྱི་ཡུན་རིམ་པར་བསྲིངས་ཏེ་བསྒོམ་པར་བྱ་དགོས་ལ། དེའི་ཚེ་སེམས་མི་གསལ་བའི་བྱིང་བ་དང་། འགྱུ་བ་སྤུན་པོར་གྱུར་པའི་རྒོད་པ་དང་། ལ་སོགས་པའི་ཁོང་ནས་རྨུགས་འཐིབས་དང་། འཐོར་ཡས་སོགས་ཏིང་ངེ་འཛིན་གྱི་སྐྱོན་བྱུང་ན་ངོ་ཤེས་ཤིང་བཏང་སྙོམས་སུ་མ་ཤོར་བར་ཀུན་ལ་སོ་སོའི་གཉེན་པོ་བརྟེན་ཏེ་བསལ་ལོ། །དེ་ཉིད་རྩལ་སྦྱོང་ཞིང་བོགས་འབྱིན་པའི་ཐབས་ཉང་གཏེར་མཚོ་རྒྱལ་ཞུས་ལན་དང་། བླ་མ་དགོངས་འདུས་ལས་ལྷག་ལམ་དུ་སློང་བ་སོགས་རྣམ་པ་དྲུག་ཏུ་གསུངས་པ་ལྟར་གནད་བསྡུ་ན། སྐབས་སུ་སེམས་རྣམ་པར་མི་རྟོག་པ་གཉུག་མའི་ངང་དུ་རང་བབས་སུ་ལྷོད་ཀྱིས་ཀློང་ལ་ངལ་གསོ། རེས་འགར་ལྷ་སྐུ་དེ་ཉིད་ཆེ་བ་རི་རབ་ནས་ཆུང་བ་ཏིལ་འབྲུ་ཙམ་སོགས་ཆེ་ཆུང་མདོག་དབྱིབས་སྤྱོད་ལམ་ཉེ་རིང་བཞུགས་གནས་མ་ངེས་པར་བསྒོམས་པས་རྩལ་སྦྱོང་ཞིང་ལམ་དུ་སློང་། སྐབས་རེར་ལྷའི་རྣམ་པ་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་བསྒོམ་བྱ་སྒོམ་བྱེད་ཀྱི་གཉིས་འཛིན་སྤོངས་ལ་སྒོམ་མཁན་རང་ངོ་རིག་པའི་ཚུལ་གྱིས་གནས་ལུགས་ཀྱི་དོན་ལ་བལྟ་བ་རྣམས་ཀྱིས་མཉམ་བཞག་གི་རྣལ་འབྱོར་བསྐྱང་། རྗེས་ཐོབ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ། བགོ་བ་ཞི་ཁྲོའི་ཆས། བཟའ་བཏུང་ཚོགས་འཁོར། འགྲོ་འདུག་རྡོ་རྗེའི་གར་སོགས་མདོར་ན་སྤྱོད་ཡུལ་ཅི་དང་ཅིར་སྣང་བ་ཐམས་ཅད་ལྷ་ཡེ་ཤེས་པའི་རོལ་པ་འབའ་ཞིག་པར་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་ནི། དེ་ལྟར་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་མན་ངག་གི་རྩ་བ་ཏིང་ངེ་འཛིན་གྱི་གཟེར་ཁོ་ན་ལ་བརྟེན་ནས་ཀྱང་ཡུལ་གསུམ་གྱད་དུ་གྱུར་ཏེ་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པར་འགྱུར་ཏེ། དང་པོ་རང་གི་ཡིད་ཀྱི་ཡུལ་དུ་གང་བསྒོམ་པའི་ལྷ་སྐུ་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་གསལ་ལ་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟར་འཆར་བའི་གསལ་སྣང་རྫོགས། གཉིས་པ་སེམས་ཤིན་ཏུ་སྦྱངས་པའི་མཐུ་ལས་ཡིད་དཔྱོད་མ་ཡིན་པར་མིག་སོགས་དབང་པོའི་སྤྱོད་ཡུལ་དུ་ལྷའི་ཕྱག་རྒྱ་མངོན་སུམ་དུ་ཤར། གསུམ་པ་སེམས་ཀྱིས་ལུས་འབྱོངས་ཏེ་ལྷ་ཉིད་རེག་པ་ལུས་ཀྱི་ཡུལ་དུ་གསལ་བས་ལུས་ཤིན་ཏུ་སྦྱང་པ་ཐོབ་པའི་ལྟས་གཞན་གྱི་སྣང་བ་ཟིལ་གྱིས་གནོན་ཅིང་རང་དབང་དུ་སྒྱུར་བ་དང་།ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབ་ནུས་པ་སོགས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོ་ཅིར་ཡང་འཆར་ཞིང་སྐུའི་སྲོག་འཕྲོག་པས་མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། སྔགས་ཀྱི་གཟེར་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། ངག་ལ་སྙིང་པོ་སྔགས་ཀྱི་གཟེར་གདབ་པ་ནི། ལྷ་སོ་སོའི་རིགས་མི་འགྱུར་བའི་རང་བཞིན་ཐུགས་སྲོག་ས་བོན་གང་ཡིན་པ་དང་། དེའི་མཐར་རྩ་སྔགས་སམ་སྙིང་པོའི་ཡི་གེ་གསལ་བར་བཀོད་པ་ལ་སེམས་གཏད་པ་ནི་བསྙེན་པའི་ཡན་ལག་སྟེ་ཟླ་བ་སྐར་ཕྲེང་ལྟ་བུའི་དགོངས་པ་དང་། ཐུགས་སྲོག་ལས་སྔགས་ཕྲེང་བྱུང་། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དང་དེ་ནས་ཐུགས་ཀར་བརྒྱུད་ཡུམ་གྱི་གསང་བ་ནས་ཡབ་གྱི་གསང་བར་ཞུགས་ཏེ་ཐུགས་ཀར་ཐིམ། སླར་ཡང་དེ་ལྟར་བར་མ་ཆད་པ་འགལ་མེ་ལྟ་བུར་འཁོར་བ་ནི་ཉེ་བསྙེན་གྱི་ཡན་ལག་སྟེ་འགལ་མེ་ཀླད་ཀོར་གྱི་དགོངས་པ་ཡིན་ལ། དེ་དག་གིས་སྔགས་རླུང་དབྱེར་མེད་དུ་དག་ནས་གསུང་གི་སྲོག་འཕྲོག་པས་མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་ནི། འཕྲོ་འདུའི་གཟེར་ནས་དབང་འབྱོར་ཞིང༔ ཞེས་གསུངས་ཏེ། གང་འདོད་ཕྲིན་ལས་ཀྱི་ཁ་སྒྱུར་བ་འཕྲོ་འདུའི་གཟེར་ནི། ཐུགས་སྲོག་སྔགས་ཕྲེང་ལས་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས་ཏེ་རང་དོན་བསྒྲུབ། འགྲོ་བའི་སྒྲིབ་གཉིས་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་བཀོད་པས་གཞན་དོན་འགྲུབ་པ་སྟེ་དོན་གཉིས་མཛད་པ་དང་། སླར་ཡང་འོད་ཟེར་སྤྲོ་བསྡུས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདག་ཉིད་ཀྱི་དབང་དུ་བྱ་བ་ནི་སྒྲུབ་པའི་ཡན་ལག་སྟེ་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་དགོངས་པ་ཡིན་ལ། མཐར་དེ་ལྟར་བསྒྲུབས་པའི་གྲུབ་མཐའ་སྣོད་བཅུད་ཀྱི་གཟུགས་སྣང་། གྲགས་པའི་སྒྲ་སྐད། ཡིད་ཀྱི་རྟོག་ཚོགས་ཇི་སྙེད་པ་ཐམས་ཅད་སྣང་སྟོང་ལྷའི་སྐུ། གྲགས་སྟོང་སྔགས་ཀྱི་སྒྲ་དང་རིག་སྟོང་ཡེ་ཤེས་ཆེན་པོའི་འཁོར་ལོར་འཆར་བ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་གི་དགོངས་པ་སྟེ། དེ་དག་གིས་ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཕྲིན་ལས་སྣ་ཚོགས་ལ་རང་དབང་བརྙེས་པས་མཐར་ཐུག་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཀུན་ལ་དབང་འབྱོར་ཆེན་པོ་ཐོབ་པར་འགྱུར་རོ། །ཞིང་ཞེས་པའི་ཚིག་ཕྲད་ནི་ལྷག་མ་འདྲེན་པའི་སྒྲའོ། །བཞི་པ་ནི། དགོངས་པ་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། དེ་དག་སྤྱིའི་རྒྱས་འདེབས་གལ་པོ་ཆེ་དགོངས་པ་མི་འགྱུར་བའི་གཟེར་ནི། ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཇི་སྙེད་པ་ཀུན་ཀྱང་ཤེལ་ལས་འཇའ་ཚོན་བཞིན་རང་གི་རིག་པའི་རང་རྩལ་ལས་གཞན་ཏུ་མ་གྲུབ་པར་རྟོགས་ཤིང་དེའི་རྒྱུན་ལ་གོམས་པ་ཆེར་བརྟས་པ་ལས། བག་ཆགས་ཀྱི་བཞོན་པ་རླུང་དང་དེའི་ཁ་ལོ་སྒྱུར་བ་པོ་སེམས་དང་བྱིན་གྱིས་རློབ་པ་པོ་ཡེ་ཤེས་ཀྱི་ལྷ་སྐུ་གསུམ་ཀའང་སེམས་ཉིད་ཀྱི་ངང་དུ་དབྱེར་མེད་རོ་མཉམ་དུ་སྨིན་པའི་མཐུ་ལས་དགོངས་པའི་རྩལ་རྫོགས་ཏེ་སྟོང་སྲོག་གཅིག་ཅར་དུ་འཕྲོག་པ་ཐོབ། མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་རྣལ་འབྱོར་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ་སོགས་དཀྱུས་གཅིག་ཏུ་བསྟན་པ་ནི། རྣལ་འབྱོར་ཡན་ལག་ནས་ང་རྒྱལ་སྐྱེད༔ ཅེས་གསུངས་ཏེ། སྔར་བཤད་པ་དེ་རྣམས་རིམ་པ་དང་པོའི་རྣམ་འབྱོར་དངོས་གཞི་ཡིན་ལ། དེ་ཉིད་རྫོགས་པར་བྱེད་པའི་ཡན་ལག་གི་རྣམ་འབྱོར་རྣམས་གང་ལ་འབྱུང་བའི་གཞི་དང་པོ་ལྷ་དམ་ཚིག་པའི་སྐུར་བསྐྱེད་པ་དེ་ལའང་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་ཀྱི་དབྱེ་བས་བསྟན་པ་གང་ཡང་གཙོ་བོའི་སྐུ་རྫོགས་པར་བསྒོམ་པ། ཡུམ་གྱི་ས་བོན་བསྐྱེད་པ། དེ་ལས་ཡུམ་བསྒོམ་པ། སེམས་དཔའ་སུམ་བརྩེགས་བསྒོམ་པ། རིགས་བདག་གི་རྒྱས་འདེབས་པ་དང་ལྔ་རིམ་པ་ཇི་ལྟ་བར་གཞི་དུས་སུ། བྱིས་པ་བཙས་པ། ནར་སོན་ནས་འདོད་པའི་ཚོར་བས་གདུངས་ཏེ་དེ་དོན་དུ་གཉེར་བ། ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ། རང་རིགས་ཀྱི་བྱ་བ་ལ་དབང་སྒྱུར་བ་རྣམས་སྦྱོང་ཞིང་འབྲས་དུས་སུ་སངས་རྒྱས་སྤྲུལ་པའི་སྐུ་བལྟམས་པ་དང་། བྱང་ཆུབ་དོན་དུ་གཉེར་བས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ་དང་། དེ་ལས་བཞེངས་ཏེ་བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་ཏེ་བསམ་གཏན་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་རྣམས་ཡིན་ལ། ལམ་གོང་མའི་ཚེ་ན་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་གྲུབ་པར་བྱ་བའི་ཕྱིར། བདེ་རླུང་སེམས་ལ་ལྷ་སྐུར་ལྡང་བ་དང་། དེ་ནས་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་པས་ན་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཡན་ལག་རྣལ་འབྱོར་དངོས་ལ་བདུན་ཡོད་པའི་དང་པོ་བྱིན་གྱིས་བརླབ་པ་ནི། སྦྱང་བྱ་བྱིས་པ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་པའི་རྩལ་ནར་སོན་པ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་པའི་འཁོར་ལོ་བསྐྱེད་ཟིན་པ་ན་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསལ་ཞིང་འབར་བའམ། ཡང་ན་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་བསྒོམས་ནས་དམ་ཚིག་པའི་སྐུ་གསུང་ཐུགས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་དང་དབྱེར་མེད་པར་བྱིན་གྱིས་བརླབས་ཤིང་སྒོ་གསུམ་རྣམ་པར་དག་པ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་སུ་མོས་པའི་ང་རྒྱལ་བྱས་པས། ལམ་གོང་མའི་དུས་ན། ཁུ་རྡུལ་རླུང་གི་ཁམས་གསུམ་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་སྙིགས་མ་ཟད་ནས་དྭངས་མ་འཕེལ་བ་ལས་བྱུང་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་དབང་བསྐུར་བ་ལ། སྦྱང་བྱ་ནི། བྱིས་པ་དེ་རྩ་ཁམས་འཕེལ་བས་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་དེ་ཡིན་ཞིང་། སྦྱོང་བྱེད་ནི། བྱིན་རླབས་ཀྱི་རྗེས་སུ་ལྷ་ཚོགས་རྣམས་ཀྱི་མགོ་བོའི་གནས་ལྔར་རིགས་བདག་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ལྔ་རང་རང་གི་ཡུམ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་གྱི་བདུད་རྩི་ལྔར་ཞུ་བའི་ཆུ་བོའི་རྒྱུན་བབས་པས་དབང་བསྐུར། སྐུ་ལུས་ཀྱི་ནང་གང་། ཉོན་མོངས་པ་ལྔའི་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེའི་རིགས་ལ་མི་བསྐྱོད་པས་མཚོན། ལྷ་སོ་སོའི་རིགས་དང་མཐུན་པའི་རིགས་ཀྱི་བདག་པོ་རིགས་གཞན་དུ་མ་འཆོལ་བའི་ཕྱག་རྒྱས་བཏབ་སྟེ་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་བའི་ང་རྒྱལ་བཟུང་བས། རྫོགས་རིམ་གྱི་སྐབས་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པས་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་སྣང་བའི་རྟོག་པ་བསལ་བའི་ཕྱིར་དུ་ཡེ་ཤེས་ཀྱི་འཁོར་ལོ་སྒྲུབ་པ་ནི། སྦྱང་བྱ་བྱིས་པ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་གྱུར་པས་དགོངས་པ་གཉིས་སུ་མེད་པར་རོ་མཉམ་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་པའི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་གྱིས་རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཡེ་ཤེས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་བསྒོམས་པ་དང་འདྲ་བའི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་པ་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་དམ་ཚིག་པའི་འཁོར་ལོ་དང་རོ་མཉམ་དུ་འདྲེས། གདོད་ནས་ལུས་དམ་ཚིག །སེམས་ཡེ་ཤེས་སེམས་དཔར་ལྷུན་གྱིས་གྲུབ་པར་བལྟ། དེས་དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤོང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དེ་ཉིད་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ཉིད་ལ་འཇུག་པ་སོགས་ཀྱི་དགོས་པ་ཡོད་ཅིང་ལམ་གོང་མའི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །བཞི་པ་བཞུགས་སུ་གསོལ་བ་ནི། དེ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་བཻཌཱུརྻའི་བྱ་མ་བུམ་ནས་སྦྲེང་བའི་མཆོད་ཡོན་དང་། འདག་ཆལ་དང་ལྡན་པའི་ཆུ་གཙང་གིས་ལྷ་རྣམས་ཀྱི་རྡོ་རྗེའི་ཕྱག་དང་ཞབས་དག་ནི་བཀྲུས་ཏེ་དྲི་མ་བསིལ་བར་བྱས་ནས་ཀྱང་། ཁྲི་རྐང་པད་ཉི་ཟླ་བ་སོགས་གཙོ་འཁོར་སོ་སོ་དང་འཚམས་པས་ཐུགས་དགྱེས་པའི་གདན་བརྗིད་ཅིང་མཛེས་པ་ལ་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་དངོས་གྲུབ་ཀྱི་འབྲས་བུ་མ་ཐོབ་པ་དེ་སྲིད་དུ་བརྟན་ཅིང་གཡོ་བ་མེད་པར་བཞུགས་སུ་གསོལ་ལོ། །ལྔ་པ་ཕྱག་བྱ་བ་ནི། འདི་དང་མཆོད་བསྟོད་རྣམས་ཀྱི་སྦྱང་བྱ་ནི། བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་ནོར་གྱི་བཅད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ན་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་གྱུར་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི་ཕྱག་མཆོད་བསྟོད་པའི་ལས་རིམ་རྣམས་ཏེ། དེས་ལམ་གོང་མའི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །དེ་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་དབྱེར་མེད་པའི་ལྷར་རྟོགས་པ་ཉིད་འདྲེས་པ་ནན་ཏན་གྱི་ཕྱག་ཅེས་བྱ་བ་རྣལ་འབྱོར་མཆོག་གི་ཕྱག་ཡིན་ལ། འཇིག་རྟེན་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཏེ་ཕྱག་མཆོད་ཕུལ་བ་ལ་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རྩེ་བ་བཞིན་རང་གི་སྙིང་ག་སོགས་ལས་རྣམ་པར་སྤྲུལ་པ་རང་གི་རིག་པའི་རང་བཞིན་ལས་གཞན་དུ་མ་གཡོས་པའི་ལྷ་མོ་དཔག་ཏུ་མེད་པས་ཤིན་ཏུ་གུས་པའི་ཚུལ་གྱིས། ཨ་ཏི་བྷུ་ཧོཿཞེས་བརྡའི་ཕྱག་འཚལ་བས་ལྷ་རྣམས་མཉེས་ཏེ་པྲ་ཏི་བྷུ་ཧོཿཞེས་དོན་གྱི་ཕྱག་གི་ལན་བཏབ་པར་མོས། དྲུག་པ་མཆོད་པ་ནི། ལྷ་རྣམས་ཀྱི་སྤྱན་སོགས་གཟུགས་ཅན་དྭངས་པ་ཕྱིའི་དབང་པོ་ལྔ། དེ་ལ་བརྟེན་པའི་རྣམ་ཤེས་ནང་གི་དབང་པོ་ལྔ། དེ་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པར་བཞུགས་པ་གསང་བའི་དབང་པོ་སྟེ་ལོངས་སྤྱོད་པའི་ཡུལ་ཅན་སོ་སོར་དགྱེས་རྒུར་སྐྱེད་པ། ལོངས་སྤྱོད་བྱའི་ཡུལ་ཕྱི་མཆོད་ཞི་བ་ལ་ཐང་སྐྱེས་ཆུ་སྐྱེས་མཛེས་པའི་མེ་ཏོག་སོགས་དང་དྲག་པོ་ལ་དབང་ལྔའི་པུཥྤེ་སོགས་རང་བྱུང་དུར་ཁྲོད་ཀྱི་རྫས་ཏེ་དབང་ཤེས་ཀྱི་ཉེ་བར་སྤྱོད་པ་ལྔ། ནང་མཆོད་ཡིད་དུ་འོང་བའི་གཟུགས་སོགས་བརྡ་དང་། སྙོམས་འཇུག་ལས་བྱུང་བ་དོན་ཏེ་དབང་ཤེས་ཀྱི་སྒོ་ལྔའི་འདོད་པ་ཚིམ་བྱེད་ཀྱི་ཡོན་ཏན་ལྔ། ནང་མཆོད་ཁྱད་པར་དུག་ལྔ་རྣམ་དག་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་མཆོད། འདོད་ཡོན་ཟག་མེད་ཀྱི་བདེ་བས་ཡེ་ཤེས་ཀྱི་སྟོབས་སྐྱེད་པའི་གཏོར་མ། རྒྱུ་དྲུག་ཁམས་གསུམ་གྱི་རྩ་བ་ཆགས་མེད་དམར་ཆེན་གྱི་དྭངས་མར་བསྐྱིལ་བའི་རཀྟ་རྣམས་དང་། གསང་མཆོད་དོན་དབྱིངས་དང་ཡེ་ཤེས་རྟགས་ལྷ་ཚོགས་ཡབ་ཡུམ་མཉམ་པར་སྦྱོར་བའི་ཞུ་བདེ་ཁྱད་པར་ཅན་གྱིས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་རིམ་པ་ལས་སྐྱེས་པའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱིས་ཚིམས་པ་སྦྱོར་མཆོད་དང་། ཐོག་མར་རང་གི་གཉིས་འཛིན་གྱི་རྟོག་ཚོགས་གཉིས་མེད་ཤེས་རབ་ཟབ་མོས་ཆོས་ཀྱི་དབྱིངས་སུ་བཅོམ་ནས། དེ་ལས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་བདག་ལྟའི་ཉེར་ལེན་ལ་བརྟེན་ནས་ལོག་པར་ཞུགས་པའི་དགྲ་བགེགས་མཐའ་དག་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་འཕྲུལ་འཁོར་གྱིས་འཁོར་འདས་རོ་མཉམ་ཀློང་དུ་བསྒྲལ་བའི་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བྱེད་ལས་གསུམ་གདོད་མ་ནས་རྣམ་པར་དག་པས་སྣང་ཤེས་ཐམས་ཅད་སྐུ་དང་ཡེ་ཤེས་ཆེན་པོར་ཟུང་དུ་འཇུག་པར་ཤེས་པ་སྟེ། དེ་ལྟར་ན་དངོས་བཤམས་དང་ཡིད་བྱུང་ཏིང་ངེ་འཛིན་གྱི་རོལ་པས་སྤེལ་པའི་མཆོད་པའི་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་རྒྱས་པར་བཀང་སྟེ་ལྷ་རྣམས་ཀྱི་དབང་པོའི་ཡུལ་དུ་ཕུལ་བས་བདེ་བ་ཆེན་པོའི་ལོངས་སྤྱོད་ལྷག་པར་སྤེལ་བར་བྱའོ། །བདུན་པ་བསྟོད་པ་ནི། ཆོས་ཀྱི་སྐུ་ལས་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་ཞི་ཆགས་ཁྲོ་བོའི་རྣམ་པར་ཤར་བ་དང་། དེ་ལས་གང་འདུལ་སྤྲུལ་པའི་སྐུར་བསྟན་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྔགས་པ་བརྗོད་པ་ཟབ་ཅིང་རྒྱ་ཆེ་བའི་རྡོ་རྗེའི་གླུས་རབ་ཏུ་སྒྲོག་ཅིང་བསྟོད་པས། སྐུ་དང་ཡེ་ཤེས་རྟག་ཅིང་ཁྱབ་པའི་ཕྲིན་ལས་དང་བཅས་པའི་གཟི་བྱིན་ལྷག་པར་འཕེལ་བར་མོས་པ་ཉོན་མོངས་པ་དང་བྲལ་བ་ཆེ་བའི་ང་རྒྱལ་བསྐྱེད་པར་བྱའོ། །ལམ་རིམ་ཉམས་སུ་ལེན་པའི་སྐབས་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པའི་ཞར་བྱུང་དུ་བཟླས་པའི་རྣལ་འབྱོར་འབྱུང་བས། དེའི་སྦྱང་བྱ་ནི། འཁོར་བར་མིང་ཚིག་ཡི་གེའི་ངག་གི་བརྗོད་པ་དུ་མ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་རྣམས་སྦྱོང་ཞིང་། སྦྱངས་འབྲས་ནི་སངས་རྒྱས་ནས་གདུལ་བྱ་ལ་ཆོས་འཁོར་བསྐོར་བ་སོགས་གསུང་རྡོ་རྗེའི་ཕྲིན་ལས་ཀྱིས་དོན་མཛད་པའི་རྟེན་འབྲེལ་སྒྲིག །ལམ་གོང་མའི་སྐབས་སུ་རྩ་རླུང་དབྱངས་གསལ་གྱི་ཡི་གེར་སྨིན་པ་དང་། སྲོག་ཐུར་འདྲེས་ཤིང་བདེ་གསལ་མི་རྟོག་པར་འཆར་བའི་སྨིན་བྱེད་དུ་འགྲོ། སྦྱོང་བྱེད་ནི་ངག་བཟླས་ཡིད་བཟླས་རྡོར་བཟླས་མཁའ་ཁྱབ་ཀྱི་བཟླས་པ་སོགས་དང་འབྲེལ་བའི་ཏིང་ངེ་འཛིན་ཇི་སྙེད་པ་རྣམས་སོ། །རྩ་བའི་ས་བཅད་གསུམ་པ་སྒྲུབ་ཐབས་རྗེས་ཀྱི་བྱ་བ་རྣམས་དཀྱུས་གཅིག་ཏུ་བཤད་པ་ནི། ཏིང་འཛིན་སྒོམ་པའི་ ནས་ དགེ་ལེགས་སྤེལ༔ ཞེས་པའི་བར་གྱི་བསྟན་ཏེ། དེ་ལྟར་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དེ་དག་བསྒོམས་ཟིན་པའི་རྗེས་ཀྱི་བྱ་བ་ཡང་ནི་བཅུ་གསུམ་སྟེ། དང་པོ་གཏོར་མ་འབུལ་བ་ནི། དགོས་པ་ནི། གཟུགས་ཅན་གཟུགས་མེད་ཀྱི་བར་གཅོད་ཐམས་ཅད་བསལ་ཞིང་ཚོགས་རྣམ་པ་གཉིས་རྫོགས་པ་ལས་དངོས་གྲུབ་རྣམ་པ་གཉིས་ཀྱི་སྟོབས་སྤེལ་བར་བྱེད་དེ། བརྟག་གཉིས་ལས། སེམས་ཅན་ཀུན་གྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཅེས་པས་མཚོན་གསར་རྙིང་གི་རྒྱུད་དང་མན་ངག་ལས་མང་དུ་གསུངས་པའི་ཕྱིར། དུས་རྣལ་འབྱོར་ལས་ལྡང་བའི་ཐུན་མཚམས་ཀུན་ཏུ་གཏང་བར་བྱ་ཞིང་ཁྱད་པར་བླ་མེད་ནང་གི་གཏོར་མ་ནི་སྲོད་ཀྱི་དུས་སུ་ལྷག་པར་བསྔགས་སོ། །གཏོར་མའི་ངོ་བོ་ནི། ཇི་སྐད་དུ། གཏོར་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་རིག་པའི་ཡེ་ཤེས་ཡིན། །ཞེས་པ་ལྟར་དབྱིངས་ཡེ་གཉིས་སུ་མེད་པའོ། །ངེས་ཚིག་ནི། བ་ལའི་སྒྲ་ལས་ཕུང་པོ་ལྔ་དང་འབྱུང་བ་བཞི་རྣམས་ཀྱི་སྟོབས་སྐྱེད་པའོ། །དབྱེ་བ་ནི། ཕྱི་རྫས། ནང་ཕུང་པོ། གསང་བ་བྱང་སེམས། ཡང་གསང་དེ་ཁོ་ན་ཉིད་ཀྱི་གཏོར་མ་བཞི། དེ་རེ་རེ་ལའང་རྣམ་དབྱེ་མང་བ་ལས་འདིར་ཕྱིའི་གཏོར་མ་གཙོ་བོར་བསྟན། དེ་ལའང་རྟེན་གཏོར་རྟག་གཏོར་འཛིན་གཏོར་རྒྱུན་གཏོར་འཕྲལ་གཏོར་སོགས་ཡོད་པ་ལས། འདིར་ཐུན་མཚམས་སུ་འཕྲལ་དུ་བཏང་བའི་གཏོར་མའི་མཆོད་པ་སྟེ། གཏོར་རྫས་རིན་པོ་ཆེ་དང་པདྨ་བྷཉྫའི་སྣོད་དུ་ཁ་ཟས་བཟང་རྒུ་སྤུངས་པའམ་ཡུལ་ལུགས་བཤམས་པའི་དབྱིབས་འདས་མ་འདས་ཚན་དུ་བཅོས་པ་ལ་བཟའ་བཏུང་དང་བཅས་པ། ཡུལ་འཇིག་རྟེན་ལས་འདས་པ་རྩ་གསུམ་དམ་ཅན་རྣམས་དང་འཇིག་རྟེན་པ་སྲིད་གསུམ་འབྱུང་པོའི་ཚོགས་རྣམས་ལ་འབུལ་ལོ། །གཉིས་པ་ཚོགས་ཀྱི་འཁོར་ལོས་མཆོད་པ་ལ། ངོ་བོ་ནི། ཐབས་ཤེས་དབྱེར་མེད་ཀྱི་ཀུན་སྤྱོད་ཁྱད་པར་ཅན་ཡིན་ལ། ངེས་ཚིག་ག་ཎ་ཙཀྲའི་སྒྲ་ལས། བདེ་བ་ཆེན་པོའི་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པར་བྱེད་པའོ། །དབྱེ་ན། སྐལ་ལྡན་མིའི་ཚོགས། དགྱེས་ལྡན་ཡོ་བྱད་མཆོག་གི་ཚོགས། དངོས་གྲུབ་ལྷའི་ཚོགས་དང་། ཚོགས་ཆེན་པོ་བསོད་ནམས་ཡེ་ཤེས་དང་བཅས་བཞིར་གསུངས་ལ། དེ་དག་ཀྱང་རིམ་བཞིན། ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དམ་པ་འདུས་པ་དང་། ཁྱད་པར་ཡོ་བྱད་ལྔ་ལ་སོགས་པ་ཚང་བ་དང་། དངོས་གྲུབ་ཀྱི་རྟེན་ཏུ་གཟུགས་བརྙན་བཀོད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྲུང་མ་བཅས་བསྒོམ་པ་དང་། སྣང་ལ་མ་འགགས་པར་སྤྱད་པས་བསོད་ནམས་དང་སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། །དེ་དག་གི་ལས་ཀྱི་རིམ་པ་ནི། སྤྱིར་ལས་རྒྱ་ལ་བརྟེན་པའི་ཚོགས་འཁོར་མཚན་ཉིད་པ་ལ་གང་དུ་འཚོགས་པའི་གནས་དུར་ཁྲོད་སོགས་དབེན་པའི་གནས་སུ་སྐོར་ཁང་རིམ་པ་གསུམ་པ་བརྩེགས་ལ། གང་གི་ཚེ་འཚོགས་པའི་དུས་སྤྱི་དང་ཁྱད་པར་བ་རྣམས་དང་། ཇི་ལྟར་བྱ་བའི་ཁྱད་པར་བརྡ་དང་བརྡའི་ལེན་བྱ་བ་སོགས་ཕྲིན་ལས་ཀྱི་ཁ་སྐོང་བའི་ཚོགས་མཆོད་ཉི་ཚེ་བ་ཙམ་ལ་མི་འགྲུབ་པས་མ་སྨོས་ཤིང་གང་ལའང་རྣལ་འབྱོར་ཕོ་མོ་ལྷའི་ཏིང་ངེ་འཛིན་ལ་གནས་པས་ཐབས་ཤེས་ཀྱི་རྫས་རྣམས་དམ་ཡེ་གཉིས་མེད་ཀྱི་བདུད་རྩིར་བྱིན་བརླབ། དམ་ཚིག་གི་རྫས་རྣམས་ལས་ཕྱི་ཉེར་སྤྱོད་ནང་འདོད་ཡོན་གསང་བ་རིག་མའི་ཚོགས་དཔག་ཏུ་མེད་པར་སྤྲུལ་པ་དང་། ཐམས་ཅད་ཀྱང་ཀ་དག་རྩོལ་བྲལ་གདོད་མའི་གཞི་ལ་ངང་གིས་རྫོགས་པ་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་ཕྱི་ལྟར་དཀྱིལ་འཁོར་བ་རྣམས་མཆོད་པས་བསྒྲུབ་བྱའི་ལྷ་མཉེས་ཤིང་སྒྲུབ་པ་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བར་བྱེད། ཚོགས་གྲལ་དུ་འཐབ་རྩོད་ཀུ་ཅོ་ཐ་མལ་གྱི་བདེན་ཞེན་སྤངས་ཏེ་བདུད་རྩིའི་མཆོད་རྫས་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་ནང་གི་ལྷ་ཚོགས་ཐམས་ཅད་མཆོད་པར་བསམས་པས་ནང་ལྟར་རྣལ་འབྱོར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་མཆོད། སྨིན་སློབ་སྤྲོས་བཅས་ལ་ནུབ་ཐ་མའི་ནམ་གུང་གི་དུས་སུ་ཏ་ནའི་མཛད་སྤྱོད་རྨད་དུ་བྱུང་བ་ལ་སྦྱོར་ཏེ། དེའང་བསྒྲལ་བྱའི་ཞིང་རྟོགས་པས་བསྒྲལ་བྱ་གཉིས་འཛིན་གྱི་ཞེན་རྟོག་དང་སྙིང་རྗེས་བསྒྲལ་བྱ་ཞིང་བཅུ། སྒྲོལ་བྱེད་སློབ་དཔོན་ཡང་རང་བཞིན་གྱིས་སྒྲོལ་བའི་ལྟ་བ། ཏིང་ངེ་འཛིན་གྱིས་སྒྲོལ་བའི་ཉམས། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ། ཐབས་ཆེན་པོས་སྒྲོལ་བའི་སྔོན་བྱུང་གི་རྗེས་སུ་འཇུག་པའི་གདམས་ངག །མངོན་དུ་ཕྱུང་བས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པ་དང་། བསྒྲལ་བྱ་འཛིན་པ། སྒྲོལ་བ། སྟོབ་པ་ལ་མཁས་པའི་ཀིང་ཀ་ར་གསུམ་ཚོགས་པ་རྣམས་ཀྱིས་སྒྲོལ་བ་ལམ་དུ་ལོངས། རྣལ་འབྱོར་ཕོ་མོ་འཁྲིག་པའི་ཀུན་སྤྱོད་ཀྱིས་སྙོམས་པར་ཞུགས་པས་སྔར་གྱི་ཚོགས་ཞིང་གི་ལྷ་རྣམས་ཀྱང་འདོད་ཆགས་ཆེན་པོས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས་རང་ལ་རོ་གཅིག་ཏུ་ཐིམ་ཞིང་། རེག་པའི་བདེ་བ་ས་དང་། གཤེར་བ་ཆུ་སོགས་ལུགས་ལྡོག་གི་འབྱུང་ལྔའི་རིམ་པས་རིན་ཆེན་མཁའ་འགྲོ་ལ་སོགས་པ་རིགས་ལྔའི་བདེ་བ་སྐྱེད་ཅིང་། ལུགས་འབྱུང་གི་དགའ་བཞི་མྱོང་བའི་མཐར་རླུང་སྦྱོར་གྱིས་ཁམས་འཛག་མེད་དུ་བཟུང་བ་ལྡོག་ཁྱབ་བསྲེ་བའི་སྦྱོར་བས་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའི་མཚོན་རིམ་གྱི་དཔེས་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་མཉམ་པ་ལ་ཡང་དག་པར་སྦྱར་བས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་གསང་བའི་བསྲེག་བླུགས་ཀྱིས་མཉེས་པར་བསམས་པས་གསང་བ་རྩ་ཁམས་ཀྱི་ལྷ་རྣམས་མཉེས་ཏེ་སྦྱོར་བ་ཚད་དུ་ཕྱིན། ཡུལ་སྟོང་པ་ཉིད་དང་། ཡུལ་ཅན་རང་རིག་ཟུང་དུ་འཇུག་པས་འཁོར་འདས་གདོད་ནས་དཀྱིལ་འཁོར་དུ་གྲུབ་པ་ཉིད་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བསམས་པས་ཡང་གསང་མཆོག་གི་ཚོགས་འཁོར་མཐར་ཕྱིན་ནོ། །མོས་སློབ་འདྲ་འབག་གི་ཚེ་གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། །ཅེས་པ་ལྟར་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད། བར་པ་བདུད་རྩིར་བརླབས་ལ་བཤགས། ཐ་མར་གསང་བ་ལ་འཁུ་བའི་དགྲ་བགེགས་འགུགས་བསྒྲལ་བསྟབས་ནས་ཚོགས་རྫས་ནང་གི་བསྲེག་བླུགས་སུ་ལོངས་སྤྱད་ལ་སློབ་དཔོན་གྱིས་གནང་བ་ཐོབ་ན་རྡོ་རྗེའི་གླུ་དང་གར་ལ་སོགས་པའང་བྱ། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ་བདུད་རྩིར་སྦར་བས་མར་གྱི་གནས་བདུན་སོགས་ལྷག་མའི་དམ་ཚིག་ཏུ་གཏོགས་པ་རྣམས་ལ་བསྔོས་ཏེ། སྒྲུབ་ཁང་ནས་གོམ་པ་བདུན་ཅུ་བོར་བ་ནི་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ལོ། །དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་དེར་འདུས་པ་ཐམས་ཅད་དཔལ་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་དངོས་གྲུབ་ཆེན་པོ་དུས་དེ་ཉིད་དུ་འཐོབ་པར་འགྱུར་ལ། རྗེས་མཐུན་པས་ཀྱང་རིམ་གྱིས་དེ་ལྟར་འཐོབ་པའི་སྐལ་བ་ཅན་ཏུ་འགྱུར་བ་སོགས་ཕན་ཡོན་ཆེ་སྟེ། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་སོ། །གསུམ་པ་ཐུགས་དམ་བསྐུལ་བ་ནི། བརྟན་གཡོ་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་ལྷ་ལ་བསྐུལ་དང་མ་བསྐུལ་བས་བསྙེན་བསྲིང་སྟེ་ཉེ་རིང་མི་མངའ་ཡང་། འཁོར་བར་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་རྣམས་ཀྱི་དོན་མཛད་པའི་ཕྱིར་དུ་སྔོན་ཇི་ལྟར་ཐུགས་དམ་བཅས་པའི་ཐ་ཚིག་གི་གནད་ནས་སྨོས་ཏེ་གདུང་ཤུགས་དྲག་པོ་དང་གསང་བའི་རྔེའུ་ཆུང་སོགས་ཀྱི་སྒྲས་བསྐུལ་ལོ། །བཞི་པ་ཆད་ཐོ་བསྒྲགས་པ་ནི། འཇིག་རྟེན་རང་རྒྱུད་པའི་ཚུལ་དུ་སྟོན་ཅིང་སྟོན་པའི་བསྟན་པ་དང་ཁྱད་པར་བླ་མེད་རྡོ་རྗེ་ཐེག་པ་སྲུང་བའི་གཉེར་ཁ་དང་ལྡན་པ་ཕོ་རྒྱུད་མོ་རྒྱུད་མ་ནིང་སྟེ་རྒྱུད་གསུམ་གྱིས་བསྡུས་པའི་ཆོས་སྐྱོང་དམ་ཚིག་ཅན་ཅི་བསྒོ་བའི་བཀའ་ཉན་པ་རྣམས་ལ་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསྔོས་ཏེ། སྔོན་བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་ཀྱིས་ཇི་ལྟར་བསྒོས་པ་ལས་མི་གཡེལ་བའི་ཐ་ཚིག་བསྒྲག་ཅིང་ཕྲིན་ལས་བཞི་སོགས་ཇི་ལྟར་འདོད་པའི་ལས་ཀྱི་གཉེར་བྱང་བཅོལ་དམ་དུ་གཏད་པར་བྱའོ། །ལྔ་པ་བརྟན་མ་སྐྱོང་བ་ནི། དགོས་པ་ཁྱད་པར་ཅན་དུ་གྱུར་པ་སྔོན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བོད་ཁམས་ལ་མཐའ་དམག་ཆོས་མིན་གྱི་ཉེར་འཚེ་མི་འབྱུང་བའི་སླད་དུ་ཕྱོགས་བཞིའི་སོ་ཁ་སྲུང་བར་བཀའ་བསྒོས་པའི་ཕྲིན་ལས་རྟག་ཏུ་མཛད་པའི་ཕྱིར། ཆེ་ཞེ་སྟེ་མ་སྲིང་གི་ཚུལ་དུ་བརྩེ་ཞིང་གདུང་བའི་སེམས་ལྡན་བདུད་མོ་གནོད་སྦྱིན་སྨན་མོའི་རིགས་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་སྲུང་མའི་གཏོར་གཞོང་བཤལ་བའི་ཆུ་བདུད་རྩིར་བརླབས་པ་ལས་ཀྱི་བརྔན་པར་སྦྱིན། །དྲུག་པ་རོལ་པའི་བྲོ་བརྡུང་བ་ནི། ཕྲིན་ལས་རྣམ་པ་བཞིའི་བྱ་བ་བསྒྲུབས་ཟིན་པ་དེ་རྣམས་ཞི་བ་ལ་མ་ཞི་བ་སོགས་ལྡོག་ཕྱོགས་སུ་གསོར་མི་རུང་བར་བྱེད་པའི་མཐའ་སྡུད་ཀྱི་ཕྲིན་ལས་ནི། ཞི་རྒྱས་དབང་དྲག་རྣམ་པ་བཞི་ལ་རིམ་བཞིན་སྣང་སྲིད་ཐམས་ཅད་བཛྲ་རཏྣ་པདྨ་ཧེ་རུ་ཀའི་དལ་དུ་གསལ་ནས་ལས་བཞིའི་དབྱིབས་དང་མཐུན་པའི་བྲོ་ར་བསྐོར་ཏེ་རྡོ་རྗེའི་རྟ་སྐད་ཀྱི་དགོངས་པ་ལྡན་པས་བྲོ་བརྡུང་ངོ་། །བདུན་པ་དངོས་གྲུབ་བསྐུལ་བ་ནི། བསྒྲུབ་བྱ་ཡེ་ཤེས་ལྷའི་དཀྱིལ་འཁོར་ལ་མཚན་ལྡན་གྱི་ཐོད་པར་ཛ་གད་དང་གསོལ་བྱང་བཅུག་པ་སོགས་བཀྲ་ཤིས་པའི་རྫས་ལ་བརྟེན་ཏེ་ཐུན་མོང་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། ཐུན་མིན་སྐུ་དང་ཡེ་ཤེས་མཆོག་ཉིད་ཀྱི་དངོས་གྲུབ་མྱུར་བ་ཉིད་དུ་སྩོལ་བའི་གསོལ་བ་ཁྱད་པར་དུ་བཏབ་སྟེ། དེའང་སྒྲུབ་པའི་སྐབས་སུ་ལྟས་བཟང་བྱུང་ན་དེ་མ་ཐག་ཏུ་དངོས་གྲུབ་མ་བླངས་ན་ཡལ་བའི་ཉེན་ཡོད་པས་དེ་ལྟར་ལེན་པ་ལ་རྒྱུན་གྱི་དངོས་གྲུབ་བླང་བ་ཞེས་གྲགས་པ་དང་། སྒྲུབ་པ་མཐར་ཕྱིན་པའི་ཐོ་རངས་སྐྱ་རེངས་ཤར་བའི་དུས་སུ་ལྷག་པར་ཏེ་ངེས་པ་ཁོ་ནར་དངོས་གྲུབ་བླང་བའི་ཆོ་ག་བྱའོ། །བརྒྱད་པ་གཏང་རག་འབུལ་བ་ནི། བསྒྲུབ་བྱའི་དཀྱིལ་འཁོར་པ་རྣམས་ཀྱིས་དམིགས་པ་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་དགོངས་ཏེ་བདག་ཅག་གི་དང་པོར་བསྙེན་པ་དང་ཉེ་བསྙེན་གྱི་དུས་ན་ཐུགས་ཉེ་བར་མཛད། སྒྲུབ་པ་དང་སྒྲུབ་ཆེན་གྱི་དུས་སུ་ཇི་ལྟར་འདོད་པའི་དོན་ཐམས་ཅད་བསྒྲུབས་པར་མཛད་པའི་བཀའ་དྲིན་རྗེས་སུ་གསོབ་པའི་ཕྱིར་དུ་ཕྱི་ནང་གི་མཆོད་པ་ཇི་སྙེད་པས་མཆོད་ཅིང་ཆེ་བའི་ཡོན་ཏན་ལ་གུས་པ་ཆེན་པོས་བསྔགས་ཤིང་བསྟོད་པས་ལས་སྒྲུབ་པའི་གཏང་རག་དག་ཀྱང་དབུལ་ལོ། །དགུ་པ་ནོངས་བཤགས་ནི། བསྙེན་སྒྲུབ་ཀྱི་དུས་སུ་ཆོ་ག་ཏིང་ངེ་འཛིན་གྱི་རིམ་པས་རྟེན་སྒྲུབ་མཆོད་པའི་རྫས་སོགས་དགོས་པའི་ཡོ་བྱད་རྣམས་ལ་གཞུང་ལས་མ་གསུངས་པའི་ལྷག་པ་དང་གཞུང་མཐུན་མ་ཚང་བས་ཆད་པ་དང་ཆོ་གའི་ཡན་ལག་བཟླས་བརྗོད་ཀྱི་ཚུལ་སོགས་གཞུང་དང་མི་མཐུན་ཅིང་ཡོ་བྱད་མ་དག་པས་ཉམས་པ་སྟེ། མདོར་ན་ཉེས་པའི་རྒྱུ་བཞིས་ནོངས་པར་གྱུར་པ་རྣམས་ཀྱིས་འཕྲལ་ཡུན་གྱི་དངོས་གྲུབ་ལ་སྒྲིབ་པར་བྱེད་པས། སེམས་གནོང་ཞིང་འགྱོད་པའི་ངང་ཚུལ་ལུས་ཀྱིས་ཕྱག་དང་ངག་གིས་གསོང་པོར་སྨྲ་བས་མཐོལ་པའི་སྨྲེ་སྔགས་དང་རྡོར་སེམས་ཡིག་བརྒྱ་བཟླས་པ་རབ་ཏུ་བཤགས་ཏེ་སོར་ཆུད་པར་བྱའོ། །བཅུ་པ་བསྡུ་རིམ་ནི། དགོས་ཆེད་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཁྲུལ་སྣང་རྟག་པར་ལྟ་བའི་མཐའ་ལ་ཞེན་པ་ཡོད་པས་དེ་སྦྱོང་བའི་ཕྱིར་ཡིན་ལ། སྡུད་ཚུལ་སྔར་བསྒོམས་པའི་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷའི་འཁོར་ལོར་སྣང་བ་ཀུན་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་རིམ་པར་བསྡུས་ཏེ། མཐར་ས་བོན་དང་ནཱ་ད་ཤིན་ཏུ་ཕྲ་བའི་བར་དང་དེའང་འོད་གསལ་སྟོང་པ་ཉིད་གདོད་གནས་རང་བྱུང་གི་ཐིག་ལེ་ཆེན་པོ་སྤྲོས་པ་མཐའ་དག་བྲལ་བའི་དབྱིངས་སུ་བསྡུས་ལ་ཅི་གནས་སུ་མཉམ་པར་བཞག་གོ །བཅུ་གཅིག་པ་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི། སྟོང་ཉིད་ཁོ་ནར་སྙོམས་པར་འཇུག་པ་ནི་ཆད་པའི་མཐའ་ཡིན་པས་དེ་བསལ་བའི་སླད་དུ་སླར་ཡང་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེའི་རང་རྩལ་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷའི་སྐུ་རང་བྱུང་གཉུག་མའི་ཚུལ་ཅན་དུ་ལམ་གྱིས་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རྒྱས་གདབ་ཅིང་། གཟུགས་སྣང་སྒྲ་གྲགས་སེམས་ཀྱི་རྟོག་ཚོགས་ཐམས་ཅད་ཡི་དམ་གྱི་ལྷ་དང་དེའི་སྔགས་ཀྱི་སྒྲ་དང་གནས་ལུགས་ཆོས་ཀྱི་སྐུར་ཤེས་པས་སྤྱོད་ལམ་ལ་འཇུག་གོ །འདི་དག་གི་སྦྱང་བྱ་ནི། བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པ་སྟེ། སྣོད་བཅུད་སྲུང་འཁོར་ལ་བསྡུས་པ་ནི་གཟུགས་སོགས་སྣང་བ་ཐིམ་པ་དང་། སྲུང་འཁོར་ནས་སྙིང་པོའི་ཕོ་བྲང་གི་ལྟེ་བའི་བར་བསྡུ་བ་ནི་ས་ཆུ་ལ་ཐིམ་པ་སོགས་རགས་པ་ཐིམ་པ། འཁོར་རྣམས་རིམ་པར་གཙོ་བོ་ལ་ཐིམ་པ་སྣང་བ། ཡུམ་ཡབ་དང་དེ་ཡེ་ཤེས་སེམས་དཔའ་ལ་ཐིམ་པ་མཆེད་པ། ཡེ་ཤེས་སེམས་དཔའ་ས་བོན་ལ་ཐིམ་པ་ཐོབ་པ། དེ་གྱེན་རྫོགས་ཀྱིས་ནཱ་དའང་བསྡུས་པ་ཉེར་ཐོབ་སྟེ་འཆི་བའི་འོད་གསལ་དང་། དེ་ལས་ལྷར་ལྡང་བ་བར་དོ་སྦྱོང་ཞིང་། སྦྱངས་འབྲས་ནི། སངས་རྒྱས་གཟུགས་ཀྱི་སྐུའི་སྣང་བ་ནི་ཆོས་སྐུའི་ཕྲིན་ལས་ཡིན་ཞིང་། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེར་ཐིམ་པ་དང་། དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པས་ན་དེ་ལས་ལྡང་བ་མཚོན་ནོ། །ལམ་གོང་མའི་དུས་སུ་དབང་བཞི་པའི་ཉམས་ལེན་སྣོད་བཅུད་འོད་གསལ་དུ་བཅུག་ནས་སླར་ཡང་ཟུང་འཇུག་གི་སྐུར་ལྡང་ནུས་སུ་སྒྲུབ་པའི་རྒྱུར་འགྲོ་བས་སྨིན་བྱེད་དོ། །བཅུ་གཉིས་པ་བསྔོ་སྨོན་ནི། དེ་ལྟར་ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་བླ་ན་མེད་པའི་དགེ་བ་ཚོགས་གཉིས་ཟུང་འབྲེལ་དུ་བསྒྲུབས་པས་མཚོན། དུས་གསུམ་གྱི་དགེ་རྩ་ཐམས་ཅད་འགྱོད་པ་སོགས་ཀྱིས་ནམ་ཡང་མི་ཟད་པར་ཉིན་རེ་བཞིན་གོང་ནས་གོང་དུ་འགྱུར་ཁྱད་ཆེན་པོས་འཕེལ་བ་དང་། སེམས་དང་པོར་བསྐྱེད་པ་ནས་བརྩམས་ལམ་སྒྲུབ་པ་ཐམས་ཅད་ཀྱི་འབྲས་བུ་རྒྱ་ཆེར་སྨིན་ཅིང་མཐར་དབྱུང་བ་ལ་མཆོག་ཏུ་བསྔགས་པ། འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་དངོས་སམ་རྗེས་མཐུན་པས་རྒྱས་བཏབ་ཅིང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གྱི་ཚུལ་ལས་འབྱུང་བའི་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱང་གདབ་པས་ལས་བྱས་པ་དོན་ཆེན་པོ་དང་ལྡན་པར་འགྱུར་རོ། །བཅུ་གསུམ་པ་ཤིས་བརྗོད་ནི། དེ་དག་གི་མཐར་ཕྱོགས་དུས་རྒྱལ་བ་སྲས་བཅས་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡ་ར་བའི་ཆར་ཆེན་འབེབས་པར་བསམ་ལ་རང་ཉིད་ཀྱང་དེ་དང་མཐུན་པའི་ཤིས་བརྗོད་དབྱངས་རོལ་མེ་ཏོག་འཐོར་བ་སོགས་བྱ་སྟེ། ཕྱོགས་བཅུ་དུས་བཞི་གནས་སྐབས་ཇི་ལྟ་བུར་སྤྱོད་ཀྱང་ཀུན་ཏུ་མི་མཐུན་པའི་མིང་ཡང་མི་གྲགས་ཤིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་དགེ་མཚན་དང་ལེགས་པའི་དཔལ་འབྱོར་གོང་འཕེལ་དུ་སྤེལ་བར་བྱའོ། །ཕྲིན་ལས་ཀྱི་རིམ་པ་དེ་དག་ཀྱང་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཏེ། ཇི་སྐད་དུ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་པ་ལས་སྔགས་ཚིག་ཏིང་ངེ་འཛིན་གསུམ་ནི་ཐམས་ཅད་དུ་འབྲེལ་དགོས་ཤིང་མཆོད་པ་སོགས་ལ་ཕྱག་རྒྱའང་དགོས་པ་ཡིན་ནོ། །གཉིས་པ་དེ་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་གཉིས། གང་གིས་སྒྲུབ་པའི་གང་ཟག་ཐུན་མོང་དུ་བཤད་པ། གང་སྒྲུབ་པའི་ཕྲིན་ལས་སོ་སོར་ཕྱེ་སྟེ་བཤད་པའོ། །དང་པོ་ནི། གཞན་ཡང་ལམ་གྱི་སོགས་རྐང་པ་གཅིག་གསུངས་ཏེ། རྩ་བའི་སྒྲུབ་ཐབས་བསྟན་ཟིན་ནས་ཉེ་བར་མཁོ་བའི་ཕྲིན་ལས་རབ་འབྱམས་ཀྱི་ནང་ནས་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་གཙོ་བོར་གྱུར་པ། གཞན་ཡང་ཇི་ལྟར་སྒྲུབ་པའི་ཚུལ་བསྟན་པར་བྱ་སྟེ། ལས་དེ་དག་གང་ཟག་གང་གིས་སྒྲུབ་ན་སྤྱིར་དེ་ཉིད་བཅུ་དང་ལྡན་པས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་བ་དང་ཁྱད་པར་རིམ་པ་གཉིས་ཀྱི་ལམ་ཚུལ་བཞིན་ཉམས་སུ་བླངས་པས་ཕྱི་ནང་གསང་བའི་དྲོད་དང་རྟགས་ཚད་ཐོབ་པའི་རྣལ་འབྱོར་པས་བསྒྲུབ་པར་བྱ་བ་ཡིན་ཏེ། རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་པ་ལྟར་རོ། །གཉིས་པ་ལ་བདུན། རབ་གནས། སྦྱིན་སྲེག །བཅུད་ལེན། གནས་ལུང་། རྗེས་བཟུང་དང་ཚར་གཅོད་ཀྱི་ཕྲིན་ལས། བམ་སྒྲུབ། བདུད་རྩིའི་སྒྲུབ་པའོ། །དང་པོ་ལ་གཉིས། དགོས་པ་བསྟན་ཏེ་མཚམས་སྦྱར་བ། རབ་ཏུ་གནས་པའི་ཆོ་ག་དངོས་སོ། །དང་པོ་ནི། འཇིག་རྟེན་ ནས་ གནས་པ་ནི༔ ཞེས་གསུངས་ཏེ། དེའང་རྟེན་ལ་རབ་གནས་བྱེད་པའི་དགོས་པ་ནི། རྟེན་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ན་མི་ཤིས་ཤིང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ལ་དེ་དག་ཚུལ་བཞིན་བྱས་ན་རྟེན་དེ་ལ་མཆོད་པས་དཀོན་མཆོག་གསུམ་དངོས་ལ་མཆོད་པའི་བསོད་ནམས་ཐོབ་ཅིང་གཞན་རྒྱུད་བྱིན་གྱིས་རློབ་ནུས་པར་འགྱུར་ཏེ། གསང་སྙིང་ལས། ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོ། །དེ་ཡི་མཐུ་ལས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་འབྱུང་བར་འགྱུར་ཏེ། རྔམ་གློག་ལས། རབ་གནས་ཆོ་ག་ཡང་དག་བྱ། །བཀྲ་ཤིས་དཔལ་དང་བདེ་ལེགས་བྱེད། །ཅེས་པས་མཚོན་རྒྱུད་ལུང་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ངོ་བོ་ནི། རྒྱལ་བའི་ཕྲིན་ལས་སྤྲུལ་པའི་གཟུགས་བརྙན་དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཀྱི་གསང་གསུམ་ཡོན་ཏན་མཐའ་དག་བསྟིམ་ཞིང་དབྱེར་མེད་པར་དགེ་ཞིང་བཀྲ་ཤིས་པའི་རང་བཞིན་དུ་བྱེད་པ་སྟེ། གལ་པོ་ལས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་སོ། །ངེས་ཚིག་ནི། སུ་པྲ་ཏིཥྛའི་སྒྲ་ལས། རྟེན་ཉིད་ལྷག་པར་ཡེ་ཤེས་པའི་ངོ་བོར་ཡུན་རིང་པོར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་སྟེ་དེའི་ཚུལ་ནི་འདི་ལྟར་རོ། །གཉིས་པ་ལ་གསུམ། གང་ལ་རབ་ཏུ་གནས་པའི་ཡུལ། གང་གིས་རབ་ཏུ་གནས་པའི་ཚུལ། ཇི་ལྟར་རབ་ཏུ་གནས་པའི་བྱ་བའོ། །དང་པོ་ནི། མཚན་ཉིད་སོགས་རྐང་པ་གཅིག་སྟེ། རབ་ཏུ་གནས་བྱའི་རྟེན་རྒྱུད་དང་མཁས་པས་བཤད་པའི་ཆ་ཚད་དང་ལྷ་སོ་སོའི་རྒྱན་དང་རྣམ་འགྱུར་ཚུལ་བཞིན་ལྡན་པ་དང་། དམ་ཚིག་གི་གླེགས་བམ་རྒྱུད་བཞིན་བྲིས་པ་སོགས་སོ་སོའི་མཚན་ཉིད་ཚུལ་བཞིན་རྫོགས་ཤིང་བཟོ་འཕྲོ་ལུས་པ་མ་ཡིན་པ་བྱ་བ་མཐར་ཕྱིན་པའི་སྐུ་གསུང་ཐུགས་ཀྱི་རྟེན་གཙོ་བོར་གྱུར་པ་རྣམས་ནི། ཇི་སྐད་དུ། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པ་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། གནས་དུས་སོགས་རྐང་པ་གཅིག་སྟེ། གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བ་སྟེ། གལ་པོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོ། །དུས་ནི་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་སོ། །ཡོ་བྱད་དཀྱིལ་འཁོར་སྒྲུབ་མཆོད་ལ་དགོས་པ་རྣམས་དང་རྫས་སུམ་ཅུ་སོགས་དང་ལྡན་པའི་ཁྲུས་བུམ་འདག་ཆལ་གོས་ཟུང་མངའ་དབུལ་སྤྱི་དང་བྱེ་བྲག་གཟུངས་བུམ་མེ་ཏོག་བཟང་པོ་ལ་སོགས་པ། བྱེད་པ་པོ་སྟོན་པ་རྡོ་རྗེ་སློབ་དཔོན་དེ་ཉིད་བཅུ་ལྡན། འཁོར་དམ་ཚིག་དང་སྡོམ་པས་རྒྱུད་དག་ཅིང་ཆོ་གའི་བྱ་བ་སོ་སོ་ལ་མཁས་པ་སྟེ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་རབ་ཏུ་གནས་པའི་ཆོ་ག་བརྩམ་པར་བྱའོ། །གསུམ་པ་ནི། བགེགས་དང་ ནས་ བདེན་ཚིག་བརྗོད༔ ཅེས་གསུངས་ཏེ། ཐོག་མར་གང་ལ་བརྟེན་པའི་བདག་གི་རྣལ་འབྱོར་དཀྱིལ་འཁོར་སྒྲུབ་མཆོད་ལྷ་བུམ་ཁྲུས་བུམ་བསྒྲུབ་པ་སོགས་བྱས་ནས། རབ་གནས་དངོས་ལ་དོན་ཚན་བཅུ་གཅིག་ཡོད་པའི་དང་པོ་བར་གཅོད་ཀྱི་བགེགས་རྣམས་ལ་གཏོར་མ་སྦྱིན་ཏེ་ཞི་བས་སྦྱང་བ་དང་། རྫས་ཞི་བ་དང་སྔགས་དྲག་པོ་སྟེ་ཕྱེད་མས་སྦྱང་བ་དང་། རྡོ་རྗེའི་ཁྲོ་བོའི་སྙེམས་པས་སྤྲུལ་པའི་ཕོ་ཉ་དང་བཅས་པས་བསྡིགས་ཤིང་ཚར་གཅོད་པ་དྲག་པོའི་སྒོ་ནས་སྦྱངས་ཏེ་བསལ་བའི་རྗེས་འབྲེལ་དུ་ཟན་ཆང་སོགས་རྫས་བཞི་སྔགས་དང་བཅས་པས་མི་ཤིས་པ་སྦྱང་བ་དང་། ཏིལ་དང་མེ་ཆུའི་སྦྱོར་བས་སྡིག་པ་སྦྱང་། སྦྱང་གཞི་རྟེན་དེ་ལ་སྦྱང་བྱ་བཟོ་བོ་ལ་སོགས་པའི་མི་གཙང་བའི་དྲི་མ་སྦྱོང་བྱེད་བུམ་ཆུ་བདུད་རྩིར་བསྒྲུབས་པ་དང་། སྦྱོང་བ་པོ་སློབ་དཔོན་རྗེས་འབྲང་དང་བཅས་པས། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་བྱེད་པ་ནི་ཉེས་ཚོགས་བསལ་བའི་ཆོ་གའོ། །གཉིས་པ་མཁའ་མཉམ་ཕ་མ་སེམས་ཅན་མ་བརྒལ་པ་རྣམས་བསྒྲལ་ཞིང་མ་གྲོལ་བ་དགྲོལ་བའི་སླད་དུ་བཟང་པོ་སྤྱོད་པར་དམ་བཅའ་བའི་གོ་ཆ་བརྟན་པོ་བགོ་སྟེ་བྱང་ཆུབ་སེམས་མཆོག་རྣམ་པ་གཉིས་ལྷག་པར་བསྐྱེད་ཅིང་བཟུང་བས་རང་གནས་ཀྱི་རྒྱུ་རྐྱེན་ནུས་ལྡན་དུ་བསྒྲུབ། གསུམ་པ་རྟེན་སོ་སོ་དང་མཐུན་པའི་ལྷའམ། རིགས་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཁོ་ནར་བསྐྱེད་ཀྱང་ཆོག་ལ། ཡང་ན་གལ་པོ་ལས། གཟུགས་སྐུའི་རྟེན་གྱི་སྐུ་གསུང་ཐུགས། །ལུག་མ་རི་མོ་ལ་སོགས་པ། །སྤྱིར་ན་རྣམ་པར་སྣང་མཛད་གཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པུསྟི་གླེགས་བམ་ལ་སོགས་གསུང་། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་དྲིལ་བུ་ལ་སོགས་ཀུན། །མི་བསྐྱོད་རྡོ་རྗེ་འཛིན་པའམ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། །ཞེས་གསུངས་པ་ལྟར་སངས་རྒྱས་རིགས་ལྔས་བསྡུས་པའི་དམ་ཚིག་པ་བསྐྱེད་ཅིང་། བཞི་པ་བདག་དང་དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་བཀུག་སྟེ་མདུན་མཁར་བཞུགས་པ་ལ་མཆོད། དེ་ཉིད་དམ་ཚིག་པ་ལ་དགུག་གཞུག་བཅིང་མཉེས་ཀྱི་ཕྱག་རྒྱ་བཞིས་ཆུ་དང་འོ་མ་ལྟར་དབྱེར་མེད་དུ་བསྟིམ། ལྔ་པ་དེ་ལ་ཆོ་ག་རྒྱས་བསྡུས་གང་ཡང་རུང་བས་དབང་བསྐུར་ཏེ། དེའང་སྦྱང་གཞི་ལྷའི་རྒྱུད་ཉེས་པས་རྙོག་པ་ཅན་དུ་བྱས་པའི་དྲི་མ་སྦྱོང་བྱེད་ལྷ་རྣམས་ཆགས་པ་ཆེན་པོས་ཞུ་བའི་བྱང་སེམས་ཡེ་ཤེས་ཀྱི་ཆུ་རྒྱུན། སྦྱོང་པ་པོ་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་ལྷ་རྣམས། སྦྱངས་འབྲས་དམིགས་མེད་ཀྱི་རྒྱུད་དག་པས་ཡེ་ཤེས་ལྷའི་ངོ་བོ་ཁྱད་པར་ཅན་དུ་སྒྲུབ་པ་དབང་བསྐུར་བའི་བྱེད་པ་ཅན་ཏེ། ངེས་ཚིག་དྲི་མ་བཀྲུ་བ་དང་ནུས་པ་འཇོག་པས་འབྲེལ་བས་སོ། །བདུན་པ་དབང་བསྐུར་བའི་ཆུ་ཞབས་ཀྱི་སྤྱི་བོར་རིགས་ཀྱི་བདག་པོའི་ཕྱག་རྒྱ་དང་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རྒྱས་གདབ་པའང་བྱ་སྟེ། ཀུན་མཁྱེན་འཇིགས་བྲལ་ཆེན་པོས། མི་ལ་དབང་བསྐུར་བ་དང་ལྷ་ལ་རབ་ཏུ་གནས་པ་དོན་གཅིག་ཡིན་པར་གསུངས་སོ། །དེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རྟེན་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོར་རྒྱས་བཏབ་པ་ལས་འདའ་བར་མི་བསྐྱོད་པས་རབ་ཏུ་གནས་པའི་དོན་གྱི་སྙིང་པོ་གྲུབ་པར་བྱས་པ་ཡིན་ནོ། །བརྒྱད་པ་སྔར་རྟེན་བསྐྱེད་ཀྱི་སྐབས་རིགས་ལྔ་གང་དུ་བསྒོམས་པ་དེ་སྐབས་འདིར་ཇི་ལྟར་གནས་བྱའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་སོ་སོའི་རྣམ་པ་གང་ཡིན་པ་དེ་དང་དེའི་ཕྲིན་ལས་གདུལ་བྱའི་མོས་པའི་ཡུལ་ལ་ཇི་ལྟར་འཇུག་པ་བཞིན་དུ་ཞལ་བསྒྱུར་ཅིང་གོང་འོག་ཇི་ལྟར་རིགས་པར་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་ཡུལ་འདོད་ཡོན་ལ་སྤྱོད་ཡུལ་མཚུངས་པར་བྱ་བའི་ཕྱིར་སྤྱན་དབྱེ་བ་སོགས་དབང་པོའི་སྒོ་བསལ་བ་རྣམས་ནི་ཡོན་ཏན་མངོན་པར་སྒྲུབ་པའི་ཆོ་གའོ། །དགུ་པ་འཇིག་རྟེན་ན་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་དེ་ལ་འཁོར་འབངས་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཡོ་བྱད་ཀྱིས་མངའ་གསོལ་བ་བཞིན་དུ་འདིར་ཡང་གོ་འཕང་གི་ཆོས་ལ་དབང་ཐོབ་པར་གྱུར་པའི་རྟེན་དེ་ལ། སྤྱིར་ཆུ་གཉིས་ཉེར་སྤྱོད་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ཀྱིས་མཆོད་ཅིང་བསྟོད་པ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་དང་འབྲེལ་བ་ཉེ་བར་མཁོ་བའི་ཡོ་བྱད་དང་། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བ་ཞེས་པ་ལྷའི་ཟས་སུ་གྲགས་པ་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱི་མངའ་དབུལ་བ་རྣམས་ལ་མངའ་དབུལ་རྣམ་པ་བཞིར་གྲགས་པས་མངའ་གསོལ་ཞིང་། རང་གི་དམ་ཚིག་བཞིན་དུ་འཁོར་བ་ཇི་སྲིད་བར་རྟེན་དེ་ལ་བཞུགས་སུ་གསོལ་བས་རབ་ཏུ་གནས་པ་དངོས་གཞི་སྟེ་དེ་དག་ནི་ཕུན་ཚོགས་སྤེལ་བར་བྱེད་པའི་ཆོ་གའོ། །བཅུ་པ་རྟེན་ཡེ་ཤེས་པའི་ངོ་བོར་བསྒྲུབས་པ་དེ་ཉིད་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་ཡུལ་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྲུང་ཞིང་མཆོད་པ་པོ་མི་སྣང་བ་ལྷ་ལ་གཏོད་པ་རྡོ་རྗེའི་ཆོས་སྐྱོང་བ་རྣམས་ལ་མཆོད་གཏོར་ཕུལ་ཏེ་དམ་ཚིག་བསྒྲགས་ཤིང་གཉེར་གཏད་པ་དང་། སྣང་བ་མི་ལ་གཏོད་པ་ཡོན་བདག་བསྒོ་ཞིང་ཞལ་བསྲོ་བའི་མཆོད་པ་ཕུལ། བཅུ་གཅིག་པ་སྦྱིན་བདག་ལྷར་བསྐྱེད་ཅིང་བགེགས་བསལ་ནས་བཀྲ་ཤིས་པའི་རྫས་བརྒྱད་གཏོད་པ་སྔོན་དུ་འགྲོ་བས་ཞལ་ནས་གསུངས་པའི་ཚིགས་བཅད་ཀྱིས་ཐོག་དྲངས་བཀྲ་ཤིས་པའི་བདེན་ཚིག་བརྗོད། དེས་ཀྱང་སློབ་དཔོན་ལ་གཏང་རག་གི་ཡོན་འབུལ་ཞིང་སློབ་དཔོན་གྱིས་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་བྱས་པས་རྒྱུད་ཀྱི་དགོངས་པ་གྲུབ་པའི་མན་ངག་གིས་བཀྲལ་བའི་ཆོ་ག་རྒྱས་པར་གྲུབ་པ་ཡིན་ནོ། །གཉིས་པ་སྦྱིན་སྲེག་བཤད་པ་ལ་གསུམ། དགོས་པ། ཆོ་ག་དངོས། དེའི་འབྲས་བུའོ། །དང་པོ་ནི། ལྷ་རྣམས་སོགས་རྐང་པ་གཅིག་སྟེ། སམྦུ་ཊི་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་པར་གྱུར་ལས་དངོས་གྲུབ་སྩོལ། །ཞེས་སོགས་རྒྱུད་རྣམས་ནས་རྒྱ་ཆེར་བསྔགས་པ་ལྟར་བསྒྲུབ་བྱའི་ལྷ་རྣམས་ཚིམས་ཤིང་དེ་ལས་གང་འདོད་པའི་དོན་ཐོགས་མེད་མྱུར་དུ་འགྲུབ་པར་བྱེད་པའི་ཕྲིན་ལས་ནི་མཆོད་སྦྱིན་གྱི་ཁྱད་པར་སྲེག་པ་མེའི་སྦྱོར་བ་ཡིན་ཏེ། དེའི་རྒྱུ་མཚན་དང་ཇི་ལྟར་བྱ་བའང་སྙིང་པོ་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ལྟར་རོ། །གཉིས་པ་ནི། དབྱིབས་དང་ ནས་ སྤྲོ་བསྡུ་བཅས༔ ཞེས་གསུངས་ཏེ། དགོས་པ་དེ་ལྡན་གྱི་སྦྱིན་སྲེག་བྱ་བའི་ཡུལ་ནི་སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གུད་དུ་ཕྱེ་ན། གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་དང་། སྒྲིབ་གཉིས་བག་ཆགས་རྣམས་སོ། །བྱེད་པའི་དུས་ནི། སྤྱིར་བསྙེན་སྒྲུབ་གྲུབ་པའི་རྗེས་དང་ས་ཆོག་སྐབས་པྲ་ངན་ན་ཞི་བ། རབ་གནས་ལ་རྒྱས་པ། དབང་སྐུར་བའི་གོང་དུ་དབང་། སློབ་མ་སྟ་གོན་གྱི་རྨི་ལམ་ངན་པ་ལ་དྲག་པོ། མཆོད་བཤགས་སོགས་ལ་ལྷུན་གྲུབ་བྱ་བར་རྡོ་རྗེ་ལས་རིམ་སོགས་ལས་བཤད། བྱེ་བྲག་ཞི་རྒྱས་ལ་དཀར་ཕྱོགས་དང་སྲོད་སྔ་དྲོ། དབང་དྲག་ལ་དམར་ཕྱོགས་དང་དགོང་མོ་གུང་གཉིས་སུ་བྱ་བར་གསུང་། བྱ་བའི་ཕྲིན་ལས་ནི། ཐུན་མོང་བཞི་སོགས་ལས་བཞི་དང་། ཐུན་མོང་མ་ཡིན་པ་མཆོག་སྒྲུབ་ལྷུན་གྲུབ་ཀྱི་ལས་སོ། །བྱ་བའི་ཐབས་ལ། ཕྱི་ནང་གསང་བ། ཡང་གསང་བཞི་ལས་དང་པོ་ལའང་སྦྱོར་དངོས་རྗེས་གསུམ་ཡོད་པའི་དང་པོ་སྦྱོར་བ་ནི། སའི་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་སྦྱངས་པའི་གཞིར། ལས་སོ་སོའི་དབྱིབས་དང་མཐུན་པའི་བརྐོས་ཐབ་རྩིག་ཐབ་བྲི་ཐབ་གང་ཡང་རུང་བ་ཞི་བ་ལ་དཀར་ཟླུམ་རྒྱར་ཁྲུ་གང་པ་རྡོ་རྗེས་མཚན་པ། རྒྱས་པ་ལ་སེར་པོ་གྲུ་བཞི་ཁྲུ་དོ་པ་རིན་ཆེན། དབང་ལ་དམར་པོ་ཟླ་གམ་མཛུབ་གང་པ་ལྕགས་ཀྱུ། དྲག་པོ་ལ་གྲུ་གསུམ་ནག་པོ་སོར་ཉི་ཤུ་པ་རལ་གྲི། ལྷུན་གྲུབ་ལ་ཞི་བ་དང་འདྲ་བ་ལས་འཁོར་ལོས་མཚན་པ་སྟེ། ཐམས་ཅད་ཀྱང་དཔངས་སུ་རང་གི་ཕྱེད་ཚད་དང་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པས་བསྐོར་བ། སྲེག་རྫས་ནི་ཞི་བ་ལ་ཏིལ་ཡུངས། རྒྱས་པར་དཱུརྦ་ནས་འབྲས། དབང་ལ་མྱོས་བྱེད་ཟས་མཆོག་གཙོར་གྱུར་པའི་རྫས་ཆེན་བཅུ་གཅིག་ཏུ་གྲགས་པ་དང་། དྲག་པོར་དུག་ཁྲག་ལིངྒ་ལན་ཚྭ་ཐུན་རྫས་ལ་སོགས་པ། མཆོག་ལ་ཞི་རྒྱས་ཀྱི་རྫས་ཀུན་འཚོགས་པ། དེ་དག་གི་ཁ་དོག་དཀར་སེར་དམར་ནག་ལས་མཐུན་བསྒྱུར་ཅིང་། སྣོད་ཀྱང་དངུལ་ཤེལ་དུང་སོགས་དཀར་པོ་ལས་གྲུབ་པའི་ཟླུམ་པོས་མཚོན་སོ་སོ་བ་དང་། དགང་བླུགས་ཚད་ལྡན་སོགས་ཡོ་བྱད་མ་ཚང་བ་མེད་པ་ཕྱག་ལེན་ལྟར་བཤམ། དངོས་གཞི་སློབ་དཔོན་མཐུན་པའི་སྟན་ལ་ཞི་བ་ལ་པདྨའི་སྟབས། རྒྱས་པ་ལ་བཟང་པོའི་སྟབས། དབང་ལ་སྐྱིལ་ཀྲུང་། དྲག་པོ་ལ་ཙོག་པུའི་འདུག་སྟངས་ཀྱིས་ཞི་བ་ལ་ཤར། རྒྱས་པར་བྱང་། དབང་ལ་ནུབ། དྲག་པོར་ལྷོར་བལྟས་ཏེ་འཁོད། ཞི་བར་གོས་དཀར་པོ་གྱོན་ཅིང་དུང་ཤེལ་གྱི་རྒྱན་གདགས་པ་སོགས་ལས་དང་རྗེས་སུ་མཐུན་པའི་ཆས་གོས་བསྟར། བསམ་པའམ་གཙོ་སེམས་ལ་གཉིས་ཀྱི། དོན་གྱི་སེམས་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ནི་ལས་ཐམས་ཅད་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་སོ། །སྟངས་ཀྱི་སེམས་ནི། ལས་བཞིས་ཀུན་ནས་སློང་བའི་བསམ་པ་སྟེ། ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཞེ་སྡང་ཁྲོས་པའི་སེམས་ཀྱིས་ཏེ། ལས་སོ་སོའི་མཐུན་པའི་གྲོགས་བྱེད་པས་ན་རྐྱེན་གྱི་སེམས་ཞེས་ཀྱང་ཟེར་ཏེ་དེ་དག་གི་སེམས་རྩེ་གཅིག་པས་འཇུག །ཆོ་གའི་རིམ་པ་བདག་གི་རྣལ་འབྱོར་བཟླས་པ་བསྡུ་ལྡང་བཅས་གྲུབ་ནས་མཆོད་སྲེག་གི་རྫས་བྱིན་བརླབ། ལས་མཐུན་གྱི་ཐབ་ཁུང་བསྐྱེད་ནས་ཞི་བ་ལ་གཙུབ་ཤིང་གི་མེ། རྒྱས་པ་ལ་རཏྣ་ལས་བྱུང་བ། དབང་ལ་སྨད་འཚོང་མའི། དྲག་པོ་ལ་གདོལ་ཤན་ནམ་རོ་བསྲེགས་པའི་མེ་དུ་བ་མེད་པས་སྦར་པའི་འཇིག་རྟེན་སྲིད་པའི་མེ་ལྷ་བསྐྱེད་བསྟིམས་ཕྱག་མཆོད་བྱས་ནས། དགང་བླུག་ཡམ་ཤིང་སྲེག་རྫས་ཕུལ་བས་མེའི་ལས་ཀྱིས་མེ་ལྷ་ཚིམས་པས་དེས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམས་པའི་དགོས་པ་ཡོད་དེ། ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ཞེས་པ་ལྟར་ཏེ། དཔེར་ན་ཟས་ཟོས་པས་ལུས་ཀྱི་ལང་ཚོ་བརྟ་བར་བྱེད་ཅིང་། དེའི་མཐུས་དེ་ལ་བརྟེན་པའི་སྐྱེ་མཆེད་རྣམས་རྒྱས་པར་བྱེད་པ་བཞིན་ནོ། །དེ་ནས་ཞི་བ་འཇིག་རྟེན་ལས་འདས་པའི་མེ་ལྷ་ནི། གཞུང་སོ་སོའི་དགོངས་པས་མེ་ལྟའི་ལྟོ་བར་བསྐྱེད་པ་དང་། སྙིང་གར་བསྐྱེད་པ་དང་། རང་བཞིན་མེ་ལྷ་ཐབ་ཀྱི་ཤར་ལྷོར་བཞག་སྟེ། དམ་ཚིག་པ་མེར་བསྒྱུར་བའམ། དམ་ཡེ་དབྱེར་མེད་དུ་འབར་བའི་རྣམ་པར་བསྒྱུར་པའི་དབུས་སུ་བསྐྱེད་པ་སྟེ་ལུགས་བཞི་ཡོད་པས་རང་རང་གི་ལུགས་ལྟར་བྱས་ལ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ཅིང་གནས་གསུམ་བྱིན་གྱིས་བརླབས་ཏེ། ཡེ་ཤེས་པ་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར་པ་ལ་མཆོད་ཅིང་བསྟོད་དེ་ལྗགས་དང་གཟར་བུ་བྱིན་གྱིས་བརླབ། དགང་བླུགས་ཡམ་ཤིང་མར་ཁུ་སྲེག་རྫས་སྤྱི་དང་ཁྱད་པར་མཉེས་བྱེད་དུ་གྱུར་པ་རྣམས་རྩ་སྔགས་ལ་སྤེལ་ཚིག་མཐར་ལས་སྐུལ་བའི་ས་བོན་སོ་སོ་བཏགས་པས་འབུལ་ཞིང་ཡེ་ཤེས་ཀྱི་བདུད་རྩི་ལས་བཞི་གང་ཡིན་གྱི་ཁ་དོག་ཅན་གྱི་ངོ་བོར་དྭངས་པ་གསོལ་བར་བསམས་ལ་ཕྲིན་ལས་བཅོལ། མཆོད་བསྟོད་འདོད་དོན་གསོལ་བས་ལྷ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་ལས་གང་ཡིན་སྒྲུབ་པར་མོས་པའི་ཏིང་ངེ་འཛིན་གྱི་སྤྲོ་བསྡུའང་བྱ་སྟེ། ཞི་བ་ལ་འོད་ཟླ་ཟེར་ལྟ་བུ་འཕྲོས་པས་ནད་གདོན་སྡིག་སྒྲིབ་རྣམས་སྦྱངས། རྒྱས་པ་ལ་འོད་ཟེར་གསེར་མདོག་ཉི་ཟེར་ལྟ་བུའི་རྩེ་ལས་རིན་པོ་ཆེའི་ཆར་བབས་པས་དབུལ་བ་བསལ། དབང་ལ་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་བསྒྲུབ་བྱའི་སྙིང་ནས་དྲངས་ཏེ་བདག་ལ་འདུད་ཅིང་དབང་དུ་གྱུར། དྲག་པོ་ལ་མེ་ལྕེའམ་འོད་ཟེར་མཚོན་ཆ་ལྟ་བུའི་རྩེ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་རྣམས་བརླག་པར་བྱེད། ལྷུན་གྲུབ་ལ་འོད་ཟེར་སྣ་ལྔའི་རྩེ་ལས་བདུད་རྩིའི་བུམ་པ་ཐོགས་པའི་སངས་རྒྱས་ཚད་མེད་པས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པར་བསམ། ནོངས་པ་བཤགས་ཏེ། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་ལྷ་ཚོགས་རྣམས་མི་ཤིགས་པའི་ཐིག་ལེར་བསྡུ། སླར་བླུགས་གཟར་ཕུལ་བས་མེ་ལྷ་གསལ་བཏབ་སྟེ་མཆོད་སྲེག་གི་རྫས་ཕུལ། བསྟོད་པ་གཏོར་འབུལ་ཕྲིན་བཅོལ་གཤེགས་གསོལ་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱ། རྗེས་ནི་མེ་རྣམས་རང་ཞིའམ། ཡང་ན་ཞི་བ་འོ་མ། རྒྱས་པ་དྲི་སེར་པོའི་ཆུ། དབང་ཆང་། དྲག་པོ་དུག་ཆུ། མཆོག་དྲི་དང་འོ་མ་རྣམས་ཀྱིས་གཞིལ་ཏེ། ཐལ་སོལ་རྣམས་རིམ་བཞིན་འབབ་ཆུར་སྐྱེལ་བ་དང་། བང་མཛོད་དུ་སྦ་བ་དང་། རི་རྩེའམ་ཆུར་སྦྱང་བ་དང་། གཞི་མདོར་གནོན་པ་དང་། མཆོག་ནི་ཆ་གཅིག་འབབ་ཆུར་གཤེགས་ཤིང་ཆ་གཅིག་གཏེར་དུ་སྦའོ། །ཞར་བྱུང་ནང་གི་སྦྱིན་སྲེག་ནི། རང་ལུས་ལྷར་གསལ་བའི་སྐུའི་ནང་དུ་དཔའ་བོ་དང་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར་བཞུགས་པ་ལ་ཁ་ཟས་བདུད་རྩིར་སྦར་བ་ལྟེ་པའི་ཐབ་ཁུང་དུ་ལག་པའི་དགང་བླུགས་ཀྱིས་ཕུལ་བ་ཉིད་གཏུམ་མོའི་མེས་ཞུ་བའི་དྭངས་མས་ལྷ་རྣམས་ཚིམ་ཞིང་སྙིགས་མ་ཐལ་བར་སྦྱངས་པར་བསམ་སྟེ་རླུང་ཁ་སྦྱོར་དུ་འཆིང་བའོ། །གསང་བའི་སྦྱིན་སྲེག་ནི། །རང་ལྷར་གསལ་བའི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་འཁོར་ལོ་དང་རྩ་ཁམས་ཐམས་ཅད་ལ་རྒྱལ་བ་ཏིལ་གྱི་གོང་བུ་ལྟར་བཞུགས་པར་མོས་ཏེ། བདེ་བ་བསྐུལ་ནུས་པའི་རླུང་གིས་གཏུམ་མོ་སྦར་བས་སྤྱི་བོའི་ཧཾ་བཞུ་བའི་བདུད་རྩིའི་དྭངས་མས་ལྷ་ཐམས་ཅད་ཚིམ་པར་བསམ་ཞིང་། ཞུ་བདེས་དྲངས་པའི་བདེ་སྟོང་གི་ངང་མདངས་བསྐྱང་བའོ། །ཡང་གསང་མཆོག་གི་སྦྱིན་སྲེག་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་མ་རིག་བག་ཆགས་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་བསྲེགས་པའི་ཟུང་འཇུག་བདེ་ཆེན་གྱི་བདུད་རྩིས་འཁོར་འདས་རོ་མཉམ་དཀྱིལ་འཁོར་གྱི་འཁོར་ལོར་དག་པ་ཉིད་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་མཆོད་པའོ། །གསུམ་པ་ནི། རྣོ་ལ་ ནས་ མེད་པར་འགྲུབ༔ ཅེས་གསུངས་ཏེ། དེ་ལྟར་བྱས་པའི་ཡོན་ཏན་ནི། མཚོན་རྣོན་པོ་ལ་སླར་ཡང་ངར་གྱིས་གདགས་པ་ཇི་ལྟ་བ་བཞིན་དུ་སྤྱིར་བསྙེན་སྒྲུབ་སྐབས་སུ་སྔགས་བཟླས་པ་རྣམས་ཀྱི་ལྷག་ཆད་ཁ་སྐོང་ཞིང་ཡིད་ལ་འདོད་པའི་དངོས་གྲུབ་མྱུར་དུ་སྟེར་བར་བྱེད་པ་དང་། ནད་གདོན་ཞི་ཞིང་ཚེ་བསོད་འཕེལ་བ་སོགས་ཕྲིན་ལས་བཞིའི་དགོས་པ་བྱེ་བྲག་པ་རྣམས་ཀྱང་འབད་པ་དང་དཀའ་བ་མེད་པར་འགྲུབ་སྟེ། དཔལ་ཁ་སྦྱོར་ལས། གང་ཞིག་སྔགས་ཀྱི་ལྷག་ཆད་དང་། །དེ་ཀུན་སྦྱིན་སྲེག་གིས་ནི་དགང་། །ཞེས་དང་། ཕྱག་ཆེན་ཐིག་ལེར། གང་ཞིག་ཡིད་ལ་ཅི་བསམ་པ། །དངོས་གྲུབ་ཆེན་པོ་མཐའ་ཡས་སྟེར། །རེ་བ་ཐམས་ཅད་འགྲུབ་བྱེད་པ། །དེ་ལྟའི་སྦྱིན་སྲེག་བདག་གིས་གསུངས། །ཞེས་སོ། །གསུམ་པ་བཅུད་ལེན་ལ་གཉིས། དགོས་པ་བསྟན། བཅུད་ལེན་དངོས་བཤད་པའོ། །དང་པོ་ནི། རྡོ་རྗེའི་ ནས་ སྒྲུབ་པ་ནི༔ ཞེས་གསུངས་ཏེ། ཛམ་གླིང་ལས་ཀྱི་ས་པར་སྐྱེས་ཤིང་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པར་ནུས་པའི་དལ་རྟེན་མཆོག་འདི་ཡུན་རིང་དུ་འཚོ་ཞིང་གནས་པར་བྱེད་པའི་ཐབས་ལ་འབད་དགོས་པ་ནི། པཎ་ཆེན་ངག་དབང་གྲགས་པས། འཚོ་བ་ལས་གཞན་སྙིང་པོ་ནི། །འཁོར་བར་ཅུང་ཟད་མ་མཐོང་ངོ་། །དེ་ཕྱིར་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བར་བརྩམ་པར་བྱ། །ཞེས་གསུངས། དེས་ན་འཆི་བ་མེད་པའི་ཚེ་དང་རྒ་བ་མེད་པའི་ལུས་ཀྱི་བཅུད་ལེན་སྒྲུབ་པའི་ཐབས་ནི་འདི་ལྟ་སྟེ། གཉིས་པ་ལ་གསུམ། གང་ལ་བཅུད་དུ་ལེན་པའི་ཡུལ། གང་བཅུད་དུ་ལེན་པའི་དངོས་པོ། ཇི་ལྟར་ལེན་པའི་ཐབས་སོ། །དང་པོ་ནི། ཉམས་ཤིང་སོགས་རྐང་པ་གཅིག་སྟེ། གསོ་བྱའི་ཚེ་ལ་རྣམ་གྲངས་མང་དུ་བཤད་པ་ལས་སྐབས་འདིར་བཅུད་ལེན་བྱ་བའི་ཡུལ་གཙོ་བོ་ནི་ཡུལ་སེམས་འདོད་པའི་ཚོར་བས་ཉམས་ཤིང་གཅིག་ཏུ་མི་བརྟན་པར་འཕོ་བའི་རྟེན་ཐིག་ལེ་དཀར་དམར་གྱིས་བསྡུས་པ་དང་། དེ་ལ་བརྟེན་པའི་རླུང་སེམས་བཅས་ཉམས་ཤིང་འགྱུར་བ་ལས་ན་རྒ་འཆི་བའི་གནས་སྐབས་འབྱུང་བར་འགྱུར་བས་དེ་དག་བཅུད་ལེན་སོགས་ཀྱིས་རྒྱས་ཤིང་བརྟན་པར་བྱ་བའོ། །གཉིས་པ་ནི། འཁོར་འདས་བཅུད་ཀྱིས་ཞེས་འབྱུང་སྟེ། གང་ཞིག་བཅུད་དུ་ལེན་པའི་དངོས་པོ་ལ་གཉིས་ཏེ་འཁོར་བའི་བཅུད་རྫས་ལ་བརྟེན་པ་དང་། མྱང་འདས་ཀྱི་བཅུད་རླུང་རིག་ལ་གཙོ་བོར་བརྟེན་པའོ། །དང་པོ་ལ་ཕྱི་འབྱུང་བ་ལྔ། སྨན་དང་རྩི་ཤིང་། གྲུབ་པའི་དངུལ་ཆུ། ནང་རང་བྱུང་གི་བདུད་རྩི་གཉིས་སོགས་བཅུད་ལེན་གདམས་པ་བརྒྱ་རྩར་གྲགས་པས་མཚོན་རྒྱུད་དང་གྲུབ་པའི་མན་ངག་ལས་མཐའ་ཡས་པ་འབྱུང་བ་རྣམས་ཏེ། རྟག་ངུའི་བཅུད་ལེན་ཁོ་ན་ལའང་ཉང་གཏེར་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལས་རྒྱ་ཆེར་བཤད་པས་མཚོན་ནོ། །གཉིས་པ་ལ། སྲིད་ལས་འདས་པའི་བཅུད་མཆོག་བསོད་ནམས་ཀུན་གྱི་སྔོན་འགྲོ་དད་པ་རྣམ་གསུམ་བརྟན་པ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ནན་ཏུ་བྱ་བ་གཙོར་གསུངས་པ་དང་། རྡོ་རྗེ་ཐེག་པའི་ལམ་ལས་ལྷག་པའི་ལྷའི་བསྐྱེད་བཟླས། མཚན་བཅས་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་སྟེང་འོག་གི་སྒོ་ལ་བརྟེན་པའི་བཅུད་ལེན་ཁྱད་པར་བ་རྣམས་དང་། རྗེས་འབྲེལ་རྡོ་རྗེའི་བཟླས་པ། བྷཱུ་རླུང་གི་སྦྱོར་བ། ལྕེ་རྩེ་རྐན་སྦྱར། བདུད་རྩི་སྡུད་པ། ནམ་མཁར་བ་འཇོའི་བསམ་གཏན་ལ་སོགས་པ་རྣམས་དང་། མཚན་མེད་རྫོགས་རིམ་རྣམ་པར་མི་རྟོག་པ་དང་ཟུང་འཇུག་འོད་གསལ་མངོན་སུམ་ལམ་དུ་བྱེད་པའི་བཅུད་ལེན་གྱིས་ཡེ་ཤེས་ཀྱི་ལང་ཚོ་བརྟས་པས་འཆི་བདག་གི་བདུད་བཅོམ་པར་འགྱུར་ཏེ། སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་འཛིན་པ་རྣམ་པར་སྤང་། །སྟོང་པ་ཉིད་ནི་རྟག་བསྒོམས་པ། །འཆི་བ་ཡིས་ནི་མཐོང་མི་འགྱུར། །ཅེས་སོ། །གསུམ་པ་ནི། བསྐྱེད་བསྲིང་ ནས་ བརྟན་པར་བྱ༔ ཞེས་གསུངས་ཏེ། བཤད་མ་ཐག་པའི་ཕྱི་སྲིད་པ་དང་འབྲེལ་བའི་བཅུད་ལེན་དེ་དག་སློབ་དཔོན་མཁས་པའི་ཕྱག་རྒྱུན་བཞིན་བསྟེན། ནང་ཞི་བའི་བཅུད་རྣམས་བླ་མའི་ཞལ་ལས་བླངས་ཏེ་ཉམས་སུ་བླངས་པས་ལུས་ཟུངས་ཀྱི་ལང་ཚོ་དང་ཚེ་སྲོག་གི་མྱུ་གུ་རིམ་པར་བསྐྱེད་བསྲིང་ཞིང་རྒྱས་པར་འགྱུར་ལ། དེ་ཉིད་བརྟན་ཅིང་མི་འགྱུར་བར་བྱ་བའི་སླད་དུ་ཐབས་མང་དཀའ་བ་མེད་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་འཆི་མེད་ཚེ་སྒྲུབ་ཀྱི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དེའང་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལ་བརྟེན་པ་དང་། རྒྱུད་ལུང་མན་ངག་གི་ཆོ་ག་སྤྱི་དང་ཁྱད་པར་ཟབ་གཏེར་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གདམས་ཟབ་ལ་བརྟེན་ཏེ་དཀྱིལ་འཁོར་བཞེངས་ཤིང་ཚེའི་རྟེན་བཅའ། བདག་མདུན་ཚེ་ལྷའི་ཏིང་ངེ་འཛིན་གསལ་ཞིང་ཚེ་ཛཔ྄་བཟླས་པའི་མཐར་ཚེ་འགུགས་ཀྱི་ཕོ་ཉ་བཏང་ལ་བརྟན་གཡོའི་དྭངས་མ་བཅུ་བཞི་བསྒྲུབ་རྫས་དང་བསྒྲུབ་བྱར་དགུག་ཅིང་བསྟིམ། ཆོས་ཉིད་འོད་གསལ་བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཐིག་ལེ་ཆེན་པོ་གདོད་ནས་སྐྱེ་འཆི་བྲལ་བའི་དབྱིངས་སུ་རྒྱས་གདབ་ནམ་ཡང་མི་འགྱུར་བར་རྟག་ཅིང་བརྟན་པར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་སྨོས་པ་ལ་དྲུག །ལུས་སེམས་ཀྱི་ངོ་བོ། སྒྲ་དོན། མཚན་ཉིད། དབྱེ་བ། དེའི་དོན། བསྒྲུབ་བྱ། སྒྲུབ་བྱེད་ཀྱི་འབྲེལ་བསྟན་པའོ། །དང་པོ་ནི། ཚེ་སྲོག་གི་ངོ་བོ་རྣམ་ཤེས་དྲོད་དང་བཅས་པ་རྒྱུན་ཆགས་སུ་གནས་པའི་རྟེན་མི་ལྡན་པའི་འདུ་བྱེད། ལུས་ཀྱི་ངོ་བོ་འབྱུང་ལྔ་བདེ་བ་བཅས་ཁམས་དྲུག་འདུས་པ་རགས་པའི་གཟུགས་ཅན་ནོ། །གཉིས་པ་ནི། ཨཱ་ཡུའི་སྒྲ་འགྲོ་བའི་དུས་སྐབས་ལ་འཇུག་པས་ལས་ཀྱིས་འཕངས་པའི་འཚོ་བའི་དུས་ཇི་སྲིད་དུ་འགྲོ་བས་ཚེ་དང་། པྲཱ་ཎའི་སྒྲ་རབ་ཏུ་འགྲོ་བའི་དོན་ལས་གསོན་པའི་དུས་དེ་སྲིད་དུ་རྗེས་སུ་འགྲོ་བས་སྲོག་སྟེ། དེ་གཉིས་ངོ་བོའི་ཆ་ནས་དབྱེ་བ་བྱར་མེད་ཀྱང་རྟེན་དང་བརྟེན་པར་འབྲེལ་བའི་ལྡོག་ཆའི་རྣམ་པ་ཙམ་ལས་བཏགས་པའོ། །ཀཱ་ཡའི་སྒྲ་བསགས་པ་ཕུང་པོ་གནས་སོགས་ལ་འཇུག་པས་འབྱུང་བ་བསགས་པའི་ཕུང་པོ་ངག་ཡིད་ཀྱི་གནས་སུ་གྱུར་པས་ལུས་སོ། །གསུམ་པ་ཚེ་སྲོག་གི་མཚན་ཉིད་ནི། ལས་ཀྱི་རྣམ་པར་སྨིན་པས་ཇི་སྲིད་འཕངས་པ་དེ་སྲིད་དུ་གནས་པའི་དུས་སྐབས་ལ་སྤྱོད་པ། ལུས་ཀྱི་མཚན་ཉིད་སེམས་ཡིད་རྣམ་ཤེས་གསུམ་རྟེན་པའི་བྱ་བ་ཅན་ནོ། །བཞི་པ་ནི། རྒྱུད་ལས། མི་འགྱུར་རྟག་པ་གཉུག་མའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །གློ་བུར་ལྟར་སྣང་སྲོག་གི་ཚེ། །ཞེས་དབྱེ་བ་གསུམ་དུ་གསུངས་ཤིང་། ལུས་ནི་ཁམས་གསུམ་དང་རིགས་དྲུག་གི་རྟེན་སོ་སོ་བ་རྣམས་སོ། །ལྔ་པ་ནི། དྲངས་མ་ཐག་པའི་ལུང་དོན་དང་པོ་ནི། སེམས་ཅན་ཀུན་གྱི་རྒྱུད་ལ་དུས་གསུམ་དུ་མི་འགྱུར་བ་རྟག་གཙང་བདེ་བ་བདག་དམ་པའི་རང་བཞིན་དུ་གཤིས་སམ་གཉུག་མར་བཞུགས་པ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་འཆི་མེད་རྟག་པའི་ཚེ་སྒྲུབ་པའི་གཞིར་གྱུར་པ་དང་། དེའི་རང་མདངས་དབུ་མའི་ཡར་མར་དུ་གནས་པའི་དཔྱིད་ཐིག་གཉིས་དང་རྗེས་འབྲེལ་འཁོར་ལོ་དྲུག་གི་ཐིག་ལེ་བདག་པོར་གྱུར་པའི་དྭངས་མ་བཅུ་གཉིས་དང་སྙིགས་མ་ཉེར་བཞི་སོགས་འབབ་ཅིང་། དེ་དག་ཀྱང་ཡེ་ཤེས་དང་རྗེས་སུ་འབྲེལ་བར་འཁོར་ལོ་བཞིར་དགའ་བཞི་འགྲོས་ཀྱིས་འཕོ་བ་དང་། རྣམ་ཤེས་དང་རྗེས་སུ་འབྲེལ་བར་ལུས་ལ་ཟུངས་སམ་གནད་ཀྱི་ངོ་བོ་ཉིད་དུ་འཕོ་བ་བླ་གནས་ཞེས་གྲགས་པ་སྟེ། དེ་དག་ཇི་སྲིད་རང་གནས་ལས་མི་གཡོ་ཞིང་སྟོབས་མ་ཉམས་པ་དེ་སྲིད་དུ་འཚོ་བ་བརྟན་པོར་འགྱུར་པས་ཐིག་ལེའི་ཚེ་ནི་བསྒྲུབ་བྱའི་གཙོ་བོ་དང་། ཐོག་མར་ལུས་རྟེན་རྩའི་གཙོ་མོ་ཆགས་པའི་ཚེ་གློ་བུར་རྟེན་ཅིང་འབྲེལ་བ་ལྟར་སྣང་ཞིང་གདོས་བཅས་རགས་པ་དབང་རྟེན་ཁོག་པ་དང་བཅས་པ་རྣམ་པར་ཤེས་པས་ཡོངས་སུ་བཟུང་བ་མི་འབྲལ་བའི་ཟུངས་སུ་གྱུར་པས་སྔ་མ་རྟེན་དང་བརྟེན་པར་འབྲེལ་བ་སྲོག་གི་དབང་པོའི་ཚེ་ནི་ཁྱད་པར་གྱི་བསྒྲུབ་བྱ་ཡིན་ནོ། །དྲུག་པ་ལ། དང་པོའི་སྒྲུབ་བྱེད་ཀྱི་འབྲེལ་ནི། ཆོས་ཉིད་ཀྱི་རང་བཞིན་གདོད་ནས་འགྱུར་མེད་དུ་གྲུབ་པ་མ་འགྱུར་བ་ལྟར་སྣང་གློ་བུར་འཕོ་བའི་དྲི་མ་བསལ་བས་གནས་ལུགས་མངོན་དུ་འགྱུར་བའི་ཕྱིར། སྒྲུབ་བྱེད་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཆེན་པོའི་བཅུད་ལེན་རྣམ་ཐར་སྒོ་གསུམ་དང་རྗེས་སུ་འབྲེལ་བའི་ཏིང་ངེ་འཛིན་ལ་གནས་དགོས་པ་དང་། བར་པ་ལ་འཕོ་བའི་བྱེད་པ་རླུང་སེམས་ཡིན་པས་ཐབས་ལམ་ཟབ་མོས་དེ་དག་གི་བྱེད་པ་འཛག་མེད་དུ་བཅིང་ཞིང་གནས་སྐབས་ཐབས་ཀྱི་ཁྱད་པར་རྫས་ཀྱི་བཅུད་ལེན་མན་ངག་ལྟར་བརྟེན་པས་རྟེན་ཀུན་རྫོབ་ཀྱི་དྭངས་མ་རྒྱས། དེས་བརྟེན་པ་བདེ་ཆེན་གྱི་ཡེ་ཤེས་འཕེལ་བར་འགྱུར་བ་དང་། གསུམ་པ་གཙོ་བོར་ད་ལྟའི་ལས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་བཤད་པས་སྲོག་གཅོད་སྤང་ཞིང་སྲོག་བསླུ་བས་མཚོན་བསོད་ནམས་མ་ཡིན་པ་སྤང་ཞིང་བསོད་ནམས་ཅི་ནུས་བསགས་པ་དང་། སྔགས་ཀྱི་ཐབས་མཁས་རྡོ་རྗེ་ཚེ་སྒྲུབ་པའི་ཆོ་ག་རྣམས་ཀྱིས་སྲོག་གི་ཀ་བ་བརྟན་ཅིང་དེ་ལ་བརྟེན་པའི་ཚེ་ཡུན་རིང་དུ་གནས་པར་བྱེད་དོ། །བཞི་པ་གནས་ལུང་ལ་གཉིས། དགོས་པ་བསྟན། གནས་ལུང་དངོས་བཤད་པའོ། །དང་པོ་ནི། སྙིང་རྗེའི་ ནས་ རྫོགས་པའི་ལུང༔ ཞེས་གསུངས་ཏེ། ཚེ་འདིའི་སྣང་བ་ནུབ་ནས་གདོས་བཅས་ཀྱི་རྟེན་དང་བྲལ། རྣམ་པར་ཤེས་པ་ལས་ཀྱི་རླུང་གིས་བདས་ཏེ་འཇིགས་པའི་སྒྲ་བཞི་ཡ་ང་བའི་གཡང་ས་གསུམ་སོགས་ལོག་པའི་འཁྲུལ་སྣང་དུ་མ་དང་བཅས་སྐྱབས་བྲལ་གཏད་མེད་དུ་འཁྱམས་པས་སྙིང་རྗེའི་ཡུལ་དུ་གྱུར་པ། མ་ངེས་པའི་རྟགས་དྲུག་དང་ལྡན་པའི་སྲིད་པ་བར་མ་དོའི་འགྲོ་བ་རྣམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་ཁ་ལོ་སྒྱུར་སླ་བ་ཡིན་པས། སངས་རྒྱས་རྣམས་ཀྱི་ངོ་མཚར་གསང་བའི་མཛོད་ཁང་ལས་བྱུང་བ་ཆོ་ག་དང་ཏིང་འཛིན་ཟབ་མོའི་ཐུགས་རྗེས་ངན་འགྲོའི་སྐྱེ་གནས་ལས་སྐྱོབ་ཅིང་མྱུར་དུ་ཐར་པ་ཞི་བ་ཐོབ་པའི་ཐབས་མཁས། རིགས་དྲུག་གི་གནས་ནས་རིམ་པར་དྲངས་ཏེ་སྤར་ཞིང་ལམ་ལྔ་གདན་ཐོག་གཅིག་ཏུ་རྫོགས་པར་བྱེད་པའི་གནས་ལུང་ཐུགས་རྗེའི་དཔྱངས་ཐག་ནི་འདི་ལྟ་སྟེ། ཞེས་སོ། །འདིར་ཡང་འཕྲོས་དོན་ཅུང་ཟད་སྨོས་ན། བར་དོ་སྤྱིའི་ངོ་བོ་ནི། གཞི་དབྱིངས་ཀ་དག་གི་སྦུབས་ལས་ལྷུན་གྲུབ་སྣང་བའི་སྒོར་ཤར་བ་ཉིད་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་ཡིན་ལ། དེའང་གཞི་སྣང་ཡེ་ཤེས་སུ་ཤར་བའི་ཆ་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་རྣམས་ནི་མ་དག་འཁྲུལ་པའི་བར་དོ་ཞེས་བཏགས་པར་བཤད་དོ། །བྱེ་བྲག་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་མ་གྲུབ་པ་ཚུན་དུ་བག་ཆགས་ལས་རྫུས་སྐྱེས་ཀྱི་ལུས་རྟེན་རྨི་ལམ་ལྟ་བུར་སྣང་བའོ། །ངེས་ཚིག་ནི། སྤྱིར་འཁྲུལ་གྲོལ་གྱི་བར་ན་གནས་པ་དང་། བྱེ་བྲག་ཆོས་ཉིད་ཀྱི་སྣང་བ་ནུབ་ནས་རིགས་དྲུག་གི་ལུས་དངོས་མ་བླངས་བའི་བར་གྱི་སྣང་བ་ལ་གནས་པ་དང་། འཁྲུལ་གྲོལ་དང་རྟེན་མཐོ་དམན་ཅིར་ཡང་འགྱུར་སྲིད་པས་བར་སྲིད་ཅེས་བྱའོ། །དབྱེ་བ་ནི། ཐལ་འགྱུར་ལས་སྐྱེ་འཆིའམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་བཞིར་གསུངས་པ་ལས་འདིར་གནས་ལུང་བྱ་བའི་ཡུལ་སྲིད་པ་བར་དོའོ། །དེའི་མཚན་ཉིད་ནི། མཛོད་ལས། སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་དང་། རྒྱུད་ཆེན་ཉི་ཟླ་ཁ་སྦྱོར་ལས་རྒྱ་ཆེར་གསུངས་པ་ལྟར་ཏེ། རིང་མཐའ་ཞག་ཞེ་དགུ །ཐུང་མཐའ་བདུན་ནམ་ཡུད་ཙམ་གནས་པའོ། །འདིའི་དུས་གཡུལ་ངོར་རྟ་ལས་ལྷུང་བ་འཛེགས་པ་ལ་རིངས་པ་ལྟར་སྲིད་པ་ཕྱི་མ་ལ་རིངས་ཞིང་ཕྱོགས་པས་དགེ་བའི་སྡོང་གདབ་པ་ལ་མྱུར་དུ་འབད་དགོས་པ་ཡིན་ནོ། །གཉིས་པ་གནས་ལུང་དངོས་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཡུལ་དང་སོགས་རྐང་པ་གཅིག་སྟེ། གནས་ལུང་བྱ་བའི་ཡུལ་གསལ་གདབ་པ་དང་། དེའི་སྡིག་སྒྲིབ་སྦྱོང་ཞིང་ཡོན་ཏན་ཡར་ལྡན་དུ་འཕེལ་བས་ལམ་ལྔ་བདེ་བླག་ཏུ་བགྲོད་པའི་ཐབས་དང་། གནས་ལུང་མཐར་ཕྱིན་པའི་རྗེས་ཀྱི་བྱ་བ་སྟེ་གསུམ་གྱིས་བསྡུས་སོ། །གཉིས་པ་ལ་གསུམ། ཡུལ་གསལ་གདབ། སྒྲིབ་སྦྱོང་གནས་སྦར་གྱི་ཐབས། རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་བསྐྱེད་དགུག་བསྟིམ། ཞེས་པས་བསྟན་ཏེ། སློབ་དཔོན་གྱིས་ལྷ་གང་ལ་བརྟེན་པའི་བདག་མདུན་བུམ་པ་སྒྲུབ་པ་སོགས་རྒྱས་བསྡུས་ཅི་རིགས་པ་སོང་ནས། འཕགས་ཡུལ་བའི་ཡུལ་ཆོས་དང་མཐུན་པར་དཀྱིལ་འཁོར་ལྷོ་སྒོར་ཚེ་འདས་ཀྱི་དྲི་རྟེན་བཅས་པ་ལ་དམིགས་རྟེན་བྱས་ནས་གསོན་པོའི་གནས་སྐབས་ཇི་ལྟ་བར་བསྐྱེད་ཅིང་གསལ་གདབ། ཐུགས་ཀའི་འོད་ཟེར་གྱིས་བར་དོར་འཁྱམས་པའི་རྣམ་ཤེས་སྡིག་པ་དང་བཅས་པ་བཀུག་ནས་ཕྱག་རྒྱ་བཞིས་དབྱེར་མེད་དུ་བསྟིམས་ལ་མི་གཡོ་བར་བྱའོ། །གཉིས་པ་ནི། བར་ཆད་ ནས་སྲས་སུ་བསྐྲུན༔ ཅེས་གསུངས་ཏེ། མཐོ་རིས་དང་ཐར་ལམ་གྱི་བར་ཆད་གསོན་པོའི་བདུད་དང་གཤིན་གྱི་ལྕགས་སུ་བྱེད་པའི་བགེགས་ཀྱི་ཚོགས་ལ་ཞི་བས་གཏོར་གླུད་སྦྱིན། ཞི་དྲག་ཕྱེད་མས་བཀའ་བསྒོ། མི་ཉན་པ་རྣམས་དྲག་པོའི་ཚམ་རྔམས་ཀྱིས་རྒྱང་རིང་པོར་བསྐྲད་ཅིང་ལྷག་མེད་དུ་སྦྱངས་ལ་སྲུང་བའི་གོ་བསྒོ་བ་ནི་ཚོགས་ཀྱི་ལམ་མོ། །ཐོག་མ་མེད་ནས་རིགས་དྲུག་གི་གནས་སུ་འཁོར་བ་ཁ་བརྒྱུད་པའི་ཚེ་མ་རིག་པའི་བག་ཆགས་ཚན་པོ་ཆེ་ལ་བརྟེན་ཡང་དང་ཡང་དུ་བསགས་པའི་སྡིག་ལྟུང་གི་ཕུང་པོ་ལས་ཀྱི་སྒྲིབ་པ་ལུས་དང་གྲིབ་མ་ལྟར་འགྲོགས་པས་འཁོར་བ་དང་ངན་སོང་གི་རྒྱུ་བྱེད་པའི་ཕྱིར་དེ་ཐམས་ཅད་སྤང་དགོས་ལ། སྦྱོང་བྱེད་སྔགས་རྒྱ། ཕྱིར་ཟློག །བུམ་ཁྲུས། བདེན་སྟོབས་སོགས་ཀྱིས་འབྲལ་བའི་ཐབས་མང་དུ་གསུངས་པ་ལས་གཙོ་བོར་ཀུན་འདུས་རིག་པའི་མདོ་སོགས་ལས་རྒྱ་ཆེར་བསྔགས་པའི་སྤྱི་ཁྲུས་ཏིང་འཛིན་རིག་རྩལ་གྱི་ཐབས་མཆོག །དམིགས་བྱའི་ལུས་ཀྱི་གནས་དྲུག་ཏུ་སྦྱང་བྱ་རིགས་དྲུག་གི་ས་བོན་རྩ་ཡིག་རང་ཆས་སུ་ཡོད་པ་དང་སྦྱོང་བྱེད་འབྲུ་གསུམ་ལྷན་ཅིག་པ་ཉིད་ཐུགས་ཀའི་འོད་ཀྱིས་སྦྱོང་བྱེད་བསྐུལ་བས་དེ་ལས་ཡེ་ཤེས་ཀྱི་རང་རྩལ་མེ་འབར་བས་སྦྱང་བྱ་བསྲེགས། རླུང་གཡོས་པས་ཐལ་བ་གཏོར། ཆུ་བྱུང་བས་དྲི་མའི་རྗེས་ཤུལ་ལྷག་མེད་དུ་བཀྲུ་བར་བྱེད་པ་ནི་སྦྱོར་ལམ་མོ། །རྒྱུད་རྣམ་པར་དག་པ་དེ་ཉིད་སར་གནས་རིག་འཛིན་གྱི་གྲལ་དུ་འགོད་པའི་ཕྱིར་ལྷ་དམ་ཚིག་པར་གསལ་བ་ལ་བུམ་པ་སོགས་དབང་བཞི་རྒྱས་པའམ་བསྡུས་པ་སྐུ་གསུང་ཐུགས་དབང་གིས་མཚོན་རྡོ་རྗེའི་གཏོར་བླུག་གི་ཆོ་གས་དབང་བསྐུར་ཞིང་རྒྱས་གདབ་པ་ནི་མཐོང་ལམ་མོ། །དེ་ལ་ཞལ་བསྲོ་བ་དང་བག་ཆགས་ཀྱི་ཞེན་འཁྲིས་བཅད་པའི་ཕྱིར་བཟའ་བཏུང་དངོས་སུ་བཤམས་པ་ལ་རྟེན་བྱས་ཏེ་རྣམ་པ་འདོད་པའི་ཡོན་ཏན་ལྔ་པོ་ཟད་མི་ཤེས་པའི་རྒྱ་མཚོ། ངོ་བོ་ཟག་མེད་བདེ་བ་ཆེན་པོའི་སྤྲིན་ཕུང་དུ་སྔགས་དང་ཕྱག་རྒྱས་སྤེལ་ནས་བསྔོ། འཁོར་བར་ཕྱིར་མི་ལྡོག་པའི་སླད་དུ་དེའི་ཉེས་སྐྱོན་དང་ཐར་པའི་ཡོན་ཏན་བསྔགས་པ་ལས་བརྩམ་ཟབ་མོའི་ཆོས་བཤད་ལ་རིགས་ལྔའི་གནས་སོགས་དག་པའི་ཞིང་ཁམས་སུ་ལམ་བསྟན་ཅིང་དབུགས་དབྱུང་བ་ནི་སྒོམ་པའི་ལམ་མོ། །ལམ་ལྔ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་བར་བྱ་བའི་ཕྱིར་རྣམ་པར་ཤེས་པ་དཀྱིལ་འཁོར་གྱི་གཙོ་བོ་ཀུན་ཏུ་འཆང་བ་ཆེན་པོ་ཡབ་ཡུམ་གྱི་ཐུགས་དང་དབྱེར་མེད་དུ་བྱས་ལ། དེས་ཀྱང་སྦྱོར་མཚམས་ནས་རྒྱལ་བའི་སྲས་སུ་བསྐྲུན་ཏེ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་མོས་པ་ནི་མི་སློབ་པའི་ལམ་མཚོན་པའོ། །གསུམ་པ་ནི། སྙིགས་མ་ ནས་ མི་འཆད་པར་བྱ༔ ཞེས་གསུངས་ཏེ། དྭངས་མའི་རྣམ་ཤེས་གནས་སྤར་བའི་སྙིགས་མ་ཕུང་པོ་བག་ཆགས་ཀྱི་རྟེན་ཤུལ་དུ་ལུས་པ་དེ་ཉིད་དཀྱིལ་འཁོར་བའི་ཐུགས་ལས་སྤྲོས་པའི་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་སྦྱངས་པས་ལྷག་མེད་དུ་བྱེད་པ་ནི་རང་དོན་ཆོས་སྐུ་བརྙེས་པ་དང་། བྱང་ཐལ་དྲི་བཟང་ཆུ་འཇིམ་པ་དང་བསྲེས་པས་སྐུ་གདུང་སཱཙྪ་ཆོ་ག་བཞིན་གདབ་པ་ནི་གཞན་དོན་གཟུགས་སྐུ་འབྱུང་བའི་རྟེན་འབྲེལ་ཡིན་ལ། དེ་ལྟར་ན་ལམ་ལྔ་ཡོངས་སུ་རྫོགས་ཤིང་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་བརྙེས་པས། འགྲོ་བའི་དོན་ནམ་མཁའ་དང་མཉམ་པར་མཛད་པའི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་པའི་ཐབས་ཟབ་མོ་རྒྱུད་དང་མན་ངག་གི་ངེས་པ་ལས་འབྱུང་བ་བཞིན་ལྷག་ཆད་མེད་པར་བྱའོ། །ལྔ་པ་ཕྲིན་ལས་ལ་གཉིས། དགོས་པ་དང་བཅས་ཏེ་མདོར་བསྟན་པ་དང་དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཐུན་མོང་ ནས་རྣམ་པ་གཉིས༔ ཞེས་གསུངས་ཏེ། རང་གཞན་ཐུན་མོང་ལ་གལ་ཆེ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལ་མཁས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བ། ཇི་ལྟར་བསམ་པའི་དོན་ཀུན་ཡོངས་སུ་རྫོགས་པར་བྱེད་པ་རོལ་པ་ཕྲིན་ལས་ཀྱི་རིམ་པ་ནི། སྒོ་གསུམ་གྱི་ལས་སམ་བྱ་བའི་སྒོ་ནས་ཀུན་ལ་ཕན་པ་དང་བདེ་བ་སྒྲུབ་པ་སྟེ། ཁོག་གཞུང་ལས། བདག་གཞན་དོན་སྒྲུབ་ཕྲིན་ལས་ཏེ། །ཞེས་སོ། །དེ་ལ་ནང་གསེས་ཀྱི་རྣམ་གྲངས་མང་ཡང་མདོར་བསྡུ་ན་རང་གཞན་ལ་ཕན་གདགས་ཤིང་དོན་གཉེར་རྗེས་སུ་བཟུང་བ་དང་། སྡང་ཞིང་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་ཏེ་རྣམ་པ་གཉིས་སུ་འདུའོ། །དེ་ལ་ཕྲིན་ལས་ཀྱི་ངོ་བོ་ནི། བསམ་དོན་སྒྲུབ་བྱེད་ཐབས་མཁས་ཀྱི་བྱ་བ་སྙིང་རྗེའི་རྒྱུ་ལས་བྱུང་ཞིང་ཤེས་རབ་ཟབ་མོས་ཟིན་པའོ། །ངེས་ཚིག་ཀརྨའི་སྒྲ་ལས་ཕྲིན་ལས་ཏེ་སྒོ་གསུམ་གྱི་ལས་སུ་གྱུར་པའོ། །རྣམ་གྲངས་ནི་ལས་བཞི་སྒྲུབ་པའི་ཐབས་ཀྱི་ཁྱད་པར་འོག་ནས་འབྱུང་བ་ལ་སོགས་པ་སྟེ། དེའང་བྱ་བའི་ཡུལ་སྤྱིར་ཁམས་གསུམ་གྱི་འགྲོ་བ། བྱེ་བྲག་ཞི་སོགས་ལ་རིམ་བཞིན་གནོད་སྡིག་དབུལ་ཕོངས་ལོག་ལྟ་གདུག་པ་ཅན་རྣམས། བྱེད་པའི་ཕྲིན་ལས་བཞི་དང་ལྷུན་གྲུབ་རྣམས་ལ་སོ་སོའི་འདུག་སྟངས་སྔགས་ཀྱི་བཟླ་ཚུལ་དབྱངས་ཀྱི་འགྱུར་བ་སྟངས་ཀྱི་སེམས་སོགས་ཀྱི་ཁྱད་པར་དང་ལྡན་པ། བྱེད་ཚུལ་ལམ་གྱི་རྒྱུད་ཚོད་དང་མཐུན་པའི་གཞི་ཏིང་ངེ་འཛིན་ཐབས་སྤྲོས་མེད་ལ་བརྟེན་པ། བྱ་བའི་དུས་ལས་སོ་སོ་དགོས་པའི་ཡུལ་ཉེ་བར་གནས་པ་སྟེ། བྱས་པའི་དགོས་པ་ཞི་བས་ཕྱི་ནད་གདོན་ནང་མཚན་རྟོག་འཇོམས། རྒྱས་པས་ཕྱི་འཁོར་དང་ལོངས་སྤྱོད་ནང་ཚེ་བསོད་ཉམས་རྟོགས་སྤེལ། དབང་གིས་ཕྱི་འདོད་པའི་ཡུལ་ནང་རླུང་སེམས་ལ་དབང་ཐོབ། དྲག་པོས་ཕྱི་དགྲ་བགེགས་ནང་དུག་ལྔའི་རྟོག་པ་བཅོམ་པར་བྱེད་དོ། །གཉིས་པ་ལ་གཉིས། རྗེས་བཟུང་། ཚར་བཅད་དོ། །དང་པོ་ནི། སྲུང་དང་ ནས་ རྫས་ཀྱིས་བསྒྲུབ༔ ཅེས་གསུངས་ཏེ། དེ་ལ་རྗེས་སུ་བཟུང་བའི་ཕྲིན་ལས་ནི། བསྒྲུབ་བྱ་ནད་གདོན་བར་ཆད་སོགས་མི་མཐུན་པའི་ཕྱོགས་མི་འབྱུང་བར་སྲུང་བ་དང་འཇིགས་པ་བཅུ་དྲུག་ཞི་བ་དང་འབྱོར་པ་དྲུག་རྒྱས་པ་དང་ཡིད་ལ་འདོད་པ་མོས་པ་བཞིན་དབང་དུ་སྒྱུར་བ་རྣམས་ཡིན་ལ། སྒྲུབ་བྱེད་ཀྱི་གཙོ་བོ་གསལ་སྣང་ཐོབ་པའི་ཏིང་ངེ་འཛིན་དང་སྔགས་ཀྱི་བཟླས་པ་ཚད་དུ་འཁྱོལ་བ་དང་འཆིང་འགྲོལ་གྱི་ཕྱག་རྒྱ་གཞི་བཟུང་སྟེ། ཕལ་པའི་ལས་མཆོད་རྟེན་ནམ་སཱཙྪས་ལས་དངོས་དང་འབྱུང་བ་གཞན་ལས་ཡིད་ཀྱིས་སྤྲུལ་ཏེ་སོ་སོ་ལ་ཤིས་པའི་དབྱིབས་མདོག་ཅན་གཟུངས་སྔགས་དང་ལྡན་པར་ལས་མཐུན་གྱི་ལྷར་གསལ་བའི་འོད་ཀྱིས་བསྒྲུབ་བྱ་བཀུག་ཅིག་འོག་ཏུ་མནན་པ་ལ་འོད་ཀྱིས་གདུང་བས་ལས་འགྲུབ་པར་མོས་པ་དང་། སྡིག་སྒྲིབ་ནད་གདོན་གྲིབ་དང་མི་གཙང་བ་སེལ་བ་ལ་དེ་དང་དེའི་གཉེན་པོར་བསྔགས་པའི་ལྷ་རྣམས་བུམ་པ་བཅུད་ལྡན་དུ་བསྐྱེད་བཟླས་འོད་ཞུ་བྱས་པའི་ཁྲུས་ཀྱི་ཆོ་གས་བཀྲུ་བ་དང་། རྣལ་འབྱོར་པའི་བློ་ཁྱད་དང་བསྟུན་པའི་ཕྱི་ནང་གསང་བའི་མེའི་བསྲེག་བླུགས་ཀྱི་སྦྱོར་བས་ཇི་ལྟར་འདོད་པའི་ལས་སྒྲུབ་པ་དང་། བསྒོམ་པ་ཡིད་དང་བཀོད་པ་བྲིས་པའི་འཁོར་ལོ་མན་ངག་ལས་འབྱུང་བ་ལྟར་སྒོམ་སྒྲུབ་ཚུལ་བཞིན་བསྟེན་པས་ལས་གང་ཡིན་སྒྲུབ་པ་དང་། ལས་བཞིའི་སོ་སོའི་རྒྱུ་དབྱིབས་ཚད་མདོག་ཅན་གྱི་ཕུར་བུ་བསྙེན་ཅིང་བསྒྲུབས་པ་ཡུལ་སོ་སོའི་ཕྱོགས་སུ་འདེབས་པ་དང་། ལས་བཞིའི་དབྱིབས་མཐུན་པོར་བཅས་པ་ལ་ལྷ་སོ་སོའི་ང་རྒྱལ་གྱིས་རྐང་པས་རྡོ་རྗེའི་བྲོ་བརྡུང་ཞིང་ལག་པས་གར་སྟབས་བསྒྱུར་ཏེ་ལུ་གུ་རྒྱུད་ཀྱི་ལས་བྱ་བ་དང་། འཁྱུད་དཔྱད་སོགས་ལས་འབྱུང་བ་ལྟར་བྱ་སླ་བའི་ཐབས་ཀྱི་འཕྲུལ་འཁོར་རྟེན་འབྲེལ་སྣ་ཚོགས་པ་བྱ་བ་དང་། གུ་གུལ་དུད་པས་འདྲེ་གདོན་བསྐྲད་པས་མཚོན་རྫས་གཅིག་རྐྱང་ངམ་མང་དུ་སྦྱར་བའི་ནུས་པ་ཁོ་ནས་ཀྱང་ནད་ཞི་བར་བྱེད་པ་ལ་སོགས་ཏེ་ཐབས་དེ་རྣམས་ཀྱིས་འདོད་པའི་ལས་ཐམས་ཅད་འགྲུབ་པར་བྱའོ། །གཉིས་པ་ནི། ཁྱད་པར་ ནས་ སྲེག་པས་བསྡུ༔ ཞེས་གསུངས་ཏེ། ཁྱད་པར་བསྒྲལ་བའི་ཞིང་བཅུར་གྱུར་པ་སོགས་ཞི་བས་མི་འདུལ་ཞིང་ཚར་གཅོད་པར་འོས་པ་རྣམས་ལ་ནན་ཏུར་གྱི་ལས་བྱ་བའི་ཚུལ་ཡང་ཕྱོགས་ཙམ་བསྟན་པར་བྱ་སྟེ། དེའི་ཚུལ་མདོར་བསྡུ་ན་དྲག་སྔགས་རྡོ་རྗེ་གཙུག་ལག་གི་རྒྱུད་ལས་གཟིར་བ་པོ། གཟིར་བྱ། གཟིར་བྱེད་གསུམ་དུ་གསུངས་པའི། དང་པོ་ནི། སྒེག་རྡོར་དམ་ཚིག་གསལ་བཀྲ་ལས། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། ཞེས་འབྱུང་བའི་དོན། ལུས་ལྷ་སྐུ། ངག་བརྗོད་བྲལ། སེམས་སྐྱེ་མེད་དུ་དཔའ་བ་སྟེ་དཔའ་གསུམ། ལྟ་བ་མཐའ་བྲལ། སྒོམ་པ་བློ་འདས། སྤྱོད་པ་ཤུགས་འབྱུང་གི་གདེང་སྟེ་གདེང་གསུམ། རིག་པ་མདུང་ལས་རྣོ་བས་ཕྱིའི་དྲེགས་པ་འབིགས་པ། རིག་པ་གསེག་བདར་ལྟ་བུས་ནང་གི་ཉོན་མོངས་གཅོད་པ། རིག་པ་རླུང་ཤུགས་ལྟ་བུས་རྣམ་རྟོག་སྤྲིན་ཕུང་གཏོར་བའི་ངར་དང་ལྡན་པས་ངར་གསུམ་སྟེ་དཔའ་གདེང་ངར་བ་དགུ་དང་ལྡན་པ་ཞིག་དགོས་ལ། གཟིར་བྱ་དགྲ་བགེགས་གཉིས་ལས་དགྲ་ནི་ཞིང་བཅུར་གྱུར་པ་སྟེ། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འཚེ་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་དང་རྒྱུད་ལས་མི་དགེ་བཅུ་དང་མཚམས་མེད་ལྔ་སྤྱོད་ལ་བཤད་དོ། །བགེགས་ལ་གྲངས་ངེས་པ་སོགས་གོ་རིམ་དྲུག་གིས་བསྟན། གཟིར་བྱེད་རྫས་སྔགས་ཏིང་ངེ་འཛིན་གསུམ། རྫས་ལ་མཆོད་རྫས་རྟེན་རྫས་གཟིར་རྫས་གསུམ། སྔ་མ་གཉིས་ལ་སྤྱི་དང་ཁྱད་པར། ཕྱི་མ་ལ་གནས་བྲུབ་ཁུང་ལིངྒ་བླ་རྡོ་དབྱེ་གཟིར་ཐུན་རྫས་ནང་གསེས་དང་བཅས་པས་བསྡུས། སྔགས་ལ་མཚན་ཉིད་འགོད་ཐབས་བཟླས་སྔགས་གསུམ། ཏིང་ངེ་འཛིན་ལ་ལྷ་དང་སྔགས་དང་རྫས་ཀྱི་ཏིང་འཛིན་གསུམ་པོ་རྣམས་མ་འདྲེས་མ་ནོར་མ་ཚང་མེད་པ་བཅས་ཏེ། རྒྱུད་དེ་ལས། སྔགས་ནི་དུག་གི་མཚོན་ཆ་ལ། །ཏིང་འཛིན་གསལ་པས་གནས་སུ་སྐྱེལ། །རྫས་ནི་སྦྱོར་བ་ཐབས་ཀྱི་གྲོགས། །དེ་གསུམ་ལྡན་ན་ལྷ་དབང་ཡང་། །དངོས་སུ་སྒྲོལ་བར་ཐེ་ཚོམ་མེད། །ཅེས་སོ། །སྤྱིར་མངོན་སྤྱོད་ཀྱི་ཕྱག་ཆ་ལ་རྣམ་གྲངས་བཅུར་གསུངས་ཏེ། སྲོག་སེར། ཐོག་དང་ལྟས་ངན། སྲུང་ཟློག །བསད་མནན། འཕང་སྲེག་བཅས་ཐམས་ཅད་ལའང་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་སྤངས་པ་དང་། ཕན་གནོད་ཀྱི་ཕྲིན་ལས་ཀུན་ལ་གྲོགས་རྣམ་པ་ལྔ་བསྟན། དུག་རྣམ་པ་ལྔ་སྤང་། རྒྱན་རྣམ་པ་ལྔ་གདགས་པ་བཅས་རབ་ཏུ་གཅེས་པར་གསུངས་སོ། །དེ་ལས་འདིར་བཤད་བྱ་ནན་ཏུར་ཕྲིན་ལས་ཀྱི་གཙོ་བོ་ཐོག་མར་རང་ཉིད་སྲུང་བ་རྡོ་རྗེའི་རྫོང་མཁར་དུ་ཞུགས་ནས་སྒོ་གསུམ་ལོངས་སྤྱོད་བཅས་ཅིས་ཀྱང་མི་ཤིགས་པར་བྱ་བ་དང་། འགལ་རྐྱེན་བར་ཆད་ཟློག་པའི་རྡོ་རྗེའི་དཔུང་བཤམས་ཏེ་ཕས་རྒོལ་གྱི་བྱད་སྟེམས་ནུས་པ་རང་གཤེད་དུ་དབབ་པ་དང་། ལྟ་བ་ཆོས་ཉིད་ཀྱི་རྫོང་། སྒོམ་པ་ཏིང་ངེ་འཛིན་གྱི་འཕྲང་། སྤྱོད་པ་སྙིང་རྗེ་ཆེན་པོའི་སྲོག་དང་ལྡན་པ་ལ་གཞི་བཅས་ནས། མི་ལྡོག་པའི་གནད་རང་ཉིད་དཔལ་ཧེ་རུ་ཀར་གསལ། མི་རྡུགས་པའི་ཕྱིར་ཕུར་བུ་སྲས་མཆོག་ཏུ་གསལ། མི་འབྱམས་པའི་ཕྱིར་ལིངྒ་གཟས་པ་པོ་དངོས་སུ་གསལ་བ་ལ་ཚེ་ལུང་གསུམ་དང་ཁྲུས་ལུང་གསུམ་གྱི་དགོངས་པ་དང་ལྡན་པས་གདབ་པ་དང་བསྒྲལ་བ་དང་བསྟབ་པའི་ལས་བྱས་པས་ཚེ་བཅུད་ཀྱིས་བདག །རྣམ་ཤེས་སྤར་བས་དགྲ །ཤ་ཁྲག་བསྟབས་པས་ལྷ་སྟེ་འཚིང་བ་གསུམ་གྱིས་བསྒྲལ་བའི་འབྲས་བུའི་གནད་ལ་སྦྱོར་བ་དང་ལྡན་པས། ལྷ་རྟེན། ལུས་སེམས། ཤ་རུས་ཏེ་ཁ་སྦྱོར་གསུམ་པོ་དབྱེ་བ་ནི་བསད་པའི་ལས་ཀྱི་ཆོ་ག་སྟེ། དེ་ལྟར་མངོན་སྤྱོད་ཕྲིན་ལས་ཀྱི་གཙོ་བོ་སྲུང་ཟློག་བསད་པ་གསུམ་ཡིན་ལ་དེ་གསུམ་གྱི་མཐར་ནི། སྲུང་བ་ལ་མནན་པ། ཟློག་པ་ལ་འཕང་བ། བསད་པ་སྲེག་པས་བསྡུ་བར་བྱ་སྟེ། དེ་དག་གི་འཐད་པའང་སྲུང་བས་བར་གཅོད་མི་མཐུན་པའི་ཕྱོགས་ལས་སྐྱོབ། མནན་པས་ཕས་རྒོལ་གྱི་སྟོབས་ནུས་ཐམས་ཅད་འཆིང་བར་བྱེད་པས་འབྲེལ་ཏེ། དཔེར་ན་རྫོང་ལ་ལྕགས་རིས་བསྐོར་བ་དང་ཕས་རྒོལ་གྱི་ཆོམ་རྐུན་བཙོན་དུ་བཅུག་པ་གཉིས་ཀ་རང་ཕྱོགས་སྲུང་བའི་ཉེར་ལེན་དུ་དོན་མཚུངས་པ་ལྟ་བུ་དང་། ཟློག་པས་འགལ་རྐྱེན་ཉེར་འཚེ་ཐམས་ཅད་ཉེ་མི་ནུས་པར་རིང་དུ་བྱེད། འཕང་བ་ཟོར་གྱིས་དེ་དག་རྨེག་མེད་དུ་བརླག་པར་བྱེད་བས་འབྲེལ་ཏེ། དཔེར་ན་དགྲ་དཔུང་གིས་འཚེ་བ་ལ་ཐོག་མར་དམག་གི་དཔུང་བཤམ། མཐར་གཡུལ་སྤྲད་པས་རྒོལ་བ་བཅོམ་པ་ལྟ་བུ་དང་། བསད་པས་བསྒྲལ་བྱའི་རྣམ་ཤེས་སྤར་ཏེ་གཟུགས་ཕུང་ཚོགས་སུ་བསྒྲལ་བ་དེ་ཉིད། ལྷ་རྣམས་ཀྱི་ཞལ་མེ་ལ་བསྟབས་པས་ཤིན་ཏུ་མཉེས་པར་འགྱུར་བ་དང་སྤྱིར་ལས་ཀྱི་ནུས་པ་ཐམས་ཅད་བསྲེག་བླུགས་ཀྱིས་མྱུར་དུ་འབྱིན་པ་སྟེ་རྣོ་ལ་ངར་གྱིས་གདགས་པ་ལྟ་བུའོ། །མངོན་སྤྱོད་ཀྱི་དགོས་པའང་རྒྱུད་ལས། ལོག་ལྟ་ཅན་བཅུ་བསྒྲལ་བར་བྱ། །མ་བསྒྲལ་འཁོར་བར་འཁྱམས་པ་ལ། །བསྒྲལ་ཏེ་གནས་སྤར་བདེ་བ་ཐོབ། །བདག་གཞན་གཉིས་ཀ་མངོན་འཚང་རྒྱ། །འཁོར་བའི་ཆུ་ལས་བསྒྲལ་བའོ། །ཞེས་དང་། གསལ་བཀྲ་ལས། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་ལ་དམ་སྐོང་ཞིང་། །ལས་ངན་བག་ཆགས་སྡུག་ཡུན་བསྟུངས། །རང་གི་བསམ་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་སོ། །དྲུག་པ་བམ་ཆེན་མཆོག་སྒྲུབ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། མཆོག་གི་ ནས་ སྒྲུབ་པ་ནི༔ ཞེས་གསུངས་ཏེ། སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པར་བྱེད་པའི་ཕྲིན་ལས་ཏེ་ལས་སུ་བྱ་བ་ཀུན་ལས་ཁྱད་པར་དུ་འཕགས་པས་བླ་ན་མེད་པའི་ཕུལ་དུ་གྱུར་པ་ནི། སློབ་དཔོན་ཆེན་པོས། སྒྲུབ་པ་ཆེན་པོ་འདི་ཉིད་ནི། །སྒྲུབ་པ་མང་པོའི་རྩ་བ་སྟེ། །དཔེར་ན་ཆུ་བོ་ཆེན་པོ་ལས། །ཆུ་ཕྲན་ཐམས་ཅད་གྱེས་དང་མཚུངས། །གསང་སྔགས་བླ་ན་མེད་པ་ཡི། །སྒྲུབ་པ་རྣམས་ཀྱི་ཡང་སྙིང་ནི། །དངོས་གྲུབ་བམ་གྱི་སྒྲུབ་པའོ། །ཞེས་གསུངས་པ་དང་། ཁྱད་པར་དམ་ཚིག་ཉམས་ཆགས་ཞི་བ་ལ་ལྷག་པར་བསྔགས་ཤིང་། གལ་པོ་ལས། དངོས་གྲུབ་ཆེན་པོ་བླང་པ་ནི། །ལས་ལས་གྲུབ་པའི་དངོས་གྲུབ་ཅན། །ཞེས་བམ་ཆེན་ལ་ལས་ལས་གྲུབ་པའི་དངོས་གྲུབ་ཡོད་པས་ཡོན་ཏན་མཐའ་ཡས་པར་བསྔགས་པའི་བམ་གྱི་སྒྲུབ་པ་མཆོག་ནི་འདི་ལྟ་སྟེ། གཉིས་པ་ནི། མཚན་ཉིད་ ནས་ སྤྲོ་བས་བསྐང༔ ཞེས་གསུངས་ཏེ། དེའང་སྒྲུབ་པ་པོར་ལྟ་བའི་གདེང་ཐོབ་པ། འབྲིང་བསྙེན་སྒྲུབ་ཀྱི་དྲོད་རྟགས་དང་ལྡན་པ། ཐ་མ་རྟོག་པ་ཆུང་ཞིང་རོ་སྙོམས་པས། དུས་དབྱར་ཚ་བ་དང་དགུན་གྲང་བའི་སྒང་རུལ་ཁེངས་ཀྱི་སྐྱོན་འབྱུང་བ་མ་ཡིན་པའི་སྐབས་སུ་བསྒྲུབ་བྱ་རྒྱུད་དང་མན་ངག་ལས་འབྱུང་བ་ལྟར་མཚན་ཉིད་ལེགས་པར་བརྟགས་ནས་བླང་སྟེ། དེའང་སྐྱེས་ནས་ལོ་མ་འཁོར་བ་དང་ལྔ་བཅུ་ཡན་ཆད་རྒན་པ། དབང་ཐོབ་སྔགས་པ་དང་རིགས་ངན། གཅོང་ནད་རིམས་དུག་སོགས་ཀྱིས་ཤི་བ་མ་ཡིན་པ། རབ་སྐྱེ་བ་བདུན་པ། འབྲིང་རྒྱལ་རིགས་རྗེའུ་རིགས། ཐ་མ་སྐྱེས་དར་མ་གྲིར་ཤི་ནས་ཞག་གསུམ་མམ་བདུན་ནམ་དགུ་ལས་མ་ལོན་པ་བཀྲ་ཤིས་ཤིང་བྱ་གཅན་གྱིས་མ་བསྣད་པས་གཙང་མར་གྱུར་པའི་བམ་རོ་དེ་ཉིད། རྣལ་འབྱོར་པ་ལྟ་སྒོམ་གྱི་བརྟུལ་ཞུགས་དང་ལྡན་པས་སྔགས་དང་ཏིང་འཛིན་སྟངས་སྟབས་ཀྱིས་འདུལ་ཞིང་ཁྲོ་བོ་རོལ་པ་དང་ཕྲ་མེན་འགྱིང་ཚུལ་གྱིས་བཙལ་ལ་ཞི་བ་དང་ཁྲོ་བོའི་རྡོ་རྗེའི་འགྲོས་ཀྱིས་བླང་། དེ་ནས་ཤེས་པ་བདུན་ལྡན་གྱིས་སྦྱང་ཞིང་བསྒྲུབ་སྟེ། མི་གཙང་བར་ཤེས་པས་ཁྲུས་ཀྱིས་བཀྲུ། སེམས་ཅན་དུ་ཤེས་པས་སྡུག་བསྔལ་ཕྲལ། སློབ་མར་ཤེས་པས་དབང་བསྐུར། རིག་པའི་མེ་ཏོག་ཏུ་ཤེས་པས་དཀྱིལ་འཁོར་གྱི་དབུས་སུ་བཞག །ལྷར་ཤེས་པས་ཐོག་མར་བམ་ཧྲིལ་པོར་དཀྱིལ་འཁོར་བ་བསྐྱེད་ལ་བསྙེན། བར་དུ་ལུས་ཀྱི་རྒྱ་བཀྲལ་ནས་དོན་སྣོད་ཡན་ལག་རྣམས་ལྷ་གནས་སོ་སོར་བཀོད་ལ་དམ་ཡེ་དབྱེར་མེད་ཀྱི་བདུད་རྩིར་བསྒྲུབ། སྐབས་སུ་མཆོད་རྫས་སུ་ཤེས་པས་ཕུང་པོར་ཚོགས་སུ་འབུལ། མཐར་འཇའ་འོད་དང་སྔགས་སྒྲ་དང་དྲི་བཟང་དང་བདུད་རྩིའི་རྒྱུན་འཛག་ཅིང་བག་དྲོ་ཉམས་དགའ་བ་སོགས་གྲུབ་པའི་རྟགས་བྱུང་བ་དང་། ཐིག་ལེ་ཉག་གཅིག་ཏུ་ཤེས་པ་ནི་བམ་ལ་བསྐྱེད་པའི་ལྷ་ཉིད་འོད་དུ་ཞུ་ནས་རང་བྱུང་ཕུང་པོ་དམ་ཚིག་པའི་ལྷ་ལ་བསྐྱེད་ཅིང་སྤྱན་དྲངས་པ་ཡེ་ཤེས་ཀྱི་ལྷ་གཉིས་མེད་དུ་ཐིམ་པར་མོས་ལ་འཁོར་འདས་རོ་མཉམ་གནས་ལུགས་ཀྱི་ཚུལ་ལ་མཉམ་པར་བཞག་སྟེ་དུས་ཀྱི་དངོས་གྲུབ་ཆེན་པོ་བླང་། དེའང་རབ་ཡུལ་བམ་གྱི་རྫས་དང་ཡུལ་ཅན་རང་གི་དབང་པོ་དབྱེར་མེད་བདེ་བ་ཆེན་པོ་རྡོ་རྗེའི་བདུད་རྩི་ཟག་པ་མེད་པར་ཤེས་པས་དངོས་སུ་ལོངས་སྤྱོད། འབྲིང་རྫས་དང་སྤེལ་བ་དང་ཐ་མས་ཀྱང་དམིགས་པས་རོལ། བནྡྷ་དང་སྙིང་དངོས་གྲུབ་ཀྱི་རྟེན་དུ་བཟུང་བ་སོགས་ཡོ་བྱད་དུ་སྤེལ་བ་དང་། རྫས་དང་བསྲེས་པའི་རིལ་བུ་སླར་ཡང་བསྒྲུབ་ནས་འགྲོ་བ་ཀུན་ལ་སྤེལ་བ་དང་། ས་ཆུ་མེ་རླུང་ལས་མཁའ་ཁྱབ་ཏུ་སྤེལ་བ་སྟེ་སྤེལ་བ་དྲུག་ལྡན་གྱི་སྒོ་ནས་རྣལ་འབྱོར་པའི་དགྱེས་རྒུར་སྤྲོ་བས་རང་གཞན་ཉམས་ཆག་བསྐང་ཞིང་འབྲེལ་ཚད་དོན་དང་ལྡན་པར་བྱའོ། །དེའི་ཡོན་ཏན་གུ་རུའི་གསུང་ལས། གང་ཞིག་རྣལ་འབྱོར་སྒྲུབ་པ་པོ། །དངོས་གྲུབ་རྣམ་གཉིས་འདོད་པ་ན། །གཞན་གང་ནོར་བུ་མཆིང་བུ་ལྟར། །ཕྲན་ཚེགས་ཡིན་གྱི་འདི་ཉིད་ནི། །རིན་ཆེན་དབང་གི་རྒྱལ་པོ་ལྟར། །མཆོག་དང་ཐུན་མོང་ལ་སོགས་པ། །ཅི་འདོད་འབྱུང་ཕྱིར་འདི་ལ་འབད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །བདུན་པ་བདུད་རྩི་སྨན་གྱི་སྒྲུབ་པ་ལ་དགོས་པ་དང་བཅས་ཏེ་མདོར་བསྟན། དེའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། ཡེ་ཤེས་རྒྱས་བྱེད་སོགས་ཚིག་རྐང་གཅིག་སྟེ། དང་བླང་དམ་ཚིག་གི་རྫས་ཤ་ལྔས་དུག་ལྔ་སེལ་ཞིང་བདུད་རྩི་ལྔས་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་སྐྱེད་པའི་མཐུ་ལས་བདུད་བཞི་བཅོམ་ཞིང་དབང་བཞིའི་ཡེ་ཤེས་ལམ་དུ་བསླངས་ཏེ་གོང་ནས་གོང་དུ་རྒྱས་པར་བྱེད་པའི་ཐབས་མཆོག་བདུད་རྩི་སྨན་གྱི་སྒྲུབ་པ་ནི་དངོས་གྲུབ་རྣམ་པ་གཉིས་ཀྱི་གཏེར་དུ་གྱུར་པ་སྟེ། བདུད་རྩིའི་རྒྱུད་ལས། ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་འགྲུབ། །ཅེས་སོ། །གཉིས་པ་ལ་གཉིས། ཇི་ལྟར་སྒྲུབ་པའི་ཚུལ། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། སྣོད་བཅུད་ ནས་ མཉམ་སྦྱར་བས༔ ཞེས་གསུངས་ཏེ། དེ་ལ་བདུད་རྩིའི་ངོ་བོ། སྲིད་གསུམ་སྣོད་ཀྱིས་བསྡུས་པའི་འབྱུང་བ་ཕུང་པོ་འདོད་ཡོན་ཉོན་མོངས་པ་ལྔར་སྣང་བ་ཡེ་ནས་རང་བྱུང་གི་བདུད་རྩི་ཆེན་པོ་ལྔར་རྣམ་པར་དག་པས་རྐྱེན་གྱིས་བཅོས་མ་དགོས་པ་གདོད་ནས་འཁོར་འདས་ཐམས་ཅད་བདུད་རྩིའི་ངོ་བོར་གནས་པ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་སོ། །ངེས་ཚིག་ཨ་མྲྀཏའི་སྒྲ་ལས་འཆི་བ་མེད་པ་སྟེ་འཆི་བའི་འཇིགས་པ་བཅོམ་པའི་གསོས་སྨན་ཡིན་པའི་ངེས་པ་ལས་བདུད་རྩིར་གྲགས་པ་སྟེ། གསང་བ་འཁོར་ལོའི་རྒྱུད་ལས། །འཁོར་བ་བདུད་དང་འདྲ་བ་ལ། ཆོས་ཉིད་བདེན་པའི་རྩི་བཏང་ནས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཞེས་སོ། །བྱེད་ལས་ནི། དོན་གྱི་བདུད་རྩི་ལྔར་བཤད་པ་དེ་སྒོམ་པའི་ཉམས་མྱོང་གི་རྟོགས་པས་སྐྱེ་འཆི་མེད་པའི་ཡེ་ཤེས་ཀྱི་བཅུད་ཀྱིས་བྱང་ཆུབ་རྡོ་རྗེ་ཉེ་བར་ལེན་པར་བྱེད་པ་སྟེ། བདུད་རྩི་མཆོག་ལུང་ལས། ཐམས་ཅད་མ་ལུས་སངས་རྒྱ་ལྔ། །ལུས་པ་མེད་པ་ཡེ་ཤེས་ལྔ། །མ་བཅོས་ཡེ་ནས་དེ་ཉིད་དོ། །དེ་ཕྱིར་སྨན་ཆེན་བཅུད་ཀྱི་མཆོག །ཅེས་སོ། །རྟགས་ལུས་གནས་བདུད་རྩིར་དྭངས་མར་གྱུར་ན་འཆི་བ་མེད་པ་འགྲུབ་ཅིང་། དེའི་རིགས་གཏོགས་ཕྱི་རོལ་གྱི་རྫས་ལའང་ནུས་པ་ཆ་མཐུན་ཡོད་པས་སྦྱང་རྟོགས་སྦར་གསུམ་གྱིས་བརླབས་ཏེ་བསྟེན་ན་ལུས་ཁམས་བདུད་རྩི་དྭངས་མའི་བཅུད་ཀྱིས་རྒྱས་ཤིང་འཆི་བ་མེད་པའི་ཚེ་དབང་ཉེ་བར་ལེན་པའི་གྲོགས་བྱེད་དེ། བམ་བརྒྱད་ལས། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །བདུད་བཞི་ངེས་པར་འཇོམས་པར་བྱེད། །སྨན་གྱི་རྒྱལ་པོ་བཅུད་ཀྱི་མཆོག །ཅེས་སོ། །བསྒྲུབ་པའི་རྫས་ནི། བདུད་རྩིའི་རྒྱུད་ལས། གཙོ་བོའི་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ཞེས་གསུངས་པའི་གཙོ་བོ་མཆོག་གི་དམ་རྫས་རང་བྱུང་བདུད་རྩི་ལྔ་དང་། ཐུན་མོང་གི་རྫས་རྩ་བ་བརྒྱད་ལ་སྔོན་བྱུང་དང་ཕྱི་ནང་གསང་གསུམ་སྒྲུབ་པ་ལག་ལེན་གྱི་རྩ་བ་སྟེ་བརྒྱད་ཚན་ལྔར་བཤད་པའི་ཕྱི་མ་སྦྱར་བྱ་དངོས་ལ། སྙིང་པོ་ལྔ། འབྲས་བུ་ལྔ། ཡོན་ཏན་ལྔ། སྡུད་པ་ལྔ། དུལ་བ་ལྔ་དང་གཙོ་བོ་ལྔ་བཅས་ལ་རིགས་མཐུན་གྱི་རྩི་བཅུད་སྨན་དུ་གྱུར་ཚད་སྦྱར་བས་ཡན་ལག་སྟོང་དུ་གྲུབ་པ་ཡིན་ལ། དགོས་དོན་ལྔ་དང་དགོས་ཆས་ལྔ་རྣམས་ཀྱང་ཚོགས་པར་བྱས་ནས་ཐོག་མར་འཚོལ་བ་ལ་མཁས་པས་བཙལ། བར་དུ་བསྲེལ་བ་ལ་མཁས་པས་ལེགས་པར་སྦྱར་རོ། །སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམས་པའི་ཡར་གྱི་ཚེས་བརྒྱད་ལ་བྱ་བར་བཤད། ཇི་ལྟར་སྒྲུབ་པའི་ཚུལ་ནི། སྔོན་འགྲོ་བསྙེན་པ་གསོ་ཞིང་སྒྲུབ་པའི་གཞི་བཟུང་བ། ཕྱི་བཤགས་དང་ས་ཆོག ཁྱད་པར་གྱི་ཡོ་བྱད་དང་རྟེན་གྱི་དཀྱིལ་འཁོར་འདུ་བྱས་ཏེ་དམ་རྫས་ཀྱི་རིགས་དང་ཁ་དོག་གི་དབྱེ་བས་བཀོད། དངོས་གཞིའི་ཐོག་མར་ཁྲོལ་བུར་སྦྱོང་བ་ནི། རྡོ་རྗེ་བཀོད་པ་ལས། དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱོང་བའི་མཆོག་ཏུ་བྱ། །ཞེས་པ་ལྟར། འཁྲུལ་སྣང་གཉིས་ཆོས་དུ་མར་བདེན་པར་ཞེན་པའི་རྟོག་ཚོགས་དམ་པ་རིགས་བརྒྱ་སྐུའི་འཁོར་ལོར་སྦྱང་བ་དང་། རིགས་མང་པོ་བཟང་ངན་དུ་བལྟ་བའི་རྟོགས་པ་ལྡོག་ཕྱིར་དེ་ཉིད་རིགས་ལྔ་གསུང་གི་དབྱིངས་སུ་སྦྱོང་བ་དང་། རིགས་ཐ་དད་དུ་འཛིན་པའི་ཞེན་པ་བསལ་ཕྱིར་གསང་ཆེན་རིགས་གཅིག་ཐུགས་ཀྱི་ཐིག་ལེར་བསྡུས་ཏེ་མཆོད་ཅིང་བསྟོད་ལ་དངོས་གྲུབ་ཀྱི་དབྱིག་བསྡུ། སྐབས་སུ་སྨན་གྱི་དངོས་གྲུབ་མྱུར་བའི་གྲོགས་རིག་འཛིན་རྣམས་བསྐུལ་ཞིང་གཙང་སྦྲ་ལ་གནས་པ་དེ་དག་གཉིས་འཛིན་གྱི་རྟོག་པ་བསལ་བ་ཐམས་ཅད་བཟང་ངན་བླང་དོར་བྲལ་བའི་དམ་ཚིག་ལ་གནས་པར་བྱ། སྦྱོར་སྒྲོལ་གཉིས་མེད་ཀྱི་དགོངས་པས་བཏགས་ཤིང་བཙགས་ལ་སྦོལ། ཚད་གཞལ་ལ་རྒྱས་བཏབ་སྟེ་དཀྱིལ་འཁོར་དུ་བཀོད། དེ་ནས་ཕྱེ་མ་ཚུལ་བཞིན་བསྒྲུབ་པར་བྱ་སྟེ། དེའང་དང་པོ་འཇུ་འདུལ་གྱི་དགོངས་པ་ཞི་བའམ་ཁྲོ་བོ་ཧེ་རུ་ཀ་ཡབ་ཡུམ་དགའ་བཞིའི་རོས་དགྱེས་པ་ཆེན་པོའི་ཉམས་དང་ལྡན་པའི་ལྷའི་དཀྱིལ་འཁོར་སུམ་ལྡན་ནམ་བརྒྱད་ལྡན་དུ་བསྒོམས་ལ། ཡེ་ཤེས་རྫས་དང་ཐབས་ཤེས་སོགས་སྦྱོར་བ་བརྒྱད་ལྡན་གྱིས་མཚོན་གཞུང་སོ་སོ་ལས་བཤད་པའི་སྦྱོར་ཐབས་དུ་མས་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་མཁའ་ཁྱབ་ཏུ་སྤྲོས་ཏེ་དོན་གཉིས་བྱས། ཚུར་འདུས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་དང་བདུད་རྩིར་དབབ། བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དུ་བ་སྒྲ་དང་དྲི། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་བ་གྲུབ་རྟགས་ཡིན། །ཞེས་པ་ལྟར་གྲུབ་པའི་རྟགས་མཐོང་ནས་ཡབ་ཡུམ་མཁའ་གསང་གི་སྒོ་དབྱེ་ཞིང་འཁོར་འདས་དྭངས་བཅུད་ཐིག་ལེ་གཅིག་ཏུ་བསྐྱིལ་ནས་སྨན་གྱི་ཕོ་བྲང་དུ་དབབ། དབང་དུ་བྱ་བ་དང་གནད་ལ་དབབ་པ་སོགས་ཕྲིན་ལས་ཀྱི་བྱ་བ་རྣམས་གྲུབ་ནས། རྗེས་ཀྱི་རིམ་པ་ནི། ཉེ་སྙིང་ལས། འདུས་པའི་རྣལ་འབྱོར་རབ་གུས་པས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །ཅེས་པ་ལྟར་བྱས་ཏེ་གུ་ ་ལག་གི་ཕྱག་རྒྱས་བླངས་ལ་དབང་ནོད། དད་མོས་སྐལ་པ་ལྡན་པའི་འདུ་ཚོགས་གཞན་ལའང་དབང་དང་དངོས་གྲུབ་ཀྱི་བགོ་སྐལ་སྦྱིན་ཏེ་འབྲེལ་བར་བཅས་པ་ཐམས་ཅད་བདེ་བ་ཆེན་པོ་རྡོ་རྗེའི་རིགས་གཅིག་ཏུ་མཉམ་པར་སྦྱར་བས། རྒྱུད་དང་ལུང་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་འཐོབ་པར་འགྱུར་རོ། །གཉིས་པ་ནི། ཚེ་དང་སྐོང་དང་ ནས་ མཆོག་ལ་སྦྱོར༔ ཞེས་གསུངས་ཏེ། དེ་ལྟར་བསྒྲུབས་པའི་ཡོན་ཏན་ཀྱང་སྐབས་སུ་འཆི་མེད་ཚེ་དང་ཉམས་ཆག་སྐོང་བ་དང་འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་དང་ནད་གདོན་སྡིག་སྒྲིབ་སེལ་བ་སོགས་མདོར་ན་ཡོན་ཏན་གྱི་ཁྱད་པར་བརྒྱ་རྩ་བརྒྱད་འགྲུབ་ཅིང་། གང་དུ་སྒྲུབ་པའི་སྣོད་བཅུད་ཐམས་ཅད་ཀྱང་དཔལ་ཧེ་རུ་ཀའི་ཞིང་དང་སྐུའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་མཐར་ཐུག་འདུས་པའི་ཚོམ་བུ་འཁོར་དང་བཅས་པ་སྟན་ཐོག་གཅིག་ཏུ་གདོད་མའི་སར་རྣམ་པར་གྲོལ་བ་མཆོག་སྦྱོར་བར་བྱེད་དེ། དེ་དག་གི་ཚུལ་ཡང་བདུད་རྩིའི་ལུང་བམ་པོ་བརྒྱད་པ་སོགས་ལས་རྒྱ་ཆེར་གསུངས་སོ། །གསུམ་པ་ཇི་ལྟར་སྒྲུབ་པའི་ལམ་བཤད་པ་ལ་གཉིས། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ ལམ་རིམ་ནི༔ ཞེས་གསུངས་ཏེ། བཤད་ཟིན་པ་དེ་ལྟར་བསྐྱེད་རིམ་དང་འབྲེལ་བར་མཆོག་སྒྲུབ་གཙོར་གྱུར་པ་དང་ཐུན་མོང་གི་ཕྲིན་ལས་གཙོར་བསྟན་པ་སྟེ་དངོས་གྲུབ་རྣམ་པ་གཉིས་ཀྱིས་བསྡུས་པ་ཀུན་ཀྱང་རྒྱུད་ལུང་མན་ངག་གི་ཟབ་དོན་ལྟར་ཚུལ་བཞིན་དུ་སྒྲུབ་པ་ལ་ལུས་ཡོངས་སུ་རྫོགས་པའི་ལམ་ལ་བསྟེན་དགོས་པས་དེའི་རིམ་པ་ནི་འདི་ལྟ་སྟེ། གཉིས་པ་ལ་གཉིས། སྟོང་ཆེན་སོགས་རྣལ་འབྱོར་སྔ་མ་བཞི་མདོ་ཙམ་བཤད་པ་དང་། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་རྒྱས་པར་བཤད་པའོ། །དང་པོ་ནི། སྟོང་ཆེན་ ནས མངོན་གྱུར་ནས༔ ཞེས་གསུངས་ཏེ། དེ་བཞིན་ཉིད་སྟོང་པ་ཆེན་པོ་དང་ཀུན་སྣང་སྙིང་རྗེ་སྒྱུ་མའི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་བསྙེན་པ་དང་། ཕྲ་བ་ཡིག་འབྲུ་དང་རགས་པ་ལྷ་སྐུ་ཕྱག་རྒྱ་གཅིག་པའི་གསལ་སྣང་བརྟན་པོར་གྲུབ་ནས། ཕྱག་རྒྱ་སྤྲོས་བཅས་ཀྱི་དཀྱིལ་འཁོར་བསྒོམས་ཏེ་ཉེ་བར་བསྙེན་པའམ། ཡང་ན་དེ་རྣམས་ལས་དེ་ཏིང་གི་བསྙེན་པ་དང་ཀུན་ཏིང་གིས་ཉེ་བསྙེན་རྒྱུ་ཏིང་ཕྱག་རྒྱ་གཅིག་སྤྲོས་སྒྲུབ་པའི་ཚུལ་དུ་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་གོང་བཤད་ཉམས་ལྔ་མཐར་ཕྱིན་པའི་དྲོད་ཚད་ཕྱི་ནང་གསང་བ་དང་རྟགས་ཀྱི་རིམ་པ་དང་དངོས་གྲུབ་ཀྱི་མཚན་མ་ཅི་རིགས་པ་མངོན་དུ་གྱུར་ནས་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱའོ། །དེ་ལ་དྲོད་ནི་སྒྱུ་འཕྲུལ་ལམ་རིམ་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །ཞེས་པ་ལྟར་ཕྱིའི་དྲོད་ལུས་ཡང་བ་སྙམ་བྱེད་པ་དང་། ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་དོན་ཐོག་ཏུ་ཤིན་ཏུ་ཕེབས་པ་སྟེ། ལུས་བདེ་ངག་གསལ། སེམས་མི་རྟོག་པའི་དྲོད་གསུམ་མོ། །རྟགས་ནི་མིག་སྒྲོན་འགྲེལ་བར། ངེས་པར་དྲོད་གསུམ་མྱོང་ནས་ནི། །རྟགས་ཀྱི་རྣམ་པ་ཅིར་ཡང་སྣང་། །ཞེས་པ་ལྟར་དྲོད་བརྙེས་པའི་རྟགས་ཀྱང་ཕྱི་རྟགས་སུ་དངོས་པོ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མ་ཕྲ་མོས་སྤྱོད་ཡུལ་གང་བར་མཐོང་བ་དང་། གཞན་ཡང་དུ་བ་ལྟ་བུ་ལ་སོགས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁ་དོག་ལྔའི་ཟད་པར་གྱི་སྐྱེ་མཆེད་དང་། ནམ་མཁའ་ལས་པདྨ་ཆེན་པོའི་འོད་དང་རྡུལ་ཕྲན་དང་། སྐར་མ་དང་། ཟླ་ཚེས་སོགས་མཐོང་བ་དང་། ནང་རྟགས་སུ་ལུས་ངག་ལ་བཟོད་པ་ཐོབ་པ་དང་། ཉོན་མོངས་པ་ལྔའི་སེམས་རྒྱུན་བགས་ཀྱིས་ཆུང་དུ་འགྲོ་བས་ཆོས་བརྒྱད་འགོ་སྙོམས་པ་སོགས་འབྱུང་བ་དང་། གསང་རྟགས་རླུང་ལ་ཅུང་ཟད་དབང་ཐོབ་ཅིང་མངོན་ཤེས་ཕྲ་མོ་འཆར་བ་དང་། རྨི་ལམ་དུ་སྡིག་སྒྲིབ་དག་པ་དང་ས་ཐོབ་པ་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པའི་ལྟས་ཡང་ནས་ཡང་དུ་འབྱུང་བའོ། །དངོས་གྲུབ་ཀྱི་མཚན་མ་ཐུན་མོང་གི་ལས་དང་གྲུབ་པ་ཆེན་པོ་རྣམས་ཏེ། སྒྱུ་འཕྲུལ་རྩ་རྒྱུད་དུ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་དང་དེར་མ་ཟད་བཤད་རྒྱུད་རྣམས་སུ་མང་དུ་གསུངས་པ་སོགས་མཐའ་ཡས་ཏེ། དཀོན་མཆོག་བརྩེགས་པ་ལས། ཏིང་ངེ་འཛིན་གྲུབ་བའི་སེམས་ཀྱི་སྤྱོད་ཡུལ་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ། རྫས་དང་སྨན་དང་སྔགས་དང་ནོར་བུ་རྣམས་ཀྱི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། ཅེས་གསུངས་པ་ལྟར་རོ། །གཉིས་པ་ལའང་མདོར་བསྟན་པ་དང་། རྒྱས་པར་བཤད་པ་ལ་གཉིས། དང་པོ་ནི། ཚོམ་བུ་ ནས་ མཐར་ཕྱིན་སླད༔ ཅེས་གསུངས་ཏེ། བཤད་མ་ཐག་པའི་བསྙེན་པ་ཉེ་བསྙེན་སྒྲུབ་པ་གསུམ་གྱིས་དྲོད་རྟགས་མཚན་མ་མངོན་དུ་གྱུར་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དངོས་གཞི་དང་སྒྲུབ་པ་ཆེན་པོའི་ལས་སྦྱོར་ལ་བརྟེན་ནས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་མཐར་ཕྱིན་པའི་སླད་དུ་ཚུལ་འདི་ལ་འཇུག་པར་བྱའོ། །ཚོམ་བུ་ཚོགས་སྒྲུབ་ཅེས་པའི་དོན་ཡང་ཁོག་གཞུང་ལས། ཚོགས་ནི་འབྱོར་བ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་འདུས་པ་ཆུང་ངུའི་ཚེ་ཚོམ་བུ་གཅིག་གསུམ་ལྔ་པའི་གཙོ་བོ་ཡབ་ཡུམ་ཙམ་འཚོགས་པ་སྟེ་གཉིས་པ་དང་དྲུག་དང་བཅུ་ཚང་བ། འབྲིང་ལ་དཀྱིལ་འཁོར་གྱི་གྲངས། ཆེན་པོ་དེ་ཡན་ཆད་རབ་ཏུ་མང་པོ་འདུས་པ་དང་། རེ་རེའང་སྐབས་ཀྱིས་གསུམ་གསུམ་སྟེ། སྐལ་ལྡན་མི་དང་དགྱེས་ལྡན་ལྷ། །འབྱོར་ལྡན་ཡོ་བྱད་ལྔ་པོས་སོ། །ཞེས་གསུམ་གྱི་སྟེང་དུ་ཚོགས་ཆེན་པོ་བསྣན་པ་བཅས་མདོར་ན་རྟེན་དང་གང་ཟག་ཡོ་བྱད་ཁྱད་པར་ཅན་ཚོགས་ནས་སྒྲུབ་པའི་དོན་ནོ། །གཉིས་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་བསྒྲུབ་ཡན་ལག་བཞི་བྱེ་བྲག་དང་བཅས་པས་སྒྲུབ་པའི་གཞུང་བསྲང་བའོ། །དང་པོ་ནི། དབེན་ཞིང་ ནས་རྣམ་དག་པས༔ ཞེས་གསུངས་ཏེ། དེའང་སྒྲུབ་པ་ཆེན་པོ་བརྩམ་པ་ལ་ཕུན་སུམ་ཚོགས་པ་ལྔ་ཚོགས་དགོས་ཏེ། ལས་རིམ་ལས། དེ་ཡང་ཐོག་མར་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་པས་གང་དུ་སྒྲུབ་པའི་གནས་ནི། བསམ་གཏན་གཡེང་བའི་རྐྱེན་སྤྱི་དང་བྱེ་བྲག་དགྲ་རྐུན་གཅན་གཟན་གཏུམ་པོ་སོགས་གཟུགས་ཅན་དང་འབྱུང་པོ་གདུག་པ་ཅན་གྱི་གནས་རྟེན་མེད་པས་འཚེ་དོགས་ཀྱིས་དབེན་ཅིང་ལས་བཞིའི་དངོས་གྲུབ་སྒྲུབ་པའི་མཚན་ཉིད་ཚང་བས་ཉམས་དགའ་བ་དང་ཁྱད་པར་རྒྱལ་བ་རིག་འཛིན་གོང་མས་ཞབས་གཅགས་པས་བྱིན་རླབས་ཀྱི་ཟིལ་དང་ལྡན་ལ་བཀྲ་ཤིས་པའི་གནས་ཕུན་སུམ་ཚོགས་པ་དག་ཏུའོ། །གང་གི་ཚེ་སྒྲུབ་པའི་དུས་ནི། བྱང་བགྲོད་ལྷའི་ཉིན་མོ་དང་ར་བ་བཞིའི་ཡར་ངོའམ་མདོ་སྔགས་ཀྱི་སྟོན་པས་བྱིན་གྱིས་བརླབས་པའི་དུས་ཆེན་ཁྱད་པར་གཟའ་ཆེན་ལྷའི་བླ་མ་རྒྱུ་སྐར་རྒྱལ་དཀར་ཕྱོགས་ཀྱི་ཚེས་བརྒྱད་གསུམ་འཛོམ་དངོས་གྲུབ་སྦྱོར་བ་ལྟ་བུ་རྒྱུད་དང་གཙུག་ལག་གི་གཞུང་ལས་ཀྱང་ཡ་མཚན་ཆེན་པོར་བསྔགས་པའི་དུས་ཕུན་སུམ་ཚོགས་པར་རོ། །གང་ལ་བརྟེན་ནས་སྒྲུབ་པའི་རྫས་ནི། སྒྲུབ་པ་རྟེན་མཆོད་པ་རྫས་འཚོ་བ་ཟས་ནད་ཟློག་སྨན་རྐྱེན་ཟློག་ཐབས་ཀྱི་ཁྱད་པར་སོགས་སྤྱི་དང་ཁྱད་པར་དུ་བཤད་པ་ཕུན་སུམ་ཚོགས་པའི་ཡོ་བྱད་དང་བཅས་ཏེའོ། །གང་གིས་སྒྲུབ་པ་པོ་ནི། བསྐྱེད་རྫོགས་དམ་པའི་མཛོད་གསུམ་འཛིན་པ་སོགས་ཡོན་ཏན་བརྒྱད་ལྡན་གྱི་སྟོན་པ་རྡོ་རྗེ་སློབ་དཔོན་དང་། རྡོ་རྗེའི་གཟུངས་མ་རྒྱལ་ཚབ་རིགས་བཞིའི་རྒྱལ་ཐེབས་ནས་ཕྱག་ཚང་རྡུལ་ཕྱགས་ཀྱི་བར་སོ་སོའི་ལས་བསྐོས་ལ་མཁས་ཤིང་སྣོད་ཀྱི་སྐྱོན་གསུམ་བྲལ་ལ་ཡོན་ཏན་ལྔ་དང་ལྡན་པའི་འཁོར་ཕུན་སུམ་ཚོགས་པ་སྟེ་མཚན་ཉིད་ཚང་བའི་སྒྲུབ་པ་པོ་ཚོམ་བུ་ཆེ་འབྲིང་ཆུང་ངུ་གང་རུང་འདུས་པ་དེ་ཡིས་སོ། །ཇི་ལྟར་སྒྲུབ་པའི་ཐབས་ནི། རྣལ་འབྱོར་པ་རིམ་གཉིས་ཀྱི་ཏིང་འཛིན་གསལ་ཞིང་བརྟན་ལ་གཞུང་ནས་ཇི་སྐད་བཤད་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཆོ་ག་རྣམས་ལ་ཉམས་པའི་རྒྱུ་བཞི་དང་སླ་ཐལ་བས་མ་ལྷག་པ་དང་དཀའ་བས་མ་ཆད་པར་རྣམ་པར་དག་པའི་སྒྲུབ་ཐབས་ཕུན་སུམ་ཚོགས་པས་འདིར་འཇུག་པར་བྱའོ། །གཉིས་པ་ནི། ས་གཞི་ ནས་ དངོས་གྲུབ་བླང༔ ཞེས་གསུངས་ཏེ། སྒྲུབ་པའི་སྔོན་འགྲོ་ས་གཞི་ལེགས་པར་བརྟགས་ནས་རུང་བར་གྱུར་པ་དེ་སྣང་བ་གཟུགས་ཅན་གྱིས་བདག་ན་རིན་དང་བདེན་པས་བསླང་། མི་སྣང་བས་ལྷ་གཞི་གནས་ཀྱི་བདག་པོ་ལ་གཏོར་མ་གསེར་སྐྱེམས་ཀྱིས་བརྔན་ནས་བསླང་ཞིང་རྫས་དང་དམིགས་པས་བདག་གི་དབང་དུ་བྱས་ཏེ་སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་དང་ཁྲོ་བཅུའི་ཕུར་བུ་གདབ་ཅིང་འབར་བའི་སྟངས་སྟབས་རྣམས་ཀྱིས་སྲུང་། ཕྱི་བཤགས་མཆོད་སྦྱིན་གསུང་རབ་ཀློག་པ་སོགས་སྒྲིབ་སྦྱོང་ཚོགས་གསོག་གི་རིམ་པ་སྤྱི་དང་། ནང་རུ་ཆེན་བཞིའི་བཤགས་པ། གསང་བ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་རྣམས་ཀྱིས་རྒྱུད་སྦྱང་། ཕྱི་མཚམས་རྒྱལ་ཆེན་བཞི་ལ་གཉེར་གཏད། བར་མཚམས་སྔགས་ཀྱི་དམ་ཚིག་ཉམས་ནས་སྲི་རྐྱེན་དུ་སྐྱེས་པ་རྣམས་ནུས་པའི་སྟོབས་ཀྱིས་མནན། ནང་མཚམས་གལ་པོ་ལས། ཆོས་ཀྱི་རྒྱལ་པོ་བདུད་རྩི་ཡི། །ཕྱི་ནང་སྒོ་བྱང་གདགས་པར་བྱ། །ཞེས་པ་ལྟར་ལས་གཤིན་འཁྱིལ་པ་སྒོ་ཕྱི་ནང་གི་སྲུང་མར་བཅོལ། གསང་མཚམས་མཚོན་ཆ་ལྔ་དང་ཁྲོ་བོ་འཆོལ་བ་སོགས་ཀྱི་སྲུང་འཁོར་དང་དེ་བཞིན་ཉིད་ལྟ་བའི་མཚམས་བཅད་བཅས་བྱ་ཞིང་། བགེགས་ཕྲན་རྣམས་ཀྱིས་བར་དུ་གཅོད་མི་ནུས་པའི་ཕྱིར་དུ་བགེགས་ཀྱི་རྒྱལ་པོ་མ་ཏྲཾ་རུ་དྲ་དྲག་པོའི་སྟབས་ཀྱིས་བསྒྲལ་ཞིང་སྤར་ཏེ་རོལ་པའི་བྲོས་མནན་ལ་ཡན་ལག་སོགས་དུར་ཁྲོད་བརྒྱད་དང་ཁོག་པ་གཞལ་ཡས་ཁང་པ་སྟེ་རྡོ་རྗེའི་ཞིང་ཁམས་སུ་བྱིན་གྱིས་བརླབ། དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་དོན་དུ་ལྷ་དང་དབང་བསྐུར་བའི་དོན་དུ་བུམ་པ་དང་སློབ་མ་རྣམས་ལྷག་པར་གནས་པའི་སྟ་གོན་གྱི་རིམ་པ་ཚུལ་བཞིན་དུ་བྱ། དེ་ནས་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་ཐོག་མར་དྲི་དང་བདུད་རྩི་ལྔ་ལ་སོགས་པའི་ཆག་ཆག་གདབ། བྱིན་རླབས་ཀྱི་ཆོ་ག་དང་ལྡན་པས་ལས་དང་ཡེ་ཤེས་ཀྱི་ཐིག་བཏབ་ལ་རབ་འབྲིང་ཐ་མའི་རྡུལ་ཚོན་གྱིས་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཞེངས་ལ་སྒྲུབ་བརྟེན་དབང་ཆས་དངོས་གྲུབ་དང་མཆོད་རྫས་རྒྱན་གྱི་བྱེ་བྲག་རྣམས་ལེགས་པར་བཀོད། ཕྲིན་ལས་ལ་འཇུག་རུང་གི་བྱ་བ་སྒྲུབ་པ་པོ་མཆེད་ལྕམ་རྣམས་རང་གནས་སུ་འགོད་ཅིང་ཞི་ཁྲོའི་ཆས་ཀྱི་མངའ་གསོལ་མ་མོ་མཁའ་འགྲོས་རང་གི་སྡེ་ཚན་དུ་ཤེས་པའི་ཕྱིར་དཔལ་གྱི་རྟགས་གསུམ་གདབ། མཆེད་གསར་བུ་བ་བསྲེ་བསྣན་གྱི་ཆོ་གས་སྣོད་རུང་དུ་བྱའོ། །དེ་ནས་དངོས་གཞི་སྒྲུབ་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞིས་གཞུང་སྲོང་བ་སྟེ། ཏིང་འཛིན་རྣམ་པ་གསུམ་གྱིས་གཞི་བཟུང་རྣལ་འབྱོར་ཕོ་མོ་དང་ལྷ་ཡབ་ཡུམ་གྲངས་སྦྱར་ནས་སྒོམ་པའམ། མོས་སློབ་ལ་རྣལ་འབྱོར་པ་སྤྱིས་དཀྱིལ་འཁོར་སྤྱི་བསྒོམས་ལ་བདག་དམ་ཚིག་པ་ལྷ་ཡེ་ཤེས་པ་བར་གྱི་འཕྲོ་འདུ་སྟེ་གསལ་བ་གསུམ་ལྡན་གྱི་སྒོ་ནས་ཕྲིན་ལས་ཚུལ་བཞིན་དུ་བཏང་། སྒྲུབ་པ་ཇི་ཙམ་བྱེད་པའི་སུམ་ཆ་དང་པོར་བསྙེན་པའི་ཆོ་གས་སྣོད་གཞལ་ཡས་ཁང་དུ་སྦྱངས་ཏེ་རྟོག་ཚོགས་ཀྱི་སྒྲིབ་པ་བསལ། སུམ་ཆ་གཉིས་པར་ཉེ་བར་བསྙེན་པས་བཅུད་སྣང་སྟོང་ལྷའི་འཁོར་ལོར་སྦྱངས་ཏེ་དངོས་གྲུབ་ཀྱི་དབྱིག་བསྡུ། ཆ་གསུམ་པར་སྒྲུབ་པའི་དགོངས་པས་སེམས་ཀྱི་རྒྱུད་རང་བྱུང་ཡེ་ཤེས་ཆེན་པོར་སྦྱངས་ཏེ་དངོས་གྲུབ་གཉིས་ལ་རང་གི་དབང་དུ་གྱུར་པར་བྱ། དེ་དག་གི་སྐབས་ཉིན་མཚན་དུས་དྲུག་དུ་ཚོགས་ཀྱི་མཆོད་པས་ལྷ་དང་དམ་ཅན་དགྱེས་པ་བསྐྱེད་ཅིང་ཉམས་ཆག་བསྐང་། དུས་ཚོད་བཅུ་གཉིས་སུ་ལྟ་ཉན་གྱིས་ཉུལ་ཞིང་སྒྲུབ་པ་ལ་བར་གཅོད་བྱེད་པའི་འབྱུང་པོ་རྣམས་ཕུར་ཐུན་གྱིས་གཟིར་ཅིང་དཔལ་གྱི་ཕོ་ཉ་བཅུ་གཉིས་ཚར་གཅོད་དུ་བསྐུལ། དུས་དེར་དངོས་གྲུབ་སྦྱིན་པའི་ལྷ་རེའང་འབྱུང་བས་རྒྱན་གོས་སོགས་ཀྱིས་གཟི་བྱིན་བསྐྱེད་ལ་བདག་གནས་སྒྲུབ་པའི་རྟེན་རྣམས་ལ་བྱིན་ཆེན་དབབ། སྒྲུབ་པ་དབུ་བཙུགས་ནས་མཐར་མ་སོན་གྱི་བར་དུ་སྣང་བ་ལྷའི་དཀྱིལ་འཁོར་གྲགས་པ་སྔགས་ཀྱི་རང་སྒྲ་དྲན་རྟོག་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་བཟླས་པ་གསུང་མི་འཆད་དུ་བྱ་བ་དང་ཏིང་ངེ་འཛིན་གྱི་འཕྲོ་འདུ་རྒྱུན་མི་བཅད་པར་གཉིད་རྨུགས་ལེ་ལོ་ཆགས་སྡང་སོགས་ཀྱིས་ཡིད་རྣམ་པར་གཡེང་བ་སྤངས་ཏེ་རྩེ་གཅིག་ཏུ་བསྒྲུབས་པར་བྱས་པ་ལས། གྲུབ་པའི་རྟགས་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་སྒྲུབ་རྟེན་དམ་ཚིག་གི་བྲིས་སྐུ་བཞད་ཅིང་ནང་མཆོད་བདུད་རྩི་སོལ་སྒྲ་བཅས་ཁོལ་ནས་རླངས་པ་ཕྱུར་བ་དང་། མར་མེ་རང་བཞིན་གྱིས་འབར་ཞིང་གཏོར་མ་ལ་བདུད་རྩི་འབབས་པ་སོགས་སྒྲུབ་རྫས་ཞལ་དུ་འཁྱིལ་བ་དང་། ལྷའི་ཞལ་མཐོང་ཞིང་མཁའ་འགྲོས་ལུང་བསྟན་པ་དང་། འོད་དང་སྒྲ་དང་དྲི་བཟང་འཐུལ་བ་སོགས་སྤྱི་དང་། ཁྱད་པར་གྱི་རྟགས་ཉམས་དང་རྟོགས་པའི་རྩལ་ཆེན་ཕྱོགས་མེད་དུ་འབར་ཞིང་ཡང་དག་པའི་ཡེ་ཤེས་ལ་རང་དབང་ཐོབ་པས་འདོད་རྒུར་སྒྱུར་བ་སོགས་ངེས་པའི་རྟགས་རྫོགས་པར་བྱུང་བ་དང་། རྗེས་ཀྱི་ལས་རིམ་ནུབ་ཐ་མར་སྒྲུབ་པ་ཆེན་པོའི་ལས་ལ་སྦྱར་བར་བྱ་སྟེ། དེའང་ནམ་གྱི་སྲོད་ལ་མཱཾ་ས་ཟླ་རྒྱས་ཚེ་གལ་མ་ད་ནཱ་སོགས་བཀྲ་ཤིས་པའི་རྫས་ལ་རྟེན་བྱས་ཐུགས་དམ་གནད་ནས་བསྐུལ་ཏེ་ལྷ་ལས་དངོས་གྲུབ་བླང་བ་དང་། ནམ་གུང་དུ་འཁོར་ཁང་བར་མར་བསྒྲལ་བྱ་མཆོག་ཆེན་མཆོག་ཕྲན། སྒྲོལ་བྱེད་འཛིན་སྒྲོལ་སྟོབ་པའི་ཀིངྐ་ར། སྒྲོལ་བའི་ཐབས་ངོ་མཚར་བདུན་ལྡན་གྱི་ཆོ་ག་སོགས་ཀྱིས་སྒྲོལ་བ་ལམ་དུ་བྱས་ནས་དངོས་གྲུབ་བླང་བ་དང་། ཐོ་རངས་དུས་སུ་རྣལ་འབྱོར་བའི་ནུས་པ་དང་མཐུན་པའི་གཟུངས་མ་ལྷ་ཀླུ་མི་མོ་རིགས་ཅན་ལྔ་སོགས་ཁྲུས་ནས་དབྱུང་ཞིང་རྒྱན་བཏགས་སྣོད་རུང་དུ་བྱས་ཏེ་འཁོར་ཁང་ནང་མར་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་བསྐྱེད་པ་བསྙེན་པ། འདུ་ཤེས་གསུམ་ལྡན་གྱིས་སྦྱོར་བའི་བརྡས་བསྐུལ་བ་ཉེ་བསྙེན། ཕྱག་རྒྱ་བཞིསསྙོམས་པར་ཞུགས་ཏེ་ཡས་བབ་ཀྱི་དགའ་བཞི་ངོས་བཟུང་བསྒྲུབ་པ། མཁའ་ལས་བྱང་ཆུབ་སེམས་རྡོ་རྗེའི་ལྕེས་འཇིབ་སྟེ་ལྡོག་དགྲམ་གྱི་སྦྱོར་བས་མས་བརྟན་གྱི་དགའ་བཞི་མཐར་སྐྱེལ་བསྒྲུབ་ཆེན་ཏེ་སྦྱོར་དུས་གྱི་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པས་སྦྱོར་བ་ལམ་དུ་བྱས་ལ་དངོས་གྲུབ་བླང་། མོས་སློབ་ཙམ་ལ་ལྷ་ལས་དངོས་སུ་བླང་། གཞན་དག་ཏིང་ངེ་འཛིན་གྱིས་བསྒྲུབ་པ་སོགས་བྱས་ནས་གཞན་དག་ལ་སྒྲུབ་པའི་དབང་སྦྱིན། ལྷག་མའི་ཆོ་ག་དང་ཕྱི་རོལ་ཏུ་གཏོར་མ་བཏང་། དགོས་པ་དང་འབྲེལ་ན་དྲག་གཏོར་ཟོར་དུ་བསྐུལ། བཟོད་པར་གསོལ་ལ་དཀྱིལ་འཁོར་བསྡུ། སྤྱོད་ལམ་རྒྱུན་ཏིང་ལ་འཇུག་ཅིང་བསྔོ་སྨོན་གྱིས་རྒྱས་གདབ། ཕྱི་མཚམས་བཀྲོལ་ཞིང་གནས་སྲུང་བ་སོགས་སྒྲུབ་ཆེན་གྱི་ཁོག་གཞུང་རྣམས་ལས་འབྱུང་བ་བཞིན་ཤེས་པར་བྱའོ། །བཞི་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་རིག་འཛིན་གྲུབ་པའི་དུས་བསྟན་པ་ནི། དེ་ལྟར་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། ཟག་བཅས་ལམ་གྱི་རྣལ་འབྱོར་སྟོང་ཆེན་སྙིང་རྗེ་ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། ཚོགས་སྒྲུབ་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཇི་སྐད་བཤད་པ་དེ་ལྟར་སྨིན་པར་སློབ་པས་དབང་པོ་རབ་ཟླ་བ་དྲུག་འབྲིང་བཅུ་གཉིས་ཐ་མས་ཀྱང་ཟླ་བ་བཅོ་བརྒྱད་སོང་ནས། ཕྱི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན། ནང་རྫོགས་རིམ་གྱི་ཏིང་འཛིན་བརྟན་ནས་སེམས་ལ་རང་དབང་ཐོབ་པས་རླུང་དང་རིག་པ་ལས་སུ་རུང་། དེ་ལས་དོན་དམ་འོད་གསལ་གྱི་ཡེ་ཤེས་མངོན་དུ་འགྱུར་བས་ཟག་མེད་ཀྱི་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞིའི་འབྲས་བུ་ལ་སྦྱོར་ཏེ། གསང་སྙིང་ལས། ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་སོ། །དེ་ལ་དང་པོ་རྣམ་སྨིན་རིག་འཛིན་གྱི་རྒྱུ་དབང་བརྟུལ་གཅིག་སྤྲོས་ལ་བརྟན་པ་ཐོབ་ནས་ཚོགས་ཀྱི་སྒྲུབ་པས་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་པ་དང་ཉེ་རྒྱུའི་སྤྱོད་སྟོབས་ཆུང་བས། ངོ་བོ་གདོས་བཅས་ཀྱི་ཕུང་པོ་དང་མ་བྲལ་བ་རྣམ་པར་སྨིན་པའི་ལུས་ལ། སེམས་ཉིད་བསྒྲུབ་བྱའི་ལྷ་སྐུ་སྨིན་པ། ལུས་རྒྱ་བྲལ་མ་ཐག་ཕྱག་རྒྱའི་རིག་འཛིན་ལ་སྦྱོར་བ་མཚན་ཉིད་གསུམ་ལྡན་ལྷག་མེད་མྱང་འདས། དགོངས་པ་རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་བྱང་སེམས་འཕགས་པ་དང་མཉམ་པ། སྤྱོད་པ་བདག་དོན་བཀོད་པ་དཀྱིལ་འཁོར་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་ལྷའི་སྤྱན་སོགས་ཀྱིས་ཕྲིན་ལས་བཞིའི་སྒོ་ནས་གླིང་བཞིའི་འགྲོ་བའི་དོན་སྒྲུབ་བོ། །གཉིས་པ་ཚེ་དབང་རིག་འཛིན་གྱི་རྒྱུ་དབང་རྣོན་ཤེས་རབ་གསུམ་གྱི་ལྟ་བ་ཏིང་ངེ་འཛིན་ལ་རྟོགས་གོམས་ཁྱད་པར་ཅན་དུ་གྱུར་ནས་བློ་ནུས་དང་སྤྱོད་སྟོབས་ཆེ་བས། ངོ་བོ་ལུས་སྙིགས་མའི་ཟག་པ་ཁམས་འཕོ་བའི་ཟག་པ་སེམས་སྐྱེ་གནས་ལེན་བའི་ཟག་པ་གསུམ་ཟད་ནས་མཐོང་བའི་ལམ་དུ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཏེ་ཚེ་ལ་དབང་བ་ཐོབ་ནས་ཇི་ལྟར་འདོད་པ་བཞིན་དུ་བཞུགས་པ་ལྷག་བཅས་མྱང་འདས། དགོངས་པ་རྒྱུའི་ས་བརྒྱད་པའི་འཕགས་པ་དང་མཉམ་ཞིང་། སྤྱོད་པ་བདག་དོན་ལྟ་སྒོམ་ལ་རིག་རྩལ་སྦྱོང་ཞིང་ལྟ་བ་ཆེད་འཛིན་ཀུན་འགྲོའི་དྲི་མ་བསལ། མངོན་ཤེས་དྲུག་ལ་སོགས་པ་དང་ཆོ་འཕྲུལ་བཞིས་གཞན་དོན་མཛད་པའོ། །གསུམ་པ་ཕྱག་རྒྱའི་རིག་འཛིན་གྱི་རྒྱུ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་གོམས་པའི་རྒྱུན་དང་ཀུན་འགྲོའི་སྒྲིབ་པ་དག་པ་ལས། ངོ་བོ་བསྒོམ་བྱ་མངོན་དུ་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱོང་བ་ལ་ཞུགས་པ། ཡེ་ཤེས་སྒྱུ་མའི་སྐུས་སྤྲུལ་པ་ཅིར་ཡང་སྟོན་ཅིང་སྒོམ་ལམ་ས་དགུ་བགྲོད་པ། དགོངས་པ་རྒྱུའི་ས་དགུ་པའི་འཕགས་པ་དང་མཉམ་ལ། སྤྱོད་པ་བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་དབང་ཤེས་ཉེར་ལྔའི་ཡོན་ཏན་དང་ལྡན་པས་དགོངས་པ་མི་གཡོ་བའི་ངང་ནས་དག་མ་དག་གི་ཞིང་རྣམས་སུ་སྤྲུལ་པ་སྣ་ཚོགས་པས་གཞན་དོན་མཛད་པ་སྟེ། དེ་ལ་ནང་གསེས་སུ་ས་གཉིས་པ་ནས་ལྔ་པའི་བར་རྡོ་རྗེ། དྲུག་པ་དང་བདུན་པར་འཁོར་ལོ། བརྒྱད་པར་རིན་ཆེན། དགུ་པར་པདྨ། བཅུ་པར་རལ་གྲིའི་རིག་འཛིན་ཏེ་རིགས་ལྔའི་གདུང་འཛིན་པའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ལྷ་སྐུས་མཐར་ལམ་སྦྱོར་བའོ། །བཞི་པ་ལྷུན་གྲུབ་རིག་འཛིན་གྱི་རྒྱུ་སྒོམ་ལམ་དུ་མཐོང་གོམས་ཀྱི་མཐུ་རྫོགས་པས་ཤེས་རབ་གསུམ་མཐར་ཐུག་པས་ལྷན་གནས་ཀྱི་དྲི་མ་དག་པ་ལས། ངོ་བོ་ལམ་གྱི་རྟོགས་པ་མཐར་ཕྱིན་ཏེ་མི་སློབ་པའི་རང་བཞིན་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་ས་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་ལུགས་འཛིན་པ། དགོངས་པ་མདོ་ལམ་གྱིས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པ་དང་མཉམ་ཞིང་། སྤྱོད་པ་རང་དོན་དུ་སྐུ་ལྔའི་རྒྱལ་བ་ལ་སོགས་པར་བརྟེན་ཏེ་ཤེས་སྒྲིབ་ཕྲ་བ་སྦྱོང་ལ། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་སུ་སྤྲུལ་པའི་སྐུས་གཞན་དོན་མཛད་པའོ། །རྩ་བའི་ས་བཅད་གསུམ་པ་དོན་བསྡུ་བ་ནི། མདོར་ན་ ནས་ སྙིང་པོར་བྱ༔ ཞེས་གསུངས་ཏེ། དེ་ལྟར་རྒྱས་པར་ཕྱེ་ནས་བསྟན་པ་དེ་རྣམས་ཀྱང་ཉམས་ལེན་གནད་དུ་མདོར་དྲིལ་ན། ཐོག་མར་གཞི་རིམ་བར་བགྲོད་པར་བྱེད་པ་དབང་གིས་རྒྱུད་སྨིན་ཅིང་དེའི་སྲོག་མི་འདའ་བ་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་བརྟན་པོར་བཟུང་བ་དང་། དེ་ཁོ་ན་ཉིད་གནས་ལུགས་དང་རྗེས་སུ་མཐུན་པའི་ལྟ་བ་ལྷག་པའི་བདེན་པ་དབྱེར་མེད་ཀྱིས་རྒྱུད་སྦྱངས་ནས། ལམ་རིམ་གཉིས་ཀྱིས་ཏིང་ངེ་འཛིན་ལས་མི་གཡོ་བའི་སེམས་རྩེ་གཅིག་ཏུ་བརྟན་པ་ན། དཀྱིལ་འཁོར་སྒྲུབ་རྫས་སོགས་དམིགས་པའི་རྟེན་དུ་ལེགས་པར་བཀོད་ནས་འདོད་འབྲས་དོན་དུ་གཉེར་བའི་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པས། བཟླས་པ་ལས་ཀྱི་སྔགས་དང་འཆིང་བ་དང་ཚིག་ཕྱག་རྒྱ་འཆིང་འགྲོལ་དུ་བསྒྱུར་ལ་ཕྱི་ནང་གསང་བའི་མཆོད་པའི་དཔུང་བསྐྱེད་དེ་ལྷ་རྣམས་ཀྱི་དབང་པོར་སྟོབ་པས་དགྱེས་པ་བསྐང་། སྤང་བླང་མེད་པར་ལ་དོར་བའི་ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་བས་དངོས་གྲུབ་གཉིས་མྱུར་དུ་འགྲུབ་པའི་ནུས་མཐུ་ཐོབ་ནས། གཙོ་བོར་རང་གཞན་མཆོག་ལ་སྦྱོར་བ་དང་། ཞར་བྱུང་ཐུན་མོང་ཕྲིན་ལས་རྣམ་པ་བཞི་སོགས་ཡུལ་དུས་སྐལ་བ་དང་འཚམས་པར་རོལ་པའི་ལས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེས་ན་དང་པོ་གསུམ་ལམ་ཉམས་སུ་ལེན་པའི་གཞི་དང་། བར་པ་དྲུག་ལམ་གྱི་ཉམས་ལེན་དངོས་དང་། ཐ་མ་གཅིག་འབྲས་བུའི་ཚུལ་ཉིད་དུ་འབྱུང་བར་ཤེས་ནས། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བ་སོགས་ཀྱི་དགོངས་དོན་དངོས་པོ་བཅུ་ལ་གང་ཟག་གཅིག་གི་ཚེ་གཅིག་ཏུ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཡིན་པས་ཉམས་ལེན་གྱི་སྙིང་པོར་བྱ་བར་གཅེས་སོ། །གཉིས་པ་གསང་དབང་གི་ལམ་དང་འབྲེལ་བ་བདག་བྱིན་བརླབ་པའི་རིམ་པ་བསྒོམ་པ་ལ་གཉིས། གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་དག་རྒྱས་པར་བཀྲོལ་བའོ། །དང་པོ་ནི། དེ་ལྟར་ ནས་ ལམ་རིམ་ནི༔ ཞེས་གསུངས་ཏེ། དེ་ལྟར་ན་དབང་བཞིའི་རྩ་བ། བུམ་དབང་ལམ་དུ་ཁྱེར་བའི་ཐབས་གཙོ་བོར་གྱུར་པའི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་རྒྱུད་དང་འབྲེལ་པར་ལམ་གོང་མའི་སྟེགས་སུ་བསྙེན་པས་གཞི་བཟུང་སྟེ། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པའི་ཡེ་ཤེས་དེ་ཉིད་ལམ་དུ་བྱེད་ཅིང་ཤེར་ཡེ་ལ་ཉེ་བར་བསྙེན་པའི་ལམ་གྱི་རིམ་པ་ནི་འདི་ལྟ་སྟེ། གཉིས་པ་ལ་གཉིས། ལམ་དངོས་དང་། ལམ་གཞན་འདུ་བའི་ཚུལ་འབྲས་བུ་དང་བཅས་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྟེན་དང་ ནས་ ཉིད་ཡིན་པས༔ ཞེས་གསུངས་ཏེ། དེའང་རྟེན་རྡོ་རྗེའི་ལུས་དང་བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བ་རྫོགས་པ་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་གྱི་ལུང་དང་འབྲེལ་བའི་ལམ། སྔ་མ་ལས་ཟབ་པས་ཟབ་མོའི་བསྐྱེད་རིམ་ཐོག་མར་རྩ་དང་རླུང་དང་ཐིག་ལེའི་ཁམས་རྣམས་གྲུབ་ཙམ་ཉིད་ནས་རང་བྱུང་གི་སྣོད་འཁོར་དང་བཅུད་དཀྱིལ་གྱི་རང་བཞིན་ཤུགས་ཀྱིས་གྲུབ་པས་རྟོག་པས་གསར་དུ་སྒྲོ་བཏགས་ནས་བཅོས་མར་བྱས་པ་མིན་པའི་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ཉིད་ཡིན་པས་ཁྱད་པར་དུ་འཕགས་ཏེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང་། དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པ་ལྟར་རོ། །སྤྱིར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་དེའི་གནས་ལུགས་ཤེས་པ་གལ་ཆེ་སྟེ་དེའི་རྒྱུ་མཚན་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་ལ། དེ་གསུམ་ཡང་དོན་དམ་པའི་རིགས་དྲུག་གི་ལྷ་ཡབ་ཡུམ་གྱི་བདག་ཉིད་འབྱུང་ལྔ་སེམས་ཀྱི་དྭངས་མ་དྲུག་པོ་ཡང་གཉིས་གཉིས་སུ་ཟུང་དུ་འཇུག་པ་ལས། ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེར་བཞུགས་ཤིང་། དེ་གསུམ་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་དམ་པར་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དེ་སྦྱང་གཞི། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་རྐྱང་མ་རོ་མ་དབུ་མ་གསུམ་ཁུ་རྡུལ་རླུང་གི་རྟེན་དང་། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཡང་ཡིན་ལ། དེ་ཉིད་རགས་པ་གྲུབ་པ་ན་རྩ་ལས་ལུས། རླུང་ལས་ངག །ཐིག་ལེ་ལས་སེམས་ཀྱི་ཆོས་འགྲུབ་པ་ནི་སྦྱང་བྱ་འཁྲུལ་བའི་སྒོ་གསུམ་ཡིན་ཞིང་། དེ་སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་ཁྱད་པར་ཅན་རྣམས་ཀྱིས་བྱེད་པ་བཅིང་ཞིང་འོད་གསལ་དུ་སྦྱངས་པས་གློ་བུར་སྒྲིབ་པ་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་བདེ་བ་ཆེན་པོས་ཁྱབ་བྱེད་དུ་བྱས་པའི་སྐུ་གསུམ་པོ་འགྲུབ་པར་འགྱུར་བ་ཡིན་པས་དེ་དག་གི་ཚུལ་མདོ་ཙམ་སྨོས་ན་བཞི། ལུས་འགྲུབ་པའི་རྒྱུ་རྐྱེན། གནས་པ་རྩ། གཡོ་བ་རླུང་། བཀོད་པ་ཐིག་ལེའོ། །དང་པོ་རྡོ་རྗེ་ཐེག་པའི་རྟེན་ཁྱད་པར་དུ་འཕགས་པ་ཛམ་བུའི་གླིང་པའི་མི་ཁམས་དྲུག་ལྡན་གྱི་ལུས་ནི། དྲི་མ་དང་བཅས་པའི་སེམས་ཀྱིས་འདུ་བྱས་ཤིང་། ལས་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཏེ། དེ་གསུམ་ཚོགས་པ་ཉི་ཟླ་སྒྲ་གཅན་ཞེས་བཏགས་པའི་ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་དང་བཅས་པ་ལས་ལུས་ངག་ཡིད་གསུམ་བསྐྱེད། བར་དོའི་ཤེས་པ་དེས་ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་སའི་ཁམས་གྲུབ་ཅིང་། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་པའི་རང་བཞིན་ཆུ། བསྐྱོད་པ་ལས་དྲོད་སྐྱེ་བ་མེ། རྩ་གནས་ཐམས་ཅད་ལས་བྱང་སེམས་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་འབྱུང་བ་ལྔ། རྣམ་པར་ཤེས་པ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་གྲུབ་སྟེ་མའི་མངལ་དུ་ས་བཅུའི་རང་བཞིན་གྱི་ཟླ་བ་ངོ་བཅུར་གནས་པའི་ཚེ་རྩའི་གཙོ་མོ་གསུམ་ནས་བརྩམས་ཏེ་སྟོང་ཕྲག་ལྔ་བཅུ་རྩ་བཞི་དང་། བཙས་ནས་ཟླ་བ་གསུམ་པ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པར་ལུས་ཆགས་པའི་གནས་སྐབས་རྫོགས་པའོ། །གཉིས་པ་ནི། ལུས་ཀྱི་དབུས་གསང་གནས་ནས་གཙུག་ཏོར་གྱི་བར་དུ་རྩ་ཨ་བ་དྷུ་ཏི་སྲོག་ཤིང་གི་ཚུལ་དུ་ཡར་སྣ་སྨིན་མཚམས་སུ་ཟུག་པ་དེའི་གཡས་ན་རོ་མ་དང་། གཡོན་ན་རྐྱང་མ་གཉིས་ཡར་སྣ་སྣ་བུག་ཏུ་ཟུག་སྟེ་སྨིན་མཚམས་ནས་སུམ་གཤིབས་ཀྱི་ཚུལ་དུ་སོང་བའི་འཁོར་ལོ་བཞིའི་ལྟེ་བར་སོ་སོར་མདུད་པའི་ཚུལ་གྱིས་ནང་འབྲེལ་བར་གནས་པ། ལྟེ་བའི་འོག་ནས་རྩ་གསུམ་འདྲེས་ཤིང་དབུ་མའི་མར་སྣ་དུང་ཅན་མ་གཡས་ངོས་སུ་སོང་སྟེ་ཁུ་བ། རྐྱང་མ་དབུས་སུ་སོང་སྟེ་དྲི་ཆུ། རོ་མ་གཡོན་དུ་སོང་སྟེ་ཁྲག་དང་དྲི་ཆེན་འབྱིན་སྡོམ་བྱེད། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་ཀའི་དབུས་ནས་ཕྱོགས་བཞིར་རྩ་བཞི་བཞི་གྱེས་པ། སྙིང་གར་དེ་བཞི་ལས་གཉིས་རེ་གྱེས་པས་བརྒྱད། མགྲིན་པར་དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག །སྤྱི་བོར་དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་འཕོ་བའི་རྩ་བཅུ་གཉིས་དང་། དེའི་སྔར་གྱེས་པ་བརྒྱད་ལས་ལྔ་ལྔ་དང་མ་གྱེས་པ་བཞི་ལས་དྲུག་རེ་གྱེས་པ་དྲུག་ཅུ་རྩ་བཞིའོ། །དེའང་སྤྱི་བོ་སྐུའི་འཁོར་ལོའམ་བདེ་བ་ཆེན་པོའི་རྟེན་ཧཾ་ཡིག་བཞུགས་པས་བདེ་ཆེན་འཁོར་ལོ། མགྲིན་པར་གསུང་གི་འཁོར་ལོའམ་རོ་དྲུག་མྱོང་བའི་ཕྱིར་ལོངས་སྤྱོད་འཁོར་ལོ། སྙིང་གའི་རྩ་འདབ་ཐུགས་སམ་ཆོས་ཀྱི་འཁོར་ལོ། ལྟེ་བ་ནི་ལུས་ཐོག་མར་བསྐྱེད་པ་དང་སྤྲུལ་པའི་གནས་སམ་ཁམས་གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོར་གྲགས་ཏེ། དེ་རྣམས་ལ་འཁོར་ལོར་བརྗོད་པའི་རྩིབས་ལ་སོགས་པ་དབྱིབས་མཚུངས་པ་དང་། དེ་དང་དེར་བྱེད་པ་བཅིངས་པ་ལས་རྟོག་པ་གཅོད་པའི་ཕྱིར་འཁོར་ལོ་དང་བྱེད་ལས་མཚུངས་པས་ཀྱང་དེ་སྐད་ཅེས་བྱའོ། །རྩ་དེ་དག་ལས་ཀྱང་ཕྱེ་ན་ནང་གི་གནས་ཉེར་བཞི་དང་ཡུལ་སོ་བདུན་དང་། རོ་རྐྱང་དབུ་མ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ཚོ་གསུམ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་རྣམས་ལས་གྱེས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བ་སྤུའི་གྲངས་ཇི་སྙེད་པའི་རྩའི་གྲངས་ཀྱང་དེ་སྙེད་དོ། །གཞན་ཡང་དབུ་མའི་ཡར་སྣར་གཙུག་ཏོར་དང་། འོག་ཏུ་གསང་བའི་འཁོར་ལོ་བསྣན་པ་སོགས་མང་ཉུང་མཐའ་གཅིག་ཏུ་མ་ངེས་པར་གསུངས་ཤིང་། མདོར་ན་རྣལ་འབྱོར་པས་ཤེས་པར་བྱ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། དེ་རྣམས་ཀྱི་གཙོ་བོར་གྱུར་པ་འཁོར་ལོའི་རྩ་དང་། དེ་རྣམས་ལས་ཀྱང་གཙོ་བོར་གྱུར་པའི་རྩ་སུམ་ཅུ་རྩ་གཉིས་ལ་སོགས་པ་བཤད་ལ། འཁོར་ལོ་དྲུག་གི་རླུང་སེམས་ཀྱི་དྭངས་མ་འཛིན་ཅིང་སྙིགས་མས་ནད་སྐྱེད་པར་བྱེད་དེ། གཙུག་ཏོར་དང་དཔྲལ་བས་བད་ཀན། མགྲིན་སྙིང་གིས་མཁྲིས་ནད། ལྟེ་གསང་གི་ཕྱི་སྐོར་གྱིས་རླུང་ནད། གསང་བའི་ནང་སྐོར་གྱིས་འདུས་པའི་ནད་བསྐྱེད་དོ་ཞེས་འབྱུང་ངོ་། །དེ་ཡང་ལུས་ལ་རགས་ཕྲ་ཤིན་ཏུ་ཕྲ་བའི་ལུས། དེ་རྣམས་ཀྱི་ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་རྩ་ནི་རང་རིག་པའི་རྣམ་པར་ཤར་བའི་ཕྱིར་ཐ་མལ་གྱི་རྩ་ཐམས་ཅད་ལ་ཁྱབ་བྱེད་དུ་བཞུགས་པས་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་ཞེས་ཀྱང་གྲགས་ལ། དེ་ཉིད་རྣམ་པ་ཐམས་ཅད་པ་ཡིན་པས་ཀུན་རྫོབ་ཀྱི་རྩ་ཡང་དེའི་རྗེས་སུ་འགྲོ་བའི་ཕྱིར། རྣལ་འབྱོར་པའི་སེམས་ཀྱི་རྣམ་པ་གར་གཏད་དེ་དང་འདྲ་བར་ཐ་མལ་བའི་རྩ་རྣམས་ཀྱིས་ཀྱང་བྱ་བ་བྱེད་པས་རྒྱུད་སྡེ་ཐ་དད་ལས་གསུངས་པའི་རྩའི་རྣམ་བཞག་མི་འདྲ་བ་རྣམས་ཀྱང་མི་འགལ་བའི་གནད་ཤེས་པར་བྱའོ། །གསུམ་པ་ནི། སྤྱིར་ལུས་ཅན་རྣམས་ཀྱི་ངག་གི་ཆོས་དང་། ཕྱི་རོལ་ཏུ་དབུགས་སྲང་ཆུ་ཚོད་ཞག་སོགས་དུས་ཀྱི་ཆོས་རྣམས་ཀྱི་འཆར་གཞིར་གྱུར་པ་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། རླུང་མཐའ་དག་གི་གཤིས་ལ་རྒྱུན་མི་ཆད་པར་ཁྱབ་པ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡིན་ལ། དེའི་གློ་བུར་གྱི་དྲི་མ་ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ཡུལ་ལ་གཡོ་བ་ནི་ལས་ཀྱི་རླུང་སྟེ། དེ་ལ་ཕུང་པོ་ལྔའི་རྟེན་བྱེད་པ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ལྔ་ནི་རྩ་བ་ཕུང་པོའི་རླུང་སྟེ། བྱེད་ལས་ཀྱང་། སྲོག་གནས་པ་དང་། དབུགས་འབྱུང་རྔུབ་དང་། ལུས་གནས་པ་དང་། དྲོད་འབེབས་པ་དང་། འགྲོ་འདུག་བཤང་གཅི་ཁུ་གསུམ་འབྱིན་སྡོམ་དང་བཅས་པའི་བྱ་བ་བྱེད་ལ། གལ་ཏེ་ལོག་ན། བརྒྱལ་སྨྱོ་ཤི་བ་སོགས་དང་། སྟོད་ནད་དང་། ཞ་རེངས་ཀྱི་ནད་དང་། ཕོ་བའི་ནད་དང་། སྨད་ཀྱི་ནད་རྣམས་བསྐྱེད་ཅིང་། དེ་དག་ལུས་ཀྱི་དབུས་དང་། སྟོད་དང་། པགས་པའི་མཐར་ཐུག་པ་དང་། ཞུ་བའི་མཚམས་དང་། ལྟེ་བ་མན་ཆད་ན་གནས་པར་བཤད་ལ། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་ནི། དབང་པོ་ལྔ་ལ་གནས་ཤིང་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་པ་དང་། བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ནི་ཉིན་ཞག་ཕྲུགས་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ཡང་འཕོ་བ་བཅུ་གཉིས་པའི་དབང་དུ་བྱས་ན། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་ལས། སྔར་དྲུག་ཏུ་གྱེས་པའི་ཡ་གྱལ་བཞི་པོ་དབུ་མའི་འཕོ་བ་ཡིན་པའི་ཕྱིར། དཀྱིལ་འཁོར་མི་འབབས་པས་སྟོང་པའི་རྩ་བཞི་ཞེས་བྱའོ། །དེ་ལྷག་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི། བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རྩ་འཁོར་གྱི་རླུང་རྣམས་ལྟེ་བའི་རླུང་དང་འདྲེས་ཏེ་རོ་རྐྱང་གི་ལམ་ལས་སྣ་སྒོར་འབབ་ལ། དེ་ཡང་འབྱུང་བ་ལྔ་གཡས་གཡོན་སྡུད་བསྐྱེད་ཀྱི་རིམ་པས་འཕོ་བ་རེ་ལ་དབྱུག་གུ་ལྔ་རེ། དབྱུག་གུ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། འཕོ་བ་རེ་ལ་དབུགས་སྟོང་བརྒྱད་བརྒྱ་པ་རེ་རྒྱུ་ནའང་། དེའི་སྟེང་ན་སྟོང་པའི་རྩ་བཞིའི་དབྱེ་བས་དབུགས་གཅིག་གི་ཕྱེད་བཅས་སོ། །གཉིས་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབྱུག་གུ་རེ་ལ་དབུགས་བཅུ་གཅིག་དང་བཞི་ཆ་གཅིག །འཕོ་བ་རེ་ལ་ང་དྲུག་རྐང་བཅས། ཉིན་ཞག་གཅིག་ལ་དྲུག་བརྒྱ་དོན་ལྔ་རྣམས་རྒྱུ་ཞིང་། དེ་ཆུ་ཚོད་དུ་དྲིལ་ན། ཆུ་ཚོད་གཅིག །ཆུ་སྲང་ང་གཉིས། དབུགས་གསུམ། དེ་ཟླ་བ་གཅིག་ཏུ་བསགས་པས་ཆུ་ཚོད་ང་དྲུག་དང་། ཆུ་ཆུང་བཅོ་ལྔ། དེ་བཅུ་གཉིས་སུ་ཟློས་པས་ཞག་བཅུ་གཅིག་དང་། ཆུ་ཚོད་བཅོ་ལྔ་རྣམས་ལོ་གཅིག་གི་ཡེ་རླུང་གི་གྲངས་ཏེ་ཕྱི་རོལ་ཏུ་ཟླ་ཤོལ་གྱི་རྒྱུར་འགྱུར་ལ། སྐྱེས་བུ་ལོ་བརྒྱ་པའི་ཡེ་རླུང་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་སོགས་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་སོ། ཁ་དོག་ས་ཆུ་མེ་རླུང་ནམ་མཁའ་རིམ་པར་སེར་དཀར་དམར་ནག་སྔོན་པོ། ཚད་ཀྱང་ལྟེ་འོག་སོར་བཞི་ནས་བརྒྱུད་དེ་སྣ་རྩེ་ལས་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་འགྲོ་བ་ཡིན་ནོ། །རླུང་དེ་དག་ལས་སྣ་སྒོར་རྒྱུ་བ་དང་སྒུལ་སྐྱོད་བྱེད་པའི་རླུང་སོགས་རགས་པ། ལུས་ནང་དུ་མི་གཡོ་ཞིང་འཁོར་བའི་རང་བཞིན་འབྱུང་ལྔའི་རླུང་དང་། རྣམ་འགྱུར་རླུང་བཅུ། རྣམ་རྟོག་སྣ་ཚོགས་གཡོ་བའི་བཞོན་པ་རྣམས་འབྲིང་པོ། སྣང་བཞིའི་བཞོན་པར་གྱུར་པའི་རླུང་རྣམས་ཕྲ་བ། ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་ནི་ཤིན་ཏུ་ཕྲ་བ་ཡིན་ལ། དེ་ཡང་མན་ངག་ཐ་དད་པ་ལས་རླུང་གི་རྣམ་བཞག་མི་འདྲ་བ་བྱུང་བ་རྣམས་ཀྱང་། ཡེ་ཤེས་ཀྱི་རླུང་རྣམ་པ་ཐམས་ཅད་པ་ཡིན་པས། དེའི་རྗེས་སུ་འགྲོ་བའི་ཕྱིར་གནད་གཅིག་ཏུ་འདུ་བ་ཡིན་ནོ། །དེ་ནས་རླུང་བཅིངས་པས་རགས་པའི་ལས་རླུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་དུ་གྱུར་ནས་ཡོན་ཏན་བསྐྱེད་པར་གསུངས་སོ། །བཞི་པ་ལ་ཡེ་ཤེས་དང་རྣམ་ཤེས་ཀྱི་ཐིག་ལེ་གཉིས་ལས་དང་པོ་ནི། །ཐིག་ལེ་ཐམས་ཅད་ཀྱི་རྩ་བ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡེ་ཤེས་སྙིང་པོའི་ཐིག་ལེའམ་མི་ཤིགས་པའི་ཐིག་ལེ་ཞེས་བཤད་པ་གང་ཡིན་པ་སྟེ། སྟོང་གསལ་འགག་མེད་ཀྱི་ངོ་བོར་བཞུགས་པའོ། །གཉིས་པ་ནི། རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་གསུངས་ཏེ། སྙིང་གའི་མི་ཤིགས་པའི་ཐིག་ལེའི་ངེས་པས། རླུང་གི་བྱེད་བཅིངས་ལས་གཟུང་འཛིན་གྱི་སྣང་བ་རང་གྲོལ་དུ་གྱུར་པ་ནི་རླུང་ཐིག །སྣ་རྩེར་ཐིག་ལེ་ལ་ལྷའི་མཚན་མ་བསྒོམས་པས་ཐ་མལ་གྱི་སྣང་ཞེན་ལས་ཡིད་སྐྱོབ་པའི་ཕྱིར་སྔགས་ཐིག །འོག་གི་སྣ་རྩེར་ཐིག་ལེ་བསྒོམ་པ་ལས་བདེ་བ་འཆར་པ་སོགས་རྫས་ཐིག་གོ །དེའང་ཕྱི་མ་ཅུང་ཟད་བཤད་ན། ཁམས་དཀར་དམར་གཉིས་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ། སྤྱི་བོར་ཕ་ལས་ཐོབ་པའི་དཀར་ཆ་ཧཾ་གི་རང་བཞིན་དང་། ལྟེ་འོག་རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་ཏེ། ལུས་ཀྱི་དཀར་ཆ་དང་དམར་ཆ་ཐམས་ཅད་ཀྱི་བདག་པོར་གྱུར་པ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པའོ། དེ་ལས་ཀྱང་དྭངས་སྙིགས་གཉིས་སུ་འགྱུར་ཏེ། མངལ་དུ་མའི་རྩ་དང་འབྲེལ་བས་བསྐྱེད་ཅིང་། བཙས་ནས་བཟའ་བཏུང་རྣམས་ཕོ་བར་བད་ཀན་གྱིས་མྱགས་བར་བྱེད། མཁྲིས་པས་མདོག་འགྱུར། རླུང་མེ་མཉམ་སྟེ་མེ་དྲོད་གསུམ་གྱིས་སྦར་བཞུ་མྱགས་པར་བྱས་པས། དྭངས་མ་མཆིན་པར་ཁྲག་ཏུ་གྱུར་ཏེ། རྩ་ལ་བརྒྱུད་ནས། དེ་ཤ །རིམ་པར་ཚིལ། རུས། རྐང་། བྱང་སེམས། དེས་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་བཞིན་དུ། དྲི་ཆེན་དང་། མཁྲིས་པ་དང་། པགས་པ་དང་། རྨེན་བུ་དང་། སོ་སེན་དང་། སྦུབས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་གྲགས་ཤིང་། དེ་དག་གི་རྣམ་དབྱེ་ཡང་། སྤྱི་བོ་མི་ཕྱེད་པ་ནས་སོ་སེན་འབབ་པ་སོགས་ཁམས་ཉི་ཤུ་རྩ་བཞི། དེ་རེ་རེ་ལའང་ཐིམས་ལོངས་སྤྱོད་བདག་པོ་གསུམ་དུ་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་པར་རླུང་། རླུང་ཇི་སྙེད་པར་ཐིག་ལེས་ཁྱབ་པར་གསུངས་སོ། །རྣལ་འབྱོར་པའི་རྒྱུད་ལས་ཁམས་ཉེར་བཞིའི་སྟེང་དུ་རྩའི་གཙོ་མོ་གསུམ་དང་། སུམ་སྒྲིལ་མ་ལ་སོགས་ཏེ་ལྔ་བསྣན་ན་སོ་གཉིས་སུ་གསུངས་ཏེ། ཧེ་རུ་ཀ་གལ་པོ་ལས། ལུས་ལ་བྱང་ཆུབ་སེམས་རྒྱུ་བའི། །རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་སོ། །དེའི་སྟེང་དུ་རྩ་བའི་རླུང་ལྔ་རྒྱུ་པའི་སྲོག་ཆེན་པོ་མ་གཏོགས་པའི་བཞི་བསྣན་ནས་སུམ་ཅུ་རྩ་དྲུག་ཏུ་བཤད་པའང་སྣང་ངོ་། །དེ་དག་ཀྱང་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཡེ་ཤེས་དང་རྗེས་སུ་འབྲེལ་བར་འཕོ་བ་དང་། ལུས་ལ་ཟུངས་སམ་ནུས་པའམ་གནད་ཀྱི་ངོ་བོ་ཉིད་དུ་རྣམ་ཤེས་དང་རྗེས་སུ་འབྲེལ་པར་འཕོ་བ་བླ་གནས་ཞེས་གྲགས་པའོ། །མདོར་ན་ཐིག་ལེ་མཐའ་དག་ཁུ་རྡུལ་མུན་གསུམ་འདུ་ཞིང་། དེ་གསུམ་གྱིས་ཆགས་སྡང་རྨོངས་གསུམ་སྐྱེད་པ་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་དང་། དེས་ལས་བསགས་ནས་འཁོར་བའི་འཁྲུལ་སྣང་གི་སྡུག་བསྔལ་སྣ་ཚོགས་འབྱུང་པ་ཡིན་ལ། དེ་གསུམ་འགྱུར་མེད་དུ་བཅིངས་པ་ལས་འཁོར་བ་ལྡོག་པར་འགྱུར་ཞིང་། ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་རྣམ་པ་ཐམས་ཅད་པ་ཡིན་པས། བརྟགས་པ་དང་མ་བརྟགས་པའི་ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཀུན་དངོས་བརྒྱུད་གང་རུང་གི་སྒོ་ནས་ཡང་དག་པའི་ལམ་དུ་འགྲོ་བའི་གནད་ཀྱང་ཤེས་པར་བྱའོ། །དེ་དག་ནི་བླ་མེད་རྒྱུད་སྡེ་སྤྱིར་གྲགས་པ་ལྟར་ཏེ་འོད་གསལ་རྫོགས་པ་ཆེན་པོའི་རང་ལུགས་ཐུན་མོང་མ་ཡིན་པ་ནི་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ལས་རྒྱ་ཆེར་འབྱུང་པ་ལྟར་རོ། །གཉིས་པ་ལ་གཉིས། རྟེན་རྡོ་རྗེའི་ལུས་ཀྱི་སྒོམ་ཚུལ་བཤད་པ་དང་། བརྟེན་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པའོ། །དང་པོ་ལའང་ལམ་དངོས་དང་། དེ་གོམས་པའི་འབྲས་བུ་གཉིས། དང་པོ་ནི། འབྱུང་བཞིའི་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། ཟབ་མོའི་བསྐྱེད་རིམ་མ་བཅོས་རང་བྱུང་གི་དཀྱིལ་འཁོར་དེ་ཇི་ལྟར་ན། འབྱུང་བཞི་རིམ་བརྩེགས་ཆོས་འབྱུང་དང་བཅས་པ་ནི་ཐོག་མར་ཕ་མའི་འདུ་འཕྲོད་ཀྱི་རྐྱེན་ལས་མངལ་དུ་འབྱུང་བཞིའི་ཚོགས་པ་ལ་རླུང་སེམས་ཀྱི་རྟོག་པས་བདག་ཏུ་བཟུང་བའི་རྟེན་ཨེ་དབྱིངས་ཡུམ་གྱི་བྷ་ག་རུ། གཟུགས་ཀྱི་ཕུང་པོ་རགས་པར་གྲུབ་པ་གཞལ་མེད་ཀྱི་ཁང་པ་ཆེན་པོ་སྟེ། དེའང་ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་། ཡན་ལག་བརྒྱད་ཀ་བ་བརྒྱད། འབྱུང་ལྔའི་རླུང་རྒྱུ་བའི་དབང་པོ་སྒོ་ལྔ་ལས་མིག་ཉི་ཟླའི་སྐར་ཁུང་། རྣ་བ། སྣ། ཁ། འོག་སྒོ་བཞི་པོ་སྒོ་བཞི། ཤ་དཀྱིལ་འཁོར་གྱི་གཞི། ཁྲག་མཚོ་རྫིང་། དྲོད་མེ་ཕུང་། དབུགས་འཇའ་འོད། སོགས་ཁོངས་ནས་སྙིང་ནོར་བུའམ་ཙིཏྟའི་ཕོད་ཏོ། རྒྱུ་མ་དྲྭ་བ་དྲྭ་ཕྱེད། སོར་མོ་རྣམས་ཟླ་ཕྱེད་མེ་ལོང་། སོ་མདའ་ཡབ། ལྕེ་པུ་ཤུ། བུ་ག་བརྒྱད་དུར་ཁྲོད། སྐྲ་དང་པགས་པ་རུས་ཚིགས་སྲུང་འཁོར་སོགས་རང་བྱུང་གི་རྒྱན་དང་བཀོད་པ་གཟི་བརྗིད་ཀྱི་དཔལ་དུ་འབར་བའི་རྟེན་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པ་དང་། ནང་གི་རྩ་གཡས་རོ་མ་ཐབས་དཔའ་བོ། གཡོན་རྐྱང་མ་ཤེས་རབ་དཔའ་མོ། དབུ་མ་ཧེ་རུ་ཀ་སྤྱི་དཔལ་ཆེན་པོ་ཁྱབ་བདག་ཀུན་ཏུ་བཟང་པོ། འཁོར་ལོའི་གནས་ལྔ་ནི་སྤྱི་བོ་སངས་རྒྱས། མགྲིན་པ་པདྨ། སྙིང་ག་རྡོ་རྗེ། ལྟེ་བ་རིན་ཆེན། གསང་བ་ལས་ཏེ་རིགས་མཆོག་རྣམ་ལྔའི་ཞི་ཁྲོའི་གཙོ་བོ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀ་ལ་སོགས་པ་དང་། དེ་དག་གི་རྩ་འདབ་ཐམས་ཅད་ནི་རིགས་ཆུང་རྣམས་ཀྱི་ཚོམ་བུའི་དཀྱིལ་འཁོར་ཡབ་དང་ཡུམ་བཅས་བརྟེན་པ་ལྷའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་དང་། ཕྱི་ལུས་ཀྱི་ཕུང་པོ་དམ་ཚིག་སེམས་དཔའ། ནང་དྭངས་མའི་ཐིག་ལེ་ཏིང་འཛིན་སེམས་དཔའ། དེའི་ཁྱབ་བྱེད་རིག་པ་ཡེ་ཤེས་སེམས་དཔའ་གསུམ་པོ་གདོད་ནས་དབྱེར་མེད་དུ་གྲུབ་པ་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་གྱིས། རྫོགས་བྱེད་ཡན་ལག་སྒོ་ལྔའི་ཡུལ་དུ་འདོད་ཡོན་གྱི་ལོངས་སྤྱོད་ཇི་ལྟར་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་ཕུང་དུ་ཤེས་པ་ལ་སྤང་བླང་མེད་པར་རོལ་པ་དང་། གཞན་གྱིས་ཆེ་བའི་ཡོན་ཏན་བསྒྲགས་ནས་བསྔགས་པ་ཐམས་ཅད་བསྟོད་པའི་གླུར་ཤེས་པ་དང་། བསྒུལ་བསྐྱོད་བྱེད་པ་ཕྱག་རྒྱ་དང་འགྲོ་འདུག་ཐམས་ཅད་རྡོ་རྗེའི་གར་བསྒྱུར་བ་དང་། སྲོག་དང་རྩོལ་བའི་རླུང་འབྱུང་འཇུག་གནས་གསུམ་པོ་རྡོ་རྗེའི་བཟླས་པར་ངང་གིས་གྲུབ་པས་ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པ་དང་། བཟའ་བཅའ་བཏུང་བའི་རིགས་གྱུར་ནང་གི་གཏོར་མ་དང་ཚོགས་འཁོར་ལ་རྟག་ཏུ་རོལ་པ་ཡིན་པ་དང་། སྙོམས་པར་འཇུག་པའི་ཚེ་གནས་བཞིར་དགའ་བཞིའི་བདེ་བས་རྒྱུད་ཚིམས་པའི་འོད་གསལ་ཡེ་ཤེས་ཀྱི་ལྷ། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་ལས་རིམ་པར་བཞེངས་ཏེ་ལྷན་ཅིག་སྐྱེས་པ་མི་ཤིགས་པའི་ནཱ་ད་སྟོང་བཞིའི་མཐར་ཐུག་པར་ཡལ་བས་རྣམ་བཅས་ཀྱི་བསྐྱེད་རིམ་ཡན་ལག་དང་བཅས་པ་དེ་དག་བསམ་མི་ཁྱབ་པའི་རྫོགས་རིམ་དུ་ཞུགས། སྟོང་ཉིད་དེའི་ངང་ལས་གཟུགས་སྣང་སྒྲ་གྲགས་འགྱུ་དྲན་གྱི་རྟོག་ཚོགས་ཀུན་ཀྱང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་མཆོག་ཏུ་དབྱེར་མེད་པར་ལྷུན་གྱིས་གྲུབ་པའོ། །འདིར་ནཱ་ད་ཞེས་པའི་དོན་ཡང་ཤིན་ཏུ་ཕྲ་བའི་རླུང་ཁམས་གསུམ་པའི་བདག་ཉིད་ཅན་རྒྱུན་མཐའི་བར་གཞོམ་དུ་མེད་པ་དེ་ཉིད་མཚོན་པ་རྣམ་བཅས་ཀྱི་མཚན་མ་ཤིན་ཏུ་ཕྲ་བའོ། །བསྐྱེད་ཚུལ་འདི་ནི་ཀུན་འདུས་རིག་པའི་མདོ་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བར་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པ་ནི། ཟབ་མོའི་ ནས་ ངང་གིས་ཤར༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་ཟབ་མོའི་བསྐྱེད་རིམ་འདི་ལ་རྣལ་འབྱོར་པ་སུས་ཉམས་ལེན་གྱིས་གོམས་ཤིང་འདྲིས་པར་བྱེད་པ་དེ་ནི་རིང་པོར་མི་ཐོགས་པར་རླུང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ། སྤྱན་དང་མངོན་པར་ཤེས་པའང་འགྲུབ་སྟེ། དེ་ལ་སྤྱན་ལྔ་ནི། དཔག་ཚད་བརྒྱ་སྟོང་ཚུན་གྱི་དངོས་པོ་མཐོང་བ་ཤའི་སྤྱན། །སེམས་ཅན་ཀུན་གྱི་འཆི་འཕོ་དང་སྐྱེ་བའི་ཚུལ་མཐོང་བ་ལྷའི་སྤྱན། ཆོས་ཉིད་ཀྱི་དོན་ཇི་ལྟ་བར་མཐོང་བ་ཤེས་རབ་ཀྱི་སྤྱན། རང་དང་སྤངས་རྟོགས་མཉམ་པའི་རྒྱུད་ཚོད་རིག་པ་ཆོས་ཀྱི་སྤྱན། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་མཐོང་བ་སངས་རྒྱས་ཀྱི་སྤྱན་ཏེ་དང་པོ་གཉིས་རྣམ་སྨིན་གྱི་རྒྱུ་དང་ཀུན་གྱི་རྒྱུ་ནི་སྒོམ་སྟོབས་སོ། །མངོན་ཤེས་དྲུག་ནི། ལུས་རྣམ་པར་དག་པ་རྫུ་འཕྲུལ། ངག་རྣམ་པར་དག་པ་ལྷའི་རྣ་བ་དང་གཞན་སེམས་ཤེས་པ། སེམས་རྣམ་པར་དག་པ་སྔོན་གནས་རྗེས་དྲན། ལྷའི་མིག །ཟག་པ་ཟད་པའི་མངོན་ཤེས་རྣམས་ཏེ། དེ་གཉིས་ཀྱི་དང་པོ་རྣམས་ནི་སོ་སྐྱེ་དང་འཕགས་པའི་ས་རྣམས་སུའང་ཡོད་ལ། ཕྱི་མ་རེ་རེ་ནི་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ཞིང་འཕགས་པ་ལའང་རྗེས་མཐུན་པ་ཙམ་ཡོད་པར་བཞེད་དོ། །གཞན་ཡང་ཕྱི་ནང་གསང་པའི་དྲོད་དང་དངོས་ཉམས་རྨི་ལམ་གྱི་རྟགས་མཚན་ངོ་མཚར་བ་རྣམས་ཀྱང་རྩོལ་བ་མེད་པར་ངང་གིས་ཤར་བར་འགྱུར་ཏེ། རྒྱུད་ལས། ཕྱི་དང་ནང་དང་དེ་བཞིན་ཉིད། །དངོས་དང་དངོས་མིན་གནས་ལུགས་ཀུན། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང་། །ཀུན་གཞི་ཡེ་ཤེས་རང་བྱུང་ལྷ། །དེ་ལ་གོམས་འདྲིས་བརྟན་པ་ནི། །ཕྱི་ནང་ཞིང་ཁམས་མ་ལུས་པ། །གཉིད་སད་སྣང་བ་ཇི་བཞིན་དུ། །རིང་པོར་མི་ཐོགས་འཆར་བར་འགྱུར། །ཞེས་སོ། །གཉིས་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པ་ལ་གཉིས། མཚམས་སྦྱར་ཏེ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ རྫོགས་རིམ་ནི༔ ཞེས་གསུངས་ཏེ། དེ་ལྟར་བདེ་བ་ཆེན་པོ་རང་བྱུང་རྡོ་རྗེ་ལུས་ཀྱི་སྐུ་ལ་རྟེན་བྱས་ནས། བརྟེན་པ་རྩ་དང་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ཏེ་རང་བྱིན་བརླབ་པའི་རྫོགས་རིམ་ནི་འདི་ལྟ་སྟེ། གཉིས་པ་ལ་གསུམ། བཀོད་པ་རྩ། གཡོ་བ་རླུང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་སྦྱོང་པའོ། །དང་པོ་ནི། ལུས་གནད་ ནས་ གོམས་པ་ན༔ ཞེས་གསུངས་ཏེ། དེའང་ལུས་གྲོང་ཁྱེར། རླུང་རྟ་ལོང་བ། རྣམ་ཤེས་མི་ཞ་བོ་འདྲ་བར་ཁ་ལོ་སྒྱུར་པས་བྱེད་པ་མ་འཆིངས་ན་མིས་ཞོན་པའི་རྟ་དེ་སྲང་བར་ནས་ཕྱིར་ཤོར་པ་དང་འདྲ། འཆིང་ན་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་ཐུབ་པ་དང་འདྲ་བས། རྣམ་རྟོག་གི་བཞོན་པ་རླུང་འཆིང་པ་ལ་ལུས་ཀྱི་གནད་འཆིང་བ་གལ་ཆེའོ། །དེའང་ཀློང་ཆེན་རབ་འབྱམས་ལས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །ལག་པ་གཉིས་ཀྱིས་མཉམ་བཞག་བསྣོལ། །ལུས་ནི་མདའ་སྨྱུག་བཞིན་ཏུ་བསྲང་། །དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང་། །མཇིང་པ་གཞུ་མཆོག་བཞིན་དུ་བསྐུམ། །ལུས་གནད་ཕག་པའི་གཟེངས་ལྟར་བསྟོད། །མིག་དང་སྣ་རྩེ་སེམས་རྩེ་བསྟུན། །ཞེས་གསུངས་པ་ལྟ་བུའི་ལུས་གནད་དང་ལྡན་པས་ཆ་ཆ་ནས་བསྒྲིམས་ཏེ་ཆུན་བཙལ། ཁོང་པར་ཉོན་མོངས་པའི་རླུང་གི་དུག་ཡོད་པ་དབྱུང་བའི་ཕྱིར་རླུང་རོ་སྣ་སྒོ་ནས་ལན་གསུམ་བསལ། སེམས་ཀྱི་གནད་རང་ལུས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཡལ་ཏེ་རྣམ་པར་མི་རྟོག་པའི་ངང་ལས། ངོ་བོ་བདེ་སྟོང་གི་རང་བཞིན་རྣམ་པ་ཡི་དམ་ལྷའི་སྐུ། རྣམ་འགྱུར་དྭངས་གསལ་རྙོག་པ་མེད་པ་ཆུ་ཟླའི་རོལ་གར་དང་སྒྲིབ་ཐོགས་མེད་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུའི་སྐུར་གསལ་བའི་ལུས་ཀྱི་དབུས་སུ་ཨ་བ་དྷཱུ་ཏི་མར་གྲགས་པའི་རྩ་སྔོན་པོ་ཚངས་བུག་ནས་གསང་གནས་བར་དུ་ཀ་བ་ལྟར་ཡོད་པ་མཚན་ཉིད་བཞི་ལྡན། དེའི་གཡས་གཡོན་གཉིས་སུ་རོ་མ་དམར་མོ་དང་རྐྱང་མ་དཀར་མོ་དྷཱུ་ཏི་ལས་འདབ་འགྱུར་གྱིས་ཕྲ་བ་སུམ་བཤིབས་སུ་ཡོད་པ། རོ་རྐྱང་གཉིས་ཀྱི་ཡར་སྣ་སྤྱི་བོ་ནས་ཐུར་དུ་གུག་པ་སྣ་བུ་གཉིས་སུ་ཟུག་ཅིང་མར་སྣ་གཉིས་ལྟེ་འོག་སོར་བཞིའི་ཐད་ནས་དྷཱུ་ཏིར་ཚུད་པ། གཙོ་མོ་དེ་གསུམ་སྲོག་ཤིང་བསླངས་པ་ལྟ་བུ་ལ་གདུགས་ཀྱི་རྩིབས་མ་བཀོན་པ་ལྟར་བརྟེན་པའི་སྤྱི་བོར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས། མགྲིན་པར་རོ་རྣམས་འདུས་པའི་འཁོར་ལོ་འདབ་མ་བརྒྱད་གཉིས་བཅུ་དྲུག །སྙིང་ག་དྲན་པ་རྣམ་པར་དཀོད་པའི་འཁོར་ལོ་ལ་རྣམ་ཤེས་ཚོགས་བརྒྱད་བརྟེན་པའི་འདབ་མ་བརྒྱད། ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོར་འདབ་མ་དྲུག་ཅུ་རྩ་བཞི་བཅས་འཁོར་ལོ་བཞི་པོའི་ལྟེ་བ་དྷཱུ་ཏི་ནས་ཕྱོགས་བཞིར་འབྱུང་བཞིའི་ནུས་པ་འཛིན་པའི་རྩ་འདབ་རེ་རེ་གྱེས་ཤིང་། སྙིང་གར་དེ་ལས་གཉིས་གཉིས་གྱེས་པས་ཕྱི་སྐོར་ལ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ལ་བརྒྱད་དང་ཕྱི་སྐོར་ལ་བཅུ་དྲུག །སྤྱི་བོ་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ཕྱི་མར་བཅུ་དྲུག་དང་ཕྱི་སྐོར་ལ་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་ཤིང་། དེ་ལྟར་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པས་བར་སྐོར་ལ་བཅུ་གཉིས་དང་ཕྱི་སྐོར་ལ་དྲུག་ཅུ་རྩ་བཞི་སྟེ་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་གསལ་གདབ། རྩ་དེ་ཐམས་ཅད་དྭངས་གསལ་སྦུབས་སྟོང་གི་རྣམ་པར་བསྒོམས་ལ་རྩའི་སྟོང་ར་ཉིད་ཐམས་ཅད་ཀྱི་གཞི་ཡིན་པས་ལེགས་པར་གོམས་པ་ན་རྣལ་འབྱོར་ཕྱི་མ་ལ་འཇུག་པར་བྱའོ། །གཉིས་པ་ལ་གཉིས། ཐུན་གྱི་ཉམས་ལེན་དང་། ཐུན་མཚམས་ཀྱི་ཉམས་ལེན་ནོ། །དང་པོ་ལའང་གཉིས། གཙོ་བོ་བུམ་ཅན་དང་། དེ་སྦྱངས་པའི་འབྲས་བུའོ། །དང་པོ་ནི། སྐྱོན་ཅན་ ནས་ འཆད་པ་ཡིས༔ ཞེས་གསུངས་ཏེ། ལུས་གནད་རྩའི་སྟོང་ར་གསལ་བཏབ་ནས་སྔར་ཁོང་པར་བསྐྱིལ་བའི་དུག་གསུམ་གྱི་སྐྱོན་དང་འདྲེས་པ་ཅན་གྱི་རླུང་ནི་སྣ་སྒོ་ནས་ཕྱིར་ལ་སངས་ཀྱིས་བུད་དེ་དེའང་འབུད་པ་དགུ་ཕྲུགས་སམ་སུམ་ཕྲུགས་བྱ། མཉམ་རྒྱུའི་ཡེ་རླུང་སོགས་རླུང་གི་དུས་གནད་ལ་མཁས་པས་སྐྱོན་མེད་པ་འབྱུང་ལྔ་དྭངས་མའི་རླུང་སྣ་སྒོ་ནས་རྔུབས་ཏེ་སྟེང་རླུང་དང་ཐུར་སེལ་བསྐུམ་སྟེ་འོག་རླུང་གཉིས་ལྟེ་བར་ནར་གྱིས་དྲངས་ལ་དབུ་མར་ཁ་སྦྱོར་དུ་བསྐྱིལ་བ་བུམ་པ་ལྟར་དགང་། མི་ནོན་པའི་ཚེ་གཡས་གཡོན་འཐེན་གནོན་དང་ཕྱི་ནང་དུ་གཞིལ། མི་ཐུབ་ཙ་ན་མདའ་ལྟརའཕང་སྟེ་དེ་ལྟ་བུའི་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་ལ་རྩོལ་པ་རིམ་གྱིས་ཇེ་དྲག་ཏུ་བསྐྱེད། ལུས་སེམས་དུབ་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྒོམ་པས་སྡོམ་འབྱུང་ནས་བཤད་པའི་བུམ་ཅན་རབ་འབྲིང་ཐ་མའི་ཚད་ལྡན་དུ་གྲུབ་པར་གསུངས་ཀྱང་ད་ལྟའི་ལག་ལེན་ལ། ལག་པའི་ཐལ་མོས་པུས་མོ་ལ་ལན་རེ་བསྐོར་ཏེ་སེ་གོལ་གཅིག་གཏོགས་པའི་མུན་ཚད་སུམ་ཅུ་རྩ་དྲུག་ནི་བུམ་པ་ཅན་ཆུང་ངུ་། བདུན་ཅུ་དོན་གཉིས་འབྲིང་། བརྒྱ་རྩ་བརྒྱད་ཁེགས་པ་ཆེན་པོའི་ཚད་དུ་བཞེད་དོ། །གཉིས་པ་ནི། ལུས་བདེ་སོགས་རྐང་པ་གཅིག་སྟེ། རླུང་བུམ་པ་ཅན་གྲུབ་པའི་ཡོན་ཏན་མང་དུ་བཤད་པ་ལས་མདོར་བསྡུ་ན་ལུས་མཉེན་ལྕུག་ཐོབ་པའི་བདེ་བ། ངག་རང་དབང་དུ་གྱུར་པས་སྙན་པ། སེམས་ཏིང་ངེ་འཛིན་ལ་གཡོ་མེད་དུ་གནས་པ་དང་། འཆི་བ་མེད་པའི་བཅུད་ལེན་འགྲུབ་པར་འགྱུར་ཏེ། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །ཞེས་སོ། །གཉིས་པ་ཐུན་མཚམས་བྱ་བ་ནི། ཐུན་མཚམས་ ནས་ སེམས་གནས་བསྒྲུབ༔ ཅེས་གསུངས་ཏེ་དེ་ལྟར་རླུང་གི་རྣལ་འབྱོར་ལ་བརྩོན་པའི་ཐུན་མཚམས་རྣམས་སུ་ཡན་ལག་ལྔ་སྦྱོང་སོགས་རྩ་རླུང་གི་སྐྱོན་སྦྱང་བ་རྣམས་དང་། ལུས་ཀྱི་ཆུན་བཙལ་ཞིང་གནད་ལ་རྡེག་པར་བྱེད་པ་དང་། ཐིག་ལེའི་སྐབས་སུ་འདྲེན་ལྡོག་བཀྲམ་པར་བྱེད་པ་དང་། ཐམས་ཅད་དུ་གེགས་བསལ་ཞིང་བོགས་དབྱུང་པའི་འཕྲུལ་འཁོར་རྣམས་ཀྱང་ལག་ལེན་ལྟར་བྱ་ཞིང་། མཐར་སྒོ་གསུམ་དལ་བར་བཞག་པས་རྩ་འཁྲུགས་རླུང་འཁྲུགས་རང་བཞིན་གྱིས་དྭངས་པར་འགྱུར་བ་དང་། བར་སྐབས་རྣམས་སུ་རྡོ་རྗེའི་བཟླས་པས་བོགས་འབྱིན་ཅིང་སེམས་གནས་པ་བསྒྲུབ། སྤྱིར་རྡོར་བཟླས་ནི་ཐམས་ཅད་དུ་གལ་ཆེ་བས་དེའི་དོན་ཅུང་ཟད་སྨོས་ན། ཧེ་རུ་ཀ་གལ་པོ་ལས། ལམ་དུ་ཁྱེར་བའི་བཟླས་པ་ནི། །འཇུག་དང་གནས་དང་ལྡང་བ་ལ། །ཡན་ལག་དྲུག་ཏུ་ཚང་བསྒོམས་པས། །རྡོ་རྗེའི་བཟླས་པ་ལམ་དུ་ཁྱེར། །ཞེས་གསུངས་པའི་ཡན་ལག་དྲུག་ནི་བཤད་རྒྱུད་རྡོར་ཕྲེང་སོགས་ལས་རྣལ་འབྱོར་དྲུག་ཅེས་བཤད་པ་དང་དགོངས་པ་མཐུན་པས་དེ་ལས་དང་པོ་ནི། རྒྱུ་བ་ངེས་པའི་ཚུལ་གྱིས་ཇི་སྲིད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་བགྲང་ནུས་ཀྱི་བར་གྲངས་བརྩི་བ་ལ་སེམས་འཛིན་པ་ནི་བགྲང་བའི་རྣལ་འབྱོར་དང་། གཉིས་པ་རྗེས་སུ་འགྲོ་བ་ནི་ཐུན་ཚོད་བརྒྱད་ཀྱི་དུས་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུ་ཞིང་རླུང་འབྱུང་བ་རེ་རེ་ལའང་འབྱུང་བ་གཞན་བཞི་རྗེས་སུ་འགྲོ་བར་ཤེས་པ་སྟེ་འདི་ནི་རྣམ་པར་གསལ་བའོ། །གསུམ་པ་འཇོག་པའི་རྣལ་འབྱོར་ནི་རླུང་འབྱིན་འཇུག་གི་རྒྱུད་རྣམས་ལ་འདི་ནི་རྩའི་འཁོར་ལོ་འདི་དང་འདི་ལས་རྒྱུ་བ་ཡིན་ནོ་ཞེས་སོ་སོར་ཤེས་པ་སྟེ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གོང་བུའི་ཚུལ་ལ་སེམས་འཛིན་པའོ། །བཞི་པ་རྟོགས་པའི་རྣལ་འབྱོར་ནི་འཁོར་ལོ་བཞིའི་འབྱུང་ལྔའི་རླུང་ཉི་ཤུས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་བསྒྱུར་ཞིང་དེའང་གཡས་གཡོན་གྱི་དཀྱིལ་འཁོར་སྡོམ་པ་བཅུས་བསྒྱུར་པའི་རླུང་གི་མཚན་ཉིད་ཤེས་པས། དེས་རྣམ་རྟོག་གང་སྐྱེས་ཀྱང་ཤེས་ལ། དེ་དག་རྒྱུས་མ་ཐག་ཏུ་རྟོག་མེད་དུ་འགྱུར་བས་རྟོག་མེད་ཀྱི་ཡེ་ཤེས་འཆར་ཚུལ་ཡང་ཤེས་ཏེ་རྟོག་པ་དང་མི་རྟོག་པའི་སྐྱོན་ཡོན་རིག་པར་བྱེད་པའོ། །ལྔ་པ་བསྒྱུར་བའི་རྣལ་འབྱོར་ནི་སྔར་གྱི་རྣམ་རྟོག་རྒྱུ་བ་ཤུགས་ཅན་དེ་ལོག་ནས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་པོ་རྟོག་བྲལ་གྱི་རླུང་དུ་སོང་བས་མཉམ་བཞག་ཏུ་མི་རྟོག་པར་ཁོ་ནར་གནས་ཀྱང་རྩ་འཁོར་ལ་རྒྱུ་བ་ན་ཉོན་མོངས་པའི་ཞད་ཡོང་བས་ཉོན་མོངས་པའམ་ཀུན་རྫོབ་ཅེས་བྱ་ལ། དེ་འགགས་ནས་མི་ཤིགས་པ་ལ་ཐིམ་པ་ན་ཡེ་ཤེས་དང་དོན་དམ་ཞེས་བྱ་ཞིང་། ཡང་དེ་ལས་ལངས་ནས་རྩའི་འཁོར་ལོར་རྒྱུ་བ་སོགས་སྔར་འཁོར་བར་བྱེད་པའོ། །དྲུག་པ་ཡོངས་དག་གི་རྣལ་འབྱོར་ནི། རྩ་འཁོར་རྣམས་སུ་རླུང་རྒྱུ་མི་རྒྱུའི་དབྱེ་བའང་སྤངས་ཏེ། རྟག་ཏུ་མི་ཤིགས་པ་ལ་ཐིམ་པས་རླུང་གི་དེ་ཁོ་ན་ཉིད་མཉམ་བཞག་གསལ་སྟོང་བདེ་བའི་མཚན་ཉིད་ཅན་དེའི་ངང་དུ་རླུང་ཐམས་ཅད་ཐིམ་པའི་འོད་གསལ་ལ་མཉམ་པར་འཇོག་པའོ། །དེ་ལྟར་ཡན་ལག་དྲུག་པོ་དེ་ལ་རྡོ་རྗེའི་བཟླས་པ་ཇི་ལྟར་བྱ་བའི་ཚུལ་ནི། དགོངས་པ་ལུང་སྟོན་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་རྡོ་རྗེའི་བཟླས་པ་རྣམ་པ་བཞི་གསུངས་ཏེ། དེའི་དོན་འཆད་ཚུལ་མང་ཡང་དཀྱུས་ཀྱི་ཕྱག་ལེན་ལྟར་ན། འབྲུ་གསུམ་ངག་ཏུ་བཟླ་བ་བརྗོད་བཅས་རྡོར་བཟླས། ཡི་གེ་གསུམ་དབྱིབས་དང་ཁ་དོག་གི་རྣམ་པར་བསྒོམ་པ་དམིགས་པ་རྡོར་བཟླས། རླུང་ལྡང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས་རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་པ་བརྡར་གྱུར་རྡོར་བཟླས། རླུང་གི་འགྲོ་འོང་གནས་གསུམ་དང་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་ཤེས་པས་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དོན་དམ་རྡོ་རྗེའི་བཟླས་པར་བཞེད་དོ། །གསུམ་པ་ཐིག་ལེ་སྦྱོང་བ་ལ་གཉིས། ལམ་གྱི་གཙོ་བོ་དང་། ལམ་གྱི་ཡན་ལག་གོ །དང་པོ་ལ་གཉིས། དྲོད་དང་བདེ་བ་མི་རྟོག་པའི་གཏུམ་མོ་བཤད་པ་དང་། གོང་གི་དོན་རྣམས་བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། དེ་ལ་ ནས་ དབྱིངས་སུ་བསྐྱལ༔ ཅེས་གསུངས་ཏེ། རྩ་རླུང་རྣལ་འབྱོར་དེ་དག་ལ་གོམས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོའི་འོག་སོར་བཞི་ཙམ་དུ། ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ་སྦས་པའི་རང་གཟུགས་དཔྱིད་དམ་ཙཎྜ་ལཱི་སྟེ་གཏུམ་མོ་ཡེ་ཤེས་ཀྱི་མེ། དབྱིབས་ཨ་ཤད་ཀྱི་རྣམ་པ། ཁ་དོག་དམར་ལ་རེག་བྱ་ཚ་བ་ངོ་བོ་སྟོང་པ་ཉམས་བདེ་བའི་རང་བཞིན་དང་། དབུ་མའི་ཡར་སྣར་ཧཾ་ཡིག་དངོས་སམ་ཐིག་ལེ་གསལ་འཚེར་སྣུམ་འདྲིལ་མཚན་ཉིད་བཞི་ལྡན་ཏུ་གསལ་གདབ། སྦྱོར་བ་བཞི་ལྡན་བུམ་ཅན་རླུང་གིས་བསྐུལ་བས་མེ་ལྕེ་སོར་བཞི་ཙམ་ནས་རིམ་པར་ཇེ་རིང་ལ་སྦར། དབུ་མའི་སྦུབས་ལམ་དུ་ཞུགས་ཏེ་ལྟེ་བ་སོགས་འཁོར་ལོ་བཞིར་རྩ་ཐིག་ཁ་སྦྱོར་གྱི་ལྷ་ཚོགས་རྣམས་བསྐུལ། མཐར་སྤྱི་བོའི་ཧཾ་ལ་རེག་པས་དེ་ལས་བདེ་བའི་རྒྱུན་གྱི་ཐིག་ལེ་ཆར་ཟིམ་མམ་བ་ཐག་ལྟར་བྱུང་སྟེ་ལྟེ་བའི་གཏུམ་མོ་ལ་ཐིམ་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་གསོས་བཏབ། སླར་ཡང་མེ་དེ་ཉིད་ཆེས་ཆེར་འབར་བས་བྱང་སེམས་བསྐུལ་བའི་བདེ་བ་དང་འདྲེས་ཏེ་འཁོར་ལོ་བཞི་ནས་རིམ་པར་མཆེད་པས་ལུས་རྩ་ཕྲ་མོའི་ཁམས་ཐམས་ཅད་ཁྱབ། དྲོད་དང་བདེ་བས་གང་བ་དེ་ཉིད་རང་རིག་གི་ངོ་བོར་རོ་མཉམ་དུ་ཤེས་པའི་ལྟ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་ལ། ཞུ་བདེ་སྟོབས་སུ་གྱུར་པའི་ཉམས་གསུམ་ཀར་ཡང་ཆེད་འཛིན་མེད་པར་མཐར་ཐུག་ཀ་དག་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་བསྐྱལ་བར་བྱའོ། །སྤྱིར་གཏུམ་མོ་ལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་ཕྱི། ཨ་ཐུང་ནང་། ཁ་སྦྱོར་གསང་བའི་གཏུམ་མོ་གསུམ་དུ་གསུངས་པ་ལས་འདིར་བསྒོམ་བྱ་ནང་གི་གཏུམ་མོའི་ངོ་བོ་ནི། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནང་གི་རྣལ་འབྱོར་མ་སྟེ། རྡོར་ཕྲེང་ལས། ལྟེ་བའི་དབུས་སུ་རྟག་གནས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་འབྱུང་བ། །ཞེས་སོ། །ངེས་ཚིག་ཙཎྜ་ལཱིའི་སྒྲ་ལས་དྲག་ཅིང་གཏུམ་ལ་སྲེག་པ་སྟེ་གང་ལ་གནད་དུ་བསྣུན་པས་ཕུང་ཁམས་ཀྱི་མ་དག་པ་དང་རྣམ་རྟོག་ཉོན་མོངས་མྱུར་དུ་སྲེག་པར་བྱེད་པའོ། །གནས་ཚུལ་རྒྱུད་སྡེ་སོ་སོའི་དགོངས་པས་མེ་དང་རླུང་དང་རྩ་དང་ཐིག་ལེ་དང་སྔགས་དང་ཡེ་ཤེས་རྣམས་སུ་གནས་པར་བཤད་ལ་ཀུན་རྫོབ་ཐིག་ལེ་དོན་དམ་ཡེ་ཤེས་སུ་གནས་པ་སྤྱིའི་དགོངས་པའོ། །སྤར་བྱེད་བུམ་ཅན་སོགས་རླུང་སྦྱོར། ས་བོན་ཕྱག་མཚན་མེ་ཐིག་ཨ་ཤད་སོགས་དམིགས་པ། རང་ལུས་གཞན་ལུས་ཐབས་ལ་བསྟན་པ་སྟེ་གསུམ་མོ། །འབར་བའི་ཚད་རོ་རྐྱང་གི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ཀའང་འབར་བ་ཆུང་འབྲིང་ཆེན་པོ་གསུམ་དུ་འབྱུང་། དབྱེ་བ་ལས་དང་རྣལ་འབྱོར་ལྷན་སྐྱེས་ཀྱི་གཏུམ་མོ་གསུམ་མམ། འབར་བ་དམ་ཚིག་དྲོད། ཞུ་བ་ཆོས་བདེ་བ། འདྲེས་པའི་ཉམས་མྱོང་ཡེ་ཤེས་མི་རྟོག་པའི་གཏུམ་མོ་གསུམ་དུ་བཤད། རྟགས་ཚད་ཕྱི་ནང་གི་རྟགས་བཅུ་དང་ཡོན་ཏན་གྲུབ་པ་རྣམ་པ་གཉིས་ཀའི་རྒྱུར་འགྱུར་རོ། །གཉིས་པ་ནི། ཟབ་པའི་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་བཅོས་མིན་ཟབ་མོའི་བསྐྱེད་རིམ་ནི་བསྙེན་པ་དང་། ཉེ་བར་བསྙེན་པ་ནི་རླུང་གི་རྣལ་འབྱོར་ལུས་སྦྱོང་འཕྲུལ་འཁོར་དང་བཅས་པ་ཡིན་ཏེ། དེ་ནས་གཏུམ་མོའི་འབར་འཛག་གི་སྒྲུབ་པའི་རིམ་པས་བདེ་སྟོང་དབྱེར་མེད་པའི་སྒྲུབ་པ་ཆེན་པོའི་དེ་ཉིད་མངོན་དུ་འགྱུར་བ་སྟེ་དཀྱིལ་འཁོར་བཀོད་པ་སོགས་སྤྲོས་བཅས་ལ་མ་ལྟོས་བར་ནང་རྡོ་རྗེའི་ལམ་དུ་བསྙེན་སྒྲུབ་ཡན་ལག་བཞི་མཐར་ཕྱིན་པའོ། །གཉིས་པ་ལམ་གྱི་ཡན་ལག་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ལམ་གྱི་ཡན་ལག་ཅེས་པས་བསྟན་ཏེ། ཐབས་ལམ་གྱི་ཡན་ལག་ཏུ་གལ་ཆེ་བ་ཉིན་མཚན་གྱི་རྣལ་འབྱོར། མཚམས་སྦྱོར་གྱི་གདམས་པ་རྣམས་རིམ་བཞིན་བསྟན་པར་བྱའོ། །གཉིས་པ་ལ་གཉིས། ཉིན་མོ་དང་མཚན་མོའི་རྣལ་འབྱོར་རོ། །དང་པོ་ནི། ཉིན་མོའི་ ནས་ བདེ་བར་རོལ༔ ཅེས་གསུངས་ཏེ། ཞུ་བདེ་གཏུམ་མོའི་རྣལ་འབྱོར་ནི་སྒྲིབ་རྩ་སྙོམས་འཇུག་འཕོ་བའི་གནས་སྐབས་སྦྱོང་ཞིང་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པའི་ཕྱིར་ལམ་གྱི་གཞུང་ཤིང་ཡིན་པས་མཉམ་བཞག་ཉམས་ལེན་དངོས་གཞིར་བྱས་ལ། རྗེས་ཐོབ་ཏུ་ཉིན་མཚན་གྱི་རྣལ་འབྱོར་གྱིས་སོ་སོའི་ངོ་སྐལ་སྦྱང་དགོས་པས། དེའང་ཉིན་མོའི་རྗེས་ཐོབ་ཐ་མལ་འཁྲུལ་པའི་གནས་སྐབས་ཀུན་སྒྱུ་ལུས་ཀྱིས་སྦྱངས་ཏེ། དེའང་བསྒྲུབ་བྱ་དངོས་སྦས་དོན་གྱི་སྒྱུ་ལུས་ཡིན་ཀྱང་སྔོན་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བློ་འབྱོངས་བར་བྱ་དགོས་པས་མདོར་དྲིལ་ན་བཞི། དང་པོ་མ་དག་སྒྱུ་ལུས་ནི། ཁམས་གསུམ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་ནས་མེད་བཞིན་དུ་སྣང་ལ་བདེན་པར་མ་གྲུབ་པ་དཔེ་དེ་དག་ལྟ་བུར་ཤེས་པར་བྱ་སྟེ། བརྒྱད་ནི། བདེན་པར་མ་གྲུབ་ཀྱང་བྱ་བྱེད་དངོས་པོ་ཚང་བར་སྣང་བ་སྒྱུ་མ། འཁྲུལ་པས་བསླད་པའི་སེམས་ཙམ་དུ་སྣང་བ་རྨི་ལམ། གདོས་བཅས་སུ་མ་གྲུབ་པས་ཕྱི་ནང་གང་དུའང་མེད་པ་མིག་ཡོར། སྐད་ཅིག་གིས་གཡོ་བ་སྨིག་རྒྱུ། གཅིག་གིས་གར་ཡང་ཁྱབ་པ་ཆུ་ཟླ། རྒྱུ་རྐྱེན་ལས་སྐད་ཅིག་གིས་སྐྱེ་འགག་བྱེད་པ་བྲག་ཆ། སྣང་ཡང་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར། གཅིག་དང་དུ་མར་སྣང་བ་སྤྲུལ་པ་རྣམས་ཏེ། དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་བཞིན་དུ་ཉེ་བར་སྣང་བ་སྒྱུ་མའི་ལུས་ཅན་ཡིན་པས་ཚིག་དོན་རྣམས་མདོ་དང་ཐུན་མོང་བའི་སྤྱི་དོན་གྱི་སྒྱུ་ལུས་སོ། །གཉིས་པ་དག་པ་སྒྱུ་ལུས་ནི། འདི་ལྟར་སྣང་བ་ཐམས་ཅད་ལོགས་སུ་མ་གྲུབ་པ་སེམས་ཀྱི་འདུ་བྱེད་ཙམ་དུ་ཤར་བ་དང་སེམས་དེའང་གདོད་ནས་རང་བྱུང་སྣང་སྟོང་ཟུང་འཇུག་གི་ལྷ་སྐུར་བལྟ་བ་སྟེ། དེའི་ཚུལ་ཡང་རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་སྐད་ཅིག་གིས་གཟུགས་རྫོགས་པ་དང་གསལ་ཞིང་མ་འདྲེས་པ་དང་གཅིག་གིས་ཀུན་ལ་ཁྱབ་པ་ཁྱད་པར་སུམ་ལྡན་དུ་བསྒོམས་པ་ནི་སྔགས་ཀྱི་སྤྱི་དོན་ནོ། །གསུམ་པ་རྣམ་དག་སྒྱུ་ལུས་ནི། རླུང་དབུ་མར་ཐིམ་པས་སྟོང་པ་གསུམ་མམ་བཞི་དྲངས་ཏེ། དེའི་ཉེར་ཐོབ་བམ་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་སྐད་ཅིག་གིས་ལྷ་སྐུར་ལྡང་། དེ་ལྟ་བུའི་འཇུག་ལྡངས་ལ་ཡང་ཡང་གོམས་ནས་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ལྡངས་པས་སློབ་པའི་ཟུང་འཇུག་འགྲུབ་པ་སྦས་དོན་དང་། བཞི་པ་ནི། དེ་དག་མཐར་ཕྱིན་པ་ལས་དྲི་མ་ཐམས་ཅད་དང་བྲལ་བ་མི་སློབ་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྤྱོད་ཡུལ་སྒྱུ་མ་ལྟ་བུའི་བདེ་བར་རོལ་པ་ནི་མཐར་ཐུག་གི་སྒྱུ་ལུས་སོ། །དེ་ལྟར་ཡང་གལ་པོ་ལས། །འབྲས་བུའི་བདག་བྱིན་བརླབ་པ་ནི། སྒྱུ་མ་དང་ནི་ཆུ་ཟླ་དང་། །འཇའ་ཚོན་བཞིན་དུ་དངོས་མེད་པ། །དེ་ལྟར་འབྲས་བུའི་སྐུར་སྣང་བ། །མཚན་དང་དཔེ་བྱད་རྒྱན་གྱིས་བརྒྱན། །ཅེས་སོ། །གཉིས་པ་མཚན་མོའི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། ཆོས་ཀུན་ ནས་ རྩོལ་མེད་འཆར༔ ཞེས་གསུངས་ཏེ། གཉིད་མཐུག་གནས་སྐབས་ཀྱི་དྲི་མ་སྦྱོང་བ་འོད་གསལ་ལའང་ཚུལ་བཞི་ལས། དང་པོ་ཚིག་དོན་དང་མདོ་སྤྱི་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་གྱི་རང་བཞིན་ནི་གདོད་མ་ནས་སྤྲོས་པའི་མཐའ་དང་བྲལ་བས་ངོ་བོ་སྟོང་ལ་རྣམ་པ་འགགས་མེད་ཅིར་ཡང་གསལ་བ་ཡིན་པ་ལ་ཡིན་པར་ཤེས་པའི་ཏིང་འཛིན་བརྟན་པས་རླུང་དབུ་མར་ཐིམ་སྟེ་སྟོང་བཞི་འདྲེན་ནུས་པ་གཞིར་བྱས་ནས། གཉིས་པ་སྔགས་སྤྱིའི་འོད་གསལ་འཛིན་པ་ལ་དུས་གནད་ཐོ་རངས་གཉིད་སྲབ་པའི་དུས། ལུས་གནད་ཙོག་པུ། འདུན་པ་གཉིད་ཁའི་དྲན་པ། ཡུལ་གནད་སྙིང་གའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པསརྐྱེན་བྱས། སྔར་གྱི་ཉམས་མྱོང་གིས་རྒྱུ་བྱས་ཏེ་དབུ་མར་རླུང་སེམས་ཅུང་ཟད་འདུས་པ་ལས་འབྱུང་བ་རིམ་པར་ཐིམ་པའི་རྟགས་སྣང་ཕྲ་མོ་དུ་བ་ལ་སོགས་པ་འཆར། རྣམ་ཤེས་སྣང་བ་ལ་ཐིམ་སྟེ་རྟོག་པ་རགས་པ་འགགས་པས་དཀར་ལམ་ཟླ་འོད་ལྟ་བུར་ཤར་བ་ནི་སྟོང་པ། སྣང་བ་མཆེད་པ་ལ་ཐིམ་སྟེ་ཕྲ་བའི་རྟོག་པ་འགགས་པས་དམར་ལམ་ཉི་འོད་ལྟ་བུ་ནི་ཤིན་ཏུ་སྟོང་པ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕལ་ཆེར་འགགས་པས་ནག་ལམ་མཚམས་ཀྱི་སྨག་ལྟ་བུ་ནི་སྟོང་པ་ཆེན་པོ། ཉེར་ཐོབ་འོད་གསལ་ལ་ཐིམ་སྟེ་རླུང་སེམས་ཐམས་ཅད་འགགས་པས་ཐོ་རངས་ཀྱི་སྟོན་གནམ་སློང་བྱེད་རྐྱེན་གསུམ་དང་བྲལ་བ་ལྟ་བུ་ནི་ཐམས་ཅད་སྟོང་པ་སྟེ། སྟོང་བཞི་སོ་སོའི་ཐད་དུ་ངོས་ཟིན་པར་བྱ་ཞིང་ཁྱད་པར་བཞི་པ་འོད་གསལ་གྱི་ངང་ཅི་གནས་སུ་བསྐྱང་། གསུམ་པ་སྦས་དོན་ནི། ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པ་ལས་ལམ་དུས་སྲབ་མཐུག་ཉམས་རྟོགས་ཀྱིས་ཕྱེ་བའི་དཔེའི་འོད་གསལ་ལ་རང་དབང་ཐོབ་པའི་རྒྱུ་ལས། བཞི་པ་མཐར་ཐུག་དོན་གྱི་འོད་གསལ་རྩོལ་མེད་དུ་འཆར་བར་འགྱུར་ཏེ། འཆི་བ་ཆོས་ཀྱི་སྐུར་ལམ་དུ་བསླངས། འོད་གསལ་མ་དང་བུ་འདྲེས་གདོད་མའི་གཞི་ཐོག་ཏུ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་འགྱུར་རོ། །གཉིས་པ་ནི། རྗེས་ཐོབ་ ནས་ ཚོམ་བུར་བསྒྲུབ༔ ཅེས་གསུངས་ཏེ། གཉིད་ཀྱི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་ཐོབ་ཏུ་རྨི་ལམ་འཆར་བར་རྩོམ་ན་སྐད་ཅིག་གིས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་ཡིན་ཀྱང་དེ་ལྟར་མི་ནུས་པས་རྨི་ལམ་གྱི་གནས་སྐབས་སྦྱོང་བའི་གདམས་ངག་ནི། ཉིན་མོ་སྣང་བ་ཐམས་ཅད་རྨི་ལམ་དུ་དྲན་པ་རྒྱུན་ཆགས་པ་འདུན་པའི་སྟོབས་དང་། སྲོག་རྩོལ་རླུང་གི་སྦྱོར་བ་ལ་གནད་དུ་བསྣུན་པའི་སྟོབས་ཀྱིས། ནུབ་མོ་གཉིད་མཐུག་འོད་གསལ་དུ་འཆར་མ་ནུས་པར་རླུང་རོ་རྐྱང་དུ་ཤོར་ནས་མགྲིན་པའི་རྩར་རྒྱུས་ཏེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་གྱི་སྣང་བར་ཤར་མ་ཐག་རྨི་ལམ་དུ་ངོ་ཤེས་པར་བྱས་ལ་འདུན་པ་དྲག་པོས་བཟུང་། དེ་བརྟན་པ་ན་གཅིག་ལས་དུ་མ་དང་གང་འདུལ་སོགས་སུ་སྤྲུལ། དེའང་བརྟན་ནས་དངོས་པོ་ལ་མ་ངེས་པ་སྣ་ཚོགས་སུ་བསྒྱུར་བ་དང་སྤེལ་བ་སོགས་བྱས་ལ་རྨི་ལམ་གྱི་ཏིང་འཛིན་རྩལ་ཆེན་མ་རྫོགས་བར་དུ་སྦྱང་། རྩལ་རྫོགས་ནས་ཉིང་འཁྲུལ་གྱི་སྣང་བ་ཐམས་ཅད་སྟོང་པ་ཆེན་པོའི་ངང་དུ་བསྡུ་ཞིང་དེའི་ངང་ལས་སྙིང་རྗེ་སྒྱུ་མ་ལྟ་བུའི་རང་གདངས་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པར་ལྡང་། དེ་ལས་ཕྱག་རྒྱ་དུ་མར་སྤྲོས་ཤིང་མཐར་ཇི་སྲིད་མཁའ་ཁྱབ་ཀྱི་ཚོམ་བུར་སྤྲོ་ནུས་པ་དེ་སྲིད་དུ་བརྩོན་པས་བསྒྲུབ་པ་ནི། རྨི་ལམ་ལ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་རྫོགས་པའོ། །དེས་གནས་སྐབས་སུ་འཁྲུལ་སྣང་གི་བདེན་ཞེན་ལྡོག་ཅིང་མཐར་ཐུག་བར་དོ་ལོངས་སྐུ་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་འཆི་ཁ་དང་བར་དོའི་ཉམས་ལེན་བསྟན་པ་ལ་གཉིས། དགོས་པ་བསྟན་པས་མཚམས་སྦྱར། དེ་གཉིས་སོ་སོར་བཤད་པའོ། །དང་པོ་ནི། ཚེ་འདིར་སོགས་རྐང་པ་གཅིག་སྟེ། གང་ཟག་ལེ་ལོ་ཅན་གདམས་ངག་ཐོབ་ལ་ཉམས་སུ་བླངས་ཀྱང་ཚེ་འདིར་རྟོགས་པའི་གདེང་མ་ཐོབ་ཅིང་གོམས་པ་མངོན་དུ་མ་གྱུར་ན། ལམ་གྱི་ཆད་མཐུད་འཆི་ཁར་ཡེ་ཤེས་གོང་དུ་འཕོ་བ་དང་། བར་དོ་སྐུ་གསུང་དུ་བསྲེ་བའི་གདམས་ངག་འདི་དག་ཉམས་སུ་བླང་བར་བྱའོ། །གཉིས་པ་ལ་གཉིས། འཆི་ཁ་མའི་ཉམས་ལེན། བར་དོའི་ཉམས་ལེན་ནོ། །དང་པོ་ནི། རླུང་སེམས་སོགས་ཚིག་རྐང་གཅིག་སྟེ། དེའང་སྤྱིར་རབ་འཆི་བ་དོན་དམ་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ་དང་། འབྲིང་བར་དོ་ཡང་དག་པའི་ཀུན་རྫོབ་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བ་དང་། ཐ་མས་བསྐྱེད་རིམ་དུ་འཕོ་བ་བཅས་གསུམ་དུ་གསུངས་པ་ལས་འདིར་བསྟན་བྱ་ཕྱི་མ་སྟེ། གསོན་དུས་སུ་ལེགས་པར་སྦྱངས་ནས་འཆི་ཁར་ལས་ལ་སྦྱོར་བར་བྱའོ། །དེའང་ལུས་གནད་རླུང་སྦྱོར་དང་ལྡན་པས་འཁོར་བའི་སྒོ་དགུ་བགག །ཐར་པའི་སྒོ་གཅིག་དབྱེ། རླུང་སེམས་ལྟེ་བའམ་སྙིང་གའི་དབུ་མར་རྟེན་ལ་བསྡུ་ཞིང་ཚངས་བུག་ནས་རྟེན་ཅན་རྟེན་མེད་གང་རུང་དུ་འཕོ་ཞིང་འབེབས་པ་སོགས་བྱས་ནས་འབྱོངས་པར་གྱུར་པ་ན། འཆི་བའི་རྟགས་ཚང་ཞིང་བསླུ་བའི་ཐབས་ཀྱིས་མ་ལྡོག་པའི་ཚེ་འདུན་པ་རྩེ་གཅིག་པས་དབྱིངས་སུ་འཕོས་ཏེ་ཀ་དག་བསམ་བརྗོད་བྲལ་བའི་ངང་ལ་བཞག་པས་རབ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་བགྲོད་དེ་ལམ་ལྷག་མ་རྫོགས་ནས་མཆོག་ཐོབ་པ་དང་། འབྲིང་སྔགས་སྤྱོད་ཀྱི་རྟེན་བཟུང་ནས་སྐྱེ་བ་དག་པར་བརྒྱུད་དེ་དངོས་གྲུབ་ཐོབ་པ་དང་། ཐ་མ་མཐོ་རིས་སུ་སྐྱེས་ནས་ལམ་སྣ་ཟིན་ཏེ་རིམ་པས་ཐར་པ་ལ་སྦྱོར་བར་བཤད་དོ། །གཉིས་པ་ནི། བར་དོའི་ ནས་ མཚམས་སྦྱར་རོ༔ ཞེས་གསུངས་ཏེ། འཆི་བའི་ཚེ་ལུགས་ལྡོག་གི་འོད་གསལ་ངོས་མ་ཟིན་པས་ལུགས་འབྱུང་ཐམས་ཅད་སྟོང་པ་ལས་ཉེར་ཐོབ་སོགས་སུ་ལྡང་ཞིང་རང་བཞན་བརྒྱད་ཅུའི་རྟོག་པ་སྐྱེས་པའི་ཚེ་བར་དོའི་ཡིད་ལུས་མིང་གཞི་འདུས་པའི་ཕུང་པོར་གྲུབ་ནས་འཁྲུལ་སྣང་ལ་སྤྱོད་པ་སྟེ། དེའི་ཚེ་སྔར་གྱི་གདམས་ངག་གི་གནད་དྲན་པར་བྱས་ལ་འཁྲུལ་སྣང་བདེན་མེད་དུ་ཤེས་པས་སྣང་ཡུལ་སྒྲ་གྲགས་རྟོག་ཚོགས་གསུམ་པོ་སྣང་སྟོང་ལྷ་དང་གྲགས་སྟོང་སྔགས་དང་རིག་སྟོང་ཡེ་ཤེས་ཆེན་པོར་བསྲེ་བ་དང་། གཞན་ཡང་སྔོན་གྱི་གོམས་པ་དང་བསྟུན་སྨིན་བྱེད་དབང་། གྲོལ་བྱེད་ལམ། བསྲུང་བྱ་དམ་ཚིག །ཐོབ་བྱ་འབྲས་བུ་དང་མཐུན་པར་བསྲེ་བས་དག་པའི་ཞིང་ཁམས་སོགས་སུ་མཚམས་སྦྱར་ཏེ་སྐྱེ་བ་སྤྲུལ་སྐུར་འགྲུབ་པ་དང་། དབང་པོ་ཤིན་ཏུ་ཐ་མས་ཀྱང་འདུན་པ་ཅེར་གྱིས་བཟུང་ལ་མོས་གུས་སྙིང་རྗེ་ཞེན་ལོག་སོགས་ཤུགས་བསྐྱེད་པས་སྐྱེ་གནས་ངན་པའི་མངལ་སྒོ་ཁེགས་པར་འགྱུར་རོ། །རྩ་བའི་གཉིས་པ་དེ་དག་ལམ་གཞན་གྱི་དོད་སྦྱར་བ་ནི། དེ་ལྟར་ ནས་ ངང་གིས་འཆར༔ ཞེས་གསུངས་ཏེ། རང་བྱིན་བརླབ་ཀྱི་རྫོགས་རིམ་དེ་ལྟར་བསྟན་པ་ཁོ་ནས་རིམ་པ་དང་པོའི་ལམ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏེ། ཐོག་མར་གཞི་ལུས་རྩའི་ཁམས་གཙོ་མོ་འཁོར་དང་བཅས་པ་ནི་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷ་ཚོགས་གཙོ་འཁོར། དེ་ཉིད་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་རང་བྱུང་དུ་གྲུབ་པར་ཤེས་པས་གསལ་གདབ། རྩ་རླུང་ཐིག་ལེའི་སྦྱོང་བ་རྣམ་པ་གསུམ་གྱིས་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་བརླབས་པའི་ཡེ་ཤེས་ལམ་དུ་བྱ་བ་དང་། སྟེང་འོག་གི་རླུང་ཁ་སྦྱོར་དུ་བཅིངས་པས་དབང་བསྐུར་ཞིང་འབྱུང་འཇུག་གནས་གསུམ་རྡོ་རྗེའི་བཟླས་པ་རྒྱུན་མི་འཆད་པ་དང་། ལྟེ་བར་གཏུམ་མོ་སྦར་བའི་མེས་མཆོད་ཅིང་དཔྱིད་ཐིག་འབར་འཛག་མི་ཤིགས་པའི་རང་སྒྲ་རྡོ་རྗེའི་གླུ་ཡིས་བསྟོད་པ་དང་། ལུས་ཙཎྜ་ལཱིའི་དྲོད་ཀྱིས་ཁྱབ་པའི་ནང་གི་ཚོགས་ཁང་ཉམས་སུ་དགའ་བར། ཨ་ཧཾ་ཞུ་བདེའི་ལོངས་སྤྱོད་ཟག་མེད་བདུད་རྩིའི་ཚོགས་དང་གཏོར་མར་ཚིམས་པ་ཆེན་པོར་རོལ་ནས་འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་ཐིམ། སླར་ཡང་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷའི་སྐུ་རང་མདངས་སྣོད་བཅུད་དཀྱིལ་འཁོར་གསུམ་སྒྱུ་མའི་རང་བཞིན་དུ་ལྡང་བ་བཅས་ཀྱིས་སད་དུས་མཉམ་རྗེས་ཀྱི་རྣལ་འབྱོར་གཉིས་སུ་སྤྲོས་བཅས་ཀྱི་ཕྲིན་ལས་ལ་ཇི་ལྟར་ཡོད་པ་ཚང་བ་དང་། སྣང་གསུམ་ལུགས་ལྡོག་འོད་གསལ་དུ་ཐིམ་ནས་དེའི་ངང་དུ་གནས་པ་དེ་བཞིན་ཉིད་སྟོང་པ་ཆེན་པོའི་དབྱིངས་ལས། རྗེས་ཐོབ་ལུགས་ལྡོག་ཏུ་ཤར་བ་ཀུན་སྣང་སྒྱུ་མ་དང་རྒྱུའི་ས་བོན་གྱི་ཡི་གེའི་སྤྲིན་ལས། རྨི་ལམ་ལྷ་སྐུ་ཕྱག་རྒྱ་གཅིག་པ་ལྡང་ཞིང་དེ་ལས་ཕྱག་རྒྱ་སྤྲོས་བཅས་ཀྱི་རྩལ་སྦྱངས་པས། རླུང་སེམས་དབྱེར་མེད་པའི་ལྷའི་ཚོམ་བུ་མཐའ་ཡས་པར་སྤྲོ་བ་ཚོགས་སྒྲུབ་ཆེན་མོ་སྟེ་གཉིད་དུས་མཉམ་རྗེས་ཀྱི་རྣལ་འབྱོར་བསྙེན་སྒྲུབ་ཡན་ལག་བཞི་དང་བཅས་པ་རྣམས་ཀྱིས། མ་དག་རྣམ་སྨིན་གྱི་སྒོ་གསུམ་པོ་རྣམ་པར་དག་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་གོ་འཕོ་ཞིང་གནས་འགྱུར། སྐྱེ་བ་སྤྲུལ་སྐུ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ་སྟེ་བར་སྲིད་གསུམ་པོ་སྐུ་གསུམ་དུ་རང་བཞིན་ལྷུན་གྱིས་གྲུབ་པར་མངོན་བྱང་ཆུབ་པའི་མཆོག་གི་དངོས་གྲུབ་འབད་རྩོལ་མེད་པར་ངང་གིས་འཆར་བར་འགྱུར་རོ། །གསུམ་པ་ཤེར་དབང་གི་ཉམས་ལེན་བཤད་པ་ལ་གསུམ། མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གང་ཡང་ ནས་ རིམ་པ་སྟེ༔ ཞེས་གསུངས་ཏེ། རང་བྱིན་བརླབ་ཀྱི་ཉམས་ལེན་དེ་དག་གི་རྩ་བ་སྲོག་རྩོལ་སྒྲ་ཇི་བཞིན་འགྲུབ་ཅིང་འཕོ་མེད་ལ་གདེང་དུ་གྱུར་པ་སོགས་མཉམ་རྗེས་ཀྱི་རྣལ་འབྱོར་གང་ལ་ཡང་རྟོགས་གོམས་ཀྱིས་ཉམས་རྟོགས་རྩལ་ཁ་ཆེས་ཆེར་མཆེད་ཅིང་རྒྱལ་པར་གྱུར་པ་ན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གཞན་ལུས་ལ་འཇུག་པའི་དུས་ཡིན་ཞིང་། དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པའི་ལམ་གྱི་རིམ་པ་རྒྱུད་སྡེ་ཀུན་ལས་ཁྱད་པར་དུ་བསྔགས་པ་སྟེ། དུར་ཁྲོད་ཁང་བརྩེགས་ཀྱི་རྒྱུད་ལས། ལས་རྒྱའི་བྱང་ཆུབ་སེམས་འབྱོངས་པས། །མཆོག་དང་ཐུན་མོང་ཡོན་ཏན་རྣམས། །རང་གི་སེམས་ལ་གང་འདོད་པ། །འདི་ཡིས་ངེས་པར་འགྲུབ་པར་འགྱུར། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །སྒྱུ་མ་ཀུན་ལས་ཁྱད་པར་དུ། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་ལ་གསུམ། ལམ་དངོས་དང་། གཞན་དེར་འདུ་ཚུལ། དེ་དག་གི་འབྲས་བུའོ། །དང་པོ་ལའང་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཡུལ་དང་ ནས་ འགྲུབ་པར་འགྱུར༔ ཞེས་གསུངས་ཏེ། ཟབ་ལམ་དེ་ཉམས་སུ་ལེན་པའི་ཐབས་མདོར་བསྡུ་ན། གང་ལ་བསྟེན་བྱའི་ཡུལ་དང་། ནམ་བསྟན་པའི་དུས་ཚོད་དང་། ཇི་ལྟར་བསྟེན་པའི་ཐབས་དང་། དེ་ལྟར་བསྟེན་པས་མཚོན་པར་བྱ་བ་སྟེ་རྣམ་པ་བཞི་ཡིས་གཞན་ལུས་ཤེས་རབ་ལ་བསྟེན་པའི་ཐབས་ལམ་ཟབ་མོ་དེ་ཉིད་དཔྱིས་ཕྱིན་པར་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། ཡུལ་དང་དུས་བཤད་པ། ཐབས་བཤད་པ། མཚོན་ཚུལ་བཤད་པའོ། །དང་པོ་ལའང་གསུམ། ཡུལ་བཤད་པ། དུས་བཤད་པ། དེ་གཉིས་ཀྱི་མཇུག་བསྡུ་བའོ། །དང་པོ་ཡུལ་ཕྱག་རྒྱ་བརྟག་ཅིང་དགུག་པའི་ཚུལ་བཤད་པ་ནི། ཡུལ་ནི་ ནས་ དམིགས་པས་དགུག༔ ཅེས་གསུངས་ཏེ། དེ་ལ་གཞན་ལུས་དཀྱིལ་འཁོར་འཁོར་ལོ་ནི་ཕོ་ཉའི་མགྱོགས་ལམ་ཡིན་པས་ཐོག་མར་བསྟེན་བྱའི་ཡུལ་གལ་ཆེ་སྟེ། དེའང་རབ་དོན་གྱི་འོད་གསལ་ཐོབ་བའི་ལྷན་སྐྱེས། འབྲིང་དབང་དང་བསྐྱེད་རིམ་གྱིས་རྒྱུད་སྦྱངས་པའི་སྔགས་སྐྱེས་དང་ཡུལ་ཉེར་བཞི་ལ་སོགས་པར་སྐྱེས་པ་ནི་བསྟེན་པ་ཙམ་གྱིས་དངོས་གྲུབ་ཏུ་འགྱུར་བས་མཆོག་ཡིན་ཀྱང་། སྐལ་པ་དང་ནུས་པ་དམན་པས་ཐ་མ་ལས་སྐྱེས་ཀྱི་ཕྱག་རྒྱ་མི་མོ་དཀྱུས་མ་ལས་གཞན་མི་འགྲུབ་ཅིང་དེའང་མཚན་ངན་བསྟེན་ན་ཡོན་ཏན་མི་འཕེལ་གྱི་སྟེང་དུ་སྐྱོན་སྐྱེད་པས་ནུས་པ་མ་ཐོབ་ཀྱི་བར་དུ་སྤང་དགོས་ཤིང་མཚན་ལྡན་ཁོ་ན་གལ་ཆེ་བ་དང་། བུད་མེད་ཐམས་ཅད་རིགས་ཅན་ལྔ་ལས་མ་འདས་པར་བཤད་པས་ལྔ་པོ་ལས། པདྨ་ཅན་ནི་རྩ་བཟང་བས་བདེ་བ་ལྷག་པར་སྐྱེད་ཅིང་ཆོས་ཉིད་གསལ་བས་རབ་ཡིན་ལ། རི་མོ་ཅན་དང་དུང་ཅན་མ་དང་གླང་སྣ་ཅན་རི་དྭགས་མ་བཞི་ནི་རྩ་སྔ་མ་ལས་དམན་པས་འབྲིང་དུ་བཤད་དོ། །དེ་ལ་པདྨ་ཅན་གྱི་མཚན་ཉིད་ནི་ཕྱི་རྟགས་བཞིན་རས་ཟླུམ་པོ་སྔོ་སང་ངམ་པདྨའི་མདོག་ཅན། སྐྲ་སེར་ཞིང་ལི་བ། རུས་སྦལ་ལྟར་ཆུ་ཞེང་གབ་པའི་ལུས་དབྱིབས་ཅན། བྲང་མཛེས་ལ་ནུ་མ་སྲ་ཞིང་མཁྲེགས་པ། ནང་རྟགས་སུ་ལྟེ་བར་གྱེན་དུ་འགྲེང་བའི་གཉེར་མ་སྟེ་རི་མོ་གསུམ་ཡོད་པ། མཆོག་གྱུར་པདྨའི་རིགས་ཡིན་པས་གསང་རྟགས་སུ་གསང་རྩ་པད་སྣལ་ལྟར་ཕྲ་ཞིང་འབྱེད་འཛུམ་བྱེད་པས་རྒྱུན་ཏུ་འམ་རེས་འགའ་རཀྟ་འོ་མའི་མདོག་ཏུ་སྣང་པའོ། །རི་མོ་ཅན་ནི། རྒྱུད་ཁྲོ་ཞིང་གཏུམ་ལ་ནུ་མའི་གཏིང་ཟབ་པ། ལུས་ཀྱི་བོང་ཐུང་ལ་བྱིན་པ་རི་དྭགས་ལྟར་ཕྲེང་ཞིང་གསུས་པ་རྒྱས་པས་རྐད་བ་སྦོམ་པ། སྐྲ་བཟང་ལ་དཔྲལ་བར་གཉེར་མ་གྱེན་འགྲེང་ཡོད་པ། གསང་རྩ་རི་མོ་ལྟར་ཕྲ་བ་སྟེ་ལས་ཀྱི་རིགས་སོ། །དུང་ཅན་མ་ནི་ལུས་བོང་ཧ་ཅང་རིིང་བའམ་ཐུང་བ་མ་ཡིན་པས་འཚམས་ཤིང་བཞིན་རས་ཡིད་དུ་འོང་བ། སྐྲ་ནག་ལ་རིང་བ་དང་སྣའི་རྩེ་མོའང་ལེབ་མོར་མིན་པར་རིང་ཞིང་ནུ་མ་རྒྱས་ལ་མཁྲེགས་པ། གསང་རྩ་དུང་ལྟར་འཁྲིལ་བ་སྟེ་རིན་ཆེན་རིགས་སོ། །གླང་སྣ་ཅན་ནི། ལུས་བོང་ཆེ་ཞིང་བྱིན་པ་སྦོམ་པ། སྐྲ་ངན་ལ་བཞིན་རས་ཀྱི་མདངས་གསལ་བ། ངོ་ཚ་ཆུང་བའི་ཆགས་པ་དང་ལྡན་ལ་ལུས་ལས་ཆང་དྲི་མནམ་པ། གསང་རྩ་གླང་ཆེན་སྣ་ལྟར་བལྟབས་པ་སྟེ་སངས་རྒྱས་རིགས་སོ། །རི་དྭགས་ཅན་མ་ནི། བཞིན་མདོག་དཀར་ལ་དམར་བའི་མདངས་ཅན་རི་དྭགས་ལྟ་བུའི་མིག་མཛེས་པ། དཔྲལ་བ་དབྱེས་ཆེ་ཞིང་སྐྲ་རྩུབ་པ། སྤྱོད་ལམ་ཧ་ཅང་དལ་པའམ་བྲེལ་བ་སྙོམས་ཤིང་ནུ་མ་ཟླུམ་ལ་འཁྱིིལ་བ། གསང་རྩ་རི་དྭགས་རྩི་ལྟ་བུས་བཀབ་པ་སྟེ་རྡོ་རྗེའི་རིགས་སོ། །དེ་ལྟར་རིགས་རྣམ་པ་ལྔ་པོ་རེ་རེ་ལ་ཡང་ཕྱི་ནང་གསང་རྟགས་ཚང་བ་རྫོགས་མ་རྫོགས་ཁྱད་པར་གྱིས་རབ་འབྲིང་ཐ་མ་གསུམ་གསུམ་དུ་འགྱུར་བས་དེ་དག་གང་ཡང་རུང་བའམ། མཚན་ཉིད་ཚང་མ་ཚང་ཅི་ཡིན་ཀྱང་རུང་གཙོ་བོར་སྒྲུབ་པ་པོ་རང་ལ་དད་ཅིང་གུས་པས་སྙིང་ཉེ་བ། བློ་བརྟན་པས་ལྟ་སྤྱོད་ཟབ་མོ་གསང་ཐུབ་པ། རྩ་བཟང་བས་ཆགས་པ་ཆེ་བ། དར་ལ་བབས་པས་མཐོང་རེག་ཙམ་གྱིས་བདེ་བ་བཟད་མེད་དུ་གཡོ་ཞིང་འཁྲིག་ཐབས་ཀྱི་འདོད་པའི་སྒྱུ་རྩལ་ལ་མཁས་པ། ལོ་གྲངས་ཀྱང་བཅུ་དྲུག་ནས་རབ། ཉི་ཤུ་ནས་འབྲིང་། ཉེར་ལྔ་ནས་ཐ་མ་སྟེ་དེ་ཚུན་ཆད་ཀྱི་ན་ཚོད་ཅན་གལ་ཆེ་བ་ནི། སྒྱུ་འཕྲུལ་མེ་ལོང་ལས། བཅོ་བརྒྱད་བཅུད་ལྡན་རབ་ཡིན་ཏེ། །ཉི་ཤུ་ལ་སོགས་འབྲིང་དུ་བཤད། །རྩ་ལྔ་ཐ་མའི་ཚད་ཡིན་ཏེ། །གཞན་ལ་དངོས་གྲུབ་མེད་པར་གསུངས། ཞེས་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རིག་མ་དེ་ལེགས་པར་བརྟགས་ལ་རྙེད་ནས་རང་བཞིན་གྱིས་མ་ཁུག་ན་གང་མས་ངག་རྣམས་ལས་འབྱུང་བ་ལྟར་རྗེས་ཀྱི་རྟེན་འབྲེལ་དང་སྔགས་བཟླ་བ་དང་དམིགས་པའི་འཕྲོ་འདུ་གསུམ་གྱིས་དགུག་པར་བྱའོ། །གཉིས་པར་དུས་རིག་པར་བྱ་ཞིང་ལས་རུང་དུ་བསྒྲུབ་པ་ནི། དེ་ནས་ ནས་ སྐྱེ་བར་བྱ༔ ཞེས་གསུངས་ཏེ། རིག་མ་དང་རང་ཉིད་ཀྱི་དབང་དུ་གྱུར་པ་དེ་ནས་ཡིད་དང་མཐུན་པས་ཉམས་དགའ་བ། མི་མཐུན་པ་མེད་པས་བག་ཕེབས་པ། སྐྱེ་བོའི་རྒྱུ་འགྲུལ་མེད་པས་དབེན་པའི་གནས་སུ། འཁོར་བའི་སྡུག་བསྔལ་དང་མི་རྟག་པའི་གཏམ་སོགས་བཤད་ལ་ངེས་འབྱུང་བསྐྱེད་ཅིང་བསགས་སྦྱོང་གི་རིམ་པ་སོགས་ཐེག་པ་ཐུན་མོང་གི་སྔོན་དུ་འགྲོ་བའི་ཆོས་རྣམས་ཀྱིས་བློ་རྒྱུད་ལེགས་པར་སྦྱང་། དེ་ནས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་ལ་ཕན་ནུས་ཟབ་མོའི་དབང་བསྐུར་བས་སྨིན་པར་བྱས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་རྣམས་ཁེ་ཉེན་གྱི་གནད་ལ་བཀར་ཏེ་ལྷག་པར་ནན་ཏན་དུ་འབོགས། ཐོག་མར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་གྱི་གདམས་པ་བསྟན་ཏེ་རེ་རེའང་དྲོད་རྟགས་ཀྱི་ངེས་པ་མ་མཐོང་བར་དུ་སྦྱོོང་བ་དང་། གསང་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་ཟབ་མོ་ལ་ནམ་ཡང་སྐྲག་པ་མེད་པའི་བློ་ཟུངས་ཐུབ་རྐྱེན་གྱིས་མི་འཕྲོག་པའི་བརྟན་པོ་རབ་ཏུ་སྐྱེ་བར་བྱའོ། །གསུམ་པ་ནི། མདོར་ན་ ནས་ ཉེར་བསྡོགས་བསྒྲུབ༔ ཅེས་གསུངས་ཏེ། །རྒྱས་པར་བཤད་པ་དེ་དག་གི་དོན་མདོར་བསྡུ་ན་ཐོག་མར་རིག་མ་མཚན་བཟང་ངན་བརྟག་པ་དང་། བར་དུ་རྫས་སྔགས་དམིགས་པས་དགུག་པ་དང་། ཐ་མར་ཐུན་མོང་ཐུན་མིན་གྱི་གདམས་པས་རྒྱུད་སྦྱོང་བ་སྟེ་སྔོན་འགྲོའི་ཆོས་རྣམ་པ་གསུམ་གྱིས་བདེ་བའི་གསེང་ལམ་ལ་འཇུག་པའི་ཉེར་བསྡོགས་བསྒྲུབ་པའོ། །གཉིས་པ་ཐབས་བཤད་པ་ལ་གཉིས། ཐབས་ལམ་གྱི་ཆོས་ཉེར་བདུན་སྤྱིར་བསྟན་པ་དང་། ཉམས་ལེན་ལག་ཏུ་བླང་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐབས་ནི ནས་ ཟུང་དུ་ཆུད༔ ཅེས་གསུངས་ཏེ། ཡུལ་དེ་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེད་པའི་ཐབས་ནི། རིག་མ་ལ་སྔ་གོང་ནས་ཡང་ཡང་དུ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ་མཛེས་པའི་རྒྱན་ཡིད་དུ་འོང་བས་སྤྲས། དྲི་བཟང་དང་བྱང་ཆུབ་སེམས་རྒྱས་བྱེད་ཀྱི་བཀུ་མཉེ་བྱ། ཤ་ཆང་སོགས་བཅུད་ཅན་གྱི་ཟས་བསྟེན་ཅིང་རྩ་རླུང་གི་རྣལ་འབྱོར་དང་འཕྲུལ་འཁོར་རྣམས་སྔར་འབྱོངས་ཟིན་ཀྱང་ཆུ་འདྲེན་པ་ཡུར་བའི་ཚུལ་དུ་སྦྱང་། སྟན་ནང་ཚང་ཅན་སོགས་འབོལ་བའི་གདན་ལ་རྣལ་འབྱོར་པ་ཡབ་ཡུམ་གཉིས་ལྷན་ཅིག་ཏུ་འཁོད། འཁོད་མ་ཐག་ནས་ཀྱང་སྙོམས་འཇུག་མི་བྱ་བར་ཐབས་ལམ་གྱི་ཆོས་ཉེར་བདུན་གྱིས་རིམ་པར་བསྒྲུབ་དགོས་པས། ཐོག་མར་འཛུམ་པའི་མིག་གིས་གཟུགས་ལ་བལྟ་ཞིང་ངག་གིས་ཆགས་པའི་གཏམ་སྣ་ཚོགས་སྨྲ་བ་དང་ཡིད་དགའ་བའི་མདངས་བསྐྱེད་ལ་ཆགས་པའི་ཚུལ་དྲན་པ་སོགས་སྒོ་གསུམ་འདོད་ཆགས་ཀྱི་སྦྱོར་བ་ལ་བསླབ་པ་གསུམ་གྱིས་བདེ་བའི་ལས་ལ་འཇུག་འདོང་དྲག་པོར་བསྐུལ། རྣལ་འབྱོར་པ་དང་རིག་མ་གཉིས་ཀས་ལྷ་ཡབ་དང་ཡུམ་དུ་གསལ་བ་དང་མཁའ་གསང་རྡོ་རྗེ་པདྨར་བྱིན་བརླབས་མཚུངས་པ་དང་ཐབས་འདི་ལ་བསྟེན་ནས་གཞན་དོན་དུ་བདེ་ཆེན་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་འདོད་པ་མཉམ་པོར་ལྡན་པའི་འདུ་ཤེས་གསུམ་གྱིས་ཐ་མལ་གྱི་གཟུགས་སུ་སྣང་ཞིང་ཆགས་པར་ཞེན་པ་ལས་ལྡོག །རྩ་སྐུལ་བའི་ཐབས་དང་ལྡན་པས་ལུས་ལ་འཁྱུད་པ་མཁའ་གསང་གཅིག་ཏུ་སྤྲད་པ་དང་བྲོད་ནས་དྲག་ཏུ་མི་ཤོར་བར་དལ་བུས་བསྲུབ་པའི་སྦྱོར་ཐབས་རྣམ་པ་གསུམ་གྱིས་བདེ་བ་སྤྱི་བོ་ནས་འཁོར་ལོ་བཞིར་རིམ་གྱིས་དབབ། སྤྱི་བོའི་འཁོར་ལོར་ཐིག་ལེ་བབས་པས་དགའ་བའི་ཡེ་ཤེས་སྐྱེས་པའི་རང་ངོ་ལ་ཡུན་རིང་དུ་བལྟས་ཏེ་རྩ་འཁོར་དེའི་ལྷ་མཆོད་པར་མོས་པས་མཚོན་འཁོར་ལོ་བཞི་པོའི་ལྷ་རྣམས་མཆོད། སྙོམས་འཇུག་ཇེ་དྲག་ཏུ་བཏང་བ་དང་། རིལ་བ་ཞབས་ཚགས་ཅན་གྱི་རླུང་སྦྱོར་སོགས་དང་བཅས་ཏེ་ཐིག་ལེ་བསྐྱིལ་ཐབས་གསུམ་གྱིས་བདེ་བའི་རྒྱུན་མི་ཉམས་པར་གོང་ནས་གོང་དུ་སྦོར། གསང་བའི་རྡོ་རྗེ་ནོར་བུའི་རྩ་དང་ཡུམ་གྱི་ཁ་ག་མུ་ཁ། སྣ་རྩེའི་ཐིག་ལེའི་དཀར་དམར། གཉིས་ཀའི་རླུང་དང་སེམས་གཅིག་ཏུ་འདྲེས་པ་བཅས་རྩ་ཐིག་རླུང་གི་ཁ་སྦྱོར་གསུམ་གྱིས་དགའ་བཞིའི་མཐར་ཐུག་ལྷན་སྐྱེས་ཀྱི་བདེ་བ་མྱང་། རྒྱ་མཚོ་བྲག་གཏད་གླིང་བཞི་སྡུད་པ་ཉི་ཟླ་གྱེན་ལྡོག་སོགས་ལུས་དང་ཧཱུྃ་དང་ཧིང་འདྲེན་སོགས་ངག་གི་འགྱུར་བ་དང་། ཡིད་དམིགས་བཅས་དམིགས་མེད་ཀྱི་ཡུལ་གང་རུང་གི་ཏིང་ངེ་འཛིན་རྩེ་གཅིག་ཏུ་གཏད་པའི་སྒོ་གསུམ་འཕྲུལ་འཁོར་གྱི་གནད་གསུམ་གྱིས་བདེ་བའི་རྟེན་ཐིག་ལེ་མི་ཉམས་པར་དམ་བཅའ་བརྟན་པོས་བཟུང་། སྟག་མོའི་སྐྱུག་སྟངས་སོགས་དུད་འགྲོའི་འགྱུར་བ་བཞི་དང་རླུང་གི་གདངས་རྩལ་གྱེན་དུ་འདྲེན་པ་དང་དམིགས་པའི་མདའ་ཚངས་པའི་ཧཾ་ཡིག་གི་འབེན་ལ་གཏོད་པ་བཅས་བཙན་ཐབས་ཀྱི་སྦྱོར་བ་རྣམ་པ་གསུམ་གྱིས་བདེ་བ་རྟེན་ཐིག་ལེ་དང་བཅས་པ་སྤྱི་བོའི་རང་གནས་སུ་ལྡོག །སེང་གེ་རྣམ་རོལ་དང་། གྱི་ལིང་ཕྲ་ཚུལ་སོགས་ཟབ་པ་དང་། གཡང་མོ་སྤྲུགས་སྟངས་སོགས་གཞིལ་བའི་སྒྱུ་རྩལ་གསུམ་གྱིས་འདྲེན་ལྡོག་བྱས་པའི་ཐིག་ལེའི་བདེ་བ་རྩ་གནས་ཐམས་ཅད་དུ་ཁྱབ་པར་དགྲམ། བདེ་བའི་རང་ངོ་ལ་སེམས་བཟུང་བ་དང་གང་དུའང་འཛིན་པ་མེད་པ་དང་སེམས་རྒྱ་ཡན་དུ་ཀློད་དེ་ནམ་མཁའ་ལྟར་རྣམ་པར་དག་པའི་ངང་དུ་འཇོག་པ་སྟེ་རྒྱས་འདེབས་གསུམ་གྱིས་བདེ་བ་དང་སྟོང་པ་ཡ་བྲལ་མ་ཡིན་པར་ཟུང་དུ་ཆུད་པར་བྱའོ། །གཉིས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གང་ཡང་སོགས་ཚིག་རྐང་གཅིག་སྟེ། གཞན་ལུས་ཀྱི་ལམ་གང་ལ་ཡང་སྔོན་དུ་ཡིད་རིག་ཡེ་ཤེས་ཕྱག་རྒྱ་ལ་བརྟེན་ནས་ལས་རྒྱ་ལ་ཇི་སྐད་བཤད་པའི་ཚུལ་ཐམས་ཅད་ཉམས་སུ་བླངས་པས་ཀུན་རྫོབ་བྱང་སེམས་དབབ་བཟུང་ལྡོག་དགྲམ་གྱི་བྱ་བ་ལ་རང་དབང་ཐོབ་ངེས་པ་རང་ལུས་ཐབས་ལྡན་གྱི་གདམས་པ་ལ་བསླབ་པ་གལ་ཆེའོ། །གཉིས་པ་ནི། དངོས་གཞི་ ནས་ ཡུན་རིང་བཞགཿ ཅེས་གསུངས་ཏེ། གཞན་ལུས་ཀྱི་ལག་ལེན་དངོས་གཞི་གོང་དུ་བསྟན་པའི་ཕྱག་རྒྱ་རིགས་ཅན་ལྔ་ལ་སྦྱོར་ཐབས་རིམ་པ་བཞིན། པདྨ་ཅན་ལ་སྟེང་ནས་སྦྱོར་བ་དང་རི་མོ་ཅན་མ་ལ་འདེགས་པའི་ཚུལ་གྱིས་དང་གླང་སྣ་ཅན་ལ་ཕན་ཚུན་མཉམ་པར་ལྟ་བས་དང་རི་དྭགས་ཅན་ལ་འོག་ནས་སྦྱོར་བའི་འཁྲིག་ཐབས་གཙོ་བོར་བྱ་སྟེ་དེ་དག་རྒྱུད་ཀྱི་དགོངས་པ་དང་འབྲེལ་བ་ཡིན་ལ། གཞན་ཡང་མཐའ་གཅིག་ཏུ་མ་ངེས་པར་གཡས་རོལ་གཡོན་རོལ་མདུན་ནས་རོལ་པ་ལ་སོགས་པ་འདོད་པའི་སྒྱུ་རྩལ་གྱི་རྩེ་འཇོ་མིག་འཕྲུལ་ལྟ་བུས་སྙོམས་པར་འཇུག་ཅིང་སྦྱོར་ཐབས་ཀྱི་བྱེ་བྲག་རེ་རེས་བདེ་བའི་ཡེ་ཤེས་མི་འདྲ་བར་རེ་རེ་འདྲེན་ནུས་པར་བྱའོ། །དེ་ལས་དགོས་པའི་གནད་བཞི་ནི། དང་པོ་དབབ་པ་ལ་མཁས་པ་དལ་བུ་རུ་སྦལ་གྱི་འགྲོས་ལྟ་བུ། བར་དུ་བཟུང་བ་ལ་མཁས་པ་ཐེམ་བུ་བདུན་གྱི་གནད་ལ་རྩེ་གཅིག་པ་རྫ་སྣོད་ཐེམ་བུས་བཀག་པ་བཞིན་དང་། དེ་ལས་ལྡོག་པ་ལ་མཁས་པ་བཙན་ཐབས་ཀྱི་སྦྱོར་བས་སྐྱེན་པོའི་མདའ་ལྟར་རང་གནས་སུ་འཕང་ཞིང་། མཐར་འགྲེམས་པ་ལ་མཁས་པ་ཞིང་པས་ཡུར་བ་ལ་ཆུ་དྲོངས་པ་བཞིན་དུ་ལུས་གནས་ཐམས་ཅད་དུ་ཁྱབ་པར་བཀྲམ། ཁྱད་པར་སྣང་རིག་དབྱེར་མེད་ཀྱི་གནད་ལ་གོམས་པས་ཟག་མེད་དྭངས་མའི་ཐིག་ལེ་སྙིང་ག་མི་ཤིགས་པའི་མཛོད་དུ་སྦས་ཏེ་བརྗོད་བྲལ་ཀ་དག་གི་ངང་དུ་ཡུན་རིང་པོར་མཉམ་པར་བཞག་པ་གནད་ཀྱི་མཆོག་ཡིན་ནོ། །གསུམ་པ་ནི། དེ་ཚེ་ ནས་ བརྟུལ་ཞུགས་བསྒྲུབ༔ ཅེས་གསུངས་ཏེ། དེ་ལྟར་ཉམས་སུ་ལེན་པའི་ཚེ་བདེ་བའི་རང་བཞིན་གྲོལ་བ་ལ་མཁས་པ་མཁའ་ལ་ན་བུན་ཡལ་བ་ལྟར་གཤིས་ལུགས་སུ་ལ་ཟློ་དགོས་པས། ཟག་བཅས་བདེ་བ་རྟོག་པའི་རོ་མྱོང་བས་ཟག་ཏུ་མི་གཞུག་པར་ཟག་མེད་མི་ཤིགས་པའི་ཐིག་ལེའི་ཀློང་དུ་སྦ། ཐིག་ལེ་དེའང་ལྷུན་གྲུབ་འོད་གསལ་གྱི་དབྱིངས་སུ་སྦ། དེའང་ཀ་དག་རྣམ་པར་མི་རྟོག་པའི་ངང་དུ་སྦ། ཚུལ་དེ་ལྟ་བུ་ཡང་ནས་ཡང་དུ་སྦྱང་ཞིང་གོམས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བརྟུལ་ཞུགས་བསྒྲུབ་པར་བྱའོ། །གསུམ་པ་ཐབས་དེས་མཚོན་བྱ་བཤད་པ་ནི། ཐབས་དེས་ ནས་ ཚུལ་དུ་འཆར༔ ཞེས་གསུངས་ཏེ། མཚོན་བྱེད་ཐབས་ལམ་ཟབ་མོ་དེས་མཚོན་བྱའི་དོན་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། འཁོར་བ་དང་མྱང་འདས་བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་སྐྱེ་འགྲོ་ཀུན་གྱི་སྲོག་གམ་སྙིང་པོར་ཁྱབ་པའི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ནི། རྣལ་འབྱོར་པའི་ཉམས་སུ་མྱང་བྱར་ཡོད་ཀྱང་འདིའོ་ཞེས་ངག་གིས་སྨྲ་རུ་མི་བཏུབ་ལ། རང་ཉིད་ཡིད་ཆེས་པའི་ངེས་ཤེས་དང་ལྡན་ཀྱང་འདི་ལྟ་བུའོ་ཞེས་དཔེ་གང་གིས་ཀྱང་མི་མཚོན་པ་དང་། རིག་ངོར་མངོན་སུམ་དུ་མཐོང་བར་གྱུར་ཀྱང་ཡུལ་ཡུལ་ཅན་དུ་འདུ་ཤེས་པའི་རྣམ་པར་རྟོག་པས་མ་བསླད་པ། རང་བཞིན་གྱིས་དྲི་མས་མ་བསླད་པའི་ཡེ་ཤེས་སོ་སོར་རང་གིས་རིག་པར་བྱ་བ། སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་ལྟ་བུར་གདོད་ནས་རྒྱུ་རྐྱེན་གང་གིས་ཀྱང་འདུས་མ་བྱས་པ་སྟེ། སྣང་ཚུལ་ཆུ་དྭངས་པ་ལ་ཟླ་བའི་གཟུགས་བརྙན་འཆར་བ་བཞིན་དུ་ཐབས་ལས་ཐབས་བྱུང་གི་ཚུལ་དུ་གསལ་ཞིང་དེར་ཞེན་གྱི་འཛིན་པ་མེད་པ། རྣམ་པ་ཐམས་ཅད་པའི་རང་བཞིན་ཅན་སྤྲུལ་པའི་གཟུགས་བརྙན་ཐ་སྙད་ཤེས་བརྗོད་འཇུག་གསུམ་གྱིས་ངོས་བཟུང་གི་ཡུལ་ལས་འདས་པ། རྣམ་པ་བདེ་བ་དང་ངོ་བོ་སྟོང་པ་དབྱེར་མེད་ཟུང་དུ་འཇུག་པ་ཉིད་དཔེའི་ཚུལ་དུ་འཆར་བས་དོན་གྱི་ཡེ་ཤེས་ལ་སྦྱོར་བར་བྱེད་དོ། །གཉིས་པ་ལམ་གཞན་གྱི་དོད་ཐུབ་སྦྱར་བ་ནི། སྒོ་ལྔའི་ ནས་ ཡོངས་སུ་རྫོགས༔ ཞེས་གསུངས་ཏེ། ཕོ་ཉའི་ལམ་ལས་འབར་ཞུ་ཁྱད་པར་བའི་རྐྱེན་གྱིས་དྭངས་མའི་ཐིག་ལེ་སྟོབས་སུ་གྱུར་པའི་མཐུས། མིག་སོགས་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་བདེ་བ་ཆེན་པོའི་བཅུད་ཀྱིས་མྱོས་ཤིང་ཚིམས་པ་ལས་སྡུག་བསྔལ་གྱི་ཚོར་རྟོག་དབྱིངས་སུ་ནུབ་སྟེ། ཕྱི་རོལ་སྣང་བའི་ཡུལ་ཀུན་བདེ་ཆེན་གཞལ་དུ་མེད་པའི་ཁང་པ། ནང་ཡབ་ཡུམ་གཉིས་ཀྱི་གཟུགས་སུ་སྣང་བའང་ཐབས་དང་ཤེས་རབ་ཟུང་འབྲེལ་རང་བྱུང་གི་ལྷ་སྐུ་ལ། ལྷ་སྔགས་ཆོས་ཉིད་དུ་འདུ་ཤེས་པ་རྡོ་རྗེ་གསུམ་གྱི་ཕྱག་རྒྱའི་རྒྱས་གདབ་པ་དང་། མཁའ་གསང་རྡོ་རྗེ་པདྨ་སྙོམས་འཇུག་འདུ་འཕྲོད་བྱེད་པས་རླུང་སེམས་ཐིག་ལེ་རྣམས་ཡུལ་དང་ཡུལ་ཅན་དབྱེར་མེད་རྩེ་གཅིག་པར་རང་བཞིན་གྱིས་འདུས་ཏེ་དབང་དུ་གྱུར་པའི་དབང་སྐུར་རྫོགས་ལ། སྐད་ཅིག་མཆོག་ཏུ་དགའ་བའི་ལྷན་སྐྱེས་མྱོང་བའི་རྣམ་པར་ཤེས་པ་གནས་གྱུར་ཏེ་བདེ་སྟོང་མི་རྟོག་པའི་ཡེ་ཤེས་ལྷག་གིས་འཆར་བས་གློ་བུར་རྣམ་ཤེས་དམ་ཚིག་པ་ལ་གདོད་མའི་ཡེ་ཤེས་བསྟིམ་པ་ལྟར་སྣང་བ་དང་། དེའི་ཚེ་ཟག་མེད་བདེ་བའི་ཚོར་བ་ཉམས་སུ་མྱོང་བ་ནི་ངོ་མཚར་རྨད་དུ་བྱུང་བའི་མཆོད་སྤྲིན། ཨ་ཧཾ་གཡོ་བའི་རང་སྒྲ་ཡིད་དུ་འོང་བས་འདོད་ཆགས་ཆེན་པོ་ཆེ་བའི་ཡོན་ཏན་ལ་བསྟོད་པ། རླུང་ཐིག་སེམས་རྣམས་ཁ་སྦྱོར་བ་གསུམ་གྱི་ཉམས་མྱོང་ལ་བརྟེན་ནས་བདེ་སྟོང་ཐིག་ལེའི་ལྷ་སྣང་སྲོག་རྩོལ་རྡོ་རྗེའི་བཟླས་པ་སེམས་རྟོགས་བདེ་བར་འགགས་པའི་ཏིང་ངེ་འཛིན་འཕོ་མེད་འདའ་དཀའི་དམ་ཚིག་རྣམས་རྒྱུན་མི་འཆད་པ་དང་། ཐིག་ལེ་འོག་གི་རྣ་རྩེར་བསྐྱིལ་བ་དང་རང་གནས་སུ་ལྡོག་པ་དང་རྩ་གནས་སུ་འགྲེམས་པར་བྱེད་པའི་འཕྲུལ་འཁོར་གསུམ་གྱིས་རིམ་པ་ལྟར་གསང་བའི་ཚོགས་ཀྱི་འདུ་བར་རོལ་པ་དང་གཏོར་མ་གནས་སུ་སྟོབ་པ་དང་རྡོ་རྗེའི་གླུ་གར་བྱ་བ་སོགས་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་བུད་མེད་ཤེས་རབ་ཀྱི་རང་བཞིན་ཐབས་ཀྱི་ཆོ་ག་ཟབ་མོས་ལམ་དུ་བསླངས་པ་ལ་བརྟེན་ནས་རྣམ་རྟོག་གི་བཞོན་པ་རླུང་དང་རྟོག་ཚོགས་རང་བཞིན་བརྒྱད་ཅུར་རིམ་གྱིས་འགགས་ཏེ་སྟོང་བཞིའི་ཡེ་ཤེས་ཉམས་སུ་མྱོང་། རང་བཞིན་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་བརྟན་པའི་མཐུ་ལས་གང་སྣང་ཐམས་ཅད་བདེ་སྟོང་འབའ་ཞིག་པའི་རོལ་པར་ཡོངས་སུ་ཤར་བས་འཁོར་འདས་དབྱེར་མེད་གནས་ལུགས་དོན་གྱི་གཞིར་ཡོངས་གྲུབ་ཆེན་པོར་བཞེངས་ཏེ་བདེ་ཆེན་ཐིག་ལེ་ཁྱབ་བརྡལ་ཀྱི་ཀློོང་དུ་རྣལ་འབྱོར་དུ་བྱ་བའི་ནང་ནས་ཉེ་ལམ་ཤིན་ཏུ་ཟབ་མོའི་ཆོ་ག་ཡོངས་སུ་རྫོགས་པ་ཡིན་ནོ། །གསུམ་པ་འབྲས་བུ་ནི། སྣོད་བཅུད་ ནས་ སྐལ་པ་མཉམ༔ ཞེས་གསུངས་ཏེ། ལམ་དེ་རྒྱུད་སྡེ་རྣམས་ལས་རྒྱ་ཆེར་གསུངས་པའི་དོན་བསྡུ་ན། བདེ་སྟོང་ཏིང་འཛིན་གྱི་རོལ་མོས་མ་དག་པ་སྣོད་བཅུད་སྣང་བ་ཐམས་ཅད་རྣམ་དག་ཧེ་རུ་ཀ་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་ཞིང་དང་སྐུའི་རོལ་པར་ལྷུན་གྱིས་གྲུབ་པའི་བེད་བ་མཆོག་གི་བྱིན་རླབས་ཆེན་པོ་དབབ་པའི་མཐུ་ལས། ཕུང་པོ་དག་པའི་དེ་བཞིན་གཤེགས་པ་རིགས་ལྔ། སྐྱེ་མཆེད་དག་པའི་སྲས་བྱང་སེམས་རྣམས་དང་། ཁམས་ལྔ་དག་པའི་བཙུན་མོ་ཡུམ་ལྔར་བཅས་པ་ནམ་མཁའི་ལམ་ལ་དབང་པོའི་སྤྱོད་ཡུལ་མངོན་སུམ་དུ་གྱུར་པའི་ཆོ་འཕྲུལ་ཆེན་པོས་གཤེགས་ནས། ནང་དུ་བྱང་སེམས་དཀར་དམར་གྱི་རྒྱུན་བརྟན་པའི་རང་མདངས་མེ་ཏོག་གི་ཆར་ཆེན་པོའི་འབེབས་པ་དང་། སྒྲུབ་པ་གང་དུ་གནས་པའི་ཕྱི་སྣོད་བཅུད་ཀྱི་ཉེས་ཚོགས་རྒུད་པ་ཀུན་ཞི་ཞིང་ཕན་བདེའི་དཔལ་འབྱོར་ངམ་ངམ་ཤུགས་ཀྱིས་འཕེལ་བ་དང་། ནང་རྣལ་འབྱོར་པའི་རྒྱུད་ལ་འཕོ་མེད་བདེ་བ་ཆེན་པོའི་གཟི་བརྗིད་རིམ་གྱིས་འབར་བས་འཆི་བ་མེད་པའི་ཚེ་དང་རྒུད་པ་མེད་པའི་ལང་ཚོའི་བཅུད་ལེན་དག་ཀྱང་སོ་སོའི་ཚོགས་སུ་སྒྲུབ་པའི་བྱ་བ་ལ་མ་ལྟོས་པར་རྩོལ་བ་མེད་པར་འགྲུབ་ཅིང་། ངག་བདེ་ནི་ཚིག་གྲུབ་པར་གང་བརྗོད་དོན་དུ་འགྱུར་བའི་མཐུ་བཙན། ལུས་གཟི་བརྗིད་ཆེ་བས་གཞན་མི་དང་མ་ཡིན་པའི་སྣང་བ་ཟིལ་གྱིས་ནོན། སེམས་བདེ་སྟོང་གི་ཏིང་ངེ་འཛིན་ལས་རྟག་ཏུ་མི་གཡོ་བས་གྲུབ་པ་བརྙེས་པའི་རྟགས་མཚན་ཅིར་ཡང་འཆར། གསང་སྤྱོད་ཀྱི་འདུ་བར་འབྲེལ་ཚད་ཀུན་ཀྱང་ཕྱི་རོལ་གྱི་པུལླིར་སོགས་ཡུལ་ཆེན་ཉེར་བཞིའི་ཞིང་རྣམས་ན་རྟག་ཏུ་རོལ་པའི་དཔའ་བོ་ཐོད་པའི་དུམ་བུ་དང་རྣལ་འབྱོར་མ་རབ་གཏུམ་མོ་སོགས་ལྷན་སྐྱེས་མཁའ་འགྲོའི་ཚོགས་དང་སྐལ་པ་མཉམ་པར་འགྱུར་རོ། །རྩ་བའི་ས་བཅད་གསུམ་པ་དོན་བསྡུ་བ་ནི། མདོར་ན་ ནས་ རོ་གཅིག་འགྱུར༔ ཞེས་གསུངས་ཏེ། ཤེར་དབང་གི་ཉམས་ལེན་རྒྱས་པ་བསྟན་པ་དེ་རྣམས་ཀྱི་དོན་མདོར་བསྡུ་ན། ཐོག་མར་རིག་མ་བརྟག་འགུགས་སྦྱོོང་གསུམ་གྱིས་འདུ་བྱ་བ་བསྙེན་པའི་ཡན་ལག་སྟེ། ཉེ་བར་བསྙན་པའི་ཡན་ལག་ནི་ཐབས་ལམ་གྱི་ཆོས་ཉེར་བདུན་གྱིས་བསྡུས་པའི་སྦྱོར་བའི་ཡན་ལག་རྣམ་པ་མང་པོས། ཡས་བབས་ཀྱི་དགའ་བ་བཞི་འཁོར་ལོའི་གནས་བཞིར་མས་རིམ་དུ་བསྐྱེད་པ་ནི་སྒྲུབ་པའི་ཡན་ལག་དང་ མས་བརྟན་གྱི་དགའ་བ་བཞི་ཡས་རིམ་དུ་བརྟན་པར་བྱེད་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་པོ་ཉམས་ལེན་ལ་བརྩོན་པས། འགྱུར་བ་མ་ངེས་པ་དང་། བརྟེན་པ་གཞིའི་ས་གཉིས་ཀྱིས་བསྡུས་པའི་ཚོགས་ལམ་འདུན་པ་སེམས་པ་ལས་དང་པོ་པའི་རྣལ་འབྱོར་གྱིས་རླུང་སེམས་ལས་སུ་རུང་བས་ཐུན་མོང་གི་དངོས་གྲུབ་རོ་ལངས། གསེར་འགྱུར། རལ་གྲི། གོ་ཆ། པྲ་སེ་ན། རྐང་མགྱོགས། གཞན་ཡང་རྡོ་རྗེ་ཚེ་དང་། དབང་པོ་དྲུག་གི་མངོན་ཤེས་དང་། སྒྱུ་མ་རྡོ་རྗེ་ལ་སོགས་པའི་གྲུབ་པ་དང་། ལས་ཆེན་བཞི་སོགས་ཇི་སྐད་གསུངས་པ་ལྟར་གྲུབ་པས་དོན་བྱེད་ཅིང་། དེ་ནས་གལ་ཆེན་སྦྱོང་བ། བསླབ་པ་རྒྱུན། བསོད་ནམས་རྟེན་གྱི་ས་གསུམ་པོས་བསྡུས་པ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཟག་བཅས་ཀྱི་ལམ་གྱི་རྩེ་མོ་སྦྱོར་ལམ་བརྙེས་ནས་སྒྲུབ་པའི་ཉེ་རྒྱུ་བརྟེན་རླུང་སེམས་ཟུང་འཇུག་གི་ལྷ་སྐུ་ཕྱག་རྒྱ་ཆེན་པོོར་ལྡངས་ཤིང་མཆོག་གི་དངོས་གྲུབ་བརྟན་པས་ཁྱད་པར་དུ་འགྲོ་བའི་སས་བསྡུས་པ་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཐོབ་སྟེ། ཆོས་ཉིད་ཀྱི་ཡེ་ཤེས་རང་མཚན་པ་མངོན་སུམ་དུ་མཐོང་བས་ཟག་མེད་ཀྱི་ལམ་གྱི་ཐོག་མར་གྱུར་ལ། དེ་ནས་མཐོང་ཟིན་གོམས་པར་བྱེད་པའི་ལམ་དམིགས་པ་འབྲས་བུ་སྐྱེ་བའི་སས་བསྡུས་པ་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་རིགས་སོ་སོའི་ཕྱག་རྒྱ་རྟགས་ཀྱི་ཆ་ལུགས་འཛིན་པའི་སྐུར་སྣང་བས། གནས་པ་མི་འགྱུར་བ། བརྡལ་བ་ཆོས་ཉིད། རྫོགས་པ་ཅིར་ཆུབ་ཀྱིས་རྣམ་པ་གསུམ་པོས་བསྡུས་པ་མཐར་ལམ་སྤང་བྱའི་དྲི་མ་ཕྲ་བའང་སྤངས་ཤིང་ཐོབ་བྱའི་ཡེ་ཤེས་ཆེན་པོའི་ཆེན་པོ་ལ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རྣམས་རིམ་ཐོད་རྒལ་གང་རུང་གིས་བགྲོད་དེ་མཐར་ཕྱིན་ནས། རང་གནས་ཀྱི་དོན་ཉིད་སྒྲིབ་བྱེད་ཀྱི་ཞེན་པ་མཐའ་དག་དང་བྲལ་བར་མངོན་དུ་གྱུར་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སས་བསྡུས་པ་མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་སྐུ་བཞིའི་བདག་ཉིད་དཔལ་ཀུན་བཟང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་གསང་བ་གསུམ་དང་སྤྱོད་ཡུལ་རོ་གཅིག་ཏུ་འདྲེས་པར་འགྱུར་རོ། །དེ་ལྟར་ཡང་། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ། །དབང་བཞི་པ་དང་རྗེས་སུ་འབྲེལ་བའི་ལམ་རིག་སྟོང་མཁའ་འགྲོ་ཡོ་ག་བསྒོམ་པ་ལ་གཉིས། ཚིག་གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བདེ་སྟོང་ ནས་ ལ་བཟླ་བྱ༔ ཞེས་གསུངས་ཏེ། དེ་ལྟར་གསང་བ་དང་ཤེར་དབང་གི་ཉམས་ལེན་རྗེས་སུ་རྣལ་འབྱོར་གྱི་ལམ་རིམ་དེ་དག་གིས་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་ཉམས་མྱོང་རང་གི་རྒྱུད་ལ་ལེགས་པར་སྐྱེས་ཤིང་བརྟན་པར་གྱུར་པ་ན། ལམ་གྱི་ཐེག་རིམ་མཐའ་དག་གི་མཐར་ཐུག་སྐྱེལ་སོ། དོན་གྱི་ཡེ་ཤེས་རྗེན་ཅར་དུ་སྟོན་པ་བཞི་པ་རིག་པའི་རྩལ་དབང་གི་ཡེ་ཤེས་ལམ་དུ་བྱེད་པས་རྣལ་འབྱོར་ཀུན་གྱི་མཆོག་གམ་རྩེ་མོ། བྲ་བྲལ་འབྲས་བུའི་ཐེག་པ་ཨ་ཏི་ཡོ་ག་ཤིན་ཏུ་རྣལ་འབྱོར་གྱི་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱ་སྟེ། དེའང་སློབ་ལམ་བཞིའི་མཐར་ཐུག་བར་ཆད་མེད་ལམ་གྱིས་བསྡུས་པ་ཏིང་ངེ་འཛིན་གཞན་གང་ཡང་འདིའི་བླ་ན་མེད་པ། གཞོམ་པར་དཀའ་བའི་དྲི་མ་ཕྲ་མོ་བཅོམ་པ་ལ་མི་ཕྱེད་མི་ཤིགས་ཐོགས་པ་མེད་པ་སོགས་ཆོས་བདུན་དང་ལྡན་པས་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། གདོད་མའི་གནས་ལུགས་ཀྱི་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པར་ཐབས་གྲོལ་གྱི་ལམ་དང་ལམ་གྱི་འབྲས་བུ་ཐམས་ཅད་ལ་བཟླ་བར་བྱའོ། །དེ་ལྟར་ཡང་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་དང་། ཆོས་རྣམ་ཀུན་གྱི་ལ་ནི་ང་ཡིས་བཟླས། །ཞེས་སོ། །འདིར་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་སྤྱིའི་གནད་རང་བཞིན་གཞིའི་གནས་ལུགས། དེ་ལས་སེམས་ཅན་གྱི་འཁྲུལ་ལུགས། འཁྲུལ་དུས་འོད་གསལ་གྱི་གནས་ཚུལ། ཉམས་སུ་ལེན་ཐབས། མཐར་ཕྱིན་འབྲས་བུའི་གྲུབ་ལུགས་རྣམས་དང་། ཁྱད་པར་གསང་སྐོར་མན་ངག་སྡེའི་ངེས་པའི་དོན། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་གསུངས་པའི་དོན་ཤེས་ན་གལ་ཆེ་ཡང་འདིར་ཡི་གེ་མང་གིས་དོགས་པས་རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱི་གསུང་རབ་རྣམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །གཉིས་པ་ལ་གསུམ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་སྡེའི་སྒོམ་ཚུལ་བསྟན་པའོ། །དང་པོ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ལ་བཟླ་བ། སྤྱོད་པས་འཕྲང་བསལ་བ། འབྲས་བུ་རེ་དོགས་སྤང་བའོ། །དང་པོ་ནི། དེ་ལ་ ནས་ བྱང་ཆུབ་སེམས༔ ཞེས་གསུངས་ཏེ། ཐེག་རྩེ་རང་བཞིན་རྫོགས་པ་ཆེན་པོའི་ལམ་རྩོལ་སྒྲུབ་སྤང་གཉེན་གོལ་སྒྲིབ་ལས་འདས་པ་སྐལ་ལྡན་ཤིན་ཏུ་དབང་རྣོན་གྱི་སྤྱོད་ཡུལ་ཏེ། དེ་ལའང་དབང་པོའི་ཁྱད་པར་གྱིས་ནང་གསེས་གྲུབ་མཐའ་གསུམ་ཡོད་པའི་ཐོག་མར་ཕྱི་སྐོར་ལུས་ལྟ་བུ་ཀུན་བྱེད་རྒྱལ་པོ་སེམས་སྨད་བཅོ་བརྒྱད་སོགས་རྒྱུད་ལུང་གི་བསྟན་དོན་སེམས་སྡེའི་དགོངས་པ་ནི། ཕྱི་རོལ་གཟུང་བའི་ཡུལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པ་ཀུན་རྨི་ལམ་གྱི་ཡུལ་སྣང་ལྟ་བུར་རང་གི་སེམས་ལས་གཞན་དུ་འགའ་ཡང་མ་གྲུབ་པར་རང་སེམས་ཀྱི་རྩལ་དུ་བལྟ་བ་དང་། ནང་གི་འཛིན་པའང་དེ་ལས་གཞན་དུ་མེད་དེ་ལུས་ལ་བརྟེན་པའི་དབང་པོ་དྲུག་ནི་འཁྲུལ་ངོར་ཀུན་བརྟགས་གྱི་ཆོས་ཡིན་པས་བདེན་པ་མེད་པ་སྒྱུ་མའི་སྐྱེས་བུའི་དབང་པོ་དང་མཚུངས་པ་རིག་པས་དཔྱད་ནས་བཤིགས་པས་ཤེས་ལ། བར་གྱི་རྣམ་ཤེས་ཡུལ་ལ་འཇུག་པ་དྲུག་ཀྱང་ཐོག་མར་སྐྱེ་བའི་ཁུངས་དང་མཐར་འགག་པའི་ཡུལ་ད་ལྟར་གང་ལ་གནས་པར་བརྟགས་ཤིང་རྩད་བཅད་ན་གང་དུའང་གདགས་གཞི་བྲལ་བ་ནམ་མཁའ་དང་འདྲ་བས་ཐམས་ཅད་སེམས་ཉིད་ཀྱི་རོལ་པར་ཤར་བ་དང་། གསང་བ་ཀུན་གཞི་སེམས་ཀྱི་གཤིས་ལུགས་རང་བཞིན་གསལ་ལ་ངོ་བོ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་རྫོགས་པར་ལྟ་བ་འཁོར་འདས་ཀུན་བྱེད་རྒྱལ་པོ་ཡོངས་གྲུབ་ལ་བཅོས་མས་མ་རེག་པའི་གཉུག་མ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐག་བཅད་པ་སྟེ། ཀུན་བྱེད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་སོ། །གཉིས་པ་ནི། སྒོམ་བ་སོགས་ཚིག་རྐང་གཅིག་སྟེ། དེ་ལྟར་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བས་ཐག་ཆོད་ནས། སྒོམ་པ་ཉམས་སུ་བླང་བ་ནི། གནས་དབེན་པར་རྣམ་སྣང་ཆོས་བདུན་དང་ལྡན་པས། ད་ལྟའི་སེམས་ཉིད་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་སྒོ་གསུམ་བྱ་རྩོལ་མེད་པར་ལྷོད་ཀྱིས་གློད་དེ། ཡུལ་གཞིི་གྲོལ་ལ་འཛིན་པ་ཡེ་གྲོལ་གང་ཤར་ཡང་བསྐྱར་གྲོལ་གྱི་གཉེན་པོས་མ་བཅོས་པར་ངང་བཞག་ཆེན་པོར་ལ་བཟླ་སྟེ། ཀུན་བྱེད་ལས། ཇི་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་རྩོལ་བཅོས་ཤིང་དམིགས་མ་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །ཅེས་སོ། །གསུམ་པ་ནི། སྦྱོང་པ་ལམ་ཁྱེར། ཞེས་པས་བསྟན་ཏེ། ཡུལ་འདོད་པའི་ཡོན་ཏན་ཅིར་སྣང་ཡང་ཡུལ་ཅན་ཆོས་ཉིད་རང་གྲོལ་གྱི་རྒྱན་དུ་བྱེད་ཅིང་དུག་ལྔའི་ངོ་བོར་བལྟས་པས་དེ་དག་སྐྱེས་གྲོལ་ཡེ་ཤེས་སུ་ཤར་བ་ཉོན་མོངས་རང་གྲོལ་གྱི་སྤྱོད་པ། ཚོགས་དྲུག་གི་རྟོག་པ་ཐམས་ཅད་ཤར་དུས་ཉིད་ནས་མ་སྐྱེས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གསུམ་དུ་རྫོགས་པར་ཤེས་པ་སྣང་བ་དབང་སྒྱུར་གྱི་སྤྱོད་པ། བླང་དོར་དགག་སྒྲུབ་ཀྱི་ཞེན་ཡུལ་ཐམས་ཅད་ཀྱི་སྟེང་དུ་རོ་སྙམས་ཐོག་འགེལ་གྱི་ཟློག་སྒོམ་བྱས་པས་གཉིས་མེད་རང་གྲོལ་དུ་སོང་ནས་རེ་དགོས་ཀྱི་འཕྲང་ལས་གྲོལ་བ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་སྟེ། དེ་གསུམ་ལམ་དུ་ཁྱེར་ནས་ལྟ་སྒོམ་ལ་བོགས་དབྱུང་ངོ་། །བཞི་པ་ནི། འབྲས་བུ་མངོན་དུ་བྱ༔ ཞེས་པས་བསྟན་ཏེ། ད་ལྟའི་སེམས་ཉིད་ཀྱི་དབྱིངས་ཡེ་གྲོལ་གཞི་རྩ་མེད་པའི་ངོ་བོ་ཉིད་སྐུ་ཡེ་ནས་འདུ་འབྲལ་མེད་པར་མ་བཙལ་ངང་ལ་རྫོགས་པས་དེ་ལས་གཞན་པའི་སངས་རྒྱས་ལོགས་སུ་བསྒྲུབ་ཏུ་མེད་པས་དེ་ཉིད་སྒོམ་ཉམས་སུ་བླངས་ནས་མངོན་དུ་འགྱུར་བར་བྱ་སྟེ། ཀུན་བྱེད་ལས། ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བ་དབྱིངས་ནས་རྙེད་མི་འགྱུར། །ཞེས་སོ། །གཉིས་པ་ནང་ཀློང་སྡེ་ལ་གཉིས། ལྟ་བ་ཆོས་ཉིད་ཀྱི་ཀློང་བཤད་པ། སྒོམ་པ་བརྡ་བཞིའི་གནད་བསྟན་པའོ། །དང་པོ། ནང་ལྟར་ ནས་ མ་གཡོས་ཕྱིར༔ ཅེས་གསུངས་ཏེ། ནང་སྐོར་སྙིང་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོ་སོགས་རྒྱུད་ལུང་རྣམས་ཀྱི་བསྟན་དོན་ཀློང་སྡེའི་ལྟ་བ་ནི། ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་སོགས་ཡེ་ཤེས་ཀྱི་ཀློང་ཆེན་པོ་རྣམ་པ་ལྔས་ཕྱེ་བརྟན་པ་སྣོད་དང་ནང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཀུན་ལ་རིས་མེད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། ད་ལྟ་ཕན་ཆད་འབྱུང་བར་འགྱུར་བའི་ཟག་བཅས་འཁོར་བ་དང་ཟག་མེད་མྱ་ངན་ལས་འདས་པའི་བཏགས་ཆོས་སུ་སྣང་བ་རྣམས། སྣང་ངོ་ལ་ཇི་ལྟར་སྣང་ཡང་སྟོང་ངོ་ནས་ཡེ་གྲོལ་རང་དག་ཡིན་པས་ཀུན་ཀྱང་གདོད་ནས་ཆོས་ཉིད་ཀུན་ཏུ་བཟང་མོའི་ངོ་བོའི་མཁའ་དང་རང་བཞིན་གྱི་ཀློང་དང་ཐུགས་རྗེའི་དབྱིངས་ལས་རྡུལ་ཙམ་ཡང་མ་གཡོས་པའི་ཕྱིར་སེམས་ཉིད་ཕྱིར་སྣང་དུ་ཤར་བ་མ་ཡིན་པར་ནམ་མཁའ་ལ་གཟའ་སྐར་བཞིན་དུ་ཆོས་ཅན་མཚན་མ་ཇི་ལྟར་སྣང་ཡང་ཆོས་ཉིད་ཀྱི་དབྱིངས་ལས་གཞན་དུ་འགྲོ་ས་མེད་པར་བཀོད་བའི་རྒྱན་དུ་ལྷུན་གྱིས་གྲུབ་པ་ཡིན་མིན་ཕྱོགས་བྲལ་ཆེན་པོའི་དགོངས་པ་སྟེ། ཀློང་ཆེན་རབ་འབྱམས་རྒྱལ་པའི་རྒྱུད་ལས། ཀློང་ཆེན་འཁྱིལ་བའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །ཅེས་སོ། །གཉིས་པ་ནི། དབང་པོའི་ ནས་ ངང་དུ་བཞག༔ ཅེས་གསུངས་ཏེ། ལྟ་བའི་དོན་དེ་ཉིད་སྒོམ་པས་ཉམས་སུ་ལེན་པ་ལ། ཐོག་མར་དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱིས་ཁྱད་པར་དུ་སྨིན་པར་བྱས་ནས། དངོས་གཞི་སྒོམ་མེད་དོན་གྱི་གཟེར་གདབ་པ་བརྡ་བཞི་གནད་ཀྱི་མན་ངག་ནི། གསལ་བ་གནད་ཀྱི་བརྡ་དབང་པོ་སྒོ་ལྔ་མ་བཀག་ཡན་པར་བཞག་པས་ཚོགས་དྲུག་གི་ཤེས་པ་ཐིམ་ལ་མ་རྨུགས་པར་གསལ་ལམ་མེར་གནས་པ་དང་། མི་རྟོག་པ་གནད་ཀྱི་བརྡ་དབང་པོའི་སྒོ་རྣམས་འབྱེད་འཛུམ་སོགས་ཀྱིས་གཡོ་བ་མེད་པར་བཞག་པས་སེམས་ཉིད་གང་དུའང་མི་རྟོག་པའི་ངང་དུ་ཟང་ཐལ་ལེར་གནས་པ་སྟེ་ཕ་རྒྱུད་གཡོ་བ་རླུང་འཛིན་པའི་གདམས་ངག་གཉིས། བདེ་བ་གནད་ཀྱི་བརྡ་འོག་རླུང་ཡིད་ཙམ་འཐེན་ཏེ་ཐུར་སེལ་འཆིང་བས་ལུས་སེམས་ཟག་མེད་ཀྱི་བདེ་བ་ཁྲི་ལེར་འཆར་བ་དང་། དབྱེར་མེད་གནད་ཀྱི་བརྡ་ལྕེའི་རྩེ་མོ་གང་ལའང་མ་རེག་པར། ཇི་སྐད་དུ། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མ་བྲལ་བ། །ཞེས་པ་ལྟར་ཤེས་པ་ཕྱོགས་ལྷུང་དང་བྲལ་ཞིང་བསམ་བརྗོད་ལས་འདས་པའི་ངང་དུ་བཞག་པ་སྟེེ་མ་རྒྱུད་བདེ་བ་ཉམས་ཀྱི་མན་ངག་གོ །དེའང་དབང་བཞིའི་དོན་བརྡ་བཞི་ལ་ཚང་བས་དབང་ངང་གིས་རྫོགས་ལ། བརྡ་བཞིའི་དོན་གསལ་བ། བདེ་བ། མི་རྟོག་པ། དབྱེར་མེད་པ་བཞི་རྒྱུད་ལ་ཤར་བས་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་རང་ཆས་སུ་འགྲུབ་པའོ། །མདོར་ན་རྒྱུད་སྔ་མ་ལས། མ་ནོར་བ་ཡི་ཆོས་ཉིད་ལ། །མ་བཅོས་གནས་ཤིང་མ་བྱས་གསལ། །མ་འགས་པ་ཉིད་ཡེ་ཤེས་ཀློང་། །ཞེས་པ་ལྟར་ལྟ་བ་མ་ནོར་བས་ཐག་བཅད། སྒོམ་པ་མ་བཅོས་པས་ཉམས་སུ་བླང་། སྤྱོད་པ་མ་བྱས་པས་བོགས་དབྱུང་བས། འབྲས་བུ་མ་འགགས་པ་ཉམས་སུ་མྱོང་བའི་ཀློང་ཆེན་པོ་བཞིས་བསྡུས་པ་སྟེ། དེ་བཞི་པོའང་ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ་ལྷུག་པ་སྟེ་མཚན་ཉིད་བཞི་ལྡན་འདིར་འདུ་བས་དེ་ལ་ཡང་ཡང་ལྟ་བས་ལྟ་བ། དེ་ལ་མ་ཡེངས་པས་སྒོམ་པ། དེ་གྲོགས་སུ་གྱུར་པ་སྤྱོད་པ། །དེ་མངོན་དུ་གྱུར་པ་འབྲས་བུར་གསུངས་སོ། །གསུམ་པ་མན་ངག་གི་སྡེ་ལའང་གཉིས། དགོས་པ་དང་བཅས་པའི་ཚིག་གིས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ ནས་ མངོན་བྱའི་ཕྱིར༔ ཞེས་གསུངས་ཏེ། སྔ་མ་གཉིས་ལ་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཡིད་དཔྱོད་ཕྲ་མོ་འདྲེས་པས་གཤིས་ཤོར་གྱི་གོལ་སྒྲིབ་འབྱུང་ཉེ་ལ། འདིར་ཡིད་དཔྱོད་ཀུན་ལས་འདས་ཤིང་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡོངས་གྲོལ་ཆེན་པོར་སྡུད་པས་ཁྱད་པར་དུ་འཕགས་པ་གནད་ཐོག་ཏུ་ཐེབས་པའི་མེ་བཙའ་ལྟ་བུ་གསང་བ་སྙིང་ཁྲག་གམ་སྲོག་གི་དྭངས་མ་དང་འདྲ་བ་རྒྱུད་ཆེན་བཅུ་བདུན་སོགས་ཀྱིས་བསྟན་དོན། མན་ངག་གི་གནད་ངེས་པ་ཐིག་ལེ་གསང་བ་ཐིག་ལེ་གསང་སྐོར་གྱི་སྡེ། གཞིར་གནས་རང་བཞིན་གྱི་འོད་གསལ་དབྱིངས་རིག་གཉིས་མེད་ཡེ་ཤེས་སྙིང་པོའི་ཚུལ་མངོན་སུམ་ལམ་དུ་བྱ་བའི་ཕྱིར་འདི་ལྟར་བླ་ན་མེད་པའི་རྣལ་འབྱོར་ལ་འཇུག་གོ །དེ་ལྟར་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་འམ། །གཅན་གཟན་རྣམས་ལས་སེང་གེ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་སོ། །དེ་ལ་སྤྱིར་དངོས་གཞི་ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བའི་གནད་དབྱིངས་ལ་ལྟོས་ཏེ་སེམས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷོངས་སུ་ཕུད་པས་འབད་མེད་དུ་གྲོལ་བའི་ལམ་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་བསྒོམས་པས་འཚང་རྒྱ་བའི་གནད་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲོད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་གཉིས་སུ་ཡོད་དེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། འབད་མེད་རང་གྲོལ་ཚད་འཛིན་པ། ཁྲེགས་ཆོད་ཐོད་རྒལ་གཉིས་སུ་བརྟགས། །ཞེས་སོ། །གཉིས་པ་ལ་གཉིས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ནོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་བསྡུའོ། །དང་པོ་ནི། སྔོན་འགྲོ་ ནས་ བྲལ་བར་བཞག༔ ཅེས་གསུངས་ཏེ། དང་པོ་སྔོན་འགྲོ་ལ་གསུམ། ལུས་ངག་ཡིད་གསུམ་སྦྱོང་བ་དང་། རྣལ་དབབ་ སོར་གཞུག་གོ །དང་པོ་ལུས་ཀྱི་སྦྱོང་བ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པ་ལྟར་ཡེ་ཤེས་གསུམ་དང་སྐུ་གསུམ་པོ་ལམ་གཅིག་ཏུ་འདྲིལ་བ་མཚོན་བྱེད་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ་སེམས་ཀྱིས་ཀྱང་དེར་བསྒོམས་པས་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་སྦྱོང་བ་ནི་ཧཱུྃ་གི་རྣལ་འབྱོར་རྣམ་པ་བཞི་དང་སྦྱར་བར་བྱ་སྟེ། དེའང་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེས་གསུངས་པའི་དང་པོ་ནི་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་སྤྲོས། ཧཱུྃ་གི་གླུ་སྙན་ལ་རིང་བར་བླངས་ཏེ་ཕྱིའི་སྣང་བ་ཐམས་ཅད་ཁེངས། སྣ་བུག་གཡོན་ནས་ནང་དུ་ཞུགས་པས་ལུས་ཀྱི་ནང་ཁེངས་པར་བསྒོམས་པས་ཕྱི་ནང་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབས་པ་སྟེ་དེ་དག་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནི། སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་དྲག་རྩུབ་རྣོ་མྱུར་ཐོག་ལྟ་བུ་མང་པོས་ཡུལ་སྣང་དང་ལུས་ལ་ཕུག་སྟེ་ཁྲལ་ཁྲོལ་དུ་སོང་བར་བསམ། ཧཱུྃ་དྲག་པོར་བརྗོད་པས་དེ་དག་རང་བཞིན་མེད་པའི་ཉམས་འཆར་ན་རྩལ་འབྱོངས་པ་སྟེ་སྣང་བ་འོད་གསལ་དང་ཕུང་པོ་འཇའ་ལུས་སུ་གྲོལ་པའི་དགོས་པ་ཡོད་དོ། །གསུམ་པ་ནི། མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་ལ་སྙིང་གའི་ཧཱུྃ་ལས་སྤྲོས་པའི་ཧཱུྃ་གི་ཕྲེང་བ་དཀྲིས་ཤིང་བསྐོར། ཡང་བཤིགས་ནས་ནང་དུ་སྡུད་པའི་འགྲོ་ལྡོག་ལ་སྦྱང་ཞིང་ཧཱུྃ་གླུ་བླངས་པས་སེམས་ལས་སུ་རུང་བ་ནི་མཉེན་བཙལ་བ་སྟེ་སེམས་ཤིན་སྦྱང་ཐོབ་པའི་དགོས་པ་ཡོད་དོ། །བཞི་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པར་མདུན་གྱི་ལམ་སྲིན་མོ་འགྲོས་སུ་ཞུགས་ནས་ཇེ་རིང་སོང་ཞིང་སླར་ཚུར་ཞུགས་ཏེ་རང་གནས་སུ་སླེབ་པའི་འགྲོ་ལྡོག་སྤེལ་མར་སྦྱངས་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་ནི་ལམ་དུ་གཞུག་པའོ། །དེ་དག་གི་དགོས་པ་ནི། ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་སྦྱོང་བ་ལ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པ་ལྟར་གསུམ་ལས་དང་པོ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་རང་ལུས་སྟོད་སྨད་སྣང་སྟོང་གང་ལས་བྱུང་དང་། འཚོལ་བྱ་འཚོལ་བྱེད་ལ་བལྟས་ཤིང་དཔྱད། གཉིས་པ་སེམས་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད། གསུམ་པ་སེམས་ཝལ་གྱིས་ཤར་ནས་ཡལ་གྱི་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་ལས་ཀྱང་མ་བྱུང་། གང་ལའང་མི་གནས། གང་དུའང་མི་འགྲོ་བའི་གཞི་མེད་རྩ་བྲལ་དུ་ཤེས་པ་སྟེ་མདོར་ན་སེམས་ཀྱི་བྱུང་གནས་འགྲོ་གསུམ་གཏན་ལ་མ་ཕེབ་ཀྱི་བར་དུ་འབད་པ་ཆེན་པོས་བརྟག་ཅིང་དཔྱད་ནས་བཙལ། དེ་དག་གི་དགོས་པ་ནི། ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་རྣལ་དུ་དབབ་པ་ནི། དམིགས་པ་སེམས་ཚོལ་གང་ཡང་ཡིད་ལ་མི་བྱེད་པར་ལུས་ཅི་བདེ། ངག་བཟོ་མེད། སེམས་རྟོག་མེད་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚན་མ་གང་ལ་ཡང་མི་རྟོགས་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའ་ིདོན་དང་། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་བའི་དོན་ཏེ། དགོས་པ་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུག་ཅིང་ནད་རྐྱེན་མི་འབྱུང་བ་དང་རང་བཞིན་གྱི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ། །གསུམ་པ་སོར་གཞུག་ནི། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་ཉན་ཐོས། བར་མ་བྱང་སེམས། དྲག་པོ་ཁྲོ་བོའི་ལྟ་སྟངས་དང་རྣམ་འགྱུར་གྱིས་རིམ་གྱིས་ཁྲིད་དེ་ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་སྤྲོ་བསྡུ་བྲལ་བར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོ་གསལ་ཡང་མི་རྟོགས་པའི་ངང་མ་ཤོར་བ་དང་། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པ་དང་། རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ། དགོས་པ་ནི། གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་སྲོལ་དུ་འཇུག་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། སྡོམ་གྱི་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ལྟ་བས་ ནས་ རང་ལ་རྙེད༔ ཅེས་གསུངས་ཏེ། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་བླང་། སྣང་བ་དབང་སྒྱུར་གྱི་སྤྱོད་པས་བོགས་འབྱིན། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པ་བཞིར་འདུས་པས་དེ་རྣམས་རིམ་བཞིན་བཤད་པར་བྱའོ། །གཉིས་པ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་འབྱིན་པ། འབྲས་བུ་ལྷུན་གྱིས་གྲུབ་པའི་ཚུལ་ལོ། །དང་པོལའང་གསུམ། ངོ་བོ་ཀ་དག་གི་ཡེ་ཤེས་བཤད་པ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་བཤད་པ། དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ངོ་སྤྲད་པའོ། །དང་པོ་ནི། དེ་ལ་ ནས་ བཏགས་པ་ཙམ༔ ཞེས་གསུངས་ཏེ། ལྟ་བས་ཐག་བཅད་པ་དེ་ལའང་། རྒྱུད་ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་གདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་ངོ་བོ་རིག་སྟོང་། རང་བཞིན་གསལ་སྟོང་། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུམ་དུ་གསུངས་པའི་དང་པོ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ནི། དངོས་པོ་དང་མཚན་མར་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་བལྟར་མེད་པ། གཞི་མེད་རྩ་བ་དང་བྲལ་བས་འདིའི་ཞེས་བརྗོད་དུ་མེད་པ། གོ་བའི་ཚིག་དང་མཚོན་པའི་དཔེ་ཀུན་གྱི་ཡུལ་ལས་འདས་པ། བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཀྱི་ཕྱིར་བློའི་སྤྱོད་ཡུལ་མ་ཡིན་པ། ཡེ་གདོད་མ་ཉིད་ནས་རང་བཞིན་གྱིས་སྟོང་པའི་གཤིས་སམ་རང་བབས། འཁྲུལ་གྲོལ་གཉིིས་ཀ་ཡོད་མ་མྱོང་བས་འཁོར་བ་གཞི་མ་གྲུབ་ཅིང་མྱང་འདས་ཞེས་པའང་ལྟོས་ནས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པ་སྟེ། ཀློང་དྲུག་པ་ལས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །ཅེས་སོ། །གཉིས་པ་ནི། རང་བཞིན་ ནས་ རིས་མེད་དོ༔ ཞེས་གསུངས་ཏེ། རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི། ངོ་བོ་ཀ་དག་སྨྲ་བསམ་བརྗོད་བྲལ་དེ་ཉིད་གསལ་མདངས་འགགས་པ་མེད་པའི་ཡེ་ཤེས་ཀྱི་རང་རྩལ། ནམ་མཁའི་དབྱིངས་ལས་ཉི་མའི་འོད་ཟེར་ཕྱོགས་མེད་དུ་ཁྱབ་པ་བཞིན་དུ་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་བཞུགས་ལ། དེའང་རྟེན་དང་བརྟེན་པའི་རྣམ་པ་ཅན་མ་ཡིན་པ་ནམ་མཁས་འབྱུང་པ་ཆེན་པོ་རྣམས་ལ་ཁྱབ་པ་བཞིན་དུ་མཐའ་གང་ལའང་མི་གནས་པར་ཀུན་དང་དབྱེར་མེད་པར་བཞུགས་པ་སྟེ། འཁོར་འདས་གཉིས་ལ་རྒྱ་ཆད་དང་ཕྱོགས་ལྷུང་གི་རིས་སུ་བཅད་པ་མེད་དེ། སྔ་མ་ལས། གསལ་བ་ཡོད་མེད་མཐའ་ལས་འདས། །མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཅེས་སོ། །གསུམ་པ་ནི། དེ་གཉིས་ ནས་ མངོན་དུ་བྱ༔ ཞེས་གསུངས་ཏེ། ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་དེ་གཉིས་ཀྱང་གཅིག་དང་དུ་མའི་སྤྲོས་པ་ཀུན་ལས་འདས་ཤིང་གདོད་ནས་དབྱེར་མེད་ཟུང་དུ་འཇུག་པ་མར་མེ་དང་མར་མེའི་འོད་ལྟ་བུ་སུས་ཀྱང་བཅོས་ནས་འདུས་མ་བྱས་པའི་རང་བབས་ཀྱི་གནས་ལུགས་དེ་ནི་ཡུལ་དང་ཡུལ་ཅན་དུ་བརྟགས་ནས་བལྟར་མེད་པའི་ཕྱིར་བློ་ལས་འདས་པས་ལྟ་བ་ཀུན་གྱི་རྒྱལ་པོ་གོང་ན་མེད་པ་སྟེ། དེ་ཉིད་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་གྱི་དབང་པོ་རང་གི་ཉམས་མྱོང་ལས་དཔག་སྟེ། ལྟ་བའི་ཡིན་ལུགས་ཀྱི་ཚུལ་དུ་བརྡ་ཐབས་མན་ངག་བྱིན་རླབས་ཀྱི་སྒོ་ནས་ངོ་སྤྲོད་ཅིང་མངོན་དུ་རྟོགས་པར་བྱའོ། །དེ་ལྟར་ཡང་ཁྱུང་ཆེན་ལས། སྤྱོད་བྲལ་སྒོམ་བྲལ་བལྟ་རྒྱུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཅེས་སོ། །གཉིས་པ་སྒོམ་པ་ཉམས་སུ་བླང་བ་ལ་གཉིས། དངོས་དང་། འབྱོངས་པའི་ཚད་དོ། །དང་པོ་ནི། དེ་ ནས་མངོན་དུ་འགྱུར༔ ཞེས་གསུངས་ཏེ། ལྟ་བས་ཡེ་གྲོལ་དུ་རྟོགས་པ་དེ་ནས་སྒོམ་པས་ཡིན་ཐོག་ཏུ་བཞག་སྟེ་རིག་པས་གཤིས་ཐོག་ཏུ་ཕེབ་པར་ཉམས་སུ་བླང་བ་ནི། སེམས་ཉིད་ངོ་བོ་ངོས་བཟུང་ལས་འདས་པ། རིག་པ་ཟུང་ཐལ་མཚན་མར་མ་གྲུབ་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས། དེ་གཉིས་ཡ་བྲལ་མ་ཡིན་པར་གདོད་ནས་ཟུང་དུ་འཇུག་པ་འདི་ལས་ཆོས་སྐུ་གཞན་དུ་མེད་པར་ངོ་རང་ཐོག་ཏུ་འཕྲོད་ནས། དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས་ཤིང་ད་ལྟའི་ཤེས་པ་སྐད་ཅིག་མ་ལ་བཟོ་བཅོས་མ་བྱས་པས་དུས་གསུམ་གྱི་རྣམ་པར་རྟོགས་པས་མ་བསླད་པའི་ཀ་དག་བློ་འདས་ཀྱི་དགོངས་པ་བཞི་ཆ་སུམ་བྲལ་ཐ་མལ་གྱི་ཤེས་པ་སོ་མ་དེ་ཉིད། རང་བབས་རྣལ་མར་བཞག་པ་ལས་གཞན་པའི་བསྒོམ་བྱ་རྡུལ་ཙམ་མེད་པ་ཐག་གཅིག་ཐོག་ཏུ་བཅད་པས་མངོན་སུམ་ཆོས་ཉིད་ཀྱི་རང་བབས་ལྷུག་པར་མཐོང་སྟེ་དང་དྭངས་སྤྲིན་བྲལ་ནམ་མཁའ་ལྟར་གནས་པ་ཡིན་ལ། དེའི་དུས་སུ་ཕྱི་ཆོས་ཅན་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་ལ་གཡེང་བའི་རྟོག་པ་ཤར་དུས་ནས་འཛིན་མེད་དུ་གློད་པས་རྦ་རླབས་ཆུར་ཐིམ་པ་ལྟར་འགྱུ་སྟོང་རྗེས་མེད་དུ་ཞིག །ནང་ཆོས་ཉིད་ཀྱི་ངང་དུ་ཡེངས་པ་མེད་པར་དགུག་པའི་དྲན་འཛིན་དགག་སྒྲུབ་སྩོལ་བཅས་ཀྱི་བརྟོད་ཕུར་ན་བུན་མཁའ་ལ་དེངས་པ་ལྟར་རང་སར་གྲོལ་ཏེ་སྣང་ཤེས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ཅིར་སྣང་ཆོས་སྐུའི་རང་བཞིན་རིག་སྟོང་བློ་བྲལ་རྗེན་པར་རྟོགས་པའི་གདེང་གྲོལ་ཐོག་ཏུ་བཅས་ཏེ། དམིགས་གཏད་མཚན་འཛིན་གང་ཡང་མེད་པའི་ངང་ལ་འབད་རྩོལ་ཅིའང་བྱར་མེད་པར་ཁ་ཡན་དུ་གློད་ནས་བཞག་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀ་དག་གཞི་རྫོགས་ཆོས་ཉིད་མཉམ་པ་ཆེན་པོར་མངོན་དུ་འགྱུར་ཏེ། ཁྱུང་ཆེན་ལས། མ་བསྒོམ་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཕྱིན། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགུགས་ལ་འགྱུས་པར་རང་སར་དག །ཅེས་སོ། །གཉིས་པ་ནི། དེ་ཚེ་ ནས་ ཆུད་པ་ན། ཞེས་གསུངས་ཏེ། རིག་སྟོང་རྗེན་པ་ངོས་ཟིན་ནས་གཤིས་ཐོག་བཟོ་མེད་དུ་བཞག་པ་དེའི་ཚེ། རྣམ་པར་རྟོག་པའི་སྤྲོ་བསྡུ་ཇི་སྙེད་ཤར་བ་དེ་ཐམས་ཅད་ཀྱི་དྲན་པའི་གཉེན་པོས་བསྐྱར་གྲོལ་མ་དགོས་པར། ཆུ་བོ་ཆེན་པོ་ལས་རླབས་གཡོས་ཀྱང་ཆུ་དང་རླབས་གཉིས་ཐ་དད་མེད་པ་བཞིན་དུ་རྟོག་མེད་རང་གསལ་རྗེན་པར་ཐིམ་པ་དང་། གཡོ་བྱེད་ཀྱི་རླུང་མེད་པའི་མར་མེ་གསལ་དྭངས་བརྟན་པར་འབར་བ་བཞིན་རིག་ཐོག་ཏུ་རྩེ་གཅིག་པར་གནས་ཤིང་། དེ་ལའང་ཡུལ་ཤེས་ཀྱི་འཛིན་པས་མ་བསླད་པ་གནས་པའི་ངོ་བོའི་དེ་ཁོ་ན་ཉིད་རིག་ལ། རིག་པ་ཉིད་ཀྱང་དེར་རྟོག་གིས་མི་འཛིན་པར་གསལ་ཧྲིག་རྗེན་པ་གཞི་མེད་རྩ་བྲལ་དུ་ལྷག་གེར་ཤར་བ་དང་། གསལ་ཆ་མ་འགགས་ཀྱང་ཚོགས་དྲུག་གི་ཡུལ་ལ་འགྱུ་བ་རང་ག་མར་འཕྲོ་བ་མེད་ཅིང་། གང་དུའང་མི་རྟོག་པ་དེ་ལའང་ཞེན་པའི་འཛིན་སྟངས་བྲལ་བ་ལས་མཉམ་བཞག་རྗེས་ཐོབ་ཀྱི་འཇོག་ལེན་མེད་པར་སྒོམ་པ་འོད་གསལ་ཁོར་ཡུག་ཏུ་ཤར། གནས་འགྱུའི་དགག་སྒྲུབ་མི་དགོས་པར་མཐའ་གྲོལ་ཀློང་ཡངས་ཀྱི་དགོས་པར་ཕྱམ་བརྡལ། ཞི་གནས་ལྷག་མཐོང་གི་རྣམ་པར་དབྱེ་བ་ལས་གྲོལ་ཏེ་རིག་ཐོག་ཟུང་འཇུག་ཏུ་ཆུད་པ་ན་སྒོམ་པ་ཀློང་དུ་གྱུར་པ་ཡིན་ཏེ། དགའ་རབ་རྡོ་རྗེས་ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་གདངས་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བའི་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཅེས་སོ། །གསུམ་པ་སྤྱོད་པས་བོགས་དབྱུང་བ་ནི། སྤྱོད་ལམ་ ནས་ མཉམ་པར་བཞག༔ ཅེས་གསུངས་ཏེ། ཅོག་བཞག་གི་སྒོམ་པ་ཀློང་དུ་གྱུར་པ་སྒོ་གསུམ་སྤྱོད་པའི་ལམ་གང་རུང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་རོལ་པར་ངང་ལས་ནམ་ཡང་མ་གཡོས་ཏེ་འབྱུང་བཞིའི་ཆོ་འཕྲུལ་ཇི་ལྟར་ཤར་ཡང་ནམ་མཁའི་ཀློང་ལས་འདས་པ་མེད་པ་བཞིན་ནོ། །དེས་ན་འཁྲུལ་གྲོལ་གྱི་རེ་དོགས་མེད་པས་ཚོགས་དྲུག་གི་ཡུལ་ལ་དེར་འཛིན་གྱིས་མི་ཞེན་པར་ཐུག་ཕྲད་རང་གྲོལ་རང་དགར་རྒྱ་ཡན་དུ་བཏང་། སྣང་བརྟགས་ཇི་ལྟར་སྣང་རུང་རིག་པའི་ཀློང་ལས་གུད་ན་མེད་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་ལམ་རོལ་པའི་ངང་དུ་འུབ་ཆུབ་པར་ཐག་བཅད། རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་གཟུང་བྱ་འཛིན་བྱེད་སྤང་བྱ་བླང་བྱེད་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། འབད་རྩོལ་དམིགས་བཅས་མཚན་མའི་བསྒོམ་པར་བྱ་བ་རྡུལ་ཙམ་ཡང་མེད་པས་སྒོམ་འདོད་ཀྱི་རྟོག་པ་ལས་གྲོལ་ཏེ་ཐ་མལ་གྱིན་འདར་འབྱམས་ཤིང་། བཅོས་མའི་བློས་མི་བསྒོམ་པའི་དོན་རིག་སྟོང་ཆོས་ཉིད་ཟང་ཐལ་རྗེན་པ་དང་རྒྱུན་དུ་འབྲལ་བ་མེད་པས་ན་གང་ཟག་ཐ་མལ་པའི་ཚུལ་ལས་རིང་དུ་འདས་ཏེ་སྤྱོད་ཡུལ་ཇི་ལྟར་སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་རང་སྣང་རིས་མེད་དག་པ་རབ་འབྱམས་སུ་ཤར་བ་ན། ཆོས་ཉིད་རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོའི་རྒྱུན་དང་འོད་གསལ་གསལ་འགྲིབ་མེད་པ་མར་མེའི་རྩེ་མོ་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རིག་པས་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་པ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་འབྲས་བུ་ལ་གསུམ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཚུལ་དང་། ལམ་རྐྱེན་དངོས་པོ་བཅུ་ལྷུན་གྱིས་གྲུབ་པའི་ཚུལ། བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བའི་ཚུལ་གྱིས་འབྲས་བུ་དོན་བསྡུའོ། །དང་པོ་ནི། མདོར་ན་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། མདོར་བསྡུ་ན་རང་རིག་མ་བཅོས་པ་ཆོས་ཉིད་ཀྱི་གནས་ལུགས་འདི་ཁོ་ན་གདོོད་ནས་འཁྲུལ་མ་མྱོང་བར་སངས་རྒྱས་པ་སྟེ། བསྒྲུབ་བྱའི་སངས་རྒྱས་ཆེན་པོ་གསུམ་ལྡན་གུད་དུ་བཙལ་བས་ནམ་ཡང་རྙེད་པ་མེད་ཀྱང་གློ་བུར་འཁྲུལ་རྟོག་གིས་བསྒྲིབས་ཏེ་གཞན་ནས་རྩོལ་སྒྲུབ་ཏུ་ལྟ་བའི་འཛིན་པས་བཅིངས་པ་ལ་ཡང་དག་པའི་ལམ་གྱི་ས་མཁན་བླ་མ་དམ་པའི་བཀའ་དྲིན་གྱིས་གདོད་ནས་ཡེ་གྲོལ་གྱི་རྟོགས་པ་བསྐྱེད་ཅིང་ལྷུན་གྲུབ་ཀྱི་སངས་རྒྱས་རང་ལ་གནས་པར་ངོ་འཕྲོད་དེ། རྣམ་པ་མ་འགགས་པར་གསལ་ལ་ངོ་བོ་མ་སྐྱེས་པའི་སྟོང་པ་གཉིས་པོ་རོ་གཅིག་ཏུ་མཉམ་པའི་ཁྱབ་བྱ་ལ། ཁྱབ་བྱེད་རང་རིག་པའི་སྙིང་པོ་ཅན་གྱི་གཞི་མ་ནོར་བའི་གནས་ལུགས་དེ་ཉིད་ལམ་མ་བཅོས་པ་གདོད་མའི་རང་བབས་སུ་བསྐྱངས་པས་གཤིས་ཇི་བཞིན་པ་མངོན་དུ་གྱུར་པ་ལས། སེམས་ཅན་གྱིས་ངན་པར་དང་སངས་རྒྱས་ཀྱི་ས་བཟང་པོར་བཏང་ནས་གསར་ཐོབ་ཏུ་འཆོས་པ་མེད་པར་རྟོགས་པ་དེ་ཡིས། སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ད་ལྟ་ཉིད་ནས་ཕྱིན་ཏེ་ཆོས་སྐུ་རང་གནས་ཆེན་པོར་ལ་བཟླས་པ་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་འབྲས་བུའོ། །དེ་ལྟར་ཡང་ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ངོ་། །ཞེས་སོ། །གཉིས་པ་ནི། ལྟ་བ་ ནས་ རོལ་པའི་གར༔ ཞེས་གསུངས་ཏེ། གསང་རྒྱུད་ཟབ་མོ་རྣམས་སུ་རྡོ་རྗེའི་ཚིག་གིས་བསྟན་པའི་ལམ་གྱི་ཆ་རྐྱེན་དངོས་པོ་བཅུའང་འདིར་འབད་མེད་ཀྱི་ངང་ལ་ལྷུན་གྱིས་གྲུབ་པ་སྟེ། ལྟ་བའི་མཁན་པོས་བལྟ་བྱའི་ཡུལ་མེད་པས་གནས་ལུགས་དེ་ཁོ་ན་ཉིད་དུ་ལྟ་བ་དང་། སྒོམ་པ་དམིགས་གཏད་ཀྱི་རྩིས་གདབ་དང་བྲལ་བས་རང་སྣང་རིས་མེད་ཀྱི་དཀྱིལ་འཁོར་བཀོད་པ་ཁྱབ་པར་བརྡལ་བ་དང་། སྤྱོད་པ་སྤང་བླང་བྱར་མེད་པས་ཆོས་ཉིད་ཀྱི་དབྱིངས་སུ་ཆོས་ཅན་གྱི་མཚན་མ་ལ་དོར་ནས་འབྲས་བུ་བླང་བྱ་རྣམ་གྲོལ་དང་སྤང་བྱ་འཁོར་ཆོས་གཉིས་ཀ་ལས་འདས་ཏེ་རང་གནས་ཀྱི་རིག་པ་གཞི་ཐོག་ཏུ་རྫོགས་པ་དེ་ནི། གཞི་ལམ་འབྲས་བུའི་རིམ་པ་ཀུན་ལ་ཁྱབ་པས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་ཞེས་བྱ་བ་གཏོར་བླུགས་ཀྱི་ཆོ་ག་ཀུན་ལས་ཁྱད་པར་འཕགས་པ་དང་། ས་མ་ཡ་འབུམ་སྡེའི་དམ་ཚིག་རྣམས་ཀྱང་གདོད་ནས་ཆོས་ཉིད་ལས་མི་འདའ་བས་ཡེ་སྲུང་ལྷུན་གྲུབ་གཟུང་འཛིན་དང་བྲལ་བའི་དབྱིངས་རྒྱུ་འབྱམས་སམ་ཕྱལ་བ་ཆེན་པོ་གཅིག་ཏུ་བཟླུམ་པ་དང་། དོན་ཏུ་གཉེར་ཏེ་བསྒྲུབ་བྱའི་རྒྱལ་པོ་རང་བྱུང་ཡེ་ཤེས་ཆེ་བའི་མཆོག་གཞན་ལས་མ་བཙལ་རང་ཉིད་ལས་རྙེད་པ་དང་། སྒྲུབ་བྱེད་ཀྱི་ེཆོས་བཏང་བཞག་མེད་པའི་ཏིང་ངེ་འཛིན་ཁོར་མོ་ཡུག་ལས་མི་གཡོ་བས་རྒྱུན་ཆད་མེད་པ་དང་། སྒྲུབ་པའི་ཕྲིན་ལས་སྣང་སྲིད་ཐམས་ཅད་ཆོས་སྐུའི་ཡོ་ལངས་སུ་བརྡལ་བས་ཅིར་སྣང་ཡེ་ཤེས་ཀྱི་རོལ་པར་ཤུགས་ལས་འབྱུང་བ་དང་། སྒྲུབ་པའི་ཡན་ལག་ཅིའང་མི་གསུང་ཞིང་བྱར་མེད་མཉམ་པར་བཞག་པའི་བཟླས་པ་ཆེན་པོས་གསང་སྔགས་ཀྱི་འཁོར་ལོ་བླ་མེད་དུ་བསྐོར་བ་དང་། བློ་ཡིས་བཟོ་མ་བཅོས་པ་ཚོགས་དྲུག་གི་ཡུལ་ཤེས་རང་བབས་ལྷུག་པར་བཞག་པས་ཐུག་ཕྲད་རེག་གྲོལ་དུ་སྟོབ་པ་མཆོད་པའི་སྤྲིན་འབྱམས་སུ་ཀླས་པ་དང་། སེམས་ཀྱི་གསལ་སྣང་ཀུན་ཏུ་ཁྱབ་པའི་ཕྱག་རྒྱ་ཡེ་ཤེས་སུ་འཆིང་བ་དང་རིག་རྩལ་ཕྱོགས་མེད་དུ་འགྲོ་བ་རོལ་པའི་གར་གྱི་རྣམ་གྱུར་དུ་ལྷུན་གྱིས་གྲུབ་པའོ། །གསུམ་པ་ནི། སེམས་ཀྱི་ ནས་ ད་ལྟ་ཕྱིནཿ ཅེས་གསུངས་ཏེ། ཁྲེགས་ཆོད་ཡེ་བབས་སོར་བཞག་གི་ཐོག་མར་སེམས་ཀྱི་མཚང་བཙལ་ཏེ་སྐྱེ་མེད་དུ་རྩད་བཅད་པ་ན་རང་བྱུང་ཡེ་ཤེས་ལ་བསྙེན་པ་སྟེ། བར་དུ་རང་རིག་ཀ་དག་གི་ཐོག་ཏུ་གནས་ལུགས་མ་བཅོས་རྣལ་མར་ངོ་སྤྲོད་པ་ནི་ཉེ་བར་བསྙེན་པ་དང་། འགགས་མེད་དུ་གཏན་ལ་ཕབ་སྟེ་རང་བྱུང་གི་ཐིག་ལེ་ཉག་གཅིག་ཏུ་འཁོར་འདས་ཐམས་ཅད་རྫོགས་པར་ཐག་ཆོད་པ་ནི་སྒྲུབ་པའི་ངང་དུ་གནས་པ་ཡིན་ལ། མཐར་གཉུག་མ་ཡེ་གྲོལ་གྱི་ཐོག་ཏུ་གཉེན་པོས་བསྐྱར་གྲོལ་མ་དགོས་པའི་གདེང་བཅའ་བ་སྒྲུབ་པ་ཆེན་པོའི་རིམ་པས་གཉིས་མེད་དུ་རྩལ་སྦྱང་སྟེ། དེའང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་པ་ལྟར། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་པས་རྐྱེན་སྣང་རླུང་ཚོགས་ལྟ་བུས་ནམ་ཡང་མི་གཡོ་བའི་གདེང་རྙེད་པ་རི་བོ་ཅོག་བཞག་གི་ལྟ་བ། རིག་པ་ཟང་ཐལ་ལ་དབང་པོའི་གདངས་མ་འགགས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ། སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་ཤར་ཡང་ཡུལ་དང་ཡུལ་ཅན་དུ་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་གྱིས་ཆུ་ལ་མི་གོས་པ་དང་མཚུངས་པ་རྒྱ་མཚོ་ཅོག་བཞག་གི་སྒོམ་པ། རིག་པའི་དྭངས་ཆ་མེ་ལོང་ལྟ་བུར་ཆོས་ཅན་མཚན་མ་ཅིར་སྣང་ཡང་དགག་སྒྲུབ་བྲལ་བར་སྣང་ཤེས་རོ་མཉམ་ཡན་གར་བཞག་པ་སྣང་བ་ཅོག་བཞག་གི་སྤྱོད་པ། རིག་པ་ཟང་ཐལ་ངོས་བཟུང་མེད་པ་བློ་ཡིས་བཟོ་བཅོས་ངང་འཛིན་ཞེན་གང་ཡང་མི་བྱ་བ་རང་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་རང་གནས་སུ་བཞག་པ་ནི་རིག་པ་ཅོག་བཞག་གི་འབྲས་བུ་སྟེ། དེ་ལྟར་ཅོག་བཞག་གི་གནད་བཞི་དང་ལྡན་པ་ལས། ཀ་དག་ཟང་ཐལ་གདོད་མའི་ཆོས་དབྱིངས་ཀུན་ཏུ་བཟང་པོའི་གྲོལ་གཞི་བྱང་ཆུབ་སྙིང་པོའི་ས་ལ་ཕྱི་དུས་སུ་མི་ལྟོས་པར་ད་ལྟ་ཕྱིན་པར་འགྱུར་རོ། །གསུམ་པ་ཀ་དག་གི་ལྟ་བའི་མཇུག་བསྡུ་བ་ནི། མདོར་ན་ ནས་ ཆེན་པོར་རྫོགས༔ ཞེས་གསུངས་ཏེ། གཞི་ཀ་དག་གི་ལྟ་བའི་གནས་ལུགས་མདོར་བསྡུས་ཏེ་དཔེར་མཚོན་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སྐྱེ་འགྲོ་གནས་ལུས་བཀོད་པའི་བྱེ་བྲག་གཅིག་ཏུ་མ་ངེས་པས་ཐ་དད་སྣ་ཚོགས་སུ་མཆིས་ཀྱང་། འབྱུང་བ་ཆེན་པོ་ནམ་མཁའ་སྟོང་པའི་ཀློང་དུ་མ་འདུས་པ་མེད་པས་དེའི་ངང་དུ་དབྱེར་མེད་རོ་གཅིག་པ་ལྟར། དྲང་དོན་དུ་ ལམ་སྟེགས་ལྷ་དང་ཚངས་པའི་ཐེག་པ་དང་རྣམ་བྱང་གིས་བསྡུས་པའི་དཀར་པོའི་ལམ་ཉན་ཐོས་ནས་ཨ་ནུའི་བར་དང་དེ་སོ་སོའི་ཐོབ་བྱའི་འབྲས་བུ་བསམ་ལས་འདས་པར་གསུངས་ཀྱང་། ངེས་པའི་དོན་དུ་གདོད་མའི་གྲོལ་ས་ཀ་དག་རང་བྱུང་རིག་པའི་ངང་དུ་ལྷུན་གྲུབ་ཆེན་པོར་གཞི་ལ་རྫོགས་པ་སྟེ། དེའང་ཡེ་གྲོལ་ལ་གཞི་དང་སྣང་བ་ཡུལ་རྣམས་ཡེ་ནས་རྫོགས་པ་དང་། རང་གྲོལ་ལ་འཁྲུལ་གཞི་ལམ་དང་ཤེས་བྱ་རང་སར་རྫོགས་པ་དང་། གཅིག་གྲོལ་ལ་འབྲས་བུ་རྒྱུ་རྐྱེན་ཆོས་ཉིད་རྣམས་རང་བཞིན་དུ་རྫོགས་པ་དང་། མཐའ་གྲོལ་ལ་འཁོར་འདས་རྒྱུད་ལུང་ཐམས་ཅད་མཐའ་བྲལ་དུ་རྫོགས་པ་དང་། གཅེར་གྲོལ་ལ་གདམས་ངག་བསམ་གཏན་འབྲས་བུ་བཅས་ཆོས་དབྱིངས་རང་ངོར་རྫོགས་པར་གསུངས་ཏེ། མུ་ཏིག་ཕྲེང་བ་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །ཞེས་པ་ནས། རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །ཞེས་སོགས་གསུངས་སོ། །གཉིས་པ་ཐོད་རྒལ་གྱི་ཉམས་ལེན་བཤད་པ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་ཟབ་ ནས་ གྲོལ་བའི་ཐབསཿ ཞེས་གསུངས་ཏེ། ཐེག་དགུ་འོག་མ་རྣམས་ལས་ཆེས་ཟབ་པའི་ཁྲེགས་ཆོད་ཀྱི་གདམས་པ་ལའང་རིག་པ་ལུས་ལ་གནས་ཀྱང་དེ་མངོན་དུ་སྟོན་པའི་གནད་མེད་པས་འདིར་དེ་ལས་ཀྱང་ཡང་ཟབ་ཀྱི་མན་ངག་སྟེ་གདམས་པའི་དོན་ལ་བློས་བརྟགས་ཀྱི་ཟབ་མི་ཟབ་བྱ་བའི་གླགས་མི་རྙེད་པས་གནད་ཀྱི་གདམས་པ་ཁྱད་པར་བདུན་དང་ལྡན་པ་སྟེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ །ཞེས་འབྱུང་སྟེ། དེའང་ཕྱི་དབྱིངས་ནམ་མཁའ་སྟོང་པར་ནང་གི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་སྟོན་ཅིང་ལམ་དུ་བྱེད་པས་ཡིད་དཔྱོད་རྟོག་པའི་ཤེས་རབ་ལ་རག་མ་ལུས་པའི་ཕྱིར། རིམ་དགུའི་ཐེག་པའི་ཟད་སའམ་སྐྱེལ་སོར་གྱུར་པ་སྟེ། ཚིག་དང་གོ་བ་ཤེས་རབ་ལ་མི་ལྟོས་པར་དབང་པོས་མཐོང་བ་དང་། དབང་པོ་རྣོ་བརྟུལ། ལས་བཟང་ངན། ཕོ་མོའི་ཁྱད་པར་སོགས་མེད་པར་རིག་རྩལ་དབྱིངས་ཀྱི་སྣང་ཆར་སྐུ་གསུམ་པོ་ལམ་དུ་སྣང་བ་སྟེ། ངོ་བོ་ཆོས་སྐུའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་ལོངས་སྐུའི་རྟགས་སུ་འོད་གདངས་སྣ་ཚོགས་སུ་སྣང་བ། ཐུགས་རྗེ་སྤྲུལ་པའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་སྟེ། ཆོས་སྐུ་ཀ་དག་ཡིན་པས་དངོས་པོ་འཕོ་འགྱུར་མེད་ལ། ལྷུན་གྲུབ་ལོངས་སྤྲུལ་དུ་སྣང་བས་འབྲས་བུ་ཕྱི་དུས་ལ་མི་ལྟོས་པའི་ཕྱིར་ཚེ་ཕྱི་མའི་དུས་སམ་ཚེ་ལོ་བརྒྱ་པའི་ཡུན་སོགས་ལ་མི་ལྟོས་པར་ད་ལྟ་མཐོང་མ་ཐག་ནས་གྲོལ་བའི་སྣེ་ཟིན་ཅིང་། བརྩོན་འགྲུས་ཅན་ལོ་གསུམ་མམ་དྲུག་ལ་སོགས་པས་གྲོལ་བའི་ཐབས་འོད་གསལ་སྣང་བ་བཞིའི་ལམ་མཆོག་ཐོད་རྒལ་ཉིད་བཤད་པ་ཡིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། རང་རིག་མངོན་སུམ་མཐོང་མེད་པས། །རིམ་དགུའི་འདོད་པས་གྲོལ་བ་མིན། །ཆོས་ཉིད་ཟད་ས་མཐར་ཕྱིན་པས། །སྐུ་གསུམ་ལམ་གྱི་སྣང་བའོ། །ཞེས་སོ། །གཉིས་པ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་བྱའོ། །དང་པོ་ལའང་གཉིས། རིག་པའི་སྣ་ཁྲིད་འཁོར་འདས་རུ་ཤན་ཕྱེ་བ་དང་། གནད་བཞིས་མངོན་སུམ་གྱི་སྣང་བ་ལ་འཇུག་པའོ། །དང་པོ་ནི། རིག་པའི་ ནས་ དགུ་ཕྲུགས་བཏང༔ ཞེས་གསུངས་ཏེ། དེའང་གཞུང་གི་ལུགས་སྐྱེས་བུ་སྤྲོས་པ་ཅན་ཐུན་མོང་གི་དྲོད་རྟགས་ལ་དགའ་བས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞིའི་སྒྲ་དོན་ལ་སྦྱང་བར་གསུངས་ཀྱང་། འདིར་མན་ངག་ལུགས་བརྩོན་འགྲུས་ཅན་བརྟུལ་ཞུགས་ལ་དགའ་བས་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་སྔོན་དུ་སྦྱང་བར་བྱ་སྟེ། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་པས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་ཤིང་སྒོ་གསུམ་གྱི་རུ་ཤན་སོ་སོར་དབྱེ་བའང་ལུས་ཀྱིས་འགྲོ་བ་རིགས་དྲུག་གི་སྤྱོད་ཚུལ། བདེ་གཤེགས་ཞི་ཁྲོའི་སྐུའིི་རྣམ་འགྱུར། ངག་གིས་འགྲོ་དྲུག་སྒྲ་སྐད་ཆོས་སྒྲ་གསང་སྔགས་སོགས་སེམས་ཀྱིས་རིགས་དྲུག་གི་བདེ་སྡུག་བཏང་སྙོམས་སྤྱོད་པ་དང་མི་རྟོག་པའི་ཏིང་ངེ་འཛིན་སོགས་ལ་ངལ་དུབ་ཐང་ཆད་མ་གྱུར་པར་རྟགས་ཐོན་པར་སྦྱངས་ནས་རྣལ་དུ་དབབ། མན་ངག་ལུགས་རྣམས་སུ་ནང་ལྟར་རུ་ཤན་དབྱེ་བ་ལུས་ལ་རིགས་དྲུག་གི་ས་བོན་རྩ་ཡིག་ཚུལ་དུ་གནས་པ་སྔགས་དང་དམིགས་པས་སྦྱང་བའང་བྱ་བར་གསུངས་ལ། དེས་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་པའོ། །དེ་ནས་སྒོ་གསུམ་རེ་རེར་ཡང་ཕྱི་ནང་གསང་བ་གསུམ་རེས་དབྱེ་བའི་བྱ་བ་དགུ་ཕྲུགས་རྣམས་རིང་དུ་བོར་ཞིང་བཏང་བར་བྱ་སྟེ། དེ་ལ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་སྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་སྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོགས་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་དེས་ནི་སྒོ་གསུམ་གནས་པ་དང་། བརྟན་པ་དང་། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་བརྟན་གྲོོལ་བའི་གདེང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ལུས་གནད་ ནས་ གཟིར་བ་ལས༔ ཞེས་གསུངས་ཏེ། སྒོ་གསུམ་ལ་གནད་བཞིས་བཅུན་ནས་མངོན་སུམ་གྱི་སྣང་བ་ལ་འཇུག་པར་བྱ་སྟེ། བཞི་ནི་ལུས། ངག །ཡིད། སྒོའི་གནད་དོ། །དེ་ལ་དང་པོ་ལུས་ཀྱི་གནད་ནི། ཀློང་གསལ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་པ་ལྟར། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་དང་། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་དང་། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་རྣམས་བྱས་པས་གནས་སྐབས་སུ་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་རོ། །གཉིས་པ་ངག་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་པ་ལྟར་སྨྲ་བ་ཉུང་བ་དང་ཅུང་ཟད་ལས་མི་སྨྲ་བ་དང་བརྡ་ཙམ་ལ་བརྟེན་པས་གནས་སྐབས་སུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོན་ལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། ཁྱད་པར་འདས་རྗེས་ལས། རླུང་གནས་ཤིན་ཏུ་དལ་ལ་བསླབ། །ཅེས་གསུངས་པས་རླུང་དལ་བ་མ་བརྟེན་ན། རླུང་གིས་རིག་པ་སྦུར་ནས་མི་ཟིན་པས་ཕྱི་ནང་འགྲོ་འོང་གི་རླུང་ནི་དལ་བར་བསླབ་ཅིང་། དེའི་ཚུལ་ཡང་། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའི་དགོས་པ་ཡོད་དོ། །གསུམ་པ་ཡིད་གནད་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏོད་པས་འགྲུབ། །ཅེས་པས་ཡུལ་རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་དབང་པོ་མི་གཡོ་བར་རྩེ་གཅིག་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པས་དྲག་ཏུ་བཅུན་པས་ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་གིས་འཆར་བར་འགྱུར་ཏེ། དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །བཞི་པ་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་པ་ལྟར་ཆོས་སྐུའི་གཟིགས་སྟངས་གྱེན་དུ་ལྡོག་ཏེ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་གྱིས་འཁྲིད་དེ་སྨྱུག་མ་བསྲོང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུ་རྣམས་གོང་གི་འདུག་སྟངས་གསུམ་དང་རིམ་པར་སྦྱར་ནས་བྱ་སྟེ། དེ་དག་གིས་ཕྱི་ནང་གི་དབྱིངས་རིག་མཐོང་སྟེ་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གཉིས་པ་དངོས་གཞི་ལ་ལྔ། ཉམས་སུ་བླང་བྱ་འོད་གསལ་ཡེ་ཤེས་ཀྱི་ཐིག་ལེ་བཤད་པ། དེ་ཇི་ལྟར་ཉམས་སུ་བླངས་ཚུལ་བཤད་པ། དེ་ལྟར་ཉམས་སུ་བླང་བ་ལ་དངོས་པོ་བཅུ་ཚང་བའི་ཚུལ་གྱིས་ཁྱད་པར་འཕགས་པའི་གནས་བཤད་པ། ཐུན་བཞིའི་མན་ངག་དང་སྦྱར་ཏེ་ཉམས་ལེན་གནད་དུ་བསྣུན་པ། བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་ཉམས་སུ་བླངས་པའི་འབྲས་བུ་བཤད་པས་དོན་བསྡུ་བའོ། །དང་པོ་ནི། སྙིང་དབུས་ ནས་ འགྲོ་འོང་ཅན༔ ཞེས་གསུངས་ཏེ། གནད་བཞི་གཟིར་བ་ལས་མངོན་སུམ་གྱི་སྣང་བ་དེ་གཞི་གང་ལས་འཆར་ན་སྙིང་དབུས་མི་ཤིགས་པ་དྭངས་མའི་ཐིག་ལེ་འོད་གསལ་རིག་པའི་ཡེ་ཤེས་ཉིད་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་ཟེར་གདངས་སུ་འཆར་ཏེ། ཀློང་གསལ་ལས། རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་འཚེར་ཐིག་ལེ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་ནས། ཞེས་པ་ལྟར། ངོ་བོ་སྐུར་བཞུགས་པས་ཀ་དག་གི་དགོངས་པ་དང་མཐུན་པ་ནི་དོན། རང་བཞིན་འོད་དུ་བསྟན་པས་གསང་སྐོར་ལུས་དཀྱིལ་དུ་མཐུན་པ་ནི་བརྡ། ཐུགས་རྗེ་སྒྲོན་མར་སྣང་བས་ཡང་གསང་སྙིང་ཏིག་དང་མཐུན་པ་ནི་རྟགས་སོ། །ལམ་གང་དུ་འཆར་ན། རང་བྱུང་རྡོ་རྗེས་སེམས་དཔའི་གསང་བའི་ལམ་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་བྱ་བ་སྙིང་ནས་མིག་ཏུ་དར་དཀར་གྱི་སྐུད་པ་ལྟ་བུར་འབྲེལ་བའི་འོད་རྩ་བའི་ལམ་ལས་བརྒྱུད་དེ་འཆར་བས་མིག་གི་དབང་པོ་རྒྱངས་ཞགས་ཆུའི་སྒྲོན་མེའི་རྟེན་ལས་མངོན་སུམ་དུ་སྣང་། ཡུལ་གང་དུ་འཆར་བ་ན། ཕྱིའི་དབྱིངས་སུ་འཆར་ཏེ་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བར་འཆར་བས་སྤྲིན་དང་བསིར་བུ་སོགས་རྙོག་པའི་རྡུལ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཉི་མ་འཆར་བ་དང་སྡུད་པའི་དུས་ཀྱི་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ། ཚུལ་ཇི་ལྟར་འཆར་ན། རྣམ་དག་དབྱིངས་སྒྲོན་ཉིད་ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚེོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་མཐིང་གསལ་དྭངས་པའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བར་འགྲོ་འོང་དལ་བྲེལ་ཅན་མུ་ཏིག་གི་ཕྲེང་བ་ལྟ་བུ་འཆར་བར་འགྱུར་ཏེ། སྒྲོན་མ་འབར་བ་ལས། མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེལ་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དང་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་མ་འགགས་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང་། །ཞེས་དང་། འཆར་ཚུལ་ཡང་སེང་གེ་རྩལ་རྫོགས་ལས། དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་པ་སྐུ་ལྔའི་སྣང་བར་ཤར། །དབྱིངས་དང་རིག་པ་ཡེ་ཤེས་གསུམ། །འདུ་འབྲལ་མེད་པའི་ཚུལ་དུ་གསལ། །ཞེས་སོ། །ཚུལ་འདིའི་གཞུང་གདམས་རྒྱས་པ་རྣམས་སུ་སྒྲོན་མ་རྣམ་པ་དགུ་དང་དྲུག་དང་བཞིར་གསུངས་པའི་སྔ་མ་ལ་ཕྱི་མ་རྣམས་འདུ་ཞིང་ལམ་དུ་བྱ་བ་དངོས་ནི་སྒྲོན་མ་བཞི་པོ་འདི་དག་ཡིན་པ་དང་། དགུར་དབྱེ་བ་ལྟར་ན། གནས་པ་གཞིའི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་སྟོང་གསལ་རིག་པའིསྙིང་པོ་ཅན་ཀུན་ཁྱབ་ཏུ་བཞུགས་པ་དང་། ལམ་ལ་ནང་ཙིཏྟ་ཤའི་སྒྲོན་མ་སྙིང་དྭངས་མའི་ཐིག་ལེ་བརྟེན་པའི་གནས་ནས། དཀར་འཇམ་རྩའི་སྒྲོན་མ་ཤེལ་སྦུག་ཅན་སོགས་ཡེ་ཤེས་འོད་ཀྱི་རྩ་ལྔ་ལས་འོད་གསལ་གྱི་སྣང་བ་འབྱུང་བའི་ལམ་བྱས་ཏེ། མིག་རྒྱང་ཞགས་ཆུའི་སྒྲོན་མ་ལའང་འབྱུང་བ་འདུས་པའི་རྒྱངས་ཞགས་མིག་གི་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་གཟུགས་སྣང་འཛིན་ནུས་པའི་མིག་ཤེས། ཡེ་ཤེས་འདུས་པའི་རྒྱངས་ཞགས་འོད་རྩའི་སྒོ་དངོས་འཚོགས་པའི་མཐུ་ལས། ཕྱི་རུ་དབྱིངས་རྣམ་དག་གི་སྒྲོན་མ་མཐིང་ག་ཁྱབ་པ་ཆེན་པོ་འོད་ལྔའི་ར་བར་ཐིག་ལེ་སྟོང་པའི་སྒྲོན་མ་ཟླུམ་སྐོར་མུ་ཁྱུད་ཅན་ཐོག་མར་གཉིས་འབྲེལ་སུམ་འབྲེལ་སྲན་མ་ཙམ་པ་ནས་མཐར་གྲངས་ལས་འདས་ཤིང་རྒྱ་ཆེ་བ་འཆར་བ་དང་། དེ་དག་གི་ཁྱབ་བྱེད་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་རང་རིག་ཡེ་ཤེས་ཆེ་གསལ་ཆེ་བརྟན་དུ་སོང་བ་ལས། གྲོལ་ས་བར་དུ་དུས་ཀྱི་སྒྲོན་མར་ཐིམ་ལུགས་བརྒྱད་ཀྱིས་གདེང་ཐོབ་སྟེ། གྲོལ་གཞི་མཐར་ཐུག་འབྲས་བུའི་སྒྲོན་མ་ནང་དབྱིངས་ཀ་དག་གཞོན་ནུ་བུམ་སྐུ་ཁྱད་ཆོས་དྲུག་ལྡན་གྱི་གདངས་རྩལ་ལྷུན་གྲུབ་འཕོ་བ་ཆེན་པོ་རྡོ་རྗེའི་སྐུས་འཁོར་བ་ཇི་སྲིད་དུ་གཞན་དོན་མཛད་པར་གསུངས་སོ། །གཉིས་པ་ནི། སྟོང་པའི་ ནས་ འདས་པ་འཆརཿ ཞེས་གསུངས་ཏེ། དེ་ལྟ་བུའི་དབྱིངས་རིག་དེ་ལ་གོམས་པར་བྱེད་པའི་ཚུལ་ཡང་། ཕྱི་ནང་གསང་བའི་ནམ་མཁའི་སྟོང་པའི་དབྱིངས་སུ་སྒོ་གསུམ་གྱི་གནད་གཅུན་ཞིང་མིག་འབྲས་མི་འགུལ་བར་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པའི་གཟེར་བཅུག་སྟེ་ཡེ་ཤེས་ཀྱི་རང་གདངས་བསམ་གྱིས་མི་ཁྱབ་པའི་དབྱིངས་སྣང་ཤར་བ་ལ་ཕྱི་རུ་གཟུང་ཡུལ་དང་ནང་དུ་འཛིན་པའི་མཐོང་བྱ་མཐོང་བྱེད་ཀྱི་གཉིས་རྟོག་དང་བྲལ་བའི་ངང་དུ། ནང་འཆར་གཞི་སེམས་ཡིད། ཕྱི་འཆར་སྒོ་མིག་དབང་། བར་སྐྱོད་བྱེད་རླུང་གི་འགྲོ་ལྡོག་གསུམ་པོ་འཇུག་པའི་གནད་ལ་རྩེ་གཅིག་ཏུ་དྲིལ་ནས་མཉམ་པར་བཞག་ཅིང་རང་སོ་བཟུང་བས། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བ་དང་། དེ་ལ་བརྟེན་ནས་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་བརྟན་གོང་འཕེལ་དུ་འགྲོ་བའི་ཉམས་སྟོང་གསལ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། བློས་བསམ་པ་དང་ངག་གིས་བརྗོད་མི་ནུས་པ་སྤྲོས་པ་ཀུན་ལས་འདས་པ་རང་བབས་ཤུགས་འབྱུང་དུ་འཆར་བར་འགྱུར་རོ། །དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བ་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པར་འགྱུར་རོ། །གསུམ་པ་ནི། ཡེ་ནས་ ནས་ སྡོམ་པའི་ཕུལ༔ ཞེས་གསུངས་ཏེ། ཡེ་གདོད་ནས་ཆོས་ཉིད་ཀྱི་རྒྱན་དུ་རང་ཤར་བའི་དབྱིངས་འོད་ལྔའི་ཐིག་ལེར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མ་བཅོས་རང་བྱུང་གི་ལྷ་སྣང་དེ་ཁོ་ན་ཉིད་ལྟ་བའི་རྒྱལ་པོ་སྟེ། དབྱིངས་རིག་འདུ་འབྲལ་མེད་པར་སྒོམ་པའི་སྤྱོད་པས་ཆོས་ཟད་ཆེན་པོར་ལ་དོར་བས་སྐུ་གསུམ་རང་ཆས་ལམ་དུ་སྣང་བའི་དབང་གི་རིམ་པ་རྫོགས་ལ། རྟོག་བཅས་ཀྱི་རླུང་འགྲོ་འོད་ཟད་པའི་རྡོ་རྗེའི་བཟླས་པ་དང་། སྣང་ཞེན་སྐུ་དང་ཐིག་ལེའི་ཕྱག་རྒྱར་འཆིང་བ་དང་། སྣང་བཞི་གོང་འཕེལ་གྱི་ཉམས་ལས་གཞན་ཏུ་མི་གཡོ་བའི་ཏིང་ངེ་འཛིན་ཉིན་མཚན་བསུ་སྐྱེལ་རྒྱུན་མི་འཆད་པ་དང་། བློའི་འདུ་བྱེད་ཀྱིས་མ་བཀོད་པའི་ཐིག་ལེ་ཚོམ་བུའི་དཀྱིལ་འཁོར་སྤྲོ་བསྡུའི་སྤྲོས་པ་དང་བྲལ་བར་རྟག་ཏུ་ཤར་ཅིང་། རང་སྣང་གི་ཞིང་ཁམས་ཀུན་ཏུ་ཁྱབ་པའི་འཇའ་ཟེར་ཐིག་ལེའི་བཀོད་པའི་རྣམ་འགྱུར་བསམ་ལས་འདས་པས་འཁྲུལ་སྣང་བཙན་ཐབས་སུ་འགོགས་པའི་དོན་སྒྲུབ་ཅིང་དག་པ་རབ་འབྱམས་ཀྱི་གནས་སུ་མཆོད་པ་དང་། གཞི་སྣང་གི་རྩལ་ལ་ཡིད་དཔྱོད་ཀྱི་འཛིན་པས་འཁྲུལ་པ་ཁ་བརྒྱུད་པའི་རླུང་སེམས་ཟག་མེད་ཡེ་ཤེས་ཀྱི་དབྱིངས་སུ་རང་བཞིན་གྱིས་དེངས་པས་དོན་གཉིས་ཕྲིན་ལས་རོལ་པ་འབྱམས་སུ་ཀླས་ཤིང་། བསྲུང་མཚམས་མེད་པའི་གནད་དང་གཟུང་འཛིན་རྒྱ་ལས་གྲོལ་བའི་ཕྱལ་པ་ལས་མི་འདའ་བར་ཆོས་ཟད་གཅིག་པུར་སྐྱེལ་བའི་དམ་ཚིག་དང་ལྷུན་གྲུབ་ཆེན་པོའི་སྦུབས་སུ་ཆོས་ཀུན་སྡོམ་པའི་ཕུལ་དུ་ཕྱིན་པའོ། །བཞི་པ་ནི། དགེ་སྦྱོར་ནི་ ནས་ འོད་གསལ་དང༔ ཞེས་གསུངས་ཏེ། དུད་འགྲོ་རྨུ་རྒོད་འདུལ་ཐབས་ལ་མཁས་པས་ལམ་སྲང་དུ་བདེ་བ་རྒྱུར་གཞུག་པ་ལྟར་སེམས་རྟོག་ཁ་ཡན་འཁྲུལ་པའི་ཡུལ་ལ་མི་འཆུག་པར་དགེ་སྦྱོར་གྱི་ལམ་སྲང་དུ་འཇུག་པའི་ཐབས། ཉིན་མོ་སྣང་བ་རང་རྒྱས་འདེབས་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པ་སྟེ་ཉིན་ཞག་གཅིག་ལ་ཐུན་གྱི་ཆ་བཞིར་བགོས་པའི་རྣལ་འབྱོར་ཟབ་མོ་གནད་ཀྱི་མན་ངག་གི་ཡེངས་འཁྲུལ་མེད་པའི་ཉམས་ལེན་ལ་འབད་བརྩོན་བསྐྱེད་ན་རིང་པོར་མི་ཐོགས་པར་གཞིར་གནས་ཀྱི་བསྐྱེད་རྫོགས་དབྱེར་མེད་ཉིན་མཚན་ཁོར་ཡུག་ཏུ་འོད་གསལ་ཆེན་པོ་གཅིག་གི་ངང་དུ་གནས་པར་འགྱུར་རོ། །ལྔ་པ་ནི། མདོར་ན་ ནས་ ཐིག་ལེར་གྲོལ༔ ཅེས་གསུངས་ཏེ། སྔར་བཤད་པའི་དོན་དེ་དག་མདོར་བསྡུ་ན། ཐབས་སྒོ་གསུམ་འཕྲུལ་འཁོར་གྱིས་གཅུན་པ་དང་སྒོ་མིག་ཡུལ་ཕྱི་དབྱིངས་རླུང་དལ་ཞིང་རིག་པ་ཨར་ལ་གཏད་པའི་གནད་ཀྱི་སྦྱོར་བས་ལྷུན་གྲུབ་ཀྱི་འོད་གསལ་བསྙེན་པས། ཐབས་བྱུང་སྣང་བཞིའི་ཉམས་རིམ་པར་འཆར་ཏེ་ཐོག་མར་ཆོས་ཉིད་ཀ་དག་གི་གཞི་ལས་གཞི་སྣང་དུ་རོལ་པའི་རང་རྩལ་དབང་པོའི་མངོན་སུམ་དུ་སྣང་བ་ནི་ཉེ་བར་བསྙེན་པ་སྟེ། དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པའོ། །དེ་ནས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེའང་མ་ངེས་པའི་གཟུགས་དབྱིབས་དུ་མ་དང་། བཀྲག་ལ་འཚེར་བའི་ཟེར་ཐག །ཐིག་ལེ་ཇེ་གསལ་ཇེ་འཕེལ་དུ་གྱུར་པའི་ནང་དུ་རྡོར་སེམས་ལ་སོགས་པ་ཕྱེད་སྐུའམ་སྐུ་རྐྱང་རེ་ཤར་ནས་འགུལ་འཕྲིག་མེད་པ་ནི་ཉམས་སྣང་གོང་དུ་འཕེལ་བའི་སྒྲུབ་པ་ཡིན་པ་དང་། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་པ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔའི་དཀྱིལ་འཁོར་ཚད་མེད་པར་འཆར་ཞིང་སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཡོངས་སུ་བརྡལ་བ་རིག་པ་སྐུར་སྨིན་པའི་ཚད་ལ་ཕེབས་པས་མ་བསྒོམས་ཀྱང་འགྱུར་མེད་པ་སྒྲུབ་པ་ཆེན་པོའི་གྲུབ་འབྲས། ཕྱི་སྣང་བའི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཕྲུལ་སྣང་གི་ཆོས་ཐམས་ཅད་རང་ཟད་དེ་སྣང་དུ་འཛིན་པའི་བློ་ལས་འདས་ཤིང་ཀ་དག་གདོད་མའི་བཙན་ས་ཟིན་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའང་གནས་ལུགས་ཐོག་མའི་སྤྱི་གཞི་ལ་འཕགས་པའི་ལྷུན་གྲུབ་ཀྱི་གཞི་སྣང་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་སྐད་ཅིག་གཅིག་གིས་རྣམ་པར་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་མངོན་དུ་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབ་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད། །ཅེས་སོ། །གསུམ་པ་མཇུག་གི་བྱ་བ་ལ་གཉིས། དངོས་དང་། ཞར་བྱུང་གྲོལ་ཚུལ་བཤད་པའོ། །དང་པོ་ནི། ལམ་གྱི་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། འོད་གསལ་སྣང་བཞི་ཉམས་སུ་ལེན་པའི་ལམ་གྱི་ཡན་ལག་ཏུ་གལ་ཆེ་བ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པ་ལྟར། མི་འགུལ་པ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བསྟན་པ་རྣམས་ཏེ། དང་པོ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང་། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བ་དང་། རིག་པ་འོད་གསལ་ཀྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །གཉིས་པ་ནི། དབྱིངས་རིག་བརྟན་པའི་ཚད་དུ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་ཀྱང་འབྱུང་བར་གསུངས་ཤིང་། ཕྱི་མ་ལ་སྣང་བཞི་རེ་རེར་རྟགས་གསུམ་གསུམ་སྟེ་བཅུ་གཉིས་སུ་དབྱེར་ཡོད་དོ། གསུམ་པ་ནི། སྐྱེ་བ་དང་འཇུག་པ་དང་རླུང་སེམས་ལ་རང་དབང་ཐོབ་པ་སྟེ། དེའང་ཀ་དག་ཁྲེགས་ཆོད་དུ་གྲོལ་བ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་མེ་ཕུང་དང་རིག་འཛིན་གྱི་འཆི་ལུགས་རྣམས་ཀྱིས་སོ། །བཞི་པ་ལ། ཡར་གྱི་གདེང་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱིས་དོགས་པ་མེད་དོ། །རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འཁོར་བའི་སྡུག་བསྔལ་ཐོས་ཀྱང་མི་ལྟུང་དུ་རེ་བ་དང་། ལྟུང་གིས་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། དང་པོས་རླུང་སེམས་གནད་ལ་ཕེབས་ཏེ་ཉམས་ལེན་གྱི་གཞི་ཐིངས། གཉིས་པ་དྲོད་ཚད་ཀྱིས་མཚམས་ཕྱེད། གསུམ་པས་ཟག་བཅས་མི་སྣང་བའི་འཕོ་ཆེན་རྡོ་རྗེའི་སྐུ་མངོན་དུ་འགྱུར། བཞི་པས་མི་ལྡོག་པའི་ཡེ་ཤེས་ཀྱི་ཚད་བཟུང་བར་བྱེད་དོ། །གཉིས་པ་ནི། གལ་ཏེ་ ནས་ ཞིང་དུ་བགྲོད། ཅེས་གསུངས་ཏེ། བརྩོན་འགྲུས་དང་སྐལ་པ་དམན་པས་སྐྱེ་གནས་རང་བཞིན་གྱི་བར་དོའི་ཚེ་དུས་འདིར་གདོད་མའི་ས་ལ་གདོས་བཅས་ཟད་པའི་རྣམ་པར་གྲོལ་བ་མ་ཐོབ་ན། དབང་པོ་རབ་འཆི་ཁ་མའི་བར་དོར་སྔར་ཤེས་པའི་གདམས་ངག་རྣམས་གསལ་བཏབ་སྟེ། འབྱུང་ལྔ་རིམ་གྱིས་ཐིམ་ནས་ནམ་མཁའ་དབྱིངས་རིག་ལ་ཐིམ་པའི་ཚེ་སྲོག་ལྔ་སྙིང་དབུས་རིག་པའི་སྦུབས་སུ་འཇུག་པར་བྱས་པས་རིག་པ་ཉིད་གཞི་ལས་ལྡོག་སྟེ་ཀ་དག་གི་ས་ལ་ཕྱིན་པས་བེམ་རིག་བྲལ་བ་དང་འཚང་རྒྱ་བ་དུས་མཉམ་པ་ཚེ་བཅོ་ལྔའི་ཟླ་བ་ནུབ་པ་དང་ཉི་མའི་སྣང་བ་འཆར་བ་དུས་མཉམ་པ་བཞིན་ནོ། །དབང་པོ་འབྲིང་འཆི་ཀར་ཀ་དག་གི་གྲོོལ་སར་མི་སྙོགས་ན་གཞི་ལས་འཕགས་པའི་ཆོས་ཉིད་དུ་སྣང་པའི་བར་དོ་དང་འོད་དང་ཐིག་ལེ་ཞི་ཁྲོའི་ཚོམ་བུ་ཟེར་ཐིག་སྒྲ་སྐད་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་སྣང་ལས་གཞན་དུ་མེད་པར་ཡིད་ཆེས་ནས་མ་པང་དུ་བུ་འཇུག་པ་ལྟར་ངེས་པའི་ཤེས་པ་བརྟན་པོར་གནས་པས་སྐད་ཅིག་དང་པོར་རང་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་གི་དབྱིངས་སུ་ཐིམ་པར་འགྱུར་རོ། །དབང་པོ་ཐ་མ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་འཁྲུལ་པས་གཞན་དུ་རྟོགས་ན་དེ་དག་ཡལ་མ་ཐག་ཏུ་མིང་བཞི་འདུས་པའི་ཕུང་པོ་བརྫུས་སྐྱེས་ཡིད་ཀྱི་ལུས་སུ་གྲུབ་ནས་འཁྲུལ་སྣང་ཅིའང་སྲིད་པའི་བར་དོ་ལ་འཁྲུལ་པ་རྨི་ལམ་ཙམ་དུ་ཤར་ནའང་། ཆོས་འདིའི་སྒོ་མཐོང་ནས་ཐེ་ཚོམ་མེད་པའི་མོས་པ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་རྗེའི་སྟོབས་ལས་བར་དོར་རང་ངོ་ཤེས་པའི་ཚེ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཡིད་ལ་བྱས་པས་རྨི་ལམ་སད་པའི་ཆ་ཙམ་ལ་དེ་དག་ཏུ་བགྲོད་ཅིང་པདྨོ་ལ་བརྫུས་ཏེ་སྐྱེས། སྲིད་མཐའི་བྱང་ཆུབ་སེམས་དཔར་གྱུར་ཏེ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ལས་ཆོས་ཉན་པས་བདེན་པ་མཐོང་བ་དང་དབང་དང་ལུང་བསྟན་པ་ཐོབ་ནས་གདོད་མའི་ཞིང་དུ་འཚང་རྒྱ་བར་འགྱུར་རོ། །རྩ་བའི་ས་བཅད་བཞི་པ་གེགས་བསལ་པའི་རིམ་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ལྟར་ ནས་ གེགས་སེལ་ནི༔ ཞེས་གསུངས་ཏེ། དེ་ལྟར་རྒྱུད་སྨིན་པར་བྱེད་པ་དབང་བཞི་དང་། སྨིན་ནས་གྲོལ་བར་བྱེད་པ་བསྙེན་སྒྲུབ་ཡན་ལག་བཞིའི་ལམ་མཆོག་ལ་ཞུགས་པ་དེའི་ཚེ་ཚོང་པ་ནོར་ཅན་ལ་ཕས་ཀྱི་རྒོལ་བས་གླགས་ལྟ་བ་བཞིན་དུ་ཕྱི་ནང་གསང་བའི་བར་དུ་གཅོད་པ་འབྱུང་སྟེ། སྡུད་པ་ལས། ཐེག་པར་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པར། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཞེས་སོ། །དེ་ལ་གེགས་གང་ཞིག་བྱུང་ཡང་དེ་དག་སེལ་བྱེད་ཐབས་ཀྱི་རིམ་པ་ཁས་དྲག་ཅན་གྱི་དཔུང་གི་སྐྱེལ་མ་དང་མཚུངས་པ་སོ་སོའི་གཉེན་པོ་བསྟེན་པའི་ཚུལ་ནི་འདི་ལྟ་བུའོ། །གཉིས་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། དོན་ལ་ ནས་ སྦྱང་བའི་སླད༔ ཅེས་གསུངས་ཏེ། དོན་དམ་བདེན་པའི་རང་ངོ་ལ་བར་གཅོད་བྱ་བ་དག་དང་གཅོད་བྱེད་གེགས་ཀུན་དང་། གཅོད་པའི་ལས་ཐམས་ཅད་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ་སྦྲུལ་གྱི་མདུད་པ་བཞིན་གདོད་ནས་རང་བཞིན་གྱིས་གྲོལ་བའི་ཕྱིར། སྤང་བྱ་མི་མཐུན་པའི་ཕྱོགས་དང་བླང་བྱ་མཐུན་པའི་ཕྱོགས་དང་བསྟེན་བྱ་གཉེན་པོའི་ཕྱོགས་ཀུན་ལས་རིང་དུ་འདས་ཀྱང་། ཀུན་རྫོབ་བདེན་པ་ལ་བསྟེན་པའི་ལམ་ཞུགས་དང་པོའི་ལས་ཅན་བྱིས་བློའི་ཀུན་ཏུ་རྟོག་པའི་འཕྲུལ་འཁོར་སྦྱོང་བའི་སླད་དུ་ཐབས་འདི་དག་བསྟེན་པར་བྱའོ། །གཉིས་པ་ལ་བཞི། ཕྱི་འབྱུང་བ་ལུས་ཀྱི་གེགས་སེལ། ནང་བར་ཆད་བདུད་ཀྱི་གེགས་སེལ། གསང་བ་ཏིང་འཛིན་སེམས་གེགས་ལ། ཐུན་མོང་ཉམས་གྲིབ་རྐྱེན་གྱི་གེགས་སེལ་ལོ། །དང་པོ་རྒྱུ་རྐྱེན་འབྲས་བུར་ལྡན་པའི་ནད་བསལ་ཚུལ་ནི། འབྱུང་བ་ ནས་ རྣལ་དུ་དབབ༔ ཅེས་གསུངས་ཏེ་འབྱུང་བ་བཞི་ལས་གྲུབ་པའི་ལུས་ལ་འབྱུང་བ་ཁོད་མ་སྙོམས་ཏེ་འཁྲུགས་པ་ལས་བྱུང་བའི་ནད་རིགས་རྣམས་ཀྱི་གེགས་སེལ་བའི་ཐབས། གཞི་བག་ཆགས་སྣ་ཚོགས་པའི་ཀུན་གཞིའི་སྟེང་དུ་དུག་གསུམ་བག་ལ་ཉལ་བ་ལ། བདག་ཏུ་འཛིན་པའི་ཉེ་བར་ལེན་ནམ་རྒྱུ་ཡིས་ལས་བསགས་པས་ཉོན་མོངས་ཀུན་ནས་ལྡངས་པའི་རྣམ་རྟོག་གིས་སློང་བའི་རྐྱེན་བྱས་ཏེ། འབྲས་བུ་དུག་གསུམ་རྣམ་པར་གྱུར་པ་ལས་བྱུང་བའི་ཀུན་བརྟགས་གདོན་གཞན་དབང་སྔོན་ལས་ཡོངས་གྲུབ་ཚེ་ལྟར་སྣང་འཕྲལ་གྱི་ནད་བཞི་རེ་རེར་བརྒྱ་རྩ་གཅིག་རེ་སྟེ་བསྡོམས་པས་བཞི་བརྒྱ་རྩ་བཞིའི་ནད་དུ་སྨིན་ནས་ལུས་སེམས་ལ་ཟུག་རྔུའི་ཚོར་བས་ཡོངས་སུ་གདུང་བ་ཐམས་ཅད་བཅོས་པའི་ཐབས་ཐ་མལ་བ་ལྟར་མོ་གཏོ་སྨན་དཔྱད་ལ་རེ་ལྟོས་མི་འཆའ་བར་བདག་འཛིན་གྱི་འཁྲི་བ་བཅད་ཅིང་རེ་དོགས་ཀྱི་འཕྲང་བསལ་དགོས་ཏེ། ནད་ཀྱི་རྒྱུ་འདོད་ཆགས་ཀྱིས་རླུང་བསྐྱེད་པས་མཚོན་དུག་ལྔ་ལས་བྱུང་། དུག་ལྔ་པོ་དེའང་རང་གི་སེམས་འཁྲུལ་པའི་རང་རྩལ་ལས་གུད་ན་མེད་ཅིང་། སེམས་ཉིད་གདོད་ནས་སྐྱེ་རྒ་ན་འཆིའི་སྤྲོས་པ་དང་བྲལ་བ་ཡིན་པར་ཤེས་ནས། བདག་འཛིན་བློས་བཏང་། གཉིས་འཛིན་གྱི་རེ་དོགས་བཅད་དེ་རྒྱུ་ལྷན་སྐྱེས་ཀྱི་ནད་རྩད་བཅད་པས་འབྲས་བུ་ཀུན་བརྟགས་ནད་རང་བཞིན་གྱིས་འགགས་པར་འགྱུར་ལ། བཅོས་པའི་ཐབས་རབ་ངང་ལ་བཞག་པ་ནི། ནད་ཟུག་དང་བདག་རྟོག་ལ་སྤང་ལེན་མེད་པར་བྱུང་འཇུག་རིག་སྟོང་རྗེན་པའི་རང་ངོ་རྩེ་གཅིག་ཏུ་བསྐྱངས་པས་རྒྱུ་མ་རིག་པ་རིག་པའི་ཡེ་ཤེས་ཀྱིས་བཅོམ། རྐྱེན་ཉོན་མོངས་དབྱིངས་སུ་ལོག །མཚམས་སྦྱོར་རྣམ་རྟོག་མི་རྟོག་པར་ཐིམ་པར་འགྱུར་ལ། འབྲིང་རོ་སྙོམས་བྱ་བ་ནི། གོང་གི་རྟོགས་པ་མི་ཆུན་ན་མི་ན་བའི་རེ་བ་དང་ན་བའི་དོགས་པའི་འཁུ་འཕྲིག་རྩད་ནས་བཅད་ལ་ལུས་སྣང་བདག་འཛིན་དང་བཅས་པ་ལྟོས་མེད་གང་དགར་ལིང་གིས་བོར། དེས་ཀྱང་མ་སེལ་ན་ཐ་མ་དམིགས་པས་བཅོས་པ་ནི། ཧཱུྃ་གི་སྒྲ་གདངས་རླུང་སེམས་དྲིལ་བས་ནད་ཀུན་གང་ནས་གཟེར་བའི་དམིགས་གཅིག་ཏུ་ཧཱུྃ་ཡིག་གི་རྣམ་པར་བསྡུས་ལ་ཐད་ཀར་གྱི་ལུས་ལས་ཟུག་རྔུ་ཧཱུྃ་གི་རྣམ་པར་ཕྱིར་དབྱུང་བས་ཐག་རིང་པོར་ཡལ་བར་མོས་ལ་རླུང་རོ་ཡང་ཡང་བསལ་ཞིང་ཤེས་པ་ལ་ནའོ་སྙམ་པར་འཛིན་སྟངས་བོར་ལ་རང་བཞིན་བདེ་ལུགས་ཀྱི་རྣལ་དུ་དབབ་པར་བྱའོ། །གཉིས་པ་ནི། བར་ཆད་ ནས་ སྨོན་ལམ་གདབ༔ ཅེས་གསུངས་ཏེ། ཐར་པ་སྒྲུབ་པ་ལ་བར་ཆད་བྱེད་པའི་བདུད་རིས་ཀྱི་ལྷ་དང་འབྱུང་པོ་བགེགས་རིགས་རྣམས་ཀྱི་གེགས་སེལ་བའི་ཐབས་ནི། སྤྱིའི་བདུད་ཉོན་མོངས་ཕུང་པོ་འཆི་བདག་ལྷའི་བུའི་བདུད་བཞི་དང་། ལྷ་བདུད་ཀྱི་འཁོར་འཇིག་རྟེན་ཆེན་པོ་བཞི་སོགས་བདུད་རིགས་ཀྱི་ཡི་དྭགས་སུམ་ཅུ་རྩ་དྲུག་གི་འཁོར་དུ་གཏོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་དང་། ཁྱད་པར་གྱི་བདུད་འབྱུང་པོ་ལོག་འདྲེན་སོགས་ཕྱི། རྣམ་རྟོག་ཁུ་འཕྲིག་སོགས་ནང་། གྲུབ་རྟགས་རློམས་སོགས་གསང་བ། རེ་རེ་ལའང་དྲུག་རེ་སྟེ་བཅོ་བརྒྱད་ཀྱི་དབྱེ་བར་མདོ་སྡེ་རིན་པོ་ཆེར་གསུངས་པ་དེ་དག་བསྡུ་ན། ཞེ་སྡང་འདོད་ཆགས་གཏི་མུག་གསུམ་གྱི་རང་རྩལ་ཕོ་མོ་མ་ནིང་གི་རིགས་གྱུར་ལོག་འདྲེན་གྱི་བགེགས་དང་བར་གཅོད་ཀྱི་བདུད་ཆེན་པོ་རྣམས་སུ་ཤར་བས་དེ་གསུམ་དུ་འདུ་ལ། རྣམ་པ་བཟང་ངན་བྱེད་ལས་ཆོ་འཕྲུལ་ཇི་ལྟར་སྣང་ཡང་དོན་ལ་དེ་བཞིན་དུ་ཅུང་ཟད་ཙམ་ཡང་མ་གྲུབ་སྟེ་གཞི་མེད་པའི་ཕྱིར། དཔེར་ན་རང་གི་གྲིབ་མ་ལ་ཤ་ཟ་སྲིན་པོར་འཕྲུལ་ནས་དངངས་སྐྲག་སྐྱེས་པ་བཞིན་ནོ། །བདུད་བགེགས་ཀྱི་ངོ་བོ་ནི། ཞི་བ་ལྷས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་ཐམས་ཅད་ཀྱི་རྩ་བ་ངར་འཛིན་པའི་སེམས་འདི་ཡིན་ལ། དེའང་གསལ་སྟོང་ཟུང་འཇུག་ཏུ་གདོད་ནས་ཡོད་པའི་རང་ངོ་མ་ཤེས་ཏེ་གསལ་ཆ་ཕྱི་རོལ་ཏུ་ཤོར་བ་ལ་གཟུང་པའི་ཡུལ་དུ་བྱས། དེ་ལ་འཛིན་བྱེད་ཀྱི་ཤེས་པ་སྐྱེས་ནས་བདག་འཛིན་ཇེ་རགས་སུ་གྱུར་བའི་དབང་གིས་གསལ་ཆ་ཞེ་སྡང་སྟོང་ཆ་འདོད་ཆགས་ཟུང་འཇུག་གི་རང་བཞིན་གཏི་མུག་ཏུ་སོང་། དེ་ལས་ཀྱང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་བྱུང་ཞིང་དེ་དག་གི་རང་མདངས་མེད་སྣང་གློ་བུར་བའི་གཟུགས་བརྙན་མཐའ་ཡས་པ་དེ་ལྟར་སྣང་བ་སྟེ་རང་གི་སེམས་ནི་བདུད་ཅེས་བྱ། །རང་གི་སེམས་ནི་བགེགས་ཡིན་ནོ། །ཞེས་སོ། །འཇུག་པའི་རྒྱུ་མང་ཡང་གཙོ་བོ་ལམ་ལ་བརྩོན་འགྲུས་རྩོམ་པ་ལས་འབྱུང་བར་གསུངས་ཏེ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ་དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །ཞེས་སོ། །འཇུག་པའི་ཉེར་ལེན་ནི། ཐོག་མེད་ནས་ངར་འཛིན་པ་ལ་ཞེན་པའི་རྒྱུན་གྱིས་རྐྱེན་ཕྲ་མོ་ལ་བརྟེན་ནས་ཁུ་འཕྲིག་སྣ་ཚོགས་པ་སྐྱེ་བས་ནམ་མཁའ་མཛོད་ཀྱིིས་ཞུས་པ་ལས། དཔེར་ན་བུག་པ་ཡོད་པ་ལས་རླུང་འཇུག་པ་བཞིན་དུ་རྣལ་འབྱོར་པའི་སེམས་ལ་སྐྱོན་གང་དང་གང་ལ་ཡོད་པ་དེ་ལ་བདུད་འཇུག་ཅིང་གླགས་རྙེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སྐྱོན་མེད་པར་བྱའོ། །ཞེས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་དང་སྤྱོད་ཡུལ་བདུད་ཀྱི་ལས་སོགས་རྒྱས་པར་གསུངས་པ་ནི་མདོ་སྡེ་རྣམས་དང་གཞུང་གཞན་ལས་ཤེས་པ་གལ་ཆེའོ། །དེ་དག་སེལ་བའི་ཐབས་རྣལ་འབྱོར་པ་རབ་ཀྱིས་ཕྱི་རོལ་ལྟར་སྣང་བའི་བདུད་བགེགས་དེ་དག་གང་ལས་བྱུང་བའི་གཞི་རྩ་སེམས་ཐོག་ཏུ་བཅད་པས། རང་སེམས་འདྲེར་འཛིན་ལས་ཕྱི་རོལ་ཏུ་བདེན་པར་མ་གྲུབ་པར་ཐག་ཆོད། འདྲེར་འཛིན་ངོ་བོ་ལ་བལྟས་པས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་ནས་འཁྲུལ་པའི་རྫུན་ཕུག་རང་སར་བརྡིབས་ཏེ་རྣམ་རྟོག་གི་ལམ་སྲང་ཆད་པས་རེ་དོགས་སྡུག་བསྔལ་གྱི་རྒྱུ་འགྲུལ་ཀུན་རྩ་བ་ནས་ཞི་ཞིང་ལྟས་ངན་གཡང་དུ་ཁུག་སྟེ་ཡིད་བདེའི་ཉི་མ་ཁོང་ནས་འཆར་བར་འགྱུར་རོ། །དེས་ཀྱང་ཆོ་འཕྲུལ་མ་ཆོད་པའམ་རྣལ་འབྱོར་བ་འབྲིང་གིས་བདུད་བགེགས་ཆེད་དུ་བཀུག་ལ་ཕུང་པོ་འདོད་ཡོན་གྱི་ཚོགས་སུ་དམིགས་ཏེ་འབུལ། ལུས་གཟན་དུ་བོར་ལ་བདག་གཅེས་འཛིན་བློས་ལིང་གིས་བཏང་། ཡང་ཁུ་འཕྲིག་གི་སྙེམས་བྱེད་རྟོག་པ་རྡུལ་ཙམ་མེད་པར་ཅི་འོང་ཤོག་སྙམ་དུ་འཇིགས་པའི་དུར་ཁྲོད་དང་། ལྷ་འདྲེ་དྲག་པོའི་རྒྱུ་སྲང་སོགས་གང་དགའ་བར་ལྟོས་མེད་དུ་ཉལ་བས་ཆོ་འཕྲུལ་གྱི་སློང་རྣམས་ཚར་ཚད་དང་ཆོད་ཚད་དུ་གྱུར་ནས་བར་ཆད་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ། །དེ་དག་གི་རྗེས་ཐོབ་དང་རྣལ་འབྱོར་པ་ཐ་མས་བདུད་བགེགས་ཕ་མར་ཤེས་པས་བྱམས་སྙིང་རྗེ་དྲག་ཏུ་བསྐྱེད་ཅིང་དེ་དག་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་ལམ་ལ་བརྩོན་པར་འདོད་པའི་བྱང་ཆུབ་ཏུ་སེམས་ལྷག་པར་བསྐྱེད་ལ་བདག་གཞན་བརྗེ་བའི་བཏང་ལེན་དང་ཐེག་པ་ཆེན་པོའི་ཚུལ་དང་མཐུན་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང་། གཞན་ཡང་བླ་མ་དཀོན་མཆོག་ལ་སྙིང་ཐག་པ་ནས་བློ་ཁེལ་བའི་དད་གུས་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་རྣམས་ཀྱིས་ཀྱང་བདུད་བགེགས་ཀྱི་ཉེར་འཚེ་མཐའ་དག་ཞི་བར་འགྱུར་ཏེ། སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པ་ལྟར་རོ། གསུམ་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཁྱད་པར་ ནས་ ཤར་བའི་ཚེ༔ ཞེས་གསུངས་ཏེ། རྣལ་འབྱོར་པ་ལ་ཁྱད་པར་དུ་གཅེས་པ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཚེ་ཁམས་འདུས་པ་ལས་སེམས་འཁྲུགས་པའི་གེགས་འབྱུང་བས་དེ་སེལ་བའི་ཐབས་ཤེས་པ་ནི་གལ་ཆེ་སྟེ། གྲུབ་ཐོབ་ལྕེ་སྒོམ་པས། ཉམས་རྟོགས་ཅུང་ཟད་སྐྱེས་གྱུར་ཀྱང་། །ཤེས་རབ་བློ་གྲོས་ཞན་པ་དག །སོ་མི་ཐུབ་ཅིང་རྐྱེན་གྱིས་འཕྲོག །དེ་ལྟ་བུ་ཡི་གང་ཟག་ལ། །སྐྱོན་དང་གེགས་སེལ་ཤིན་ཏུ་གཅེས། །ཞེས་གསུངས་པ་ལྟར་རོ། །དེའང་ཏིང་ངེ་འཛིན་ལ་མི་མཐུན་པའི་ཉམས་ཀྱི་གེགས་དུ་མ་མཆིས་ཤིང་། དེ་དག་འབྱུང་བའི་རྒྱུ། སློང་བའི་རྐྱེན། གེགས་སུ་འགྱུར་ཚུལ། ལམ་དུ་བཏང་ལུགས་སོགས་མང་དུ་ཡོད་ཀྱང་མདོར་བསྡུ་ན། སེམས་བྱིང་བ། རྒོད་པ། ཕན་པའི་ཉམས། གནོད་པའི་ཉམས། ཕན་གནོད་མེད་པའི་ཉམས་གསུམ་སྟེ་ལྔར་འདུ་ལ། དེ་དག་དོན་ལ་བདེན་དངོས་རང་མཚན་དུ་མ་གྲུབ་ཀྱང་རྐྱེན་ལ་བརྟེན་ནས་སོ་སོའི་རྣམ་པ་མི་འགགས་པར་གློ་བུར་ལྟར་སྣང་སྒྱུ་མའི་གཟུགས་བརྙན་སེམས་ཀྱི་མེ་ལོང་དུ་ཤར་བའི་ཚེ་འདི་ལྟར་ལམ་དུ་བཏང་བར་བྱའོ། །གཉིས་པ་ལ་གསུམ། བྱིང་བ། རྒོད་པ། ཉམས་ཀྱི་གེགས་སེལ་ལོ། །དང་པོ་ནི། བྱིང་ན་ ནས་ གསལ་ངར་འདོན༔ ཞེས་གསུངས་ཏེ། འདི་ལ་གསུམ། རིག་པའི་དྭངས་ཆ་མེད་པའི་བྱིང་པ་དང་། གསལ་ཉམས་ཀྱིས་མ་ཟིན་པའི་རྨུགས་པ་དང་། གཉིད་དང་འདྲེས་པའི་འཐིབས་པ་སྟེ་གསུམ་ཀར་ལུས་གྲིམས་པར་བསྒྲིམས་ཏེ་ཆ་ཆ་ནས་ཆུན་བཙལ་ལ་འཕྲུལ་འཁོར་སྐབས་སུ་གང་བབ་བྱ། ལྟ་སྟངས་ནམ་མཁར་གཏོད་ཅིང་ཤེས་པ་གསལ་ངར་འདོན། སེམས་སྙིང་ག་སོགས་གནས་གཅིག་ཏུ་རྩེ་གཅིག་མདུང་ཚུགས་སུ་བཟུང་བ་དང་ཟས་བཅུད་ཅན་སྤང་ཞིང་གོས་སྲབ་ཏུ་བཏང་ལ་སྣང་གཡེལ་ཆེ་སར་སྡོད་པ་སོགས་གསེང་བའི་ཐབས་རྣམས་བྱའོ། །གཉིས་པ་ནི། རྒོད་ན་སོགས་ཚིག་རྐང་གཅིག་སྟེ། འདི་ལའང་གསུམ་ལས། ཤེས་པ་ཡུལ་ལ་འཕྲོ་ཞིང་གནས་མི་བཏུབ་པའི་འཕྲོ་བ། གནས་ཆ་གཏན་ནས་མེད་པར་རྟག་ཏུ་གཡེང་བའི་རྒོད་པ་བཀོལ་ཏུ་མི་བཏུབ་པ་ཡུལ་མ་ངེས་པར་པྲ་ཡས་པའི་འཐོར་བ་རྣམས་དང་། འགྲོ་བའི་བྱེ་བྲག་སེམས་གནས་པ་སྙམ་བྱེད་པ་ལ་མ་ཚོར་བར་འཕྲོ་བའི་འོག་འགྱུ་དང་། གནས་པ་ལ་དེར་འཛིན་ཞུགས་པའི་རང་འགྱུས་སོགས་ཡོད་ཅིང་། ཀུན་ལའང་ལུས་སེམས་ཀྱི་ཁོད་ཀློད་ལ་ཤེས་པ་ལྟེ་བས་མཚོན་དམའ་སར་གཏད། ལྟ་སྟངས་དམའ་བར་སྨད་ཅིང་ཤེས་པ་འཇུར་ལ་མི་འདེབས། ཟས་བཅུད་ཅན་བཟའ་ཞིང་གོས་དྲོ་བ་དང་ཁྱིམ་འཐིབས་སར་སྡོད་པ་སོགས་གནོན་པའི་ཐབས་བྱའོ། །གསུམ་པ་ནི། བདེ་གསལ་ ནས་ངང་བསྐྱང་ངོ༔ ཞེས་གསུངས་ཏེ། ཕན་པའི་ཉམས་ལུས་ཡོད་དུ་མི་ཚོར་ཞིང་སེམས་བདེ་བར་ནུབ་པ་ལྟ་བུའི་བདེ་ཉམས་དང་། ཁམས་གསུམ་གྱི་སྤྱོད་ཚུལ་མཐོང་སྙམ་བྱེད་པའི་གསལ་ཉམས་དང་། སྟོང་ཉིད་མཐའ་དབུས་མེད་པར་ནམ་མཁའ་ལྟ་བུའི་མི་རྟོག་པའི་ཉམས་གསུམ་སྐྱེས་པ་དང་། གཞན་ཡང་ཞེན་ལོག་མོས་གུས་སྙིང་རྗེ་སོགས་གཏིང་ནས་ལྷོངས་པའི་ཚེ་དེའི་རོ་མྱོང་ན་ཉམས་ན་བུན་འདྲ་བ་ཡལ། འཕྲོ་བཅད་ན་འཕེལ་བའི་རྒྱུད་ཆད། རང་ཉིད་གཞན་དབང་དུ་འགྱུར་བའི་ས་བོན་ཐེབས་པ་ཡིན་པས་དེ་ལ་དགའ་རློམས་དང་ཞེན་འཛིན་མེད་པར་ཉམས་ཀྱི་སྣ་མི་བསྐྱིལ་བར་རང་ངོར་བལྟས་ཏེ་མཉམ་པར་བཞག་ལ་ལམ་དུ་བཏང་། རྩུབ་ཅིང་གནོད་པའི་ཉམས་ན་ཚ་ཟུག་གཟེར་སྙིང་རླུང་ཁམས་འདུས་ལ་སོགས་པ་སྐྱེས་པའི་ཚེ་སེམས་ཞུམ་ནས་དེའི་དབང་དུ་ཤོར་ན་ཐ་མལ་པ་ལས་ལོད་པས་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པ་དང་ཚོར་བ་མི་བདེ་པར་འདུ་ཤེས་པའི་རང་ངོ་ལ་བལྟས་ནས་གཞི་མེད་རྩ་བྲལ་དུ་གྲོལ་བའི་ཉམས་མྱོང་དེ་ཉིད་བསྐྱང་ངོ་། །ཕན་གནོད་མེད་པ་བར་མའི་ཉམས། ཀུན་གཞི་ལ་འཁོར་འདས་ཀྱི་ས་བོན་བག་ཉལ་དུ་གནས་པ་དང་། རྡོ་རྗེའི་ལུས་ལ་རྩ་ཡིག་རླུང་ཐིག་ཏུ་གནས་པ་རྣམས་ལུས་གནད་དང་ཏིང་ངེ་འཛིན་གྱིས་གཅུན་ཏེ་བསླངས་ནས་འཁོར་འདས་ཀྱི་ཉམས་སྣང་སྣ་ཚོགས་སུ་འཆར་བའི་ཚེ། རྗེས་སུ་འབྲང་ན་བདུད་འཇུག །བཏང་སྙོམས་བཞག་ན་ལམ་དུ་མི་ལྷོངས་པས་ཇི་ལྟར་བྱུང་བ་དེ་ཀུན་ལ་སྐྱོན་ཏུ་བཟུང་བའི་དགག་པ་དང་ཡོན་ཏན་ཏུ་འཛིན་པའི་བསྒྲུབ་བྱར་མི་བལྟ་བར་ཞེན་འཛིན་མེད་པར་རང་གྲོལ་ཆེན་པོར་བཞག་པས་ལམ་དུ་འགྱུར་ལ། གེགས་ཇི་ལྟ་བུ་ཞིག་བྱུང་ཡང་ཐམས་ཅད་རང་གི་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཡིན་པར་ཤེས་ནས་བཟང་སྙམ་གྱི་བླང་བྱ་དང་ངན་རྟོག་གིས་དོར་བྱ་མེད་པར་བཟོ་མེད་རིག་པའི་ངང་རང་བབས་སུ་བསྐྱངས་པས་སྐྱོན་རྣམས་ཡོན་ཏན་དུ་འགྱུར་ཏེ། མན་ངག་རིན་སྤུངས་ལས། གནས་ལུགས་རྟོགས་པའི་ཐག་ཆོད་ཅིང་། །ཉམས་མྱོང་རིག་པའི་གཞི་འཛིན་པས། །ཅི་སྣང་ཅི་བྱུང་ཆོས་ཉིད་རྟོགས། །སྐྱོན་རྣམས་ཡོན་ཏན་བསྒྱུར་ཤེས་ཤིང་། །བར་ཆད་དངོས་གྲུབ་བསྒྱུར་ཤེས་ན། །སྐྱོན་དང་གེགས་ཅི་བྱུང་ཡང་། །རྣལ་འབྱོར་ལམ་གྱི་གྲོགས་སུ་ཆེ། །ཞེས་སོ། །བཞི་བ་ལ་གཉིས། ཉམས་གྲིབ་བྱུང་བའི་རྟགས། དེ་སེལ་བའི་ཐབས་སོ། །དང་པོ་ནི། ཐུན་མོང་ ནས་ བྱུང་བའི་ཕྱིར༔ ཞེས་གསུངས་ཏེ། ཕྱི་ནང་གསང་བ་ཐུན་མོང་དུ་ཉམས་གྲིབ་ཀྱི་རྐྱེན་ལས་བྱུང་བའི་གེགས་ཀྱིས་བླ་མར་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་དང་། ཟབ་མོ་རྟོགས་པའི་ཤེས་རབ་དང་། སོགས་ཁོང་ནས་རིམ་གཉིས་ཀྱི་ཏིང་འཛིན་གྱིས་མཚོན་རྒྱུད་ལ་བསྐྱེད་པར་བྱ་བ་གང་ཡང་རུང་། བརྩོན་འགྲུས་ཆེན་པོས་ཇི་ལྟར་བསྒོམས་ཀྱང་ཡར་བསྐྱེད་ཐོན་པའི་བོགས་མེད་ཅིང་ལེ་ལོ་སྙོམ་ལས་ཀྱི་དབང་དུ་ཤོར་བ་དང་། མོས་གུས་ཀྱི་འགལ་ཟླ་ང་རྒྱལ། སྙིང་རྗེའི་འགལ་ཟླ་ཕྲག་དོག །ཤེས་རབ་འགལ་ཟླ་གཏི་མུག་མུན་པ་ཤུགས་ཀྱིས་གཏིབས་ཏེ་བསྒོམ་བྱའི་སྣང་བ་བསྒྲིིབ་པར་བྱེད་པ་ན། སེལ་བའི་ཐབས་ནི་སྤྱིར་གནས་མལ་ཟས་གོས་དམ་ཉམས་རྨེ་ཡུག་ཤན་པ་སོགས་གྲིབ་ཅན་དང་འགྲོགས་ཤིང་བསྟེན་པ་ལས་བྱུང་བས་དེ་དག་སྤང་ཞིང་ཁྲུས་དང་གྲིབ་སེལ་སོགས་ཀྱིས་ཞི་བར་བྱ་དགོས་ཀྱང་། ཕལ་ཆེར་སྒྲུབ་པོ་རང་ཉིད་རྟོག་པ་རྩིང་པའི་སྐྱོན་གྱིས་དམ་ཚིག་ཉམས་ཆག་ཏུ་གྱུར་པ་ལས་བྱུང་བའི་ཕྱིར་དེ་བཤགས་པའི་ཐབས་ལ་འབད་དོ། །གཉིས་པ་ལ་གཉིས། སྤྱི་དང་ཁྱད་པར་གྱི་བཤགས་ཐབས་སོ། །དང་པོ་ནི། ཉམས་པ་ ནས་ རྣལ་དུ་དབབ༔ ཅེས་གསུངས་ཏེ། དེའང་གསང་སྔགས་ཀྱི་དམ་ཚིག་ཉམས་པས་ཚེ་འདིར་མི་འདོད་པ་དུ་མ་བསྐྱེད། ལམ་ལ་བར་དུ་བཅད་དེ་རྡོ་རྗེའི་དམྱལ་བར་ཟང་ཐལ་དུ་འགྲོ་བར་གསུངས་པས་ཁེ་ཉེན་ཤིན་ཏུ་ཆེ་བའི་ཕྱིར་ཉམས་པའི་ཉེས་པ་ཕྲ་མོ་ཙམ་བྱུང་ཡང་དེ་མ་ཐག་ཏུ་བཤགས་ཡུལ་བླ་མ་དངོས་སམ་རྩ་གསུམ་རྒྱལ་བ་རབ་འབྱམས་ཡིད་ལ་བྱས་ཏེ་གསང་པོར་སྨྲ་བས་མཐོལ་ཞིང་འགྱོད་པ་དྲག་པོས་བཤགས་ཏེ་སླན་ཆད་དེ་ལྟ་བུ་མི་བགྱིད་པ་སྙིང་ཐག་པ་ནས་བསྡམ། དེའང་ཉེས་པ་གསང་ན་སྡིག་པའི་ས་བོན་དང་གཡོ་སྒྱུའི་ཆུ་ལུད་འཛོམ་པས་ཇེ་འཕེལ་དུ་འགྲོ་ཞིང་མ་སྦས་པར་བསྒྲགས་ན་མི་འཕེལ་ཞིང་སྟོབས་བྲི་བ་དང་། སྙིང་ནས་གནོང་འགྱོད་ཀྱིས་བཤགས་ན་ལས་ལ་རང་བཞིན་མ་གྲུབ་པས་འདགས་པར་མི་འགྱུར་བ་མེད་ལ། བཤགས་པའི་ཚུལ་སྟོབས་བཞི་དང་ལྡན་པས་བཤགས་ཚིག་རྒྱུད་ལུང་རྣམས་ནས་འབྱུང་བ་གང་རུང་བརྗོད་ལ་འཕྲལ་འཕྲལ་བཤགས་བསྡོམས་བྱ། སྔགས་ཀྱི་དམ་ཚིག་གཉན་དྲགས་པས་གཞན་གྱི་ཉམས་གྲིབ་རང་ལ་འགོ་བའི་གནས་ཡོད་པའི་ཕྱིར་དམ་ཚིག་ཉམས་པའི་མི་དང་ལུུང་པ་གཅིག་གི་ཆུ་ལ་བཏུང་མི་རུང་བར་གསུངས་པས་དམ་ཉམས་དང་གནས་གཅིག་ཏུ་སྡོད་པ་སོགས་བཤེས་འདྲིས་སུ་མི་འགྲོགས་ཤིང་ཉམས་པའི་རྒྱུ་ལས་བྱུང་བ་དང་ལག་གིས་སྟེར་བའི་ཟས་ཁམ་གང་ཡང་མི་ཟ། དམ་ཉམས་དངོས་སུ་ཡོད་པའི་གནས་སུ་ལྟ་ཅི་སྨོས་སྡོད་པའི་རྗེས་ཤུལ་དུ་འང་མི་སྡོད་ཅིང་མདོར་ན་སྒོ་གསུམ་བག་ཡོད་པ་དང་དྲན་ཤེས་ཀྱི་བྱ་ར་བཏང་ལ་རྣལ་དུ་དབབ་པར་བྱའོ། །གཉིས་པ་ལ་གསུམ། རུ་བཞིའི་བཤགས་པ། ཟུང་བཞིའི་སྐོང་བ། བཤགས་པའི་འབྲས་བུའོ། །དང་པོ་ནི། ལྷག་པར་ ནས་ ཉེས་པ་མཐོལ༔ ཞེས་གསུངས་ཏེ། སྤྱི་མདོ་དགོངས་པ་འདུས་པ་ལས་ལས་དང་རྫས་དང་འདུན་པ་ཏིང་ངེ་འཛིན་དེ་ཁོ་ན་ཉིད་ཀྱི་སྐོང་བ་ལྔར་གསུངས་པས་མཚོན་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་རྣམས་ལས་ལྷག་པར་བསྔགས་པའི་ཉམས་ཆག་བཤགས་ཤིང་སྐོང་བའི་ཆོ་ག་ཟབ་ཅིང་རྒྱ་ཆེ་བར་གསུངས་པ་རྣམས་ཀྱི་ཡང་བཅུད་ཉིང་ཁུར་དྲིལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ་གཅིག་ཏུ་འདུས་པའམ་སོ་སོ་བ་གང་རུང་དག་གི་སྒྲུབ་པའི་དཀྱིལ་འཁོར་གཞུང་ལྟར་བཤམ་ཞིང་ཕྱི་ནང་གི་མཆོད་པ་བརྒྱ་རྩ་དང་ཚོགས་ཀྱི་ཡོ་བྱད་གང་འབྱོར་གཙང་དང་མཛེས་པར་བཀྲམ་ལ། བདག་མདུན་གྱི་ཏིང་འཛིན་གསལ་ཞིང་བརྟན་པ་དང་འབྲོ་འདུའི་དམིགས་པའི་གཟེར་བཅས་ཛཔ་྄ཀྱི་བཟླས་པས་སྔོན་གྱི་ཐུགས་བསྐྱེད་ཀྱི་དམ་བཅའ་གཉན་པོ་བསྐུལ། ཚོགས་གསོག་པའི་རྟེན་དཀྱིལ་འཁོར་བ་དང་སླར་ཡང་མགྲོན་ཐབས་ཀྱི་ལྷ་ནམ་མཁའི་ཁྱོན་གང་བ་སྤྱན་དྲངས་ལ། ལུས་ཀྱི་སྒོ་ནས་གུས་པ་ཆེན་པོས་ལུས་ས་ལ་རྡེབ་པའི་བརྐྱང་ཕྱག་དང་གནས་ལྔ་ས་ལ་འདུད་པའི་འགྲེང་ཕྱག་འཚལ་ཞིང་བརྗོད་མེད་དོན་གྱི་བཤགས་པ་དང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་མཚན་བརྗོད། ངག་གི་སྒོ་ནས་ཉམས་ཆག་སྦྱོང་བའི་ལྷ་གཅིག་སྔགས་གཅིག་ཏུ་གྱུར་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཕྱི་ནང་གསང་བ་ཡང་གསང་གི་རིམ་པ་རྣམས་བྱ་བ་དང་རུ་དྲའི་སྨྲེ་བཤགས་ཀྱིས་མཚོན་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པའི་ཚིག་སྐད་གསང་མཐོན་པོར་བརྗོད། ཡིད་ཀྱི་སྒོ་ནས་ལྟ་བའི་ཀློང་བཤགས་ཀྱིས་གསལ་གདབ་ཅིང་འཁོར་གསུམ་ཡོངས་དག་འདས་ཉམས་ཕྱོགས་ལྷུང་མེད་པའི་ཀ་དག་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་བཞག །ཐུན་མོང་དུ་བདེ་གཤེགས་སྤྱི་བཤགས་བརྗོད་ཅིང་སྒོ་གསུམ་གྱི་ཉེས་པ་ཅི་མཆིས་པ་ཐམས་ཅད་གནོང་འགྱོད་དྲག་པོས་མི་འཆབ་པར་མཐོལ་ཞིང་བཤགས་པར་བྱའོ། །དེ་ལྟར་ལུས་ངག་ཡིད་གསུམ་དང་སྒོ་གསུམ་ཐུན་མོང་གི་ཉེས་བཤགས་གཉེན་པོ་སོ་སོ་དང་འབྲེལ་བར་ཀློང་ཆེན་རབ་འབོགས་ཀྱི་བཀོལ་རྒྱུད་དྲི་མེད་བཤགས་པའི་རྒྱལ་པོ་སོགས་ལས་ཆེད་དུ་བསྔགས་པའི་བཤགས་ཆེན་རུ་བཞི་བྱ་བ་ནི་དམིགས་སུ་བསལ་བའི་དགོངས་དོན་ནོ། །གཉིས་པ་ནི། ཉེར་སྤྱོད་ ནས་ དགྱེས་པ་བསྐང༔ ཞེས་གསུངས་ཏེ། རང་རྒྱུད་ཀྱི་ཉམས་ཆག་བཤགས་པས་སྦྱངས་ནས་གཞན་རྒྱུད་ལྟར་སྣང་བའི་རྩ་གསུམ་ལྷ་ཚོགས་རྣམས་ཉམས་པའི་སྐྱོན་གྱིས་ཐུགས་མི་མཉེས་པའི་ཚུལ་དུ་བསྟན་ཅིང་བཀའི་ཆད་པའི་གནས་སུ་གྱུར་པ་སྐོང་བའི་ལས་ཀྱིས་སོར་ཆུད་པར་བྱེད་པ་ལ། སྤྱིར་རྒྱུད་ལུང་རྣམས་ནས་ཕྱི་ཡོ་བྱད་ཚོགས། ནང་ཕུང་པོ་རྟེན། གསང་བ་བྱང་ཆུབ་སེམས་ཀྱིས་སྐོང་བའི་ཚུལ་དང་། ཁྱད་པར་དོང་སྤྲུགས་ལས་ལྟ་བས་ལ་ཟླ་བའི་ཚུལ་དུ་རྟོགས་ཚིག་གིས་ངོ་བོས་སྐོང་བ་དང་། སྒོམ་པ་ཏིང་ངེ་འཛིན་གྱིས་གནས་ལུགས་ལས་མི་གཡོ་བའི་ཚུལ་དུ་ཟུང་བཞིས་རང་བཞིན་སྐོང་བ་དང་། ལྷ་རྟོག་དབྱེར་མེད་ཀྱི་གནས་དག་གནས་བསྒྱུར་དུ་ཤེས་པས་ཐུགས་རྗེའི་ཚུལ་ལ་སྐོང་བར་བྱེད་པ་གསུམ། བདེ་འདུས་སོགས་ལས། མཆོད་པ་ཕུད། དམ་རྫས་མདངས། སྲོག་ཆགས་རྒྱུ། གླིང་བཞི་མདོས། འགྱོད་ཚངས་བཤགས་པའི་སྐོང་བ་སྟེ་སྐོང་བ་ལྔར་གྲགས་པ་སོགས་མང་ཡང་ཐམས་ཅད་ཀྱི་གནད་བསྡུས་པའི་སྙིང་པོ། ཕྱི་ལྟར་ཡེ་ཤེས་ཀྱི་དབང་པོ་ཚིམས་པའི་སླད་དུ་མེ་ཏོག་སོགས་ཉེ་བར་སྤྱོད་པ་ལྔ་པོ་དངོས་བཤམས་ཀྱི་རྟེན་བྱས་ནས་ཡིད་སྤྲུལ་ནམ་མཁའི་ཁྱོན་ཁེངས་པ་དང་བཀོད་པའི་ཁྱད་པར་རང་བཞིན་གྱིས་གྲུབ་པ་རྣམས་ཀྱིས་མཆོད་ཅིང་སྐོང་བ་དང་། ནང་ལྟར་ཡིད་དང་ངག་དང་ལུས་དང་དེ་ཁོ་ན་ཉིད་ཀྱི་རྟོག་སྒྲིབ་སྦྱང་བའི་སླད་དུ་རིམ་པ་བཞིན་ཟུང་བཞིའི་སྐོང་བར་གྲགས་པ། བདུད་རྩི་སྨན། དམར་ཆེན་རཀྟ། བ་ལིཾ་གཏོར་མ། སྣང་གསལ་སྒྲོན་མེ་བཞི་པོའང་དམ་ཚིག་གི་རྫས་ཀྱིས་མཚོན་བྱེད་དུ་བྱས་ཏེ་གནས་ལུགས་ཀྱི་རང་བཞིན་གསལ་གདབ་ཅིང་སྐོང་བ་དང་། གསང་བ་དམ་སྐོང་རྨད་དུ་བྱུང་ཞིང་དངོས་གྲུབ་མཆོག་གི་ཉེ་རྒྱུ་ཏ་ན་སྦྱོར་བ་དང་། ག་ཎ་སྒྲོལ་བ་ཟུང་དུ་འབྲེལ་པའི་བརྟུལ་ཞུགས་ཟབ་མོ་ཚོགས་ཀྱི་འཁོར་ལོ་དངོས་སམ། རྗེས་མཐུན་ཚོགས་ཀྱི་མཆོད་པ་ཙམ་ལའང་ཕན་ཡོན་ཆེན་པོ་དང་ལྡན་པས་དེ་དག་རྣམས་ཀྱིས་ཐུགས་དགྱེས་པ་ཆེན་པོའི་དམ་ཚིག་ཡོངས་སུ་བསྐང་བར་བྱའོ། །གསུམ་པ་ནི། སྒོ་གསུམ་ ནས་ མངོན་དུ་འགྱུརཿ ཞེས་གསུངས་ཏེ། བཤགས་སྐོང་དེ་དག་ཚུལ་བཞིན་དུ་བྱས་པའི་ཡོན་ཏན་ནི། གནས་སྐབས་སུ་སྒོ་གསུམ་གྱི་རྟོག་སྒྲིབ་དང་དེ་དག་གི་བྱ་བ་དང་བྱེད་པའི་ལས་ལས་གྱུར་པའི་ཉམས་ཆག་ཅི་མཆིས་པ་ཀུན་ཞི་ཞིང་། མཐར་ཐུག་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་ཡི་གོ་འཕང་མངོན་དུ་བྱེད་པར་འགྱུར་ཏེ་གསང་བ་ཟབ་མོའི་ཐབས་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དྲི་མེད་བཤགས་རྒྱུད་ལས། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཞེས་པས་མཚོན་ནོ། །གསུམ་པ་དོན་བསྡུ་བ་ནི། གཞན་ཡང་ ནས་ ངང་གིས་འཆར༔ ཞེས་གསུངས་ཏེ། ལམ་གྱི་གེགས་སེལ་བའི་ཐབས་གཞན་ཡང་རྩ་བའི་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་ཡིད་ཆེས་དང་བཀའ་དྲིན་རྗེས་སུ་དྲན་པའི་གདུང་ཤུགས་ཀྱིས་དྲངས་ཏེ་བཟོད་མེད་མཆི་མ་འཁྲུགས་པའི་མོས་གུས་ཁོ་ན་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་རྩལ་དུ་འདོན། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་ཕྱོགས་རིས་དང་བྲལ་བའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་བསྒོམ་ཞིང་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རྟག་ཏུ་བསྐྱེད། ཐོས་བསམ་བསྒོམ་པ་ལས་བྱུང་བའི་དྲི་མ་མེད་པའི་ཤེས་རབ་ཟབ་མོས་ཐ་སྙད་སྒྲ་ཚིག་ཙམ་ལ་མི་ཞེན་པར་ཡང་དག་པའི་དོན་གྱི་གནད་གསང་ཚུལ་བཞིན་དུ་བཙལ། ཐེག་པ་ཡས་འབུབས་ཀྱི་ལྟ་བས་འཁོར་འདས་ལ་ཟླ་ཞིང་བསྟན་རིམ་མས་འཛེགས་ཀྱི་སྤྱོད་པས་བླང་དོར་ཤན་དབྱེ་བས་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ཕྱོགས་རེ་རེར་ལྟུང་བའི་གེགས་ཆེན་རང་བཞིན་གྱིས་གྲོལ་ནས། ལམ་ཉམས་སུ་བླངས་པའི་དྲོད་རྟགས་ཡོན་ཏན་རྣམས་འབད་རྩོལ་མེད་པར་ངང་གིས་འཆར་བ་ནི་དཔྱིད་དུས་རླན་དྲོད་ཀྱི་རྟེན་འབྲེལ་འཚོགས་པ་ན་རྩི་ཤིང་མེ་ཏོག་རང་བཞིན་གྱིས་རྒྱས་པ་བཞིན་ནོ། །རྩ་བའི་ས་བཅད་ལྔ་པོ་བོགས་འདོན་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གཅིག་སྟེ། དཔེར་ན་ཞིང་གི་ལོ་ཏོག་ལ་འཚེ་བ་སྲུང་བའི་བྱ་བ་གྲུབ་ནས་སྐྱོང་བྲན་དང་རིག་སྔགས་ཀྱི་ཆོ་ག་སོགས་ཡར་སྐྱེད་འབྱུང་བའི་ཐབས་ལ་བརྩོན་པ་ལྟར་ལམ་གྱི་གེགས་བསལ་བ་གྲུབ་པ་དེ་ནས་ཡོན་ཏན་ལ་སྐྱེད་འཕེལ་གྱི་བོགས་འདོན་དགོས་ཤིང་དེ་ལའང་ཕྱི་ནང་གསང་བ་གསུམ་གྱི་རིམ་པར་བསྟན་པ་ནི་འདི་ལྟར་རོ། །གཉིས་པ་ལ་གསུམ། ཕྱིའི། ནང་གི །གསང་བའི་བོགས་འབྱིན་ནོ། །དང་པོ་ལ་ཡང་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཕྱི་རོལ་ ནས་ གྲོགས་སུ་འགྱུར༔ ཞེས་གསུངས་ཏེ། ཕྱི་རོལ་ཏུ་ཆགས་སྡང་གཏི་མུག་སྐྱེད་པའི་ཡུལ་བཟང་ངན་བར་མ་ཅི་དང་ཅི་ལྟ་བུ་ཞིག་ཤར་ཡང་བླང་དོར་བཏང་སྙོམས་ཀྱི་རྟོག་པའི་གཞན་དབང་དུ་མ་ཤོར་བར་རབ་སྐད་ཅིག་དང་། འབྲིང་གཉིས་པ། ཐ་མས་ཀྱང་གསུམ་ཕན་ཆད་ལས་མི་འདའ་བར་ལམ་དུ་ཁྱེར་བའི་ཚུལ་ཤེས་པས་གནད་དུ་བཏང་ན་ཚོགས་དྲུག་གི་ཡུལ་དུ་སྣང་བ་ཐམས་ཅད་ཀྱང་བྱང་ཆུབ་སྒྲུབ་པའི་གྲོགས་སུ་འགྱུར་རོ། །གཉིས་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། དགྲ་ལ་ ནས་ ལས་འབྲེལ་བཞག༔ ཅེས་གསུངས་ཏེ། ཡུལ་རྐྱེན་དེ་དག་ལམ་དུ་ཇི་ལྟར་ཁྱེར་ན་འདུན་པས་བློ་སྦྱོང་བ་དང་ཀུན་རྫོབ་རྟེན་འབྲེལ་དོན་དམ་སྟོང་ཉིད་ཀྱི་ཚུལ་ལ་བརྟེན་ནས་ཏེ། སྤྱིར་སྔོན་ལས་ཤ་འཁོན་གྱིས་འཚེ་བ་དང་། དྲིན་ལན་ལོག་འཇལ་འཁོར་གྱི་ལོག་སྒྲུབ་སོགས་མི་དང་མི་མིན་གྱི་གནོད་པའི་དགྲ་ཆེ་ཕྲ་གང་ལའང་འཁོན་འཛིན་མི་བྱ་བར་བཟོད་པ་བསྒོམ་ཞིང་དེ་དག་ཚེ་རབས་དུ་མའི་ཕ་མ་ཡིན་ཀྱང་འཁྲུལ་པའི་དབང་གིས་ད་ལྟ་ངོ་མ་ཤེས་པས་ལས་ངན་བསགས་པ་ལ་སླར་ཡང་སྙིང་རྗེ་ཆེན་པོ་བསྐྱེད། གཉེན་ཉེ་འབྲེལ་དང་མཛའ་གྲོགས་ནོར་རྫས་སོགས་ཡིད་དུ་འོང་བ་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟ་བུར་བལྟ་བ་བདེན་མེད་ཀྱི་འདུན་པ་དྲག་ཏུ་བསྒོམ་ཞིང་ཞེན་འཁྲིས་ཀྱི་འཛིན་པ་བཅད། ཆགས་སྡང་གཉིས་ཀ་མི་སྐྱེ་བའི་ཡུལ་སྣང་བར་མ་ཀུན་ལའང་བཏང་སྙོམས་སུ་མི་བཞག་པར་མིག་ལམ་དུ་དཀོན་མཆོག་གི་རྟེན་མཐོང་དུ་གཞུག་པ་དང་རྣ་བར་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཟབ་མོ་སྒྲོག་པ་སྣར་ཚོར་གྲོལ་གྱི་བདུག་པ་ལྕེར་མྱོང་གྲོལ་དམ་རྫས་ལུས་ཀྱིས་ཕྱག་བསྐོར་ཡིད་ལ་དད་མོས་སོགས་དགེ་རྩ་སྣ་རེའི་བག་ཆགས་འཇོག་ཏུ་གཞུག་པས་མཚོན་བཟང་པོའི་ལས་ཀྱི་འབྲེལ་བ་ཅི་ཐེབས་སུ་བཞག་གོ །གཉིས་པ་ལ་གཉིས། ཀུན་རྫོབ་དང་། དོན་དམ་གྱིས་ལམ་དུ་ཁྱེར་ཚུལ་ལོ། དང་པོ་ལ་ཡང་གཉིས། དངོས་དང་། རྒྱུད་ལ་བསྟེན་ཚུལ་ལོ། །དང་པོ་ནི། ཀུན་ཀྱང་ ནས་ དྲག་ཏུ་བྱ༔ ཞེས་གསུངས་ཏེ། བཟང་ངན་བར་མས་བསྡུས་པའི་སྣང་བ་ཀུན་ཀྱང་གསོག་དང་གསོབ་དང་སྙིང་པོ་མེད་པས་ཀུན་རྫོབ་དང་སྐད་ཅིག་རེ་རེས་འཕོ་ཞིང་འགྱུར་བས་མི་རྟག་པ་དང་སྣང་ཡང་བདེན་པར་མ་གྲུབ་པས་སྒྱུ་མ་དང་མཚུངས་པར་བསམ་སྟེ། ཏིང་རྒྱལ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེས་ན་དམ་པའི་ཆོས་ཉམས་སུ་ལེན་པ་མ་གཏོགས་གཞན་ཅིས་ཀྱང་ཚེ་ཕྱི་མ་ལྟ་ཞོག་འདིར་ཡང་ཕན་པ་སྤུ་ཙམ་མེད་པས་གཏན་ནས་དགོས་པ་མེད་སྙམ་དུ་ཅི་སྣང་ཐམས་ཅད་ལ་དགོས་མེད་ཀྱི་འདུན་པས་ཟིན་པའི་ཞེ་བཅད་དྲག་ཏུ་བྱའོ། །གཉིས་པ་ནི། བདེ་སྡུག་ ནས་ རྒྱུན་ཏུ་བསྟེན༔ ཅེས་གསུངས་ཏེ། ཁྱད་པར་ལུས་དང་སེམས་ལ་བདེ་སྡུག་གི་ཚོར་བ་མྱོང་བའི་ཕྱི་ནང་གི་རྐྱེན་ཕྲ་རགས་གང་ལ་འང་དེའི་རྗེས་སུ་འབྲངས་ནས་རོ་མི་མྱང་བར་བདེ་བར་ཤར་ན་དེའི་རྒྱུ་དགེ་བ་དང་བཅས་པ་མཐའ་ཡས་པར་སྤེལ་ཏེ་སེམས་ཅན་ལ་གཏོང་བ་དང་། སྡུག་བསྔལ་བྱུང་ན་དེའི་རྒྱུ་སྡིག་པ་དང་བཅས་པ་སེམས་ཅན་ཀུན་ལས་བསྡུས་ནས་རང་ལ་ལེན་པའི་བློ་སྦྱོང་ཟབ་མོའི་གནད་ཀྱིས་བཟུང་ལ་ལམ་དུ་བཏང་། ཟས་གོས་གནས་མལ་སོགས་ཤུགས་ཀྱིས་འབྱོར་ན་བརྒྱ་ཕྲག་རི་བའི་ཟས་གོས་དང་ཁང་པ་བརྩེགས་པ་སོགས་རབ་བྱུང་ལ་སངས་རྒྱས་ཀྱིས་རྗེས་སུ་གནང་བས་ཞེན་པ་མེད་ན་ཆེད་དུ་སྤང་མི་དགོས་ཤིང་། མ་འབྱོར་ན་ཕྱགས་དར་ཁྲོད་བའི་གོས་དང་ལུས་འཚོ་ཙམ་གྱིས་ཁ་ཟས་ངན་ངོན་གྱིས་བཏུབས་པས་གང་ལྟར་བྱུང་ཡང་ཆོག་ཤེས་པ་དང་། རྐྱེན་བཟང་ངན་ལ་དགའ་སྡུག་སྐྱེན་ཐེག་ཅིང་གཅིག་བྱུང་གཉིས་དགོས་ཀྱི་རྟོག་པའི་བཟེ་རེ་མང་ན་འདོད་པའི་ཁོལ་བོར་འཕྱན་ཏེ་ལུས་སེམས་རྣལ་དུ་གནས་པའི་གོ་སྐབས་མ་འབྱུང་བས་ཇི་ལྟར་བྱུང་ཡང་མི་དགའ་བ་མེད་པའི་ཡིད་བདེ་ཁོ་ན་རྒྱུན་ཏུ་བསྟེན་པར་བྱའོ། །གཉིས་པ་དོན་དམ་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། དོན་དམ་ ནས་ ངང་ལ་བཞག༔ ཅེས་གསུངས་ཏེ། ལམ་ཁྱེར་མཐའ་དག་ལ་དངོས་འཛིན་ཨ་འཐས་སུ་ཞེན་ན་གནད་དུ་མི་འགྲོ་སྟེ། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲ་རྒྱལ་བས་གསུངས། །ཞེས་སོ། །དེས་ན་གནས་ལུགས་དོན་དམ་པར་མིག་ཡུལ་དུ་སྣང་བའི་གཟུགས་དང་། རྣ་བར་གྲགས་པའི་སྒྲ་དང་། ཡིད་ཡུལ་དུ་རྣམ་པར་རྟོག་པའི་འཁོར་འདས་ཀྱི་ཆོས་རྣམས་ཀུན་ཀྱང་འཁྲུལ་ངོར་སྣང་བ་ཙམ་ལས་མངོན་རྗེས་ཚད་མ་དང་ཡང་དག་པའི་ཤེས་རབ་ཀྱིས་དཔྱད་པའམ་སྒོམ་བྱུང་ཡེ་ཤེས་ཁོང་ནས་ཤར་ན་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་བདེན་མེད་ནམ་མཁའི་གཟུགས་བརྙན་ལྟ་བུ་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡིན་པ་ལ་དེ་ལྟར་ཤེས་ནས་འཁྲུལ་འཛིན་རང་ངོར་བལྟས་ནས་མི་རྟོག་པའི་ངང་ལ་མཉམ་པར་བཞག་པ་གལ་ཆེ་སྟེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིགས་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་པ་ལྟར་ལམ་ཁྱེར་རྣམས་ཀྱི་ཕུལ་དུ་གྱུར་པའོ། །གཉིས་པ་ནི། རྗེས་ཐོབ་ ནས་ ཕྱོགས་སུ་བསྒྲིག༔ ཅེས་གསུངས་ཏེ། མཉམ་བཞག་ལས་ལྡངས་པའི་རྗེས་ཐོབ་ཏུའང་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བདེན་དངོས་སུ་མི་ཞེན་པར། ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་མེད་བཞིན་འཁྲུལ་ངོར་སྣང་བ་རྨི་ལམ་ལྟ་བུ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་གློ་བུར་དུ་སྣང་བ་སྒྱུ་མ་ལྟ་བུ། མེད་པ་ལ་ཡོད་པར་སྣང་བ་མིག་ཡོར་ལྟ་བུ། སྣང་བཞིན་བདེན་པར་མ་གྲུབ་པ་སྨིག་རྒྱུ་ལྟ་བུ། ཕྱི་ནང་གང་ལའང་མེད་བཞིན་སྣང་བ་བྲག་ཆ་ལྟ་བུ། རྟེན་དང་བརྟེན་པར་སྣང་ཡང་དོན་ལ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། མེད་སྣང་ཅིར་ཡང་འཆར་བ་སྤྲུལ་པ་ལྟ་བུ་སྟེ་བདེན་མེད་ཀྱི་དཔེ་བརྒྱད་དང་མཚུངས་པར་བལྟ་ཞིང་སྒོ་གསུམ་གྱིས་ཇི་ལྟར་ནུས་ཤིང་འབྱོར་པས་རྣམ་པར་དཀར་བའི་ལས་ཕྱོགས་རེ་བ་མ་ཡིན་པར་བསོད་ནམས་ཀྱི་སྒོ་མཐའ་ཡས་པར་འཇུག་བཟོད་པའི་ཚོགས་ཆེན་པོ་བསགས་ཤིང་དེ་ལའང་ཞེན་མེད་སྒྱུ་མ་ལྟ་བུར་ཤེས་པ་དང་འཁོར་གསུམ་ཡོངས་དག་གི་ལྟ་བས་ལམ་དུ་ཁྱེར། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་འཁོར་བའི་ཆོས་ཀུན་ནས་ཉོན་མོངས་པ་ཐམས་ཅད་གནས་ལུགས་བདེ་གཤེགས་སྙིང་པོ་ཉིད་ལྷན་སྐྱེས་ཀྱི་མ་རིག་པ་ལ་བརྟེན་ནས་འདུ་བྱེད་འབྱུང་བ་སོགས་གློ་བུར་གྱི་དྲི་མས་རྙོགས་ཤིང་མ་དག་པའི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུ་བྱས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་དུ་འཁོར་བ་སྟེ། མ་རིག་པ་དང་སྲེད་ལེན་ཏེ་ཉོན་མོངས་པ་གསུམ་གྱིས་འདུ་བྱེད་དང་སྲིད་པའི་ལས་གཉིས་བྱས་པ་ལས། རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་སྐྱེ་བ་རྒ་ཤི་བཅས་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཞི་བདུན་བྱུང་ཞིང་དེ་དག་ལས་ཀྱང་ཉོན་མོངས་གསུམ་འབྱུང་བས་བྱ་དང་སྒོ་ང་ལྟར་ཕན་ཚུན་དུ་འཁོར་བ་སྟེ། དབུ་མ་རྟེན་འབྲེལ་སྙིང་པོར། གསུམ་པ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་རོ། །སྲིད་པའི་མྱ་ངན་ལས་རིང་དུ་འདས་པ་ཞི་བ་ཐར་པ་དམ་པའང་སྐྱེ་བ་འགགས་ན་རྒ་ཤི་འགག །སྲིད་པ་འགགས་ན་སྐྱེ་བ་འགག་པ་སོགས་ཡན་ལག་བཅུ་གཉིས་ལུགས་ལས་ལྡོག་ཅིང་མ་རིག་པ་ཕུག་རྡིབ་པས་དྲི་མ་དེ་ཉིད་རྣམ་པར་བྱུང་ཞིང་དག་པའི་རྟེན་ཅིང་འབྲེལ་འབྱུང་ཙམ་ཡིན་ལ། དོན་དམ་རང་བཞིན་འོད་གསལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལས་འདས་ཀྱང་རྣམ་པའི་འདོགས་ཆ་ཙམ་དུ་གཞི་དུས་སྲིད་རྩ་ཡན་ལག་བཅུ་གཉིས། ལམ་དུས་སུ་བདེན་དོན་ཡན་ལག་བཅུ་གཉིས། འབྲས་བུས་དག་པ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་འཆར་བ་སྟེ། མཚན་བརྗོད་ལས། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་སོ། །མདོར་ན་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་སྣང་བ་ཙམ་ཡིན་ཞིང་དེའང་རང་བཞིན་སྟོང་པ་ཉིད་ལས་བདེན་དངོས་སུ་གྲུབ་པ་མེད་པས། འཕགས་པ་ཀླུས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །རྒྱུ་མཚན་དེ་དག་གི་ཕྱིར་ལམ་གྱི་སྣང་བ་ཐམས་ཅད་ཀུན་ཀྱང་རྟེན་འབྲེལ་ལ་རགས་ལུས་པས་ཐར་པ་འདོད་པ་རྣམས་ཀྱིས་ཐོག་མར་ཆོས་སྒོར་ཞུགས་པའི་འདུན་པ་དང་བླ་མ་བསྟེན་པ་ནས་བརྩམས། ཡང་དག་པའི་འབྲས་བུ་མངོན་དུ་མ་བྱས་ཀྱི་བར་དུ་དམ་ཆོས་སྒྲུབ་པའི་རྒྱུ་དང་དེའི་གྲོགས་སུ་འགྱུར་བའི་རྐྱེན་གྱི་རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་འབའ་ཞིག་ཏུ་བསྒྲིགས་པས་འཕྲལ་དང་ཡུན་དུ་དོན་གཉིས་རླབས་ཆེ་འགྲུབ་པར་འགྱུར་ཏེ། བཤེས་སྤྲིངས་ལས། རྟེན་ཅིང་འབྲེལ་པར་འབྱུང་འདི་སངས་རྒྱས་ཀྱི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །ཆོས་མཐོང་དེ་ཡིས་དེ་བཞིན་གཤེགས་པ་མཐོང་། །ཞེས་སོ། །གཉིས་པ་ནང་བསྐྱེད་རྫོགས་ཀྱི་བོགས་འདོན་ལ་གཉིས། བསྐྱེད་པའི་དང་། རྫོགས་རིམ་ཀྱི་བོགས་འདོན་ནོ། །དང་པོ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། ནང་དུ་ ནས་ ཏིང་འཛིན་སྤེལ༔ ཅེས་གསུངས་ཏེ། ནང་དུ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་རྩལ་སྦྱོང་ཞིང་བོགས་འདོན་པའི་ཚུལ་ཡང་། ཐོག་མར་ཀུན་བརྟགས་ཀྱི་བསྐྱེད་རིམ་ཇི་ལྟ་བུ་བསྒོམ་ཡང་སྣང་ལ་རང་བཞིན་མ་གྲུབ་པ་སྟོང་པའི་གཟུགས་བརྙན་ཆུའི་ཟླ་བ་ལྟ་བུར་བསྒོམ་པ་ཟབ་པའི་ཚུལ་དང་། སྣོད་དང་བཅུད་ཀྱི་རྣམ་པ་གང་ཞིག་སྣང་བ་དེ་ཐམས་ཅད་ཡི་དམ་ལྷའི་རྣམ་པར་བསྒོམ་པས་རྒྱ་ཆེ་བ་ལ་འཇུག་པ་དང་། དེའང་རང་གི་སེམས་ཀྱི་རོལ་རྩལ་ལས་ལོགས་སུ་གྲུབ་པ་མེད་པས་སྒོམ་མཁན་སེམས་དང་བསྒོམ་བྱའི་ལྷ་སྐུ་གཉིས་དོན་དམ་ཆོས་ཉིད་དུ་རོ་མཉམ་པར་ཤེས་པ་དང་། སྣང་ཞིང་སྲིད་པས་བསྡུས་པའི་འཇིག་རྟེན་ཀུན་ཀྱང་རང་བྱུང་ཡེ་ཤེས་ལྷའི་སྐུ་རུ་གདོད་ནས་གཞི་ཐོག་ཏུ་བཞེངས་ཤིང་རྫོགས་པ་ཡོངས་གྲུབ་དོན་དམ་པའི་བསྐྱེད་ཚུལ་དང་། ཚོགས་དྲུག་གི་ཡུལ་དུ་རྟོག་པའི་རྒྱུ་བ་གང་བྱུང་ཡང་གློ་བུར་ཐུག་ཕྲད་དེ་མ་ཐག་པར་ལྷའི་རང་བཞིན་ཁོ་ནར་ཤེས་པའི་ཏིང་འཛིན་གྱི་རོལ་མོ་མཐའ་ཡས་པར་སྤེལ་བ་སྟེ་རྣམ་པ་ལྔ་ཡིས་བསྐྱེད་རིམ་སྤྱིའི་ཡོན་ཏན་གྱི་བོགས་དབྱུང་ངོ་། །གཉིས་པ་ལ་གཉིས། བསྐྱེད་པའི་རྩལ་སྦྱོང་བ་དང་དེ་ཉིད་དག་རྫོགས་སྨིན་པའི་ཚུལ་གྱིས་ཉམས་སུ་བླང་བའོ། །དང་པོ་ནི། བྲིས་སྐུ་ ནས་ ལྡང་ལ་བསླབ༔ ཅེས་གསུངས་ཏེ། ཉིན་མོའི་དུས་སུ་ལྷ་བཟོ་མཁས་པས་བྲིས་པའི་ཡི་དམ་གྱི་སྐུ་མཚན་ཉིད་དང་ལྡན་པའམ་ཤེལ་ལམ་མེ་ལོང་གི་གཟུགས་བརྙན་བཀྲག་མདངས་ཁྱད་དུ་མཚར་བ་ཉིད་རང་གི་རྒྱབ་ངོས་ལྟ་བུར་བཞག །མདུན་དུ་ཆུའི་སྣོད་དྭངས་ཤིང་གཡོ་བ་མེད་པར་དེའི་གཟུགས་བརྙན་འཕོས་པ་ལ་རྟེན་བྱས་ཏེ་ཡིད་མིག་རླུང་གསུམ་པོ་དྲིལ་ལ་རྩེ་གཅིག་ཏུ་གཏད་པའི་གསལ་སྣང་གི་རྩལ་སྒྲུབ་པ་དང་། མཚན་མོའི་དུས་སུ་འཛིན་པའི་གདམས་ངག་གིས་རྨི་ལམ་བཟུང་ལ་ཟིན་པ་དང་དེ་མ་ཐག་ཉིན་མོར་བསྒོམས་པ་ལྟ་བུའི་ལྷའི་སྐུར་ལྡང་བ་ལ་བསླབས་པས་མཚན་དུས་ཀྱིས་ཉིན་སྣང་དང་དེས་ཀྱང་མཚན་སྣང་གི་རྩལ་བསྐྱེད་དེ་བོགས་ཆེན་པོ་ཐོན་པར་འགྱུར་རོ། །གཉིས་པ་ནི་ཁྱད་པར་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། དབྱིབས་དང་ཁ་དོག་གི་རྣམ་པ་ལམ་བྱེད་ཙམ་གྱི་བསྐྱེད་རིམ་ནི་ཕྱི་རོལ་པ་ལའང་ཡོད་ཅིང་དེའི་གྲུབ་འབྲས་ཉི་ཚེ་བ་དང་བསྐྱེད་རིམ་རང་རྒྱུད་པར་གོལ་བའི་རང་འབྲས་རུ་དྲ། རྒྱུ་མཐུན་འབྱུང་པོ་མཐུ་ཆེན་དུ་འགྱུར་བ་ཡོད་པས། དེ་དག་ལམ་དུ་འགྱུར་བའི་ཁྱད་པར་གྱི་གནད་ནི། འཆི་བར་སྐྱེ་བའི་སྲིད་པ་དང་མཐུན་པའི་བསྐྱེད་བསྡུ་དང་། ཕྱི་སྣོད་ནང་བཅུད་དང་མཐུན་པའི་རྟེན་གཞལ་ཡས་ཁང་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་སོགས་མར་བལྟས་འཁོར་བའི་རྣམ་པ་དང་མཐུན་པར་ལམ་དུ་བྱས་པས་དེའི་སྣང་ཞེན་དག་པ་ལས། བསྐྱེད་པས་གཟུགས་སྐུ་དང་བསྡུ་རིམ་གྱིས་ཆོས་སྐུ། རྟེན་བརྟེན་པ་རྣམ་དག་ལྷའི་དཀྱིལ་འཁོར་དུ་གྲུབ་པ་སོགས་ཡར་བལྟས་རྣམ་བྱང་གི་འདྲ་འབག་ཏུ་གྱུར་པས་མཐར་ཐུག་མྱང་འདས་ཀྱི་ཡོན་ཏན་རྫོགས་པའི་རྒྱུར་འགྱུར་པ་དང་། གནས་སྐབས་རིམ་པ་གཉིས་ཀའི་གཞི་བཏིང་བ་ལས་རྫོགས་རིམ་གྱི་ཡེ་ཤེས་སྨིན་ཐབས་ཁྱད་པར་ཅན་དུ་འགྱུར་བའི་ཚུལ་ལེགས་པར་ཤེས་པས་གོལ་འཕྱུགས་མེད་པའི་ལམ་གྱི་མཆོག་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་རྫོགས་རིམ་གྱི་བོགས་འདོན་ལ་གསུམ། རྩ་རླུང་། ཆགས་ལམ། རྫོགས་རིམ་སྤྱིའི་བོགས་འདོན་འབྲས་བུ་དང་བཅས་པའོ། །དང་པོ་ནི། འཕྲུལ་འཁོར་ ནས་ ཀུན་ཏུ་བརྟན༔ ཞེས་གསུངས་ཏེ། རང་ལུས་ཐབས་ལྡན་ཉམས་སུ་ལེན་པའི་ཚེ། ཐུན་མཚམས་རྣམས་སུ་ལུས་སྦྱོང་འཕྲུལ་འཁོར་ཟབ་མོ་མན་ངག་ལག་ལེན་གྱི་གནད་དང་ལྡན་པ་ལ་འབད་པས་རྩའི་མདུད་པ་རྣམས་བཀྲོལ། རྟག་ཏུ་བར་གྱི་རླུང་ལྟེ་བ་ཐད་ཀར་བརྒྱངས་ཏེ་འཛིན་པ་གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་གྱིས་རླུང་སེམས་ཀྱི་རྙོགས་པ་ཕྲ་རགས་རང་སར་དེངས་ཤིང་ཤེས་པ་རྣལ་དུ་ཕེབས་པར་འགྱུར་བ་དང་། གཏུམ་མོའི་མེ་དམིགས་མཉམ་བཞག་ཏུ་བསྒོམས་ཤིང་རྗེས་ཐོབ་ཏུ་མི་བསྒོམ་པའི་རེས་འཇོག་ཅན་གྱི་ནུས་པ་རྙེད་པར་མི་འགྱུར་བས་འབར་བའི་གསལ་སྣང་མཉམ་རྗེས་ཀུན་ཏུ་མ་ཆད་པར་བརྟན་པར་བསྒོམ་པ་རྣམས་གནད་དུ་ཆེའོ། །གཉིས་པ་ནི། ཐིག་ལེ་ ནས་ རང་རྩལ་སྤེལ༔ ཞེས་གསུངས་ཏེ། གཞན་ལུས་ཕོ་ཉའི་ལམ་ལ་འཇུག་པ་ན། ཕྱག་རྒྱ་དང་སྙོམས་པར་འཇུག་པའི་རྗེས་ཆགས་ཀྱི་མེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་རིམ་པར་འཛག་ཅིང་ཞུ་བ་ན་རིག་སྟོང་ཀ་དག་ནམ་མཁའ་ལྟ་བུའི་ངང་ལས་ནམ་ཡང་མ་གཡོས་པས་འཁོར་ལོ་སོ་སོའི་དབུ་མའི་ལྟེ་བར་དང་། ཁྱད་པར་ལྷན་སྐྱེས་ཀྱི་མཐར་གཟུང་ལྡོག་བཀྲམ་ཁྱབ་དང་འབྲེལ་བའི་སྙིང་གའི་དབུས་སུ་ཟག་མེད་ཡེ་ཤེས་དྭངས་མའི་ཐིག་ལེ་ཆེན་པོར་བསྟིམས་པས་རྟག་ཏུ་ལུས་སེམས་བདེ་སྟོང་གི་ཉམས་དང་མི་འབྲལ་བར་འགྱུར་ཞིང་། དེ་ལ་རྟེན་བྱས་ནས་ཕྱི་ནང་གང་ལའང་ཆེད་དུ་འཛིན་ཞེན་མེད་པ་སྒྱུ་མར་ཤེས་པའི་ངང་ནས་ཚོགས་དྲུག་གི་ཡུལ་དུ་བཟང་ངན་བར་མ་གང་ཤར་གྱི་སྣང་བ་སྣ་ཚོགས་པ་ཡིས་ཀྱང་བདེ་ཆེན་འདྲེན་པར་ནུས་པའི་ཏིང་འཛིན་གྱི་རང་བཞིན་དང་མི་འབྲལ་བར་རྩལ་སྦྱོང་གོང་ནས་གོང་དུ་སྤེལ་བས་མཐར་འཁོར་འདས་ཀྱི་རྟོག་ཚོགས་བདེ་ཆེན་ཡེ་ཤེས་གཅིག་གི་ངང་དུ་གྱུར་པ་ན་ཐབས་ལམ་མཐར་ཕྱིན་པའོ། །གསུམ་པ་ནི། ཁྱད་པར་ ནས་ རིས་མེད་ཤར། ཞེས་གསུངས་ཏེ། མཚན་བཅས་རྫོགས་རིམ་སྤྱི་ལ་ཁྱད་པར་དུ་ཤེས་དགོས་པ་སྦྱང་བའི་གཞིའི་ལས་སུ་བྱ་བ་མ་དག་པའི་རྩ་རླུང་ཐིག་ལེ་ལས་གྱུར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་འཁྲུལ་སྣང་བག་ཆགས་མཐའ་ཡས་པ་ཀུན། སྦྱོང་བྱེད་ཐབས་ཀྱི་ལམ་མཆོག་ལུས་རྩ་སྐུ། ངག་རླུང་གསུང་། ཡིད་ཐིག་ལེ་ཐུགས་རྡོ་རྗེའི་རྣལ་འབྱོར་གནད་ཐོག་ཏུ་ཐེབས་པའི་མེ་བཙའ་ལྟར་ཟབ་མོའི་མཐུ་དང་ནུས་པའི་ཕྱག་རྒྱས་བྱེད་པའི་གནད་ལེགས་པར་བཅིངས་ཏེ་རྒྱས་བཏབ་ནས་གཞན་དུ་མི་གཡེངས་པའི་སེམས་རྩེ་གཅིག་པས་བསྒོམ་པ་དེ་ཡིས། གློ་བུར་གྱི་དྲི་མ་རྣམས་དག་ཅིང་སྦྱངས་པའི་འབྲས་བུ་ཆོས་ཉིད་ཀྱི་མཁའ་ལ་སྐུ་དང་ཡེ་ཤེས་ཕྱོགས་རིས་མེད་པའི་ཉི་མ་ཤར་བ་ཡིན་པས་དེ་དག་གི་གནད་གསང་ཤེས་ན་ལམ་ནོར་འཁྲུལ་གྱི་སྐྱོན་མེད་པས་བླུན་སྒོམ་གྱི་འཕྲང་ལས་གྲོལ་ཏེ་འཕྲལ་ཡུན་དུ་བོགས་ཆེན་པོར་འགྱུར་རོ། །གསུམ་པ་གསང་བ་ཨ་ཏིའི་ལམ་གྱི་བོགས་འདོན་ལ་གཉིས། ཁྲེགས་ཆོད་དང་། ཐོད་རྒལ་གྱིའོ། །དང་པོ་ལའང་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། གསང་བ་ ནས་ལམ་དུ་བཏང༔ ཞེས་གསུངས་ཏེ། གསང་བ་རྫོགས་ཆེན་ཤིན་ཏུ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ལ་གནས་པའི་ཚེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དུག་ལྔ་ལས་གྱུར་པའི་རྣམ་པར་རྟོག་པ་ཇི་སྙེད་པ་རང་སེམས་ཀྱི་ཆོ་འཕྲུལ་ལས་ཤར་བ་ཀུན། ཁ་ཡན་དུ་བཏང་བ་དང་སྤང་བསྒྱུར་གྱི་གཉེན་པོ་བརྟེན་པ་སོགས་མི་བྱ་བར་ཡེ་གྲོལ་རང་ངོ་རིག་པའི་གནད་ཀྱིས་སྐད་ཅིག་མ་གསུམ་པ་ལས་ཕན་མི་འདའ་བར་བཟུང་ལ་ལམ་དུ་བཏང་བར་བྱའོ། །གཉིས་པ་ནི། འདོད་ལ་ ནས་ ཆེན་པོར་གྲོལ༔ ཅེས་གསུངས་ཏེ། དེའང་ཞིབ་པར་བཀྲོལ་ན། མིག་གི་ཡུལ་དུ་གཟུགས་སྡུག་པས་མཚོན་ལུས་ལོངས་སྤྱོད་གཉེན་འབྲེལ་འཁོར་གཡོག་སོགས་འདོད་པའི་ཡུལ་ལ་ཆགས་ཤིང་ཞེན་པའི་རྟོག་པ་ཤར་བའི་ཚེ། རྟོག་པ་འགགས་ནས་དགག་པ་དང་རྗེས་འབྲང་གིས་སྒྲུབ་པ་གང་ཡང་མི་བྱ་བར་རང་ངོ་ལ་བལྟས་པས་རིག་སྟོང་རྗེན་པར་འཆར་བ་དེ་ཐོག་ཏུ་ཀློད་ལ་བཞག་པས། བདེ་བ་ལ་ཞེན་འཛིན་ཀྱི་དྲི་མ་མེད་བཞིན་བདེ་སྟོང་མ་འགགས་པའི་ཉམས་མྱོང་ཁོང་ནས་སད་པར་གྱུར་པ་ན། སོ་སོར་རྟོག་པའི་ཡེ་ཤེས་ཞེས་གྲགས་པ་དེ་ཉིད་ལ་བྱ་བ་ཡིན་གྱི་ལོགས་སུ་བཙལ་དུ་མེད་དོ། །དེས་མཚོན་ཏེ། མི་དང་མི་མ་ཡིན་པའི་གནོད་བྱེད་སོགས་ཚོགས་དྲུག་གི་ཡིད་དུ་མི་འོང་བ་ལ་ཞེ་སྡང་བས་སེམས་ཁྲོ་ཞིང་གཏུམ་པའི་རྣམ་པར་རྟོག་པ་ལམ་གྱིས་ཤར་བའི་ཚེ། དེའི་རྗེས་སུ་འབྲང་ན་ལས་བསགས་པས་མི་འབྲང་ཞིང་སྐྱོན་དུའང་མི་བཟུང་བར་རང་ངོ་རིག་བཞིན་གང་ཤར་དེ་ཉིད་མ་བཅོས་རང་བབས་སུ་ལྷུག་པར་བསྐྱངས་པས། རྣམ་པ་གསལ་ལ་མ་འགགས་ཤིང་ངོ་བོ་དེར་འཛིན་མེད་པ། དེའི་རོ་མྱོང་བ་དང་རྗེས་སུ་འབྲང་བའི་ཞེན་པ་དང་འདི་ཡིན་གྱི་རྩིས་གདབ་དང་བྲལ་བ་དྭངས་ཤེལ་གྱི་གཟུགས་བརྙན་ལྟར་འཆར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པ་ནི། དེ་ལ་བྱ་བ་ཡིན་ནོ། །གཉིད་དང་སྙོམས་ལས་གཙོར་གྱུར་ཐོས་བསམ་སྒོམ་གསུམ་ལ་བློ་གྲོས་ཀྱི་སྣང་བ་སྒྲིབ་པ་གཏི་མུག་མུན་པའི་འཐིབ་པོ་ནམ་བྱུང་བའི་ཚེ། དེ་ཉིད་ཀྱི་རང་ངོ་རིག་པའི་ངང་བསྐྱང་བ་ལས་སྐྱོན་རྟོག་གིས་སྤང་བའམ་ཡོན་ཏན་དུ་བལྟ་བའི་དང་བླང་གཉིས་ཀ་དོར་བས། ཁྱབ་བརྡལ་ཆེན་པོ་རྩེ་གཅིག་གི་ཀློང་དུ་རྣམ་པར་མི་རྟོག་པའི་རང་བྱུང་སྤྲོས་བྲལ་རྗེན་པར་ལྷག་གིས་ཤར་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་པའང་དེ་ལ་བྱ་བ་ཡིན་ནོ། །གཞན་ལས་བདག་ཉིད་རིགས་རུས་ཡོན་ཏན་འབྱོར་པ་སོགས་ཀྱིས་ལྷག་གོ་སྙམ་དུ་ང་རྒྱལ་གྱིས་སེམས་ཁེངས་པའི་འཛིན་པ་ནང་དུ་ལྡང་བ་ན། དེ་ལའང་སྔ་མ་རྣམས་བཞིན་དུ་བླང་དོར་གང་ཡང་མི་བྱ་བར་ངར་འཛིན་པ་དེ་ཉིད་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས་ཅི་ཡང་མི་རྟོག་པར་རང་གཞན་མཉམ་པ་ཆེན་པོའི་ཀློང་གཅིག་ཏུ་གྱུར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་ནི་དེ་ལ་བྱའོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་ཅིང་འགྲན་ཟླར་སེམས་པའི་ཟུག་རྔུ་ཡིད་ལ་ཤར་བའི་ཚེ་ནའང་། དེ་ལ་གཉེར་ཁ་མི་བྱ་བར་ཤར་མཁན་ཁོ་རང་གི་ཐོག་ཏུ་གང་དགར་བོར་ཏེ་ངོ་བོར་བལྟས་པས། བདག་དང་གཞན་ཞེས་གཉིས་སུ་འཛིན་པའི་རྟོག་པ་མེད་པར་རིག་སྟོང་སྒྱུ་མར་རྫོགས་པར་འགྱུར་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་པའང་དེ་ལ་བྱ་བ་ཡིན་ནོ། །ཉོན་མོངས་པའི་རྟོག་པ་དང་པོར་ངོས་ཟིན་དཀའ། བར་དུ་ལྡོག་དཀའ། མཐར་རྒྱུན་བཅད་པར་དཀའ་བས་དྲན་ཤེས་ཀྱི་བྱ་རས་བཟུང་ནས་ཇི་སྐད་བསྟན་པ་དེ་ལྟར་རང་གྲོལ་ཆེན་པོའི་དབྱིངས་སུ་ལ་ཟློ་ཤེས་ན་དུག་ལྔའི་རྟོག་པ་མི་ཤར་བ་ནི་མི་སྲིད་ལ་ཤར་ཚད་ཀུན་སྤང་སྒྱུར་གང་ཡང་མ་དགོངས་པར་ཡེ་ཤེས་ལྔའི་ངོ་བོར་བོགས་སུ་ཐོན་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་དེ་གསུམ་ཆ་མཉམ་ལས་བྱུང་བ་རེ་རེར་ཡང་ཉི་ཁྲི་ཆིག་སྟོང་རེ་སྟེ་བསྡོམས་པས་ཉོན་མོངས་རྟོག་པའི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གྲགས་པ་ཇི་སྙེད་པའང་སྦྲུལ་མདུད་དཀྲོལ་བ་པོ་མེད་པར་རང་གྲོལ་བ་བཞིན་དུ་ཡེ་ཤེས་ཆེན་པོར་རང་སར་གྲོལ་བར་འགྱུར་ཏེ། ཞི་རྒྱུད་ལས། རང་བཞིན་ཤེས་པས་མི་སྤང་སྟེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །ཞེས་དང་། མུ་ཏིག་ཕྲེང་བར། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །སྤྱིར་ཉོན་མོངས་པ་ཤར་མ་ཐག་ཏུ་གདོང་ཟློག་བྱས་ན་བྱ་ཤོར་དུ་འགྲོ་བས་རྩལ་རྫོགས་སུ་གཞུག །རྩལ་རྫོགས་ལས་མ་བསགས་པའི་སྐད་ཅིག་དེ་མ་ཐག་པར་ལམ་དུ་བཏང་བས་ཡེ་ཤེས་སུ་ལྷག་གིས་ཤར་པའི་དུས་ན་རྟེན་འབྲེལ་བསྒྲིགས་དགོས་ཤིང་། དེ་ཉིད་ཡེ་ཤེས་ཀྱི་གཞིར་མེད་ན་ལམ་དུ་མི་འགྲོ་བ་དྭངས་པའི་བཞིན་སྣོད་མེད་ན་བཞིན་རས་མི་འཆར་བ་དང་མཚུངས་ལ། ཉོན་མོངས་པ་གང་སྐྱེས་དེ་རྩལ་རྫོགས་ཤིང་ལས་མ་བསགས། ངོ་བོ་ཡེ་ཤེས་སུ་ཤེས་པའི་སྐད་ཅིག་དེ་ཉིད་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་ལམ་དུ་བཏང་པ་ནི་གྲུབ་པའི་དངུལ་ཆུས་ལྕགས་གསེར་དུ་བསྒྱུར་བ་བཞིན་ནོ། །གསུམ་པ་ནི། མདོར་ན་ ནས། བོགས་སུ་འཆར༔ ཞེས་གསུངས་ཏེ། ཇི་སྐད་བཤད་པ་དེ་དག་གི་དོན་མདོར་བསྡུ་ན། སེམས་དང་སེམས་ལས་བྱུང་བའི་རྣམ་རྟོག །དུག་ལྔས་བསྡུས་པའི་ཉོན་མོངས་པ། ལྷ་མཐོང་ཞིང་དད་གུས་སོགས་བཟང་རྟོག །འདྲེར་སྣང་ཞིང་ཉམས་མི་དགའ་བ་སོགས་ངན་རྟོག །ལུས་སེམས་ལ་སྡུག་བསྔལ་ཚོར་བ། ན་བ་དང་འཆི་བ་སོགས་བཟང་དུ་རེ་ཞིང་ངན་པར་དོགས་པ་ཅི་དང་ཅི་ལྟ་བུ་བྱུང་ཡང་སྤང་བླང་ཁུ་འཕྲིག་གི་སྙེམས་རྟོག་རྡུལ་ཙམ་མེད་པར་རྟོག་པ་དེ་ཀ་རང་གི་ངོ་བོར་བལྟས་ཏེ་བཟང་ངན་རོ་སྙོམས་ཤིང་། དེ་ཀ་ཙམ་དུའང་མ་ལུས་པར་རང་རིག་གི་རྩལ་སྦྱོང་ཕྱོགས་མེད་དུ་བྱས་པས་རྣམ་རྟོག་གི་འཕྲོ་འདུ་ཀུན་ཀྱང་སྐྱོན་སྐྱེད་པའི་གེགས་སུ་མི་འགྱུར་བར་ཡོན་ཏན་ལྷག་པར་འཕེལ་བའི་བོགས་འདོན་དུ་འཆར་བར་འགྱུར་ཏེ། ཏིང་འཛིན་རྒྱལ་པོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་མི་རྟོག་གསལ། །ཞེས་སོ། །གཉིས་པ་ཐོད་རྒལ་གྱི་བོགས་འདོན་ནི། ཁྱད་པར་ ནས་ མཆོག་ལ་སྦྱོར༔ ཞེས་གསུངས་ཏེ། ཐོད་རྒལ་ལྷུན་གྲུབ་ཀྱི་རྣལ་འབྱོར་ལ་གནས་པའི་སྐབས་སུ་སྤྱི་གནད་རྣམས་དཀྱུས་ལྟར་ལ། ཁྱད་པར་འོད་གསལ་སྣང་བའི་བོགས་འདོན་དུ་ཐོག་མར་ཁྲ་ཁང་དང་དེ་ནས་མུན་ཁང་སྒོ་ཁྱུད་རིམ་པ་གསུམ་པར་སྒོ་གསུམ་བྱེད་པ་བཅིངས་པའི་གནད་དང་ལྡན་པས་མུན་པའི་རྣལ་འབྱོར་གྱིས་ཞག་བདུན་ཕྲག་གསུམ་ལ་སོགས་པར་བསྒོམས་པས་ཉིན་མཚན་རྟགས་བཅུ་དང་འོད་གསལ་གྱི་སྣང་བ་སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་ཞིང་འཕེལ་འགྲིབ་བྲལ་པའི་བརྟན་པོར་འགྱུར་ལ། སྐབས་སུ་རྡོ་རྗེའི་བཟླས་པ་དང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དང་རྩོལ་བའི་རླུང་འཁོར་ལོ་བཞིའི་ལྟེ་བར་རྟགས་སྣང་དང་ལྷན་ཅིག་གཡོ་མེད་དུ་འཆིང་བ་དང་། འབར་འཛག་གི་ཞུ་བདེ་དྲངས་ཤིང་བདེ་གསལ་གྱི་ཉམས་རྟོགས་ཀུན་ཀྱང་གཉིས་མེད་རོ་མཉམ་ཁྱབ་བརྡལ་ཆེན་པོའི་ངང་དུ་འཕོ་མེད་མི་འགྱུར་བའི་ཐབས་ཀྱིས་བདེ་བ་ཆེན་པོ་མཆོག་ལ་སྦྱོར་རོ། །འདི་ནི་གསང་སྔགས་གསར་མའི་ལུགས་ཀྱི་བླ་མེད་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་པ་དང་བསྙེན་སྒྲུབ་རྡོ་རྗེ་གསུམ་གྱི་གནད་ཐམས་ཅད་ཀྱང་འདུས་པ་སྟེ། བྱེད་བཅིངས་མུན་པའི་རྣལ་འབྱོར་རྟགས་སྣང་དང་བཅས་པ་ནི་ཐོག་མར་དགེ་བས་སོར་བསམ་སྐུ་རྡོ་རྗེ། སྲོག་རྩོལ་རླུང་གི་སྦྱོར་བ་ནི་བར་དུ་དགེ་བ་སྲོག་འཛིན་གསུང་རྡོ་རྗེ། ཞུ་བདེ་འགྱུར་མེད་དུ་བསྒྲུབ་པ་ནི་མཐར་དགེ་དྲན་ཏིང་ཐུགས་རྡོ་རྗེའི་རྣལ་འབྱོར་རྣམས་དང་དོན་གཅིག་པའོ། །གསུམ་པ་དེ་དག་ཐམས་ཅད་ཀྱི་དོན་བསྡུས་ཏེ་བཤད་པ་ནི། གཞན་ཡང་ན། འབྲེལ་བས་འགྲུབ༔ ཅེས་གསུངས་ཏེ། བྱེ་བྲག་ཏུ་བསྟན་པ་དེ་དག་ལས་གཞན་ཡང་ལམ་གྱི་རྣལ་འབྱོར་ཐུན་མོང་སྤྱི་ལ་གལ་ཆེ་བ་གནད་ཀྱི་མན་ངག་ཟབ་མོ་ཉིང་ཁུར་ཕྱུངས་ནས་བསྟན་པ་ནི། འཇིག་རྟེན་ན་ཉེས་པའི་སྐྱོན་ཅི་ཡོད་པ་དེ་རྣམས་ཐམས་ཅད་ནི་གཞན་ལས་མ་བྱུང་སྟེ་བདག་ཏུ་འཛིན་པ་འདི་ཁོ་ན་ལས་བྱུང་བས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ལ་བརྟེན་པ་བདག་གཞན་བརྗེ་བའི་བློ་སྦྱོང་སོགས་ཀྱིས་བདག་ཏུ་གཅེས་པར་འཛིན་པའི་བློ་བཤིག །དོན་དམ་བྱང་ཆུབ་སེམས་བདག་གཞན་ཏུ་རྟོག་པས་སོགས་གཉིས་ཆོས་ཀྱི་སྤྲོས་པ་ཀུན་བྲལ་ཟབ་མོ་སྟོང་ཉིད་ཀྱི་ལྟ་བས་བདག་ལྟའི་ངོ་བོའང་ཆོས་ཀྱི་དབྱིངས་སུ་བཅོམ་སྟེ་དྲུང་ངམ་རྩ་བ་ནས་ཕྱུང་། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ལ་ཀུན་རྫོབ་དོན་དམ་གྱི་བདེན་པ་གཉིས་པོ་ལྟོས་འཇོག་ཅན་དུ་གྲུབ་པས་ཡ་བྲལ་དུ་མ་སོང་པར་དེ་གཉིས་དབྱེར་མེད་དུ་སྤྱོད་པའི་རྟེན་འབྲེལ་ལམ་དུ་ཁྱེར། འཕྲལ་ཡུན་ཡོན་ཏན་གང་ཡང་རུང་བ་ཐམས་ཅད་ཆོས་ཉམས་སུ་བླངས་པ་ལས་བྱུང་བའི་ཕྱིར་ཐེག་ཆེན་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ནམ་མཁའ་དང་མཉམ་པའི་ཕ་མ་འགྲོ་དྲུག་སེམས་ཅན་རིས་སུ་མ་ཆད་པ་ཀུན་ལ་ཚད་དང་མུ་མཐའ་མེད་པའི་སྙིང་རྗེ་དུས་རྟག་ཏུ་བསྒོམ། བྱིན་རླབས་དངོས་གྲུབ་ཀྱི་འབྱུང་གནས་དཔལ་ལྡན་རྩ་བའི་བླ་མ་ཉིད་དཀོན་མཆོག་ཀུན་འདུས་སུ་ཤེས་པས་བཟོད་མེད་ཀྱི་མོས་གུས་དྲག་པོ་བསྐྱེད། འཇིག་རྟེན་པས་བསྡུས་པ་ཟག་བཅས་བསོད་ནམས་ཀྱི་ཚོགས་དང་འཇིག་རྟེན་ལས་འདས་པས་བསྡུས་པ་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་ཕྲ་མོས་མི་ངོམས་པར་གོང་ནས་གོང་འཕེལ་བརྩོན་པ་ཆེན་པོས་བསྒྲུབ། དམིགས་བཅས་ཀྱི་ཉམས་ལེན་ཀུན་ལས་ཁྱད་པར་དུ་གྱུར་པ་སེམས་ཉིད་རིག་སྟོང་རྗེན་པ་ལམ་དུ་ཁྱེར་ལ་མཉམ་རྗེས་སྤྱོད་ལམ་གང་གི་སྐབས་སུའང་སྐད་ཅིག་ཙམ་ཡང་ཕྱི་ཡུལ་སྣང་ལ་མ་ཡེངས་ཤིང་ནང་སེམས་ཀྱིས་གང་ཡང་མི་བསྒོམ་པས། སྣང་ཕྱོགས་ཐབས་དང་སྟོང་ཕྱོགས་ཤེས་རབ་ཕྱོགས་རེར་ཞེན་ཅིང་ཨ་འཐས་པའི་ལམ་ལ་མ་གོལ་བར་ཐམས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་སྒྲུབ་པའི་བོགས་སུ་ཤེས་རབ་སྟོང་པ་ཉིད་ཀྱི་ལྟ་བའི་གདེང་བསྐྱེད་ཅིང་། ཤེས་རབ་སྟོང་ཉིད་ཀྱི་གནས་ལུགས་ཇི་བཞིན་རྟོགས་པའི་གྲོགས་སུ་གོང་དུ་བསྟན་པའི་སྙིང་རྗེ་མོས་གུས་སོགས་ཐབས་ཀྱི་མཆོག་དང་བསོད་ནམས་སྣ་ཚོགས་པ་ཉིན་རེ་བཞིན་གོང་དུ་སྤེལ་བར་བྱ་དགོས་ཏེ། རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པུས་འགྱུར་བ་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། ལམ་སྒྲོན་ལས་ཀྱང་། ཤེས་རབ་བྲལ་བའི་ཐབས་དག་དང་། །ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་སོ། །དེ་ལྟར་ན་ཐབས་ཀྱིས་ཤེས་རབ་སྒྲིབ་པ་དང་ཤེས་རབ་ཀྱིས་ཐབས་ཁྱད་དུ་གསོད་པ་མ་ཡིན་པར་གཉིས་ཀ་འགལ་མེད་ཟུང་འཇུག་ཏུ་ལམ་དུ་ཁྱེར་བ་དེ་ཡིས་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་དག་དབྱར་གྱི་མཚོ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། ས་བཅུ་དང་ལམ་ལྔའི་རིམ་པ་མ་ལུས་པ་ཀུན་ཀྱང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་བདེ་བླག་ཏུ་བགྲོད་ཅིང་མཐར་སོན་པར་འགྱུར་ཏེ། སྡོམ་འབྱུང་ལས། ཤེས་རབ་ཐབས་ནི་མཉམ་སྦྱོར་བས། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པའི། །སངས་རྒྱས་ཀུན་རྣམས་རབ་ཏུ་བཞུགས། །དབྱེར་མེད་རྣམ་པར་ཡང་དག་རིག །གང་གི་གནས་པ་རྡོ་རྗེ་སེམས། །ཇི་སྲིད་རྫོགས་བྱང་ཆུབ་པར་འགྱུར། །ཞཅེས་སོ། །བོགས་འདོན་གྱི་རིམ་པ་འདི་རྣམས་ཀྱང་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་བསམ་གཏན་ཉམས་སྒྲོན་ལས། ལུང་ཟབ་བླ་མ་ཉམས་ཅན་སྔུན། །བལྟ་དང་ལྟ་འབུལ་ཉམས་བསྡུར་དང་། །མི་རྟག་འཆི་བསམ་བརྩོན་འགྲུས་བསྐྱེད། །གནས་ལུགས་དྲན་པའི་རྩིས་ཟིན་པས། །གསང་སྤྱོད་ཐབས་ལ་བསྟེན་པ་དང་། །ལུང་དང་བདེ་བའི་མན་ངག་དང་། །དམིགས་མེད་སྙིང་རྗེ་གོམས་པ་དང་། །གདམས་པའི་གནད་དང་ཤེས་རབ་ཀྱིས། །རིག་པ་རྩལ་སྦྱོང་ཉམས་བོགས་འདོན། །ཅེས་གསུངས་པ་སོགས་ཀྱི་དོན་རྣམས་སྙིང་པོར་དྲིལ་བའོ། །གསུམ་པ་གང་དུ་མཐར་ཕྱིན་པའི་འབྲས་བུ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། སྦྱངས་པའི་འབྲས་བུ་སོགས་ཚིག་རྐང་གཅིག་སྟེ། དེ་ལྟར་སྦྱང་གཞི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་སྦྱོང་བྱེད་རིམ་གཉིས་ལམ་གྱིས་ཚུལ་བཞིན་སྦྱངས་པའི་འབྲས་བུ་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་སྤང་ཐོབ་མེད་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་རང་སྣང་བའི་ཚུལ་ནི་འདི་ལྟ་སྟེ། ཞེས་སོ། །དེ་ལ་འབྲས་བུའི་ངོ་བོ་བཤད་མ་ཐག་པ་ཉིད་དེ། སྒྱུ་འཕྲལ་བྱེ་བྲག་བསྟན་པ་ལས། །གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བརྟགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་སོ། །ངེས་ཚིག་ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པ་ལྟར། རྣལ་འབྱོར་པས་དོན་དུ་གཉེར་ནས་བསྒྲུབ་པར་བྱ་བ་མཆོག་གི་གྲུབ་པ་མཐར་ཕྱིན་པས་འབྲས་བུ་ཞེས་བརྗོད་པ་དང་། དབྱེ་བ་སྔ་མ་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་རེ་རེ་ལའང་ལྔ་ལྔ་སྟེ་འབྲས་ཆོས་ཉེར་ལྔའི་བདག་ཉིད་འཆད་པར་འགྱུར་བ་ལྟར་རོ། །གཉིས་པ་ནི། རང་དོན་ ནས་ ངང་གིས་འབྱུང༔ ཞེས་གསུངས་ཏེ། འདི་ལ་ལྔ། སངས་རྒྱས་ཀུན་གྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་སྐུ་དང་། གདུལ་བྱ་ལ་ཆོས་དོན་བརྡ་སྤྲོད་པས་གསུང་དང་། བརྟེན་པ་སྙིང་པོ་མི་གཡོ་བས་ཐུགས་དང་། དགོས་འདོད་ཐམས་ཅད་འབྱུང་བས་ཡོན་ཏན་དང་། གཞན་དོན་མཛད་པས་ཕྲིན་ལས་སོ། །དང་པོ་ནི། སྤངས་པ་དང་རྟོགས་པ་ཆེན་པོས་རང་དོན་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཆོས་ཀྱི་སྐུ། སྙིང་རྗེའི་སེམས་ཆེན་པོས་གཞན་དོན་ལྷུན་གྱིས་གྲུབ་པའི་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་དག་པའི་གདུལ་བྱ་རྒྱལ་སྲས་ས་བཅུ་པའི་ངོར་སྣང་སྟོང་ཟུང་འཇུག་ཐུན་མིན་རྒྱུ་འབྲས་ཀྱི་མཚན་དཔེ་དང་ལྡན་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། མ་དག་པའི་གདུལ་བྱ་འགྲོ་བ་དྲུག་གི་མོས་པ་དང་མཐུན་པར་གང་གིས་འདུལ་བ་དེར་སྟོན་གྱི་ཐབས་ལ་མཁས་པའི་ཐུགས་རྗེའི་རོལ་པས་མ་ངེས་སྣ་ཚོགས་སྤྲུལ་པའི་ཚུལ་བཟོ་སྐྱེ་མཆོག་སོགས་སྣང་བ་ནི་སྤྲུལ་པའི་སྐུ། གསུམ་པོ་དེ་དག་གདུལ་བྱ་སོ་སོའི་སྐལ་བ་དང་མཐུན་པར་སྣང་བའི་ཆ་སོ་སོར་མ་འདྲེས་པར་སྟོན་པའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། བྱང་ཕྱོགས་ཀྱི་ཆོས་སོ་བདུན་གྱིས་མཚོན་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ། དོན་དམ་པར་གཟུགས་སྐུ་གཉིས་པོའང་ཐ་དད་རང་རྒྱུད་པར་མེད་ཅིང་དག་པ་གཉིས་ལྡན་སྟོང་པའི་ཆ་ཆོས་ཉིད་འོད་གསལ་འཕོ་འགྱུར་མེད་པའི་དབྱིངས་སུ་སྐུ་གསུམ་དབྱེར་མེད་རོ་གཅིག་པ་ནི་མི་འགྱུར་རྡོ་རྗེའི་སྐུའོ། །གཉིས་པ་ནི། དེ་ལྟར་སྐུ་ལྔ་ཐོབ་ནས་སོ་སོའི་གསུང་ལྔ་པོས་འཁོར་ལ་བརྡ་སྤྲོད་ཅིང་དོན་མཚོན་པར་བྱེད་པ་སྟེ། དེའང་ཆོས་ཉིད་སྨྲ་བརྗོད་དང་བྲལ་བའི་རྣམ་པར་དག་པའི་ཡེ་ཤེས་ཉིད་བསམ་བརྗོད་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནི་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། མེ་ལོང་གིས་བྱད་ཀྱི་དྲི་མ་ངོས་ཟིན་ནས་སེལ་བར་བྱེད་པ་ལྟར་སྐུ་མཐོང་བ་དེ་ཡིས་འཁོར་གྱི་བློ་ལ་དོན་གྱི་བརྡ་འཕྲོད་པའི་ཡེ་ཤེས་མཚོན་པ་ནི་ལོངས་སྐུ་དགོངས་པ་བརྡའི་གསུང་། ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་གདུལ་བྱ་གང་ལ་གང་འདུལ་གྱི་ངོར་སོ་སོའི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཚིག་རེས་དོན་རེ་གོ་བ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། དོན་དུ་ཚིག་གཅིག་མ་གསུངས་ཀྱང་རིགས་དྲུག་སོ་སོའི་སྒྲ་སྐད་དང་མོས་པ་ཇི་ལྟ་དེ་ལྟར་སྣང་ཞིང་དེ་ཐམས་ཅད་ཀྱང་རང་རིག་པར་གསལ་ལ་ཅིར་ཡང་མི་འགག་པའི་ཡེ་ཤེས་ནི་མངོན་བྱང་རིག་པའི་གསུང་། སྒྲ་སྐད་ཐམས་ཅད་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་གྲོལ་བར་གོ་བརྡ་འཕྲོད་པའི་ཡེ་ཤེས་ནི་རྡོ་རྗེའི་གསུང་སྟེ། གསུང་ལྔ་པོ་དེ་རྣམས་ངོ་བོ་བརྡ་སྤྲོད་པར་གཅིག་ལ་བརྗོད་ཚུལ་དང་རྟོག་པ་ཐ་དད་པའོ། །གསུམ་པ་ནི། སྐུ་ལྔའི་སྙིང་པོར་གྱུར་པ་ཐུགས་ལྔ་ནི་བརྟེན་ན་ཡེ་ཤེས་ལྔ་པོ་སྟེ། དེའང་གློ་བུར་གྱི་སྒྲིབ་པ་མཐའ་དག་མ་སྤངས་བྲལ་བའི་རང་བཞིན་རྟོགས་པའི་ཚེ་གཞི་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི་ཅིར་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེའི་ཚེ་སྦྱོར་བ་དོན་གྱི་ཀུན་གཞི་གནས་གྱུར་པ་ལས་གསལ་ལ་མི་རྟོག་པས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དེར་ཤར་ཅིང་། སྒོ་ལྔ་གནས་གྱུར་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཡིད་གནས་གྱུར་པས་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་མཁྱེན་པ་ནི་སོར་རྟོག་ཡེ་ཤེས་གཉིས་ཀྱང་། ཉོན་ཡིད་གནས་གྱུར་བཟང་ངན་བླང་དོར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཟླུམ་པའོ། །དེ་དག་ལས་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས། མཉམ་ཉིད་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས། མེ་ལོང་ཡེ་ཤེས་ནི་མངོན་བྱང་ཅི་ཡང་ས་ལེར་མཁྱེན་པའི་ཐུགས། སོར་རྟོག་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས་སོ། །བཞི་པ་ནི། སྐུ་དེ་རྣམས་ཀྱི་ཡན་ལག་གི་ཆོས་སུ་གྱུར་པ་རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་པ་དང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་རྒུར་རོལ་པའི་རྒྱན་གྱི་ཡོན་ཏན་རྣམས་རྫོགས་པའོ། །དེ་ལ་ཅུང་ཟད་སྤྲོ་ན། ཆོས་སྐུའི་ཞིང་ཁམས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། ལོངས་སྐུའི་ཞིང་ཁམས་རང་གསལ་ལྷུན་གྲུབ་འོད་ཀྱི་འཁོར་ལོ། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ། གཞལ་ཡས་ཁང་ནི་ཆོས་སྐུ་ལ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ། ལོངས་སྐུ་ལ་ལྷུན་གྲུབ་དབྱིངས་ཀྱི་སྣང་བ། སྤྲུལ་སྐུ་ལ་ཡེ་ཤེས་རིན་པོ་ཆེའི་རང་བཞིན། འོད་ཟེར་ལའང་ཆོས་སྐུ་ལ་ཡེ་ཤེས་ལྔའི་འོད་ཟེར། ལོངས་སྐུ་ལ་ཡེ་ཤེས་ཀྱི་རང་གདངས་འོད་ལྔ་རུ་འབར་བ། སྤྲུལ་སྐུ་ལ་སྐུའི་གནས་བ་སྤུའི་བུ་ག་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་འཕྲོ་བ། གདན་ཁྲི་ནི་ཆོས་སྐུ་ལ་ལྟ་བ་ཁ་སྦྱོར། ལོངས་སྐུ་ལ་ཤེས་རབ་ཁ་སྦྱོར། སྤྲུལ་སྐུ་ལ་ཐུགས་རྗེ་ཁ་སྦྱོར་རོ། །རྒྱན་ཆ་ནི་ཆོས་སྐུ་སྐྱེ་མེད་རྣམ་དག་ལ་རྒྱན་གྱི་ཐ་སྙད་མཛད་པ་དང་། ལོངས་སྐུ་ལ་འགག་མེད་རང་གསལ་གྱི་རྒྱན་ཐུན་མོང་མ་ཡིན་པའི་མཚན་དཔེ་སྟེ། དེ་ལ་ཕྱི་ནང་གསང་བ་གསུམ་གསུམ་དུ་དབྱེར་ཡོད་ཅིང་། གཞན་ཡང་ལོངས་སྐུ་རྟགས་ཀྱི་རྒྱན་བཅུར་གྲགས་པ། དབུ་རྒྱན། སྙན་རྒྱན། མགུ་ཆུ། དོ་ཤལ། དཔུང་རྒྱན། ཕྱག་གདུབ་གཉིས། ཞབས་གདུབ་གཉིས། སེ་མོ་དོ་དང་བཅུའོ། །སྤྲུལ་སྐུའི་རྒྱན་ཐུན་མོང་གི་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་སྟེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལའང་ཕྱོགས་མཐུན་ཙམ་ཡོད་པས་ཐུན་མོང་གི་མཚན་དཔེར་བཤད་དོ། །ལྔ་པ་ནི། ལས་དང་ཉོན་མོངས་པའི་རྣམ་པར་རྟོག་པ་དང་ནད་གདོན་སོགས་ཞི་བར་བྱེད་པ་དང་། ཚེ་བསོད་དཔལ་འབྱོར་རང་རིག་པའི་ཡེ་ཤེས་ཀྱི་མངོན་རྟོགས་ཐམས་ཅད་རྒྱས་པར་བྱེད་པ་དང་། རླུང་སེམས་སྣང་བས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་དབང་དུ་མཛད་པ་དང་། ཞི་བས་མི་ཐུལ་པའི་དགྲ་བགེགས་ལོག་འདྲེན་རྣམས་ཐུགས་རྗེ་དྲག་པོར་ཁྲོས་པས་ཚར་བཅད་པ་དང་། གནས་ལུགས་ཇི་ལྟ་བ་མངོན་དུ་གྱུར་པས་མཛད་དང་མཛད་པར་བྱ་བ་གང་ཡང་མི་དམིགས་པའི་ངང་ནས་ཕྱོགས་དང་རིས་སུ་ཆད་པ་མེད་པ་ནི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །དེ་ལྟ་བུའི་ཕྲིན་ལས་ཀྱིས་གདུལ་བྱ་འདུལ་བ་ནི་རྟག་ཁྱབ་ལྷུན་གྲུབ་ཀྱི་བདག་ཉིད་ཅན་ཏེ། ནམ་མཁའ་ཇི་སྲིད་བར་འཁོར་བའི་མཐའ་ཟད་པ་མེད་ཅིང་འཁོར་བ་ཇི་སྲིད་མ་སྟོང་བར་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་མི་མངའ་བར་རྟག་པ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །རྟག་པ་དེའང་ཕྱོགས་རེར་འཇུག་པ་མ་ཡིན་པར་ཇི་སྙེད་ནམ་མཁའི་ཁམས་ཀྱིས་ཁྱབ་པ་དེ་སྙེད་ཀྱི་གདུལ་བྱ་སེམས་ཅན་ཀྱི་ཁམས་ལ་ཕྱོགས་རིས་མེད་པར་ཁྱབ་པ་སྟེ། རྒྱུད་བླ་མར། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་སོ། །གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་དབང་པོ་དང་འཚམས་པར་ཐམས་ཅད་ཀྱི་དོན་མ་ནོར་བར་ཇི་ལྟ་བ་བཞིན་འབད་རྩོལ་མེད་པར་ངང་གིས་འབྱུང་བ་ལྷུན་གྱིས་གྲུབ་པ་སྟེ། རིམ་གསུམ་ལས། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་བུ་ལྟར་སྣང་བའོ། །ཞེས་སོ། །བཞི་པ་མན་ངག་གི་དགོས་འབྲེལ་བསྟན་པ་ནི། དེ་ལྟར་ ནས་ མྱུར་རྫོགས་བྱེད། ཅེས་གསུངས་ཏེ། སྔར་རྒྱས་པར་བསྟན་པ་དེ་ལྟར་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་འདམ་ཁྲོད་ན་གནས་པའི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གདོད་ནས་རང་བབས་སུ་བཞུགས་པ་ལ། སྦྱོང་བྱེད་ཐུན་མོང་དང་ཐུན་མོང་མ་ཡིན་པ་རིམ་པ་གཉིས་ཀྱིས་བསྡུས་པའི་རྣལ་འབྱོར་ཆུ་དང་འདག་རྫས་ལྟ་བུའི་ལམ་གྱིས་མཚམས་སྦྱར་ནས། སྦྱང་བྱ་མེད་སྣང་གཉིས་འཛིན་གློ་བུར་གྱི་དྲི་མ་རགས་པ་འདམ་རྫབ་ལྟ་བུ་སྦྱངས་ཤིང་ཕྲ་བ་ས་བོན་བག་ཆགས་དང་བཅས་པའང་སྤངས་ཏེ། སྦྱངས་པའི་འབྲས་བུ་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་ཏེ་ཡིད་བཞིན་གྱི་ནོར་བུ་དྲི་མ་ཐམས་ཅད་དང་བྲལ་བ་ལས་འདོད་རྒུ་འབད་མེད་དུ་འབྱུང་བ་བཞིན་རང་དང་གཞན་གྱི་དོན་རྩོལ་བ་མེད་པར་མྱུར་དུ་རྫོགས་པར་བྱེད་པའོ། །དེ་ལ་དགོས་འབྲེལ་གྱི་ངོ་བོ་ནི། མཚོན་བྱ་མཚོན་བྱེད་ཡོད་པ་ལས་དགོས་པ་དང་ཉིང་དགོས་ཤུགས་ལས་གྲུབ་པའོ། །ངེས་ཚིག་ནི། དགོས་སོགས་ཆོས་བཞི་ཡོད་པ་དེ་དག་ཕན་ཚུན་གཅིག་ལ་གཅིག་ལྟོས་སུ་འབྲེལ་ཞིང་། མཐར་ཐུག་འབྲས་བུ་བསྒྲུབ་པ་ལའང་དེ་དག་མེད་ན་མི་འབྱུང་གི་འབྲེལ་པར་གྲུབ་པའོ། །དབྱེ་ན། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་བཟུང་། །ཞེས་པ་ལྟར་བརྗོད་བྱ། རྗོད་བྱེད། དགོས་པ། ཉིང་དགོས་བཞི། དེ་ལའང་གྲོལ་ལམ་དབང་བཙན་དུ་བྱས་ན། སྔར་སྨོས་པའི་སྦྱང་གཞི་བདེ་གཤེགས་སྙིང་པོ་ནི་མཚོན་བྱ་རང་བཞིན་གཞིའི་རྒྱུད་དེ་བརྗོད་བྱ། སྦྱོང་བྱེད་ལམ་གྱི་རིམ་པ་བརྡར་བཏགས་ཡི་གེ་དང་བཅས་པ་ནི་མཚོན་བྱེད་ལམ་རྐྱེན་ཏེ་རྗོད་བྱེད། དེ་ལ་ཐོས་བསམ་བྱས་པས་བརྗོད་བྱ་དོན་སྤྱིའི་ཚུལ་དུ་གོ་བ་ནི་དགོས་པ། དེ་ལྟར་ཤེས་པའི་དོན་བསྒོམས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པ་ནི་ཉིད་དགོས་སོ། །ཐབས་ལམ་དབང་བཙན་དུ་བྱས་ན། ལྷན་སྐྱེས་ཡེ་ཤེས་གདོད་ནས་རང་ལ་རང་ཆས་སུ་བཞུགས་པ་ནི་བརྗོད་བྱ། དེ་རྟོགས་བྱེད་ཐབས་ཀྱི་མན་ངག་གླེགས་བམ་དང་བཅས་པ་ནི་རྗོད་བྱེད། དེ་དོན་ཉམས་སུ་བླངས་པས་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ནི་དགོས་པ། དེ་གོམས་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཡེ་ཤེས་མངོན་དུ་བྱས་པ་ནི་ཉིང་དགོས་སོ། །འབྲེལ་བའི་དོན་ཀྱང་། བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དང་། དགོས་པ་ཉིང་དགོས་གཉིས་དེ་ལས་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གི་འབྲེལ་བར་གྲུབ་པ་ཡིན་ནོ། །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལ་གཉིས། མན་ངག་འདི་ཤིན་ཏུ་ཟབ་པར་གདམས་པ་དང་། འཁོར་ལ་གཏད་པ་སྨོན་ལམ་དང་བཅས་པའོ། །དང་པོ་ནི། རྒྱུ་འབྲས་ ནས་ གཤེགས་ཤུལ་འདི༔ ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཇི་སྐད་བསྟན་པའི་ཞལ་གདམས་མན་ངག་ལམ་གྱི་རིམ་པ་ཁྱད་གཞིའི་གཞུང་ཉིད་ནི། རྒྱུ་ལམ་དུ་བྱེད་པ་ཕར་ཕྱིན་གྱི་ཐེག་པ་དང་འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཚུལ་རྒྱ་མཚོ་ཆེན་པོའི་ཡང་བཅུད་བདུད་རྩིའི་གོང་བུ་ལྟ་བུ། ཁྱད་པར་དུའང་རྒྱུད་ལ་མ་ཧཱ་ཨ་ནུ་མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་གྱི་དགོངས་པའི་མཐིལ་དུ་ཐུག་པ། འཆད་པའི་ཚུལ་མདོ་སྔགས་ཀྱི་ཆོས་སྒོ་ཀུན་དང་མཐུན་ལ་དོན་ཟབ་ཅིང་འདྲིལ་ལ་མ་ཚང་བ་མེད་པའི་ཕྱིར་ཀུན་ལས་ཁྱད་པར་དུ་འཕགས་པ་ཐེག་རིམ་ཀུན་གྱི་སྐྱེལ་ས་གནད་གཅིག་ཏུ་འདྲིལ་བ་ཡེ་ཤེས་སྙིང་པོའི་ལམ་རིམ་ཟབ་མོ་འདི་ལ་བརྟེན་ནས། མིག་འཕྲུལ་གྱི་སྣང་བ་ལྟ་བུར་དཀའ་བ་མེད་ཅིང་མྱུར་བ་ཁོ་ནར་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་བྱེད་པའི་ཐབས་བླ་ན་མེད་པར་གྱུར་པ་ཡིན་ལ། ཁྱད་ཆོས་ཡོན་ཏན་གཞུང་འདི་ཉིད་སྐལ་པ་དང་ལྡན་པ་གང་དག་གིས་མཐོང་བ་ཙམ་གྱིས་བྱིན་རླབས་ཀྱི་ཟིལ་དང་གཟི་བརྗིད་ཆེན་པོ་རང་ཤུགས་ཀྱིས་འབེབས་པ་དང་། སློབ་དཔོན་གྱིས་བཤད་པའི་ཚིག་རྣ་བར་ཐོས་པ་ཙམ་གྱིས་དོན་སྤྱི་གོ་ཞིང་དེ་ལ་རྟོགས་དཔྱོད་གྱི་བསམ་པས་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཀློང་ནས་བརྡོལ་བ་དང་། རྣམ་པར་གཡེང་བ་སྤངས་ཏེ་ཟླ་བ་དྲུག་ཏུ་འདིའི་དོན་རྩེ་གཅིག་ཏུ་བསྒོམས་པས་རྡོ་རྗེ་མི་ཕྱེད་པ་གསུམ་གྱི་ཡེ་ཤེས་ཆེན་པོ་རང་བཞིན་གྱིས་ཤར་བར་ངེས་པ་སྟེ། ཁྱད་པར་དེ་ལྡན་གྱི་གཞུང་འདི་ཚུལ་ཇི་ལྟར་ན། ཀ་དག་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ལྷུན་གྲུབ་ལོངས་སྐུ་རྡོ་རྗེ་སེམས་དཔའ། ཟུང་འཇུག་སྤྲུལ་སྐུ་པདྨ་འབྱུང་གནས་གསུམ་པོ་དོན་དམ་གྱི་དབྱིངས་ལ་ཐ་དད་དུ་དབྱེ་བ་བྱར་མེད་ཅིང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ལྷུན་གྱིས་རྫོགས་པའི་ཕྱིར་ན། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིགས་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ཞེས་གསུངས་པ་ལྟར་ཚད་དང་མུ་མེད་པའི་རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་ཀུན་གྱི་འཕྲོ་གཞིར་གྱུར་པས་རྒྱུད་སྟོན་པ་པོ་དང་དེའི་བསྟན་པ་ཟབ་གསང་སྙིང་པོའི་དོན་གྱི་རྒྱུད་ལུང་རྣམས་དང་། དེའི་ཟབ་གནད་ལག་ལེན་ཏུ་དྲིལ་པའི་མན་ངག་ཉིད་ཀྱང་ཐ་དད་རང་མཚན་དུ་མ་གྲུབ་པར་ངོ་བོ་ཆོས་སྐུ་གཅིག་གི་རང་སྣང་ཉིད་ཡིན་ཀྱང་། རྣམ་པ་ཙམ་དུ་ཛམ་བུས་མཚན་པའི་གླིང་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་འབྱུང་ཞིང་འདིའི་གདུལ་བྱ་རྣམས་ཐར་པར་དྲང་བའི་སླད་དུ། ནུབ་ཕྱོགས་ཨོ་རྒྱན་དྷ་ན་ཀོ་ཥའི་མཚོ་གླིང་དུ་ངོ་མཚར་པདྨའི་སྡོང་པོ་ནས་བརྫུས་ཏེ་བྱུང་བ་དང་། ཨོ་ཌཱི་ཡ་ནའི་ཡུལ་སོགས་སུ་རིགས་མཆོག་གི་མངལ་དུ་སྐྱེས་པ་སོགས་གཞན་སྣང་འཆར་ཚུལ་གཅིག་ཏུ་མ་ངེས་པར་ཐ་དད་པས་མཛད་པའི་ཆོ་འཕྲུལ་བཅུ་གཅིག་དང་བརྒྱ་རྩ་ལ་སོགས་བ་ཅིར་ཡང་སྟོན་པའི་སྐབས་སུ་བབ་པ་དེའི་ཚེ་ན། འཕགས་ཡུལ་ཤར་ཕྱོགས་བཀྲ་ཤིས་མཱ་ར་ཏའི་ཀའི་བྲག་ཕུག་ཏུ་ཚེ་ལམ་གྱི་ཕྱག་རྒྱ་མནྡར་བ་ལ་རྟེན་བྱས་ཏེ་འཆི་མེད་ཚེའི་རིག་འཛིན་བསྒྲུབས་པའི་དུས་བཅོམ་ལྡན་འདས་ཚེ་དཔག་མེད་མགོན་དངོས་སུ་བྱོན་ནས་བསྐལ་པ་མ་སྟོང་གི་བར་དུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་བཞུགས་པའི་དབང་བསྐུར་ཞིང་རྒྱུད་དང་གདམས་ངག་དཔག་ཏུ་མེད་པ་བསྩལ་པ་དང་། བལ་ཡུལ་ཡང་ལེ་ཤོད་བཀྲ་ཤིས་བའི་ནགས་ཚལ་བྱང་ཆུབ་དམ་པའི་གླིང་དུ་ཡང་དག་གྲུབ་པ་གཅིག་པུའི་རྣལ་འབྱོར་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་སྒྲུབ་བའི་ཚེ་དཔལ་ཆེན་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྐུར་རང་བྱུང་ཆོས་ཉིད་རྡོ་རྗེའི་རང་སྒྲས་པདྨ་སཾ་བྷ་བ་བདག་ལ་དངོས་སུ་བསྩལ་པའི་རྒྱུད་དང་གདམས་པ་མཐའ་ཡས་པ་དེ་དག་ཀུན་གྱི་ཡང་ཞུན་བཅུད་དུ་དྲིལ་བའང་ལམ་རིམ་ཟབ་མོ་འདི་ཁོ་ན་ཡིན་ལ། སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ། ཡེ་ཤེས་སྐུ་ཅན་ཤྲཱི་སིཾ་ཧཾ། ཀློང་དགུའི་ཡེ་ཤེས་དཔལ་ཆེན་པོ་བརྒྱད་ཀྱི་གོ་འཕང་གྲུབ་པ་རྡོ་རྗེའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད་ལ་སོགས་པ་གྲུབ་པ་མཆོག་གི་ས་ལ་བཞུགས་པ་རྣམས་ལས་ཐུན་མོང་ཁྱད་པར་གྱི་ལམ་རིམ་མཐའ་ཡས་པ་ནོས་པའི་ཚུལ་བསྟན་པ་དང་། ཕན་ཚུན་དུ་དམ་པ་ཆོས་ཀྱི་བཀའི་འགྲོ་བ་ཆེན་པོ་མཛད་ནས་རྟོགས་པའི་གདེང་ཚད་དང་ལྟ་དགོངས་ཀྱི་ཉམས་མྱོང་ཟབ་མོ་བསྡུར་ནས་གཏན་ལ་ཕབ་པའི་གནད་ཀྱི་མདོ་བྱང་ཡང་འདི་ལས་གཞན་དུ་མེད་ཅིང་། འཕགས་ཡུལ་ནུབ་ཕྱོགས་གསང་ཆེན་འབྱུང་གནས་ཨོ་རྒྱན། ལྷོ་ཕྱོགས་སངས་རྒྱས་འབྱོན་པའི་གནས་རྒྱ་གར། བྱང་ཕྱོགས་ཐུགས་རྗེ་ཆེན་པོའི་གདུལ་ཞིང་བོད་ཡུལ་ལ་སོགས་པ་ཛམ་གླིང་གི་ཡུལ་གྲུ་མཐའ་དབུས་སིངྒ་དང་འགྲོ་ལྡིང་སོགས་གླིང་ཕྲན་རྣམས་སུ། བླ་མ་གུ་རུ་རིན་པོ་ཆེ་ཉིད་ཀྱི་སྒྲུབ་ཐབས་ཆེ་ཆུང་མཐའ་ཡས་པ་རྫོགས་པ་ཆེན་པོ་ཕ་མ་གཉིས་འབྲེལ་གྱི་རྒྱུད་དང་འབྲེལ་བའི་གདམས་ཟབ། ཐུགས་རྗེ་ཆེན་པོ་ཞི་ཁྲོའི་བསྐྱེད་རྫོགས་གྲངས་ལས་འདས་པ་སྟེ་སྐལ་ལྡན་གཅིག་མི་ཚེ་གཅིག་གིས་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་ཟབ་སྙིང་པོར་དྲིལ་བ་དེ་གསུམ་དང་། སྒྲུབ་སྡེ་ཆེན་པོ་བརྒྱད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་སོ་སོར་སྒྲུབ་པའི་ཐབས་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་འབྱམས་སུ་ཀླས་པ་བསྐོར་བ་དེ་དག་ཀུན་གྱི་ཟབ་དོན་གཅིག་ཏུ་བསྡུས་ཤིང་མ་ནོར་བའི་ལམ་མཆོག་ཀྱང་འདི་ཉིད་ཁོ་ན་ཡིན་ནོ། །མདོར་བསྡུ་ན་རྗོད་བྱེད་ཚིག་ཚོགས་ཉུང་ཡང་བརྗོད་བྱའི་དོན་མ་ཚང་པ་གང་ཡང་མེད་པར་གནད་དུ་འདྲིལ་ཞིང་། རྡོ་རྗེའི་ཚིག་གིས་མ་བཅིངས་པར་ཞལ་གདམས་རྗེན་ཕྱུངས་སུ་བསྟན་པས་གོ་སླ་བ། མང་ཉུང་རན་པས་རྒྱུན་ཏུ་ཁྱེར་བདེ་བ། ལྟ་སྒོམ་སྤྱོད་པ་ཡན་ལག་བཅས་མ་ཚང་བ་མེད་པས་གཞུང་གཞན་ལ་མ་ལྟོས་པར། དབང་པོ་དམན་པ་ཉན་རང་། འབྲིང་པོ་བྱང་སེམས། དབང་མཆོག་རྡོ་རྗེ་ཐེག་པ་དག་གི་རང་ལམ་ཡོངས་སུ་རྫོགས་པའི་ཕྱིར་ན། སྡེ་སྣོད་གསུམ་དང་ཐེག་དགུའི་སྙིང་པོ་མཐར་ཐུག་པའི་ཞལ་གདམས་འདི་ལས་ལྷག་པ་གཞན་གང་དུ་བཙལ་ཡང་མ་མཆིས་སོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་བདག་ཉིད་གསུང་རྡོ་རྗེ་པདྨ་སཾ་བྷ་བའི་གསང་ཆེན་ཐུགས་ཀྱི་ཐིག་ལེ་ཡེ་ཤེས་ལྔ་ལྡན་གྱི་རང་འོད་གསལ་བའི་དབྱིངས་ལས། མི་ཤིགས་ནཱ་དའི་དྭངས་མ་ཆོས་ཉིད་རྡོ་རྗེའི་རང་སྒྲའི་རྒྱུད་ཀྱི་རྒྱལ་པོར་རང་བྱུང་བ། འདས་པ་དང་ད་ལྟར་དང་མ་བྱོན་པའི་དུས་གསུམ་གྱི་སངས་རྒྱས་སྟོབས་བཅུ་མངའ་བ་ཀུན་གཤེགས་ཤིང་གཤེགས་ལ་གཤེགས་པར་འགྱུར་བའི་ཤུལ་ལམ་ཆེན་པོ་འདི་ནི། ཞེས་ཟབ་གཉན་གཅེས་པའི་གདམས་པ་ལ་དངོས་པོ་ངེས་བཟུང་དུ་བསྟན་པའོ། །གཉིས་པ་ནི། མངའ་བདག ནས འགྲུབ་པར་ཤོག༔ ཅེས་གསུངས་ཏེ། མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་དང་ལྷ་སྲས་སྐུ་མཆེད་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་དག་པས་གདམས་ཟབ་བདུད་རྩི་སྦྱིན་པའི་སྣོད་དང་ལྡན་ཅིང་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལས་རྫོགས་པ་ཆེན་པོའི་ལྟ་དགོངས་མཐར་ཕྱིན་པ་ཨོ་རྒྱན་བདག་དང་དགོངས་པའི་རྟོགས་ཚད་མཉམ་པ་དང་། ཐུགས་ཟིན་གྱི་གཟུངས་མ་དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་མ་གུ་རུ་ཉིད་ལ་སྒོ་གསུམ་གུས་པ་ཆེན་པོས་ཞབས་ཏོག་ཕུལ་དུ་ཕྱིན་པས་མཉེས་པ་རྣམ་གསུམ་འགྲུབ་པའི་ཕྱིར། ཆོས་རྒྱལ་ཡབ་སྲས་དག་པའི་སྣོད་ལྡན་དུ་གྱུར་ཅིང་ལོ་ཙཱ་ཆེན་པོ་སྐལ་པ་མཆོག་དང་ལྡན་ལ་ཡེ་ཤེས་མཚོ་རྒྱལ་རྒྱུད་ལུང་ནས་འབྱུང་བའི་མཚན་ཉིད་དང་ལྡན་པ་སྟེ། དངོས་སུ་སྨིན་པ་གསུམ་ལྡན་ལྷན་ཅིག་པའི་འཁོར་འདུས་པ་རྣམས་དང་། བརྒྱུད་ནས་གོ་ཕྱེ་བའི་འཁོར་མ་འོངས་པའི་གང་ཟག་སྣོད་ལྡན་སྐལ་ལྡན་མཚན་ལྡན་གྱི་ཚོགས་རྣམས་ལ་གཉེར་དུ་གཏད་པ་ཡིན་པས། བཏང་སྙོམས་ངང་དུ་ཡལ་བར་མ་དོར་བར་གཅེས་ཚད་སྲོག་དང་ཕོངས་ཚད་མིག་འབྲས་ལྟར་བཙའ་བས་རྟག་པ་སྙིང་གི་དབུས་སུ་དྲན་པའི་གཟུངས་ཀྱིས་མ་བརྗེད་པར་ཟུངས་ཤིག །དེར་མ་ཟད་གཞུང་འདི་ཡི་གེར་བཀོད་ནས་ཡང་དང་ཡང་དུ་ལྟོས་ལ་ཇི་སྐད་བསྟན་པའི་ལམ་འདིར་ཞུགས་པ་དང་འདི་ཉིད་གཞན་ལ་རྒྱ་ཆེར་བཤད་པ་དང་རང་གིས་བརྩོན་པས་འདིའི་དོན་ཉམས་སུ་ལོངས་ངེས་པར་སྒྲུབས་ཤིག །ཅེས་ཟབ་མོའི་བཀའི་གཏད་གཉེར་ཕྱི་ཚིག་ནན་ཐག་ཏུ་བསྡམས་ནས། གོང་དུ་བསྔགས་པ་བརྗོད་པ་དོན་དང་ལྡན་པའི་གདམས་པ་ཁྱད་པར་ཅན་འདི་ལ་བརྟེན་ནས། དེ་ལྟར་དང་མ་འོངས་པ་ན་མཐའ་ཡས་པའི་གདུལ་བྱ་དངོས་དང་བརྒྱུད་ནས་མཐོང་ཐོས་དྲན་རེག་གིས་འབྲེལ་བར་གྱུར་བ་དེ་ཀུན་གཅིག་ཀྱང་མ་ལུས་པར། རང་བྱུང་གདོད་མའི་སངས་རྒྱས་ཡེ་ཤེས་སྙིང་པོའི་འབྲས་བུ་དུས་གཞན་དུ་མི་ལྟོས་པས་ཚེ་འདིར་ཁོ་ནར་འགྲུབ་པར་ཤོག་ཅིག །ཅེས་སྨོན་ལམ་དུ་མཛད་པ་སྟེ་རྡོ་རྗེའི་གསུང་ནམ་ཡང་བསླུ་བ་མེད་པས་དེ་ལྟར་འགྲུབ་པའང་ཡང་དག་ངེས་པའི་ཚད་མའོ། །རྩ་བའི་བཞི་པ་མཇུག་གི་དོན་ལ་གཉིས། གཞུང་ཡང་དག་པར་གྲུབ་པའི་ཚིག་གིས་མཇུག་བསྡུ་བ་དང་། དེ་ལྟར་གྲུབ་པའི་གཞུང་ཉིད་སྔོན་དང་ཕྱི་མར་དར་བའི་ཚུལ་ལོ། །དང་པོ་ནི། ཅེས་ཐུགས་ཀྱི་མཛོད་ནས་དམ་པར་བཞུགས་སོ༔ ཞེས་གསུངས་ཏེ། དེ་སྐད་ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་སྤྱི་གཟུགས་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པའི་སྙིང་པོ་ཕྱུང་། གསང་བ་ཡེ་ཤེས་ཆེན་པོའི་མཛོད་བརྟོལ་ནས་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་ཚངས་པའི་དབྱངས་ཀྱི་མདོ་སྔགས་གདམས་པ་ཟབ་རྒུའི་ཡང་ཞུན་དུ་དྲིལ་ནས་བཀའ་བསྩལ་པས་ཐམས་ཅད་དགྱེས་པ་ཆེན་པོའི་ཚིམས་པའི་མདོངས་གསོལ་དུ། ངོ་མཚར་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་རོལ་བ་དང་། རྣམ་པར་ཐར་པའི་བཀོད་པ་མཐའ་ཡས་པ་འདུས་པའི་ཚོགས་ཀྱི་དབང་པོའི་སྤྱོད་ཡུལ་དུ་སྣང་བར་མཛད་པ་དང་བཅས་ཏེ་སྟོན་འཁོར་དགོངས་པ་མཉམ་ཉིད་དུ་གྱུར་ནས་གུ་རུ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་སྟུག་པོ་བཀོད་པའི་རྒྱན་མཆོག་དམ་པར་དུས་བཞིར་འཕོ་འགྱུར་མི་མངའ་བར་བཞུགས་སོ། །ས་མ་ཡ༔ ཞེས་པ་དོན་མང་པོར་འཇུག་ཀྱང་འདིར་གཞུང་ཟབ་པའི་ཕྱིར་སྣོད་མིན་ལ་གསང་བ་དང་། རྡོ་རྗེའི་ཚིག་མི་འགྱུར་བའི་དམ་ཚིག་གི་རྒྱའོ། །གཉིས་པ་ལ་གཉིས། སྔོན་གྱི་སྐལ་ལྡན་རྣམས་ཀྱིས་བཟུང་ཚུལ་དང་། མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པའི་ཚུལ་ལོ། །དང་པོ་ལ་གསུམ། བཀའི་བསྡུ་བ་ཇི་ལྟར་བྱས་ཚུལ། དེས་འགྲོ་དོན་འབྱུང་ཚུལ། དེ་ཉམས་སུ་བླང་ཚུལ་ལོ། །དང་པོ་ནི། དེ་ལྟར་བཀའ་བསྩལ་པ་སོགས་ནས། གྭའུར་འཆང་སྟེ་གནས་སོ༔ ཞེས་པའི་བར་གྱིས་རྡོ་རྗེའི་གསུང་མཐའ་དག་གི་བཀའི་སྡུད་པ་པོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་ཐུགས་སུ་བཟུང་སྟེ་བསམ་སྒོམ་གྱིས་གཏན་ལ་ཕབ། དེ་ཙམ་དུ་མ་བཞག་པར་ཆོས་རྒྱལ་ཡབ་སྲས་ལོ་ཆེན་བཻ་རོ་བཅས་ལྷན་ཅིག་ཐོས་པའི་འཁོར་རྣམས་དང་དགོངས་པ་བསྡུར་གྱི་ཚིག་དོན་ལྷག་ཆད་མེད་པའི་ཞུ་ཏིག་མཛད་ནས་མཁའ་འགྲོའི་བརྡ་ཡིག་ཏུ་བཀོད་ཅིང་ཐུགས་དམ་དུ་འབྲལ་མེད་བཅངས་བར་བསྟན་པའོ། །གཉིས་པ་ནི། ནམ་ཞིག་གི་ཚེ་ནས་མི་སྣང་བར་གྱུར་ཏོ༔ ས་མ་ཡ༔ ཞེས་པའི་བར་གྱིས། དག་པའི་འཁོར་རྣམས་མགྲིན་གཅིག་ཏུ་གདམས་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱ་བ་ཞུས་པའི་ལན་དུ་གུ་རུ་རིན་པོ་ཆེས་རྣམ་ཐར་མདོར་བསྡུས་པས་ཐོག་གྲངས། སྤྱིར་མཛད་པའི་ཆོ་འཕྲུལ་མཐའ་ཡས་པ་དང་བྱེ་བྲག་གངས་ཅན་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་མཛད་པ་བསམ་ཡས་རབ་འབྱམས་སུ་བསྟན་པའི་ཚུལ་དང་། ཁྱད་པར་བདུད་འཇོམས་རྡོ་རྗེ་དྲག་པོའི་རྩལ་གྱི་སྐུར་བཞེངས་ནས་ཟབ་རྒུའི་གདམས་བཅུད་ཡེ་ཤེས་སྙིང་པོ་ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་མ་འོངས་གདུལ་བྱའི་དོན་དུ་ཟབ་མོ་དོན་དུ་སྦ་བར་གདམས་པ་དང་། གཏེར་གནས་འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་མཆོག་གི་སྐུར་བསྟན་ཏེ་གཅིག་ལས་དུ་མར་འཕྲུལ་བའི་ཚུལ་གྱིས་དམ་སྲིད་གདུག་པ་ཅན་བཏུལ་བའི་གནས་སྟག་ཚང་མིང་ཅན་བཅུ་གསུམ་ཡོད་པའི་ཡ་གྱལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་རྒྱུད་སྦས་གནས་ཆེན་པོ་རྡོ་རྗེ་ཟིལ་ཁྲོམ་གྱི་འདབ་ཞོལ་རོང་རྨེ་དཀར་མོ་སྟག་ཚང་གི་གནས་ཀྱི་བཞུགས་ཚུལ་ཆེ་བརྗོད་ཕན་ཡོན་དང་བཅས་པ། དེར་སྐུ་གསུང་ཐུགས་རྟེན་སོགས་ཇི་ལྟར་སྦ་བའི་ཚུལ། གང་ལ་བཅོལ་གདམས་བྱ་བའི་གཏེར་སྲུང་། སྦས་པའི་གཏེར་དེ་འབྱིན་པའི་དུས་ཚོད། འདོན་པའི་སྐྱེས་བུ། གདམས་པའི་སྣོད་ལྡན། དེ་ལ་བརྟེན་ནས་ཕྲིན་ལས་འབྱུང་ཚུལ། སྐྱེས་བུ་དམ་པའི་རྣམ་ཐར་མ་ངེས་པ་སྐྱོང་ཚུལ། ལམ་རིམ་འབྲི་ཀློག་འཆད་ཉན་གྱི་ཕན་ཡོན། ཞར་བྱུང་བོད་ཁམས་བདེ་བའི་རིམ་གྲོ་ཇི་ལྟར་སྒྲུབ་པའི་ཚུལ་ཡོན་ཏན་དང་བཅས་པ་གསལ་བར་བསྟན་མཐར་བཀའ་བསྩལ་པ་ལ་རྗེས་སུ་ཡི་རང་ཞིང་དད་གུས་ཆེན་པོས་མཆོད་བསྟོད་ཕུལ་ཏེ་སྨོན་ལམ་བཏབ་པས་གུ་རུ་རིན་པོ་ཆེས་མཐུན་འགྱུར་བསྩལ་ཅིང་བཀྲ་ཤིས་པའི་མཚན་ལྟས་རྒྱ་ཆེར་སྣང་བ་དང་། རིག་འཛིན་མཁའ་འགྲོ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བསྟན་པ་འདི་ཉིད་སྲུང་ཞིང་སྐྱོང་བའི་དམ་བཅའ་ཕུལ་བ་བཅས་བསྟན་ཏོ། །གསུམ་པ་ནི། དེ་ནས་ཇི་ལྟར་ནས་གནས་པ་ན༔ ཞེས་པའི་བར་གྱིས་དག་པའི་འཁོར་དེ་རྣམས་ཀྱིས་གཞུང་འདི་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་པར་མཛད་ནས་ཚིག་དོན་ཆ་ཚང་བའི་དཔེ་རྒྱུད་གཞན་ལ་མ་བསྟན་པར་མགུལ་དུ་འཆང་། སྙན་བརྒྱུད་དུམ་དུམ་ཁྲིགས་ཅི་རིགས་པ་སྐལ་ལྡན་གཞན་ལའང་བསྟན་ཅིང་སྤེལ་བའི་ཚུལ་བཤད། གཉིས་པ་གཏེར་དུ་སྦས་པའི་ཚུལ་ལ་གཉིས། སྦས་ཚུལ་དངོས་དང་། ཞར་བྱུང་དེ་བཏོན་ནས་འགྲོ་དོན་འབྱུང་ཚུལ་ལོ། །དང་པོ་ནི། ནམ་ཞིག་གུ་རུ་རིན་པོ་ཆེས་སོགས་ནས། མནྟྲ་གུ་ཧྱ་ས་མ་ཡ༔ ཞེས་པའི་བར་གྱིས། ཡེ་ཤེས་ཌཱ་ཀིའི་རྗེ་མོ་མཚོ་རྒྱལ་མས་གུ་རུ་སྲིན་པོའི་ཁ་གནོན་དུ་གཤེགས་པའི་རྗེས་བོད་ཁམས་མཐའ་དབུས་ཀུན་ཏུ་གཏེར་ཞབས་བསྡམས་པའི་དུས་སུ་སྔགས་སྲུང་རལ་གཅིག་མས་རྗེས་སུ་བསྐུལ་བས་རྐྱེན་བྱས་ཏེ། གུ་རུས་ལུང་བསྟན་པའི་གནས་སུ་རྫུ་འཕྲུལ་གྱིས་སྦས་ཤིང་ཟབ་མོའི་རྒྱ་རིམ་པ་བཅུ་གསུམ་གྱིས་བཏབ་ནས་གཏེར་སྲུང་བདུད་དང་བཙན་གྱི་མགོན་པོ་ལ་གཉེར་དུ་གཏད་ཅིང་རྡོ་རྗེའི་ལུང་དོན་འགྲུབ་པའི་སྨོན་ལམ་མཛད་པ་ན་གུ་རུ་རིན་པོ་ཆེ་སྐད་ཅིག་གིས་བྱོན་ནས་བདེན་ཚིག་དང་རབ་ཏུ་གནས་པའི་ཕྲིན་ལས་མཛད་ཚུལ་རྣམས་བསྟན་ཏོ། །གཉིས་པ་ནི། བཀྲ་ཤིས་པའི་སྔགས་ཚིག་གིས་ཐོག་དྲངས། མཁས་པའི་གཙུག་རྒྱན་སོགས་ཀྱིས། རྡོ་རྗེའི་ལུང་དོན་ལྟར་འགྲོ་འདུལ་གྲུབ་པའི་རིག་འཛིན་ཆེན་པོ་ལྷན་རྒྱས་པས་འཕྲལ་གྱི་ཁ་བྱང་དང་སྔོན་གནས་རྗེས་དྲན་གྱི་གསལ་སྣང་ལ་བརྟེན། ཟབ་མོའི་གཏེར་རྒྱ་བཀྲོལ་ཏེ་སྦས་པའི་གཏེར་རྣམས་ས་སྟེང་དུ་སྣང་བར་མཛད་པས་སྐལ་ལྡན་སྐྱེས་མཆོག་རྣམས་ཀྱིས་འཛིན་སྐྱོང་སྤེལ་ཏེ་འགྲོ་དོན་མཐའ་རྒྱས་སུ་འཕེལ་བའི་སྒོ་མོ་གསར་དུ་ཕྱེས་པའི་ཚུལ་སྨོན་ལམ་དང་བཅས་བསྟན་པའོ།། །།ཨོཾ་སྭ་སྟི་སིདྡྷཾ། གང་ཞིག་སངས་རྒྱས་སྙིང་པོ་དྲི་མར་བཅས་པ་རྒྱུ་དང་འབྲས་བུའི་བསྟན་རིམ་གྱིས། །ལེགས་སྦྱོང་ཆོ་ག་གཞུང་ལུགས་གཅིག་ཏུམ་ཚང་མེད་སྟོན་ཤིང་རྟ་ཆེན་པོའི་སྲོལ། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ལས་འཁྲུངས་བྱིས་བློའི་ཡུལ་འདས་རྡོ་རྗེའི་ཚིག་གི་མཛོད། །ཐར་འདོད་འཇུག་ངོགས་གཅིག་པུ་འདིར་ཞུགས་མི་གནས་བྱང་ཆུབ་མྱུར་དུ་མངོན་བྱེད་འགྱུར། །བློ་དམན་སྦྲང་བུའི་བགྲོད་པས་མཁའ་ལམ་བཞིན། །དགོངས་དོན་ཇི་བཞིན་འགྲེལ་བར་ནུས་མིན་ཀྱང་། །གསང་བདག་རིག་འཛིན་བླ་མས་རྗེས་གནང་ཞིང་། །གཞན་དག་འབད་པས་བསྐུལ་ཕྱིར་ཅུང་ཟད་བཀྲོལ། །ཐོས་པའི་ལང་ཚོས་རབ་དྲེགས་སྟོན་ཆེན་གྱི། །དོན་དུ་འགྱུར་མིན་ཐར་པ་དོན་གཉེར་པའི། །དད་བརྩོན་བློ་དམན་རྣམས་ལ་སྙིང་གི་དཔྱིད། །སྟེར་བྱེད་ཡོངས་འདུས་གསར་པའི་སྐྱེད་ཚལ་ལོ། །མ་རྟོགས་ལོག་རྟོག་བློ་ཡིས་ཕྱོགས་བསླད་པས། །མ་བཀྲལ་ལོག་པར་བཀྲལ་སོགས་ནོངས་པའི་སྤྲིན། །གཞུང་བཟང་ཉིན་བྱེད་སྒྲིབ་རྣམས་ཆོས་དབྱིངས་མཁར། །རྩ་གསུམ་ཐུགས་རྗེའི་ཤུགས་ཀྱིས་དེངས་མཛད་གསོལ། ཁེངས་པའི་བློས་མིན་དད་པ་ཁོ་ན་ཡིས། །སྲི་ཞུ་ཕུལ་བའི་དགེ་འབྲས་ཕྲ་མོ་ཙམ། །གང་མཆིས་སྐྱེ་དགུའི་རྨོངས་པའི་མིག་སེལ་ཅིང་། །དྲི་བྲལ་ཡེ་ཤེས་སྤྱན་ཡངས་ཐོབ་ཕྱིར་བསྔོ། །འགྲོ་ཀུན་རྒྱལ་བསྟན་ཡོངས་རྫོགས་བཀའ་སྲོལ་འདིར། །ཐོས་བསམ་སྒོམ་པའི་སྐལ་བ་མཆོག་ལྡན་ཅིང་། །རང་ལམ་མཐར་ཕྱིན་བགྲོད་གཅིག་འབྲས་བུའི་དཔལ། །མྱུར་དུ་ཐོབ་ནས་དོན་གཉིས་ལྷུན་གྲུབ་ཤོག །སྲིད་ན་མཚུངས་མེད་ནོར་བུ་དཔག་བསམ་ཤིང་། །ཉི་ཟླའི་དཀྱིལ་འཁོར་རྒྱས་འདྲའི་གཞུང་འདི་ཡང་། །མི་ཉམས་རབ་འཕེལ་དེ་འཛིན་སྐྱེས་མཆོག་རྣམས། །སྐུ་ཚེ་བརྟན་ཅིང་བཞེད་དོན་ཀུན་འགྲུབ་ཤོག །འདིར་འབྲེལ་ཡོན་ཏན་ཇི་ལྟར་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན། །བདག་གཞན་འབྲེལ་བཅས་དཀའ་བ་མེད་ཐོབ་ཐེག་མཆོག་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་ལས་གྲུབ་གཉིས་འདོད་རྒུའི་ཆར། །འཇིག་རྟེན་གསུམ་ན་ཁྱབ་ཅིང་རྟག་འབེབས་བཀྲ་ཤིས་ཁྱབ་གྱུར་ཅིག །ཅེས་ཐུགས་སྒྲུབ་རྣམ་པ་བཞིའི་རྒྱབ་ཆོས་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་མདོར་བསྡུས་སུ་བྱས་པ་འདིའང་། ཁྱབ་བདག་འཁོར་ལོའི་མགོན་པོ་གཏེར་ཆེན་རིག་འཛིན་བླ་མ་ལྷན་རྒྱས་ནས་བཀའ་ལུང་གི་རྗེས་སུ་གནང་བ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པའི་ཐུགས་སྲས་ཀཾ་ཚང་བསྟན་པའི་གསལ་བྱེད་མཚུར་ཕུ་རྗེ་དཔོན་མཆོག་སྤྲུལ་རྣམ་པ་གཉིས་དང་། མཁྱེན་ལྡན་ཌཱ་ཀི་བདེ་ཆེན་ཆོས་སྒྲོན་ནས་ཀྱང་གསེར་གྱི་མེ་ཏོག་བཅས་རིང་ནས་བསྐུལ་ཅིང་སླད་དུ་གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པ་དང་ལྷན་ཅིག་གསུང་བསྐུལ་གནང་བ་དང་། བྱང་སེམས་དགེ་བའི་བཤེས་གཉེན་ཚྭ་ཉག་བླ་མ་ཤེས་རབ་གཙོར་གྱུར་མོས་ལྡན་གཞན་དག་གིས་ཀྱང་ནན་བསྐྱར་མཛད་པ་ལ་བརྟེན། ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མ་རིན་པོ་ཆེས་བསྩལ་པའི་ས་བཅད་དང་། ཞལ་གྱི་བདུད་རྩི་དངོས་སུ་ཐོབ་པ་ཡིད་ཡུལ་གང་མཆིས་གཙོར་བཟུང་། འཐད་འོས་ཀྱི་ཆ་འགའ་ཞིག་མཁས་པ་གཞན་གྱི་ལེགས་བཤད་ལས་ཀྱང་བླངས་ཏེ་བླུན་སྒོམ་སྤོང་བ་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་སམ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊི་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གོ་སླ་འདུས་གསལ་གྱི་ཚུལ་དུ་བགྱིས་པ་བསྟན་འགྲོར་ཕན་བདེའི་སྣང་བ་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ༈ །ཨོཾ་སྭསྟི། འཆི་མེད་མཚོར་འཁྲུངས་རྒྱལ་བས་སྐལ་བཟང་འགྲོར། །མདོ་སྔགས་ལམ་རིམ་ཡོངས་རྫོགས་ཞལ་གདམས་སུ། །བསྩལ་པའི་གཞུང་བཟང་འཇམ་མགོན་བླ་མ་ཡིས། །རྡོ་རྗེའི་ཚིག་དོན་འགྲེལ་བའི་ལེགས་བཤད་གང་། །ལུང་རྟོགས་མཛོད་འཛིན་མཆོག་སྤྲུལ་རིན་པོ་ཆེ། །དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས། །གཅིག་ལས་དུ་མར་འཆར་བའི་པར་གྱི་འཕྲུལ། །ཙི་ཀེ་ནོར་བུ་གླིང་གི་ཆོས་གྲྭར་བསྒྲུབས། །དེ་དགེ་དུང་དང་ཀུནྡ་ལྟར་དཀར་བས། །གཞི་རྒྱུད་རིགས་སད་ཡང་དག་ལྟ་བ་རྟོགས། །ལམ་རྒྱུད་སྐུ་བཞི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པར་བྱང་སྨོན་ཚིག་ཏུ་ཆོས་སྨྲ་བའི་བནྡེ་བློ་གྲོས་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).