Terdzo-SHI-012: Difference between revisions

From Rinchen Terdzö
m (Text replacement - "{{UnderConstruction }} " to "")
No edit summary
 
(3 intermediate revisions by one other user not shown)
Line 41: Line 41:
|pagecreationdate=6/20/20126
|pagecreationdate=6/20/20126
}}
}}
 
{{Header}}
{{Header
<h1 style="font-size: 24px !important;">Tibetan Text</h1>
}}
= Tibetan Text =
<onlyinclude>
<onlyinclude>
<div id='tibetan' class='tib-text'>
<div id='tibetan' class='tib-text'>
༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ལས། སྨིན་བྱེད་ཀུན་གྱི་སྙིང་པོ་ནོར་བུའི་སྒྲོན་མེ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །
༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ལས། སྨིན་བྱེད་ཀུན་གྱི་སྙིང་པོ་ནོར་བུའི་སྒྲོན་མེ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །
ན་མོ་གུ་རུ་ཨཱ་དིཿབུདྡྷཱ་ཡ། ཐོག་མེད་འཁྲུལ་པ་བཙན་ཐབས་སུ། །གཅོད་མཛད་ཤིན་ཏུ་རྣལ་འབྱོར་དང་། །དེ་སྟོན་བླ་མ་ལ་བཏུད་ནས། །སྨིན་བྱེད་སྙིང་པོའི་བཅུད་གསལ་བྱ། །ཟབ་ཆོས་འདིའི་དབང་ཆོག་མ་བུ་ཐམས་ཅད་ཀྱི་སྙིང་པོ་འདུས་པ་འདི་ཉིད་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གཞུང་སྤྱི་དང་འདི་ཉིད་ལས་ཇི་སྐད་བཤད་པའི་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་ཞིང་གནས་དུས་རྟེན་འབྲེལ་ལེགས་པར་འགྲིགས་པའི་སྐབས་སུ། གནས་ཁང་བྱི་དོར་བྱས་ཤིང་རྒྱན་བཀོད་ཀྱིས་སྤྲས་པའི་ཕུགས་ལོགས་སུ་ཨ་ཏི་ཞི་ཁྲོས་མཚོན་རྩ་བ་གསུམ་གྱི་རྟེན་བཀྲམ། དེ་མདུན་སྟེགས་བུ་གྲུ་བཞི་བདུད་རྩི་ལྔས་ཆག་ཆག་གདབ་པའི་སྟེང་དུ་ཞི་དཀྱིལ་སྒོ་རྫོགས་ཅན་སྤྱི་འགྲོ་ལྟེ་བ་ཟླུམ་པོ་མཐིང་ཁ། པདྨ་འདབ་བརྒྱད་ཕྱོགས་བཞི་དཀར་སེར་དམར་ལྗང་། མཚམས་བཞིར་མཛེས་ཚོན་བྱས་པ་རྡུལ་ཚོན་ནམ་རས་བྲིས་བཀྲམ་པའི་དབུས་དང་ཕྱོགས་བཞིར་མཉྫིའི་སྟེང་དུ། དབུས་སུ་སྨན་ལྔའི་བུམ་པ་མགུལ་ཆིངས་དཀར་པོ་ཡི་གེ་ཨོཾ་དང་ཁ་རྒྱན་ལ་རྣམ་སྣང་གི་སྐུས་བརྒྱན་པ། ཤར་སོགས་ཕྱོགས་བཞིར་བུམ་པ་བཞི་ལ་རིམ་བཞིན་འབྲུ་ལྔ་རིན་ཆེན་ལྔ་དྲི་ལྔ་སྙིང་པོ་ལྔ་རྣམས་བླུགས་ཤིང་མགུལ་ཆིངས་མཐིང་སེར་དམར་ལྗང་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་དང་རིགས་བཞིའི་སྐུ་ཙཀ་གིས་བརྒྱན་པ། དྲི་བཟང་གི་ཆུས་བཀང་ཞིང་ཁ་རྒྱན་རྨ་བྱའི་མདོངས་ཤེལ་དང་མེ་ལོང་གིས་སྤྲས་པ་རྣམས་བཀོད། གསང་དབང་གི་རྫས་ཐོད་པ་མཚན་ལྡན་ལྔ་དབུས་ཀྱི་བུམ་པའི་མདུན་དང་མཚམས་བཞིར་རེ་རེ་བཞག་པའི་དབུས་ཐོད་དུ་ཆང་དང་བུ་རམ་སྦྱར་བ། ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་ལན་ཚྭ། ནུབ་བྱང་དུ་སྦྲང་རྩི། བྱང་ཤར་དུ་ཟས་སྣས་བཀང་བ་རྣམས་དང་། རིག་ཙཀ །སློབ་མའི་གྲངས་མཉམ་གྱི་མར་མེ་གསལ་བ་བཅས་པ་ཅི་བདེར་བཀོད། སྨན་རཀ་གཏོར་མཆོད་སྤྱི་མཚུངས། སྒོ་བཞིར་ཕུར་པ་དང་མདའ་དར། མཚམས་བཞིར་རལ་གྲི་བཞི་བཀོད་ལ་འགྲུབ་ན་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། གཞན་ཡང་སྔོན་འགྲོ་དང་སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། སྲུང་སྐུད་སྣ་ལྔ་མདུད་པ་གསུམ་རེ་བཏབ་པ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་དབང་དོན་སྒྲུབ་མཆོད་ནི། དེང་སང་སློབ་དཔོན་རྫོགས་པ་ཆེན་པོའི་རྟོགས་དགོངས་མཐར་ཕྱིན་པ་དཀོན་པས་ཡོ་ག་སྤྱི་དང་མཐུན་པར་མཛད་པའི་ཕྱག་སྲོལ་ལྟར། ཞི་ཁྲོ་གསང་འདུས་ཀྱི་ཕྲིན་ལས་གཞུང་བསྲང་། བདག་མདུན་སོགས་གཉིས་རྟོག་ཨ་འཐས་མཚན་མས་མ་བཅིངས་པར་གདོད་ནས་འཁོར་འདས་དབྱེར་མེད་རང་བྱུང་རང་ཤར་ཡེ་གྲོལ་ཁྱབ་གདལ་ངང་དུ་སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ཆེན་པོར་རྫོགས་པ་ཉིད་ཡིན་ལུགས་རྟོགས་པའི་གསལ་འདེབས་དང་བཟླས་པས་བྱིན་གྱིས་བརླབ། གཞི་བསྟོད་དང་བཤགས་པ་གྲུབ་ནས་སླར་ཡང་གནས་ལུགས་ཀྱི་དགོངས་པ་གསལ་བཏབ་ལ་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག །ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་འོད་ཞུ་བྱས་ལ་བཞག །དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་བསྐུར་བ་ལའང་གཉིས། སྔོན་འགྲོ་འཇུག་པའམ་སྟ་གོན་གྱི་ཆོས། དབང་བསྐུར་དངོས་སོ། །དང་པོ་ནི། སློབ་མ་རྣམས་འཚོགས་ལ་ཡིག་བརྒྱ་བརྗོད་ཅིང་ཁྲུས་བྱ། བགེགས་གཏོར་གཏང་། བཀའ་བསྒོ་སྲུང་འཁོར་ཕྲིན་ལས་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་འོས་པ་དང་། ཁྱད་པར། དེའང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཐུགས་བསྐྱེད་ཀྱི་སྟོབས་གཞན་ལས་ལྷག་པར་ཆེ་ཞིང་སངས་རྒྱས་ཀྱི་ཕྲིན་ལས་ཚད་དང་བསམ་པའི་ཡུལ་ལས་འདས་པའི་དབང་གིས། རྩོད་ལྡན་སྙིགས་མའི་མཐར་ཐུག་པའི་སེམས་ཅན་ལས་ངན་ཚན་པོ་ཆེའི་རྣམ་པར་སྨིན་པས་ནོན་ཅིང་ཉོན་མོངས་པའི་སྟོབས་ཤིན་ཏུ་རགས་པས་རྒྱུ་འབྲས་ཀྱི་ཐེག་པ་གཞན་གྱིས་འདུལ་བར་མི་ནུས་པའི་སྐབས་འདིར། སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་མཚན་ཙམ་ཡང་དཀོན་པ་འབྲས་བུ་ངེས་པའི་ཐེག་མཆོག་བློ་འདས་རྫོགས་པ་ཆེན་པོ་གྲོལ་བ་དྲུག་ལྡན་གྱི་བསྟན་པའི་བཙས་ཞིང་འདིར་བབས་ཏེ། འབྲེལ་ཚད་གདོད་མའི་ས་ལ་འབད་མེད་དུ་སྒྲོལ་བའི་ཕྲིན་ལས་ཆེན་པོར་ཤར་བ་ལས། གངས་ཅན་ལྗོངས་འདིར་འོད་གསལ་རྡོ་རྗེའི་སྐུ་བརྙེས་སློབ་དཔོན་ཆེན་པོ་རྣམ་པ་གཉིས་དང་རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་སོགས་ཀྱིས་ཨ་ཏི་ཕྱི་ནང་གསང་བ་ཡང་གསང་གི་རྒྱུད་དང་གདམས་སྐོར་མང་པོ་སྐལ་ལྡན་རྣམས་ལ་རྣ་བརྒྱུད་དུ་བསྩལ། ཁྱད་པར་གསུང་རྡོ་རྗེ་འོད་དཔག་མེད་དངོས་རྒྱལ་དབང་པདྨཱཀ་རས་ཆོས་རྒྱལ་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ལ་ཆེད་དུ་གནང་བའི་ཡང་གསང་རྫོགས་པ་ཆེན་པོའི་གདམས་ཟབ་མཐའ་དག་ཕྱི་རབས་གདུལ་བྱ་སྤྱི་དང་བྱེ་བྲག་པའི་དོན་ལ་དགོངས་ནས་གཏེར་དུ་སྦས་པ་ལས། ལྷ་ལྕམ་ཉིད་ཀྱི་སྐྱེ་བ་རིམ་པར་བྱོན་པ་གསུམ་གྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་སྤེལ་བར་མཛད་པའི་ནང་ཚན། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་བསམ་ཡས་མཆིམས་ཕུ་དགེའུའི་ཀ་གདན་འོག་ནས་སྨིན་གྲོལ་གྱི་གདམས་སྐོར་བཅུ་གསུམ་སྤྱན་དྲངས་ཏེ་ལུང་བསྟན་གྱི་དོན་བཞིན། བུམ་ཐང་ཐར་པ་གླིང་དུ་ཡང་གཏེར་དུ་སྦས་པ་ལྷ་ལྕམ་དག་པའི་སྐྱེ་བ་ལྔ་པ་གཏེར་ཆེན་པདྨ་གླིང་པས་ཡང་གཏེར་དུ་ཕྱུང་བ་དང་། གཏེར་ཆེན་ཉིད་ཀྱིས་བསམ་ཡས་མཆིམས་ཕུའི་མཆོད་རྟེན་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་འདུས་ཀྱི་ཆོས་སྡེ་སྟེ། གསེར་ལ་གཡུ་ཕྲ་བཏབ་པ་ལྟར་མ་བུ་ཟུང་དུ་བསྡེབས་པར་མཛད་པ་སྨིན་བྱེད་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ནོར་བུའི་སྒྲོན་མེ་བསྒྲུབ་པར་བགྱི་བ་ལ། ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བརྡ་སྤྲད་སྤྱི་ལྟར་སྦྱར་ཏེ་མིག་དར་སྔོན་པོ་དང་མེ་ཏོག་ཅོད་པན་གཏད། ཐོག་མར་སློབ་དཔོན་ཉིད་དཀྱིལ་འཁོར་དབང་ཕྱུག་ཐོག་མའི་མགོན་པོ་དངོས་སུ་གསལ་བ་ལ་མོས་གུས་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ འགྲོ་དྲུག་སྐྱབས་གནས་བླ་མ་རྗེ༔ ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས༔ བདག་ནི་ལས་ངན་ཤེས་རབ་རྨོངས༔ ཉོན་མོངས་འཁྲུལ་པ་སྦྱང་སླད་དུ༔ དཀྱིལ་འཁོར་ཆེན་པོར་འཇུག་སྤྲོ་བས༔ ཁྱེད་ཀྱིས་གནང་ནས་བསྟན་དུ་གསོལ༔ ལན་གསུམ། བླ་མས་ལན་བཏབ་པ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་ཐེག་པ་འདི༔ རྡོ་རྗེ་འཛིན་པ་བདག་གི་ལུང༔ ཞུས་ནས་འབྲས་བུ་ངེས་ཐོབ་ཕྱིར༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ མོས་ཤིང་འཇུག་པར་སྤྲོ་བ་ན༔ བླ་མའི་བཀའ་བཞིན་བསྒྲུབ་ནུས་སམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཀྱེ་མ༔ རྡོ་རྗེ་འཛིན་པ་གསན་འཚལ་ལོ༔ བདག་ནི་སྐལ་ལྡན་བུ་ཡིན་པས༔ བླ་མས་ཇི་ལྟར་བཀའ་གནང་བཞིན༔ བདག་གིས་མ་ལུས་བསྒྲུབ་ལགས་པས༔ སྒོ་ཕྱེས་དཀྱིལ་འཁོར་ལྷ་ཚོགས་སྟོན༔ དམ་ཚིག་དམ་པ་རྒྱུན་དུ་བསྲུང༔ ལན་གསུམ། དེ་ལྟར་ན་སངས་རྒྱས་པའི་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་བསྐྱེད་པའི་སྡོམ་པ་ལ་གནས་དགོས་པས། ཐོག་མར་ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན། ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ། གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ། དེ་ཐམས་ཅད་ཀྱང་རང་རིག་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་ལྡན་དུ་རང་བཞིན་གྱིས་རྫོགས་པ་ཉིད་འདུ་འབྲལ་མེད་པར་ཤེས་ནས་གུས་པས་བསྙེན་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བའི་ཚིག་གི་རྗེས་ཟློས། དུག་གསུམ་རྣམ་དག་ཡེ་ཤེས་ལུས༔ སྐུ་གསུང་ཐུགས་སུ་མཛད་པ་མཐར་ཕྱིན་པ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། བདག་གཞན་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མ་རིག་པའི་འཁྲུལ་སྣང་གློ་བུར་བས་བསྒྲིབས་ཏེ་ཡུན་རིང་སྲིད་པའི་ལམ་དུ་རྨི་ལམ་ལྟར་འཁྱམས་པ་ལ། ད་ནི་དཔལ་ལྡན་བླ་མའི་བྱིན་རླབས་ལ་བརྟེན་ཏེ་རང་ལ་གནས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་ནས་མ་རིག་འཁྲུལ་པའི་དྲི་མ་བསལ་བར་བགྱིའོ་སྙམ་དུ་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ མ་རིག་འཇིག་རྟེན་མུན་པའི་གླིང༔ རང་རིག་ཐབས་ཤེས་སྒྲོན་མེ་ཡིས༔ རང་ལ་གནས་པའི་ཡེ་ཤེས་དེ༔ བླ་མའི་དྲིན་གྱིས་རྟོགས་པར་བྱ༔ ལན་གསུམ། གདོད་ནས་འདུ་འབྲལ་མེད་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དབྱིངས་རིག་ཟུང་འཇུག་ཐ་སྙད་ཀྱི་ཚིག་དང་བློ་ལས་འདས་པའི་རང་བྱུང་ཡེ་ཤེས་མངོན་དུ་མཐོང་བས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་བགྱིའོ་སྙམ་དུ་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས༔ སྐུ་གསུམ་ངོ་བོ་མཐའ་བྲལ་ཞིང༔ ཚིག་ལས་འདས་པའི་རང་བྱུང་ངོ༔ སྐད་ཅིག་ཉིད་ལ་རྟོགས་པར་བགྱི༔ ལན་གསུམ། དེ་དག་གིས་རྒྱུད་སྦྱོང་བ་སོང་ནས་བར་ཆད་སྲུང་བའི་སླད་དུ། ཡེ་ཤེས་ལྔ་ལྡན་སྲད་བུ་ཁ་དོག་ལྔ་པ་ལ་རྡོ་རྗེ་གསུམ་གྱི་རང་བཞིན་མདུད་པ་གསུམ་དང་རང་བྱུང་གསང་བ་ཆེན་པོའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་དཔུང་པར་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། མང་དུ་བཟླས་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིང་ངོ་། །དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་རྐང་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ལག་གཉིས་ཐལ་མོ་སྤྱི་བོར་སྦྱོར་ལ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །རང་ལུས་སྟོང་གསལ་འོད་ཕུང་ཆེན་པོའི་ནང་དབུས་སུ་རྩ་དབུ་མ་ཤེལ་དཀར་གྱི་ཀ་བ་ལྟ་བུ་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བའི། སྙིང་གར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཀུན་བཟང་ཡབ་ཡུམ་རིགས་ལྔའི་འཁོར་ཚོགས་དང་བཅས་པ། ལྟེ་བར་སྤྲུལ་པ་སྐུའི་ལྷ་ཚོགས། མགྲིན་པར་ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས། སྤྱི་བོར་སྐུ་གསུམ་འདུས་པའི་ལྷ་ཚོགས་རྣམས་འཇའ་འོད་ཐིག་ལེ་མེར་མེར་ཤིག་ཤིག་ཏུ་བཞུགས་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད། རླུང་ཁ་སྦྱོར་ཟུངས་ལ་གཡོ་མེད་དགོངས་པའི་གསལ་འདེབས་ལ་བརྩོན་པར་གྱིས་ཤིག །ཌཱ་དྲིལ་དབྱངས་དང་བཅས་པས། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས༔ ཀུན་བཟང་རིགས་ལྔ་རང་གསལ་གནས༔ རང་བཞིན་དག་པའི་འཁོར་ཚོགས་ནི༔ ཚོམ་བུ་འོད་སྐུར་ཤིགས་སེ་ཤིག༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ སྤྲུལ་པ་སྐུ་ཡི་ལྷ་ཚོགས་བཞུགས༔ རླུང་རྩལ་གཡོ་རྩོལ་ལས་འདས་པའི༔ ཐིག་ལེ་འོད་སྐུར་ཤིགས་སེ་ཤིག༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ན༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་བཞུགས༔ མཚན་བཟང་དཔེ་བྱད་ལས་འཁྲུངས་པའི༔ ཐིག་ལེ་འོད་སྐུར་ཡ་ལ་ལ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ སྐུ་གསུམ་འདུས་པའི་ལྷ་ཚོགས་བཞུགས༔ འབྲས་བུ་འདུས་པའི་རྩེ་མོ་ན༔ ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་ལུས་རྒྱལ་བའི་ཕོ་བྲང་དེར༔ འཁོར་ལོ་བཞི་བརྩེགས་འོད་ཀྱི་ཀློང༔ རིག་པ་རང་བྱུང་ལྷ་ཚོགས་རྣམས༔ འོད་ཀྱི་ཕུང་པོར་ལམས་སེ་ལམ༔ རང་བབ་ཆེན་པོའི་ལྷ་ཚོགས་རྣམས༔ རང་བཞིན་དག་པའི་ངང་དུ་བཞུགས༔ གཞི་ལ་གཞི་བཞག་གུས་ཕྱག་འཚལ༔ རང་སྣང་འགགས་མེད་མཆོད་པ་འབུལ༔ བླང་དོར་གཉིས་མེད་མཐོལ་ལོ་བཤགས༔ ལྷུན་གྲུབ་ཡེ་སངས་རྗེས་ཡི་རང༔ ཚིག་འདས་བརྗོད་མེད་འཁོར་ལོ་སྐོར༔ འཕོ་འགྱུར་མེད་པར་གསོལ་བ་འདེབས༔ འབྲས་བུ་ཀ་དག་འཐོབ་ཕྱིར་བསྔོ༔ ཀུན་བཟང་ཀློང་དུ་འགྲུབ་པར་ཤོག༔ ཅེས་བྱིན་ཕབ་ཅིང་ཏིང་འཛིན་སོ་སོ་གསལ་གདབ་པར་བྱའོ། །དེ་ནས་རིགས་བརྟག་པའི་སླད་དུ། ཁྱེད་རང་རྣམས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དུ་བྱས་ཏེ་ཤར་སྒོར་འཁོད་པར་མོས་པ་དང་། སྔར་བྱིན་པའི་ཅོད་པན་ཉིད་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་དང་བཅས་ལྟོས་པ་མེད་པར་དོར་ཅིག །ཀྱེ་ཧོ༔ ཀུན་བཟང་རིགས་ལྔའི་ཕོ་བྲང་དུ༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་དང་བདག་སྤྲོད་ཅིག༔ ཅེས་འདོར་དུ་གཞུག །དབུས་སུ་བབས་ན་བུདྡྷ་རང་གསལ་རྩལ༔ དེ་བཞིན་དུ་ཤར་དུ་རྡོ་རྗེ་རང་གསལ་རྩལ༔ ལྷོ་རུ་རིན་ཆེན་རང་གསལ་རྩལ༔ ནུབ་ཏུ་པདྨ་རང་གསལ་རྩལ༔ བྱང་དུ་ཀརྨ་རང་གསལ་རྩལ༔ ཞེས་པའི་གསང་མཚན་གདགས། མཚམས་བཞིར་བབས་ན་དངོས་གྲུབ་མེད་པར་གསུངས་སོ། །སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཐུར་མ་ལྟ་བུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གློ་བུར་འཁྲུལ་པའི་སྒྲིབ་གཡོགས་སྐད་ཅིག་གིས་བསལ་ཏེ་དག་པ་ཡེ་ཤེས་ཆེན་པོའི་སྤྱན་ཐོབ་པར་མོས་ཤིག །ཧོ༔ ཇི་ལྟར་མིག་མཁན་རྒྱལ་པོ་བཞིན༔ ཁྱོད་ཀྱི་མ་རིག་འཁྲུལ་པའི་མིག༔ ཉོན་མོངས་གཟུང་འཛིན་ལིང་ཏོག་བསྒྲིབས༔ འདྲེན་མཆོག་རྒྱལ་པོ་བདག་ཉིད་ཀྱིས༔ རིག་རྩལ་ཡེ་ཤེས་ཀློང་དུ་ཕྱེ༔ ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་ལྟོས༔ ཞེས་མིག་དར་བསལ་ལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྟོས་ཤིག་ལྟོས་ཤིག་དཀྱིལ་འཁོར་ལྟོས༔ མ་ཡེངས་སེམས་ཀྱིས་དཀྱིལ་འཁོར་ལྟོས༔ ང་ལ་མཐོང་བ་སྣ་ཚོགས་ཡོད༔ བུ་ཁྱོད་ཅི་ཡི་ངོ་བོར་མཐོང༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ བུ་ཡིས་བལྟས་ཤིང་དཔྱད་པ་ཡིས༔ བླ་མ་སངས་རྒྱས་ངོ་བོར་མཐོང༔ བདག་གི་སྐྱབས་གནས་ཆེན་པོ་འོ༔ ཡང་བླ་མས། ལྟོས་ཤིག་ལས་དང་སྐལ་པ་ཅན༔ དཀྱིལ་འཁོར་ཆེན་པོ་འདི་ཉིད་དང༔ དཀྱིལ་འཁོར་རྫས་བཀོད་བརྒྱན་པ་དང༔ འཇུག་སྒོ་གཅིག་པའི་སྤུན་གྲོགས་རྣམས༔ ལྟོས་ཤིག་ལྟོས་ཤིག་རིམ་པར་ལྟོས༔ དད་པ་མཆོག་ནི་བསྐྱེད་རེ་རན༔ ཁྱེད་ཀྱིས་དེ་རྣམས་ཅི་རུ་མཐོང༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་ཀུན་ཏུ་བཟང༔ དཀྱིལ་འཁོར་ཆེན་པོ་འདི་ཉིད་ནི༔ རྒྱལ་བའི་ཞིང་མཆོག་དམ་པར་མཐོང༔ དེ་ལྟར་རྫས་བཀོད་དེ་རྣམས་ནི༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་རྟེན༔ འཇུག་སྒོ་གཅིག་པའི་སྤུན་གྲོགས་ནི༔ གསང་སྔགས་ཐེག་ཆེན་སྟོན་པའི་ལམ༔ ཞེས་ཞུ། དེ་ལྟར་ཁྱེད་རང་རྣམས་མ་རིག་པའི་སྒྲིབ་པ་བྲལ་ནས་མངོན་སུམ་དུ་གྱུར་པའི་ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་བརྡ་དོན་བསྟན་པ་ཡིན་པས་ངེས་པར་གྱིས་ཤིག །རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ལ། དབུས་ཟླུམ་ཞིང་དཀར་པོ་ཡོད་པ་ནི༔ ཆོས་དབྱིངས་འགྱུར་བ་མེད་པའི་བརྡ༔ པདྨ་འདབ་བརྒྱད་མཛེས་ཚོན་དུ་ཡོད་པ་ནི༔ རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡ༔ གྲུ་བཞིར་ཡོད་པ་ནི༔ འབྱུང་བཞིའི་འོད་དང་ལྡན་པའི་བརྡ༔ ཁྱམས་བཞི་སྒོ་དང་བཅས་པ་ནི༔ ཕྲིན་ལས་རྣམ་བཞི་རང་ལ་ཚང་བའི་བརྡ༔ པན་ཙ་རེ་ཁཱའི་རྩིག་པ་ནི༔ ཡེ་ཤེས་ལྔ་དང་ལྡན་པའི་བརྡ༔ རྟ་བབས་རིམ་པ་བཞི་ནི༔ ཚད་མེད་པ་བཞི་ལྷུན་གྱིས་གྲུབ་པའི་བརྡ༔ འདོད་ཡོན་གྱི་ལྷ་མོས་བསྐོར་པ་ནི༔ འདོད་ཡོན་མ་སྤང་རྒྱན་དུ་ཤར་བའི་བརྡ༔ དྲྭ་བ་དྲྭ་ཕྱེད་དང་ལྡན་པ་ནི༔ གཞི་ལ་འདོད་ཡོན་རྫོགས་པའི་བརྡ༔ རིན་ཆེན་ཕ་གུ་སེར་པོ་ནི༔ འདོད་རྒུ་རང་ལས་འབྱུང་བའི་བརྡ༔ རྡོ་རྗེའི་ར་བས་བསྐོར་བ་ནི༔ སྐྱེ་འགག་འགྱུར་བ་མེད་པའི་བརྡ༔ ཕྱི་ལ་མེ་རིས་བསྐོར་བ་ནི༔ ཉོན་མོངས་རང་གནས་སུ་བསྲེགས་པའི་བརྡ༔ གདུགས་དང་ཆོས་འཁོར་བརྩེགས་པ་ནི༔ ཤེས་བྱ་ཟིལ་གྱིས་གནོན་པའི་བརྡ༔ གསེར་གྱི་ཏོག་བཙུགས་པ་ནི༔ སྐྱེ་མེད་དོན་དང་ལྡན་པའི་བརྡ༔ ཧོ༔ ལས་དང་སྐལ་པ་ལྡན་པ་རྣམས༔ ཕྱི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས༔ ནང་ཆོས་ཉིད་ཀྱི་ངང་དུ་གསལ་ཐོབས་ཤིག༔ ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་འདི༔ རང་གི་རིག་པའི་ཡུལ་ཡིན་ནོ༔ རིག་པའི་གནས་ཡིན་ནོ༔ དགའ་བ་དང་སྤྲོ་བ་སྐྱེད་ལ་ཡིད་ལ་ཆོངས་ཤིག༔ དེ་ནས་རྫས་ཀྱི་བརྡ་དོན་བསྟན་པའང་འདི་བཞིན་དུ་ངེས་འཚལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཡིད་མ་ཡེངས་པའི་ངང་ལ་གསོན་ཅིག༔ བུམ་པ་ལྔ་རུ་ཡོད་པ་ནི༔ རིགས་ལྔ་རང་ལ་ཡོད་པའི་བརྡ༔ ཤེལ་ལྔ་ནི༔ གཞི་ཀ་དག་ཏུ་ཡོད་པའི་བརྡ༔ རྨ་བྱའི་མདོངས་ལྔ་ནི༔ སྒྲོན་མ་བཞི་རང་ལ་ཡོད་པའི་བརྡ༔ མདའ་ལྔ་ནི༔ ཤེས་རབ་ལྔ་རུ་མཚོན་པའི་བརྡ༔ མེ་ལོང་ལྔ་ནི༔ ཡེ་ཤེས་ལྔ་རུ་མཚོན་པའི་བརྡ༔ དར་སྣ་ལྔ་ནི༔ རླུང་ལྔ་མཚོན་པའི་བརྡ༔ ཕུར་པ་བཞི་ནི༔ རྣམ་དག་དབྱིངས་ལ་འགྱུར་བ་མེད་པའི་བརྡ༔ གྲི་བཞི་ནི༔ རྣམ་རྟོག་གཟུང་འཛིན་འཇོམས་པའི་བརྡ༔ གཏོར་མ་ཚོགས་མཆོད་བཤམས་པ་ནི༔ འདོད་ཡོན་རང་ལས་འབྱུང་བའི་བརྡ༔ བརྡ་དོན་རྟོགས་པར་གྱིས་ཤིག༔ ཡིད་ཀྱི་དཀྱིལ་དུ་ཆོངས་ཤིག༔ ཅེས་ངོ་སྤྲད། དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་པ་ལགས། དབང་བསྐུར་དངོས་ལ་རྣམ་གྲངས་བཞི་ཡོད་པ་ལས་ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །བུམ་པ་རྣམས་རང་བྱུང་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་གཞལ་མེད་ཁང་གི་ནང་དུ། རིག་པ་སྐུ་ལྔའི་ཚོམ་བུ་གདོད་ནས་རང་གསལ་ཆེན་པོར་བཞུགས་པ་ལས་འོད་ཟེར་བདུད་རྩི་ཁ་དོག་ལྔའི་རྒྱུན་སོ་སོར་བྱུང་། ཁྱེད་རང་རྣམས་ཀྱི་གནས་ལྔར་ཞུགས། སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དག །སྐུ་དང་ཡེ་ཤེས་ཆེན་པོའི་རང་བཞིན་མངོན་དུ་བྱས་པར་མོས་ཤིག །དབུས་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ཆོས་དབྱིངས་ཟླུམ་པོ་ནི༔ ཕྱི་ནང་མེད་པ་གཞལ་ཡས་ཁང༔ རྣམ་པར་སྣང་མཛད་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ དབྱིངས་ཀྱི་གནས་ལུགས་རྟོགས་པར་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་ཐིགས་པ་སྤྱི་བོར་བླུག །ཁར་སྦྱིན་པ་གནས་གཞན་བཞི་ལའང་འགྲེ། ཤར་བུམ་སྙིང་གར་གཏུགས་ཏེ། ཧཱུྃ༔ མེ་ལོང་རང་གསལ་བུམ་པ་རུ༔ མ་སྐྱེས་སྙིང་པོའི་གཞལ་ཡས་ཁང༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ གསལ་སྟོང་ཆེན་པོའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་བུམ་པ་མགྲིན་པར་བཞག་ལ། ཧཱུྃ༔ བུམ་པ་མཉམ་ཉིད་ཟླུམ་པོ་སྟེ༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ བསམ་པ་ལྷུན་གྲུབ་དབང་ཐོབ་ཤོག༔ ཏྲཱཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ནུབ་བུམ་ལྟེ་བར་བཞག་ལ། ཧཱུྃ༔ བུམ་པ་སོར་རྟོག་ཟླུམ་པོའི་ནང༔ མ་སྐྱེས་ཆགས་བྲལ་གཞལ་ཡས་ཁང༔ སྣང་བ་མཐའ་ཡས་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཆགས་མེད་འཛིན་བྲལ་དབང་ཐོབ་ཤོག༔ ཧྲཱིཿཔདྨ་ཨ་བྷི་ཥིཉྩ་ཧྲཱི༔ བྱང་གི་བུམ་པ་གསང་གནས་སུ་བཞག་ལ། ཧཱུྃ༔ བུམ་པ་བྱ་བ་ནན་ཏན་དབང༔ ཡེ་ཤེས་ཟང་ཐལ་གཞལ་ཡས་ཁང༔ དོན་ཡོད་གྲུབ་པ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ རང་བྱུང་རང་རྩལ་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་བུམ་པ་ལྔས་དབང་བསྐུར། དེས་སྤྲོས་བཅས་བུམ་པའི་དབང་ཐོབ། ལུས་དང་རྩའི་སྒྲིབ་པ་དག །སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །ཉོན་མོངས་པ་ལྔ་རང་སར་གྲོལ་བའི་སྟོང་ཉིད་བྷན་ཛ་བདེ་སྐྱོང་གི་ནང་དུ། ཡེ་ཤེས་ལྔ་ལྡན་བདེ་ཆེན་བདུད་རྩིའི་བཅུད་དུ་འཁྱིལ་བས་ཁྱེད་རང་ལ་དབང་བསྐུར་ཅིང་མྱངས་པས། འཁོར་ལོ་ལྔའི་དྭངས་མའི་ཐིག་ལེ་མི་ཤིགས་བདེ་བ་ཆེན་པོར་སྨིན་པར་མོས་ཤིག །དབུས་ཀྱི་ཐོད་པ་སྤྱི་བོར་བཞག་ལ། ཧཱུྃ༔ གཏི་མུག་རང་གྲོལ་ཐོད་པ་ལ༔ ཆོས་དབྱིངས་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཝཱཀ་ཨ་བྷི་ཥིཉྩ་ཨོཾ༔ བཅུད་མྱང་དུ་གཞུག་པ་གཞན་ལ་འགྲེ། ཤར་གྱི་ཐོད་པ་སྙིང་གར་གཏུགས་ལ། ཧཱུྃ༔ ཞེ་སྡང་རང་གྲོལ་ཀ་པཱ་ལར༔ མེ་ལོང་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུྎ མངོན་སུམ་སྣང་བ་མཆེད་པར་ཤོག༔ ཧཱུྃ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་ཐོད་པ་མགྲིན་པར་བཞག་ལ། ཧཱུྃ༔ ང་རྒྱལ་རང་གྲོལ་ཀ་པཱ་ལར༔ གཉིས་མེད་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུྎ གོང་འཕེལ་སྣང་བ་འབྱེད་པར་ཤོག༔ ཏྲཱཾ་ཝཱཀ་ཨ་བྷི་ཥིཉྩ་ཏྲཱཾ༔ ནུབ་ཀྱི་ཐོད་པ་ལྟེ་བར་བཞག་ལ། ཧཱུྃ༔ འདོད་ཆགས་རང་གྲོལ་ཀ་པཱ་ལར༔ སོར་རྟོག་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུྎ རིག་པ་ཚད་ཕེབས་དབང་ཐོབ་ཤོག༔ ཧྲཱིཿཝཱཀ་ཨ་བྷི་ཥིཉྩ་ཧྲཱི༔ བྱང་གི་ཐོད་པ་གསང་བར་བཞག་ལ། ཧཱུྃ༔ ཕྲག་དོག་རང་གྲོལ་ཀ་པཱ་ལར༔ བྱ་གྲུབ་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཆོས་ཉིད་ཟད་སར་སྐྱོལ་བར་ཤོག༔ ཧཱ་ཝཱཀ་ཨ་བྷི་ཥིཉྩ་ཧཱ༔ དེས་སྤྲོས་མེད་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །རང་བྱུང་རྩོལ་མེད་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་གསུང་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་ལག་ཏུ་གཏད་པས་ཁྱེད་རང་རྣམས་དཀྱིལ་འཁོར་ཁྱབ་བདག་ཀུན་ཏུ་བཟང་པོ་དང་། རིག་མ་ཀུན་ཏུ་བཟང་མོ། མཁའ་གསང་རྡོ་རྗེ་དང་པདྨར་གསལ་བས། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་ཏེ་སེམས་ཅན་ཐམས་ཅད་འོད་གསལ་ཀ་དག་གི་ས་ལ་བསྒྲལ་བར་སེམས་བསྐྱེད་ནས་སྙོམས་པར་ཞུགས་པས། དགའ་བཞིའི་ཡེ་ཤེས་ལུགས་འབྱུང་དང་ལུགས་ལྡོག་ཉམས་སུ་མྱོང་། ལྷན་སྐྱེས་བདེ་ཆེན་འགྱུར་མེད་དུ་བརྟན། སྣང་སྲིད་ཀྱི་རྟོག་ཚོགས་བདེ་བ་ཆེན་པོའི་འཁོར་ལོར་ཤར། དྭངས་མའི་ཐིག་ལེ་རྡུལ་བྲལ་འཕོ་མེད་དུ་དྭངས་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ སྣང་སྲིད་ཡོངས་གྲོལ་གཞལ་ཡས་འདིར༔ བདག་ཉིད་ཀུན་བཟང་ཡབ་ཡུམ་སྟེ༔ བདེ་སྟོང་བྷ་ག་རྡོ་རྗེའི་དབང༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ མཆེད་ལྕམ་རྣམས་ཀྱིས་འདིར་སྤྱོད་ཅིག༔ ཐབས་ཤེས་གཉིས་མེད་རོལ་པ་ལས༔ ཡེ་ཤེས་བདེ་བ་ཆེན་པོ་འབར༔ སྐད་ཅིག་བདེ་བ་མྱོང་བ་བཞིན༔ དེ་དུས་བསམ་བརྗོད་རང་སར་འགག༔ གཉིས་མེད་བྱང་སེམས་འདྲེས་པ་བཞིན༔ སྣང་སྲིད་འཁོར་བའི་ལས་རྣམས་ཀུན༔ ཆོས་དབྱིངས་བདེ་བའི་ཀློང་དུ་ཐིམ༔ དོན་འདི་སོམས་ལ་བདེ་ལ་སྤྱོད༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ སྨྲ་བརྗོད་བྲལ་བའི་ཡུལ་དང་མཇལ༔ སྐྱེ་མེད་ཀུན་བཟང་འབྲས་བུ་ཐོབ༔ ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །བདེ་སྟོང་ཟུང་འཇུག་ཀ་དག་གི་གནས་ལུགས་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་རབ་ཏུ་སྤྲོས་མེད་བརྡ་དང་ཚིག་གི་སྒོ་ནས་བསྐུར་བ་ཡིན་པས་འདི་ལྟར་ངེས་པར་མཛོད་ཅིག །མར་མེ་གསལ་བ་རེ་རེ་ལག་ཏུ་གཏད་ལ། ཨེ་མ་སྐལ་ལྡན་ཕོ་མོ་ཀུན༔ མ་ཡེངས་གསོན་ཅིག་ཡིད་ལ་ཟུངས༔ ལག་ཏུ་ཁྱེར་བའི་སྒྲོན་མེ་འདི༔ གཟུགས་འོད་མདངས་གསུམ་དུས་གཅིག་འཆར༔ དེ་གསུམ་ཅི་ཡི་ངོ་བོར་འཛིན༔ ཞེས་དྲིས་པས་མར་མེ་ཉིད་རང་སེམས་ཀྱི་ངོ་བོ་རང་བཞིན་རྩལ་སྣང་གསུམ་དུ་ཤེས་དགོས་ཏེ། འདི་ལྟར་གཟུགས་ཀྱི་དབྱིབས་དང་། དེ་ལ་རང་བབས་ཀྱིས་གྲུབ་པའི་གསལ་མདངས་དང་། དེ་ལས་ཀྱང་ལྷན་ཅིག་ཏུ་བྱུང་བའི་འོད་ཟེར་གསུམ་པོ་མར་མེ་གཅིག་གི་ངོ་བོར་སྣང་སྟོང་དབྱེར་མེད་དུ་ཡོད་པ་ལྟར། རང་སེམས་རྩ་བྲལ་སྟོང་པའི་རང་མདངས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་། དོན་ལ་དབྱེར་མེད་ཡེ་སྟོང་ཀ་དག་ཆེན་པོ་ལས་འོད་གསལ་གྱི་རང་རྩལ་འགགས་པ་མེད་པར་ཅིར་ཡང་འཆར་བའི་དོན་ཤེས་པར་གྱིས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ མར་མེ་གཞི་སྟོང་འཛིན་པ་མེད༔ དེ་ལས་གསལ་བའི་མདངས་ནི་ཕྱུང༔ མདངས་ཀྱིས་སྣང་གཟུགས་སོ་སོར་འབྱེད༔ མར་མེའི་དཔེ་རྟགས་དེ་བཞིན་དུ༔ སེམས་ནི་གཞི་སྟོང་རྩ་བྲལ་ཏེ༔ དེ་ལས་མ་འགགས་རང་རྩལ་འཆར༔ རྩལ་གྱིས་སྣང་བ་ཡུལ་ཁམས་འཛིན༔ གཉིས་འཛིན་འཁྲུལ་པ་དེ་ལས་བྱུང༔ དེ་ལ་མ་རིག་དམ་དུ་འཛིན༔ མུ་མེད་འཁོར་བ་ཉིད་དུ་འཁྱམས༔ དེ་ལ་ངོ་སྤྲོད་འདི་ལྟར་རོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཞི་ལ་འཁྲུལ་པ་མེད་མོད་ཀྱང༔ རྟེན་འབྲེལ་འཆར་སྒོ་ངོ་མཚར་ཆེ༔ དོན་དམ་ཚིག་གིས་མི་རྟོགས་ཀྱང༔ མངོན་སུམ་གདིང་ཐོབ་ངོ་མཚར་ཆེ༔ རིག་པ་དྲི་མ་མེད་མོད་ཀྱང༔ ལམ་གྱི་འཆར་ཚུལ་ངོ་མཚར་ཆེ༔ ཀ་དག་གྲོལ་རྒྱུ་མ་མཆིས་ཀྱང༔ རླུང་རིག་དག་ཚུལ་ངོ་མཚར་ཆེ༔ ཐེག་པའི་འཇུག་སྒོ་མང་ན་ཡང༔ གཅིག་ཏུ་དྲིལ་བ་ངོ་མཚར་ཆེ༔ ཤར་ཚུལ་སྣང་བ་རྒྱ་ཆེ་ཡང༔ ངོ་བོར་གདིང་ཐོབ་ངོ་མཚར་ཆེ༔ ཚིག་མཐའི་སྤྲོས་པ་མང་ན་ཡང༔ གྲགས་སྟོང་དོན་མཐོང་ངོ་མཚར་ཆེ༔ སྣང་བའི་ཆོས་རྣམས་ཐམས་ཅད་ཀྱང༔ རང་ཐོག་གྲོལ་བ་ངོ་མཚར་ཆེ༔ གཉིས་ཆོས་ཟད་པའི་སེམས་ཉིད་དེ༔ གཞི་གནས་གདིང་ཐོབ་ངོ་མཚར་ཆེ༔ གཞི་ལ་གཞིར་བཞག་རིག་པ་དེ༔ རྫོགས་སངས་རྒྱས་པ་ངོ་མཚར་ཆེ༔ ཞེས་བརྗོད་ལ་དོན་སྤྲད་པར་བྱའོ། །དེས་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་མཉམ་དང་ཡེ་ཤེས་ཀྱི་སྒྲིབ་པ་དག །འོད་གསལ་དབྱིངས་རིག་མངོན་སུམ་གྱི་དོན་བསྒོམ་པ་ལ་དབང་། འབྲས་བུ་ཡོན་ཏན་དང་ཕྲིན་ལས་ལྔ་པོ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར། དེ་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་སྐོར་གསུམ་ལས། ཕ་རྒྱུད་ཀུན་བཟང་དགོངས་འདུས་ཀྱི་དབང་ཆོག་མ་བུ་ཀུན་གྱི་བཅུད་འདུས་ནོར་བུའི་སྒྲོན་མེ་ཉིད་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ། དཔོན་སློབ་ལྷན་ཅིག་པའམ་སློབ་དཔོན་གྱིས་ཚོགས་མཆོད་རྒྱས་པར་འབུལ་ཞིང་། བཀའ་སྲུང་གཏོར་ཆོག་དང་། བསྐུལ་གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐར་དབྱུང་ངོ་། །གཉིས་རྟོག་མཚན་མ་ཀ་དག་དབྱིངས་སུ་ཟད། །གློ་བུར་འཁྲུལ་སྣང་འོད་གསལ་སྦུབས་སུ་ཞུགས། །དེ་ལས་ཡེ་ཤེས་སྣང་བ་ཕྱམ་བརྡལ་བས། །མཁའ་མཉམ་སྲིད་པའི་མུན་སྟུག་དྭངས་བྱེད་ཤོག །འདི་འང་རིན་ཐང་བྲལ་བའི་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་ཤིན་ཏུ་གཅེས་པའི་དབྱིག་གི་མཆོག་རྣམས་སྡུད་པའི་དགོས་འབྱུང་སྙིང་པོའི་བཙས་སུ། གཏེར་གཞུང་གསེར་གྱི་མཎྜལ་ལ་མཚམས་སྦྱོར་གཡུའི་ཕྲ་བཏབ་སྟེ། གཏད་མེད་རྒྱ་ཡན་གྱི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
ན་མོ་གུ་རུ་ཨཱ་དིཿབུདྡྷཱ་ཡ། ཐོག་མེད་འཁྲུལ་པ་བཙན་ཐབས་སུ། །གཅོད་མཛད་ཤིན་ཏུ་རྣལ་འབྱོར་དང་། །དེ་སྟོན་བླ་མ་ལ་བཏུད་ནས། །སྨིན་བྱེད་སྙིང་པོའི་བཅུད་གསལ་བྱ། །ཟབ་ཆོས་འདིའི་དབང་ཆོག་མ་བུ་ཐམས་ཅད་ཀྱི་སྙིང་པོ་འདུས་པ་འདི་ཉིད་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གཞུང་སྤྱི་དང་འདི་ཉིད་ལས་ཇི་སྐད་བཤད་པའི་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་ཞིང་གནས་དུས་རྟེན་འབྲེལ་ལེགས་པར་འགྲིགས་པའི་སྐབས་སུ། གནས་ཁང་བྱི་དོར་བྱས་ཤིང་རྒྱན་བཀོད་ཀྱིས་སྤྲས་པའི་ཕུགས་ལོགས་སུ་ཨ་ཏི་ཞི་ཁྲོས་མཚོན་རྩ་བ་གསུམ་གྱི་རྟེན་བཀྲམ། དེ་མདུན་སྟེགས་བུ་གྲུ་བཞི་བདུད་རྩི་ལྔས་ཆག་ཆག་གདབ་པའི་སྟེང་དུ་ཞི་དཀྱིལ་སྒོ་རྫོགས་ཅན་སྤྱི་འགྲོ་ལྟེ་བ་ཟླུམ་པོ་མཐིང་ཁ། པདྨ་འདབ་བརྒྱད་ཕྱོགས་བཞི་དཀར་སེར་དམར་ལྗང་། མཚམས་བཞིར་མཛེས་ཚོན་བྱས་པ་རྡུལ་ཚོན་ནམ་རས་བྲིས་བཀྲམ་པའི་དབུས་དང་ཕྱོགས་བཞིར་མཉྫིའི་སྟེང་དུ། དབུས་སུ་སྨན་ལྔའི་བུམ་པ་མགུལ་ཆིངས་དཀར་པོ་ཡི་གེ་ཨོཾ་དང་ཁ་རྒྱན་ལ་རྣམ་སྣང་གི་སྐུས་བརྒྱན་པ། ཤར་སོགས་ཕྱོགས་བཞིར་བུམ་པ་བཞི་ལ་རིམ་བཞིན་འབྲུ་ལྔ་རིན་ཆེན་ལྔ་དྲི་ལྔ་སྙིང་པོ་ལྔ་རྣམས་བླུགས་ཤིང་མགུལ་ཆིངས་མཐིང་སེར་དམར་ལྗང་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་དང་རིགས་བཞིའི་སྐུ་ཙཀ་གིས་བརྒྱན་པ། དྲི་བཟང་གི་ཆུས་བཀང་ཞིང་ཁ་རྒྱན་རྨ་བྱའི་མདོངས་ཤེལ་དང་མེ་ལོང་གིས་སྤྲས་པ་རྣམས་བཀོད། གསང་དབང་གི་རྫས་ཐོད་པ་མཚན་ལྡན་ལྔ་དབུས་ཀྱི་བུམ་པའི་མདུན་དང་མཚམས་བཞིར་རེ་རེ་བཞག་པའི་དབུས་ཐོད་དུ་ཆང་དང་བུ་རམ་སྦྱར་བ། ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་ལན་ཚྭ། ནུབ་བྱང་དུ་སྦྲང་རྩི། བྱང་ཤར་དུ་ཟས་སྣས་བཀང་བ་རྣམས་དང་། རིག་ཙཀ །སློབ་མའི་གྲངས་མཉམ་གྱི་མར་མེ་གསལ་བ་བཅས་པ་ཅི་བདེར་བཀོད། སྨན་རཀ་གཏོར་མཆོད་སྤྱི་མཚུངས། སྒོ་བཞིར་ཕུར་པ་དང་མདའ་དར། མཚམས་བཞིར་རལ་གྲི་བཞི་བཀོད་ལ་འགྲུབ་ན་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། གཞན་ཡང་སྔོན་འགྲོ་དང་སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། སྲུང་སྐུད་སྣ་ལྔ་མདུད་པ་གསུམ་རེ་བཏབ་པ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་དབང་དོན་སྒྲུབ་མཆོད་ནི། དེང་སང་སློབ་དཔོན་རྫོགས་པ་ཆེན་པོའི་རྟོགས་དགོངས་མཐར་ཕྱིན་པ་དཀོན་པས་ཡོ་ག་སྤྱི་དང་མཐུན་པར་མཛད་པའི་ཕྱག་སྲོལ་ལྟར། ཞི་ཁྲོ་གསང་འདུས་ཀྱི་ཕྲིན་ལས་གཞུང་བསྲང་། བདག་མདུན་སོགས་གཉིས་རྟོག་ཨ་འཐས་མཚན་མས་མ་བཅིངས་པར་གདོད་ནས་འཁོར་འདས་དབྱེར་མེད་རང་བྱུང་རང་ཤར་ཡེ་གྲོལ་ཁྱབ་གདལ་ངང་དུ་སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ཆེན་པོར་རྫོགས་པ་ཉིད་ཡིན་ལུགས་རྟོགས་པའི་གསལ་འདེབས་དང་བཟླས་པས་བྱིན་གྱིས་བརླབ། གཞི་བསྟོད་དང་བཤགས་པ་གྲུབ་ནས་སླར་ཡང་གནས་ལུགས་ཀྱི་དགོངས་པ་གསལ་བཏབ་ལ་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག །ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་འོད་ཞུ་བྱས་ལ་བཞག །དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་བསྐུར་བ་ལའང་གཉིས། སྔོན་འགྲོ་འཇུག་པའམ་སྟ་གོན་གྱི་ཆོས། དབང་བསྐུར་དངོས་སོ། །དང་པོ་ནི། སློབ་མ་རྣམས་འཚོགས་ལ་ཡིག་བརྒྱ་བརྗོད་ཅིང་ཁྲུས་བྱ། བགེགས་གཏོར་གཏང་། བཀའ་བསྒོ་སྲུང་འཁོར་ཕྲིན་ལས་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་འོས་པ་དང་། ཁྱད་པར། དེའང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཐུགས་བསྐྱེད་ཀྱི་སྟོབས་གཞན་ལས་ལྷག་པར་ཆེ་ཞིང་སངས་རྒྱས་ཀྱི་ཕྲིན་ལས་ཚད་དང་བསམ་པའི་ཡུལ་ལས་འདས་པའི་དབང་གིས། རྩོད་ལྡན་སྙིགས་མའི་མཐར་ཐུག་པའི་སེམས་ཅན་ལས་ངན་ཚན་པོ་ཆེའི་རྣམ་པར་སྨིན་པས་ནོན་ཅིང་ཉོན་མོངས་པའི་སྟོབས་ཤིན་ཏུ་རགས་པས་རྒྱུ་འབྲས་ཀྱི་ཐེག་པ་གཞན་གྱིས་འདུལ་བར་མི་ནུས་པའི་སྐབས་འདིར། སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་མཚན་ཙམ་ཡང་དཀོན་པ་འབྲས་བུ་ངེས་པའི་ཐེག་མཆོག་བློ་འདས་རྫོགས་པ་ཆེན་པོ་གྲོལ་བ་དྲུག་ལྡན་གྱི་བསྟན་པའི་བཙས་ཞིང་འདིར་བབས་ཏེ། འབྲེལ་ཚད་གདོད་མའི་ས་ལ་འབད་མེད་དུ་སྒྲོལ་བའི་ཕྲིན་ལས་ཆེན་པོར་ཤར་བ་ལས། གངས་ཅན་ལྗོངས་འདིར་འོད་གསལ་རྡོ་རྗེའི་སྐུ་བརྙེས་སློབ་དཔོན་ཆེན་པོ་རྣམ་པ་གཉིས་དང་རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་སོགས་ཀྱིས་ཨ་ཏི་ཕྱི་ནང་གསང་བ་ཡང་གསང་གི་རྒྱུད་དང་གདམས་སྐོར་མང་པོ་སྐལ་ལྡན་རྣམས་ལ་རྣ་བརྒྱུད་དུ་བསྩལ། ཁྱད་པར་གསུང་རྡོ་རྗེ་འོད་དཔག་མེད་དངོས་རྒྱལ་དབང་པདྨཱཀ་རས་ཆོས་རྒྱལ་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ལ་ཆེད་དུ་གནང་བའི་ཡང་གསང་རྫོགས་པ་ཆེན་པོའི་གདམས་ཟབ་མཐའ་དག་ཕྱི་རབས་གདུལ་བྱ་སྤྱི་དང་བྱེ་བྲག་པའི་དོན་ལ་དགོངས་ནས་གཏེར་དུ་སྦས་པ་ལས། ལྷ་ལྕམ་ཉིད་ཀྱི་སྐྱེ་བ་རིམ་པར་བྱོན་པ་གསུམ་གྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་སྤེལ་བར་མཛད་པའི་ནང་ཚན། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་བསམ་ཡས་མཆིམས་ཕུ་དགེའུའི་ཀ་གདན་འོག་ནས་སྨིན་གྲོལ་གྱི་གདམས་སྐོར་བཅུ་གསུམ་སྤྱན་དྲངས་ཏེ་ལུང་བསྟན་གྱི་དོན་བཞིན། བུམ་ཐང་ཐར་པ་གླིང་དུ་ཡང་གཏེར་དུ་སྦས་པ་ལྷ་ལྕམ་དག་པའི་སྐྱེ་བ་ལྔ་པ་གཏེར་ཆེན་པདྨ་གླིང་པས་ཡང་གཏེར་དུ་ཕྱུང་བ་དང་། གཏེར་ཆེན་ཉིད་ཀྱིས་བསམ་ཡས་མཆིམས་ཕུའི་མཆོད་རྟེན་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་འདུས་ཀྱི་ཆོས་སྡེ་སྟེ། གསེར་ལ་གཡུ་ཕྲ་བཏབ་པ་ལྟར་མ་བུ་ཟུང་དུ་བསྡེབས་པར་མཛད་པ་སྨིན་བྱེད་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ནོར་བུའི་སྒྲོན་མེ་བསྒྲུབ་པར་བགྱི་བ་ལ། ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བརྡ་སྤྲད་སྤྱི་ལྟར་སྦྱར་ཏེ་མིག་དར་སྔོན་པོ་དང་མེ་ཏོག་ཅོད་པན་གཏད། ཐོག་མར་སློབ་དཔོན་ཉིད་དཀྱིལ་འཁོར་དབང་ཕྱུག་ཐོག་མའི་མགོན་པོ་དངོས་སུ་གསལ་བ་ལ་མོས་གུས་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ འགྲོ་དྲུག་སྐྱབས་གནས་བླ་མ་རྗེ༔ ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས༔ བདག་ནི་ལས་ངན་ཤེས་རབ་རྨོངས༔ ཉོན་མོངས་འཁྲུལ་པ་སྦྱང་སླད་དུ༔ དཀྱིལ་འཁོར་ཆེན་པོར་འཇུག་སྤྲོ་བས༔ ཁྱེད་ཀྱིས་གནང་ནས་བསྟན་དུ་གསོལ༔ ལན་གསུམ། བླ་མས་ལན་བཏབ་པ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་ཐེག་པ་འདི༔ རྡོ་རྗེ་འཛིན་པ་བདག་གི་ལུང༔ ཞུས་ནས་འབྲས་བུ་ངེས་ཐོབ་ཕྱིར༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ མོས་ཤིང་འཇུག་པར་སྤྲོ་བ་ན༔ བླ་མའི་བཀའ་བཞིན་བསྒྲུབ་ནུས་སམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཀྱེ་མ༔ རྡོ་རྗེ་འཛིན་པ་གསན་འཚལ་ལོ༔ བདག་ནི་སྐལ་ལྡན་བུ་ཡིན་པས༔ བླ་མས་ཇི་ལྟར་བཀའ་གནང་བཞིན༔ བདག་གིས་མ་ལུས་བསྒྲུབ་ལགས་པས༔ སྒོ་ཕྱེས་དཀྱིལ་འཁོར་ལྷ་ཚོགས་སྟོན༔ དམ་ཚིག་དམ་པ་རྒྱུན་དུ་བསྲུང༔ ལན་གསུམ། དེ་ལྟར་ན་སངས་རྒྱས་པའི་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་བསྐྱེད་པའི་སྡོམ་པ་ལ་གནས་དགོས་པས། ཐོག་མར་ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན། ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ། གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ། དེ་ཐམས་ཅད་ཀྱང་རང་རིག་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་ལྡན་དུ་རང་བཞིན་གྱིས་རྫོགས་པ་ཉིད་འདུ་འབྲལ་མེད་པར་ཤེས་ནས་གུས་པས་བསྙེན་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བའི་ཚིག་གི་རྗེས་ཟློས། དུག་གསུམ་རྣམ་དག་ཡེ་ཤེས་ལུས༔ སྐུ་གསུང་ཐུགས་སུ་མཛད་པ་མཐར་ཕྱིན་པ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། བདག་གཞན་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མ་རིག་པའི་འཁྲུལ་སྣང་གློ་བུར་བས་བསྒྲིབས་ཏེ་ཡུན་རིང་སྲིད་པའི་ལམ་དུ་རྨི་ལམ་ལྟར་འཁྱམས་པ་ལ། ད་ནི་དཔལ་ལྡན་བླ་མའི་བྱིན་རླབས་ལ་བརྟེན་ཏེ་རང་ལ་གནས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་ནས་མ་རིག་འཁྲུལ་པའི་དྲི་མ་བསལ་བར་བགྱིའོ་སྙམ་དུ་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ མ་རིག་འཇིག་རྟེན་མུན་པའི་གླིང༔ རང་རིག་ཐབས་ཤེས་སྒྲོན་མེ་ཡིས༔ རང་ལ་གནས་པའི་ཡེ་ཤེས་དེ༔ བླ་མའི་དྲིན་གྱིས་རྟོགས་པར་བྱ༔ ལན་གསུམ། གདོད་ནས་འདུ་འབྲལ་མེད་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དབྱིངས་རིག་ཟུང་འཇུག་ཐ་སྙད་ཀྱི་ཚིག་དང་བློ་ལས་འདས་པའི་རང་བྱུང་ཡེ་ཤེས་མངོན་དུ་མཐོང་བས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་བགྱིའོ་སྙམ་དུ་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས༔ སྐུ་གསུམ་ངོ་བོ་མཐའ་བྲལ་ཞིང༔ ཚིག་ལས་འདས་པའི་རང་བྱུང་ངོ༔ སྐད་ཅིག་ཉིད་ལ་རྟོགས་པར་བགྱི༔ ལན་གསུམ། དེ་དག་གིས་རྒྱུད་སྦྱོང་བ་སོང་ནས་བར་ཆད་སྲུང་བའི་སླད་དུ། ཡེ་ཤེས་ལྔ་ལྡན་སྲད་བུ་ཁ་དོག་ལྔ་པ་ལ་རྡོ་རྗེ་གསུམ་གྱི་རང་བཞིན་མདུད་པ་གསུམ་དང་རང་བྱུང་གསང་བ་ཆེན་པོའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་དཔུང་པར་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། མང་དུ་བཟླས་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིང་ངོ་། །དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་རྐང་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ལག་གཉིས་ཐལ་མོ་སྤྱི་བོར་སྦྱོར་ལ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །རང་ལུས་སྟོང་གསལ་འོད་ཕུང་ཆེན་པོའི་ནང་དབུས་སུ་རྩ་དབུ་མ་ཤེལ་དཀར་གྱི་ཀ་བ་ལྟ་བུ་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བའི། སྙིང་གར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཀུན་བཟང་ཡབ་ཡུམ་རིགས་ལྔའི་འཁོར་ཚོགས་དང་བཅས་པ། ལྟེ་བར་སྤྲུལ་པ་སྐུའི་ལྷ་ཚོགས། མགྲིན་པར་ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས། སྤྱི་བོར་སྐུ་གསུམ་འདུས་པའི་ལྷ་ཚོགས་རྣམས་འཇའ་འོད་ཐིག་ལེ་མེར་མེར་ཤིག་ཤིག་ཏུ་བཞུགས་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད། རླུང་ཁ་སྦྱོར་ཟུངས་ལ་གཡོ་མེད་དགོངས་པའི་གསལ་འདེབས་ལ་བརྩོན་པར་གྱིས་ཤིག །ཌཱ་དྲིལ་དབྱངས་དང་བཅས་པས། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས༔ ཀུན་བཟང་རིགས་ལྔ་རང་གསལ་གནས༔ རང་བཞིན་དག་པའི་འཁོར་ཚོགས་ནི༔ ཚོམ་བུ་འོད་སྐུར་ཤིགས་སེ་ཤིག༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ སྤྲུལ་པ་སྐུ་ཡི་ལྷ་ཚོགས་བཞུགས༔ རླུང་རྩལ་གཡོ་རྩོལ་ལས་འདས་པའི༔ ཐིག་ལེ་འོད་སྐུར་ཤིགས་སེ་ཤིག༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ན༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་བཞུགས༔ མཚན་བཟང་དཔེ་བྱད་ལས་འཁྲུངས་པའི༔ ཐིག་ལེ་འོད་སྐུར་ཡ་ལ་ལ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ སྐུ་གསུམ་འདུས་པའི་ལྷ་ཚོགས་བཞུགས༔ འབྲས་བུ་འདུས་པའི་རྩེ་མོ་ན༔ ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་ལུས་རྒྱལ་བའི་ཕོ་བྲང་དེར༔ འཁོར་ལོ་བཞི་བརྩེགས་འོད་ཀྱི་ཀློང༔ རིག་པ་རང་བྱུང་ལྷ་ཚོགས་རྣམས༔ འོད་ཀྱི་ཕུང་པོར་ལམས་སེ་ལམ༔ རང་བབ་ཆེན་པོའི་ལྷ་ཚོགས་རྣམས༔ རང་བཞིན་དག་པའི་ངང་དུ་བཞུགས༔ གཞི་ལ་གཞི་བཞག་གུས་ཕྱག་འཚལ༔ རང་སྣང་འགགས་མེད་མཆོད་པ་འབུལ༔ བླང་དོར་གཉིས་མེད་མཐོལ་ལོ་བཤགས༔ ལྷུན་གྲུབ་ཡེ་སངས་རྗེས་ཡི་རང༔ ཚིག་འདས་བརྗོད་མེད་འཁོར་ལོ་སྐོར༔ འཕོ་འགྱུར་མེད་པར་གསོལ་བ་འདེབས༔ འབྲས་བུ་ཀ་དག་འཐོབ་ཕྱིར་བསྔོ༔ ཀུན་བཟང་ཀློང་དུ་འགྲུབ་པར་ཤོག༔ ཅེས་བྱིན་ཕབ་ཅིང་ཏིང་འཛིན་སོ་སོ་གསལ་གདབ་པར་བྱའོ། །དེ་ནས་རིགས་བརྟག་པའི་སླད་དུ། ཁྱེད་རང་རྣམས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དུ་བྱས་ཏེ་ཤར་སྒོར་འཁོད་པར་མོས་པ་དང་། སྔར་བྱིན་པའི་ཅོད་པན་ཉིད་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་དང་བཅས་ལྟོས་པ་མེད་པར་དོར་ཅིག །ཀྱེ་ཧོ༔ ཀུན་བཟང་རིགས་ལྔའི་ཕོ་བྲང་དུ༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་དང་བདག་སྤྲོད་ཅིག༔ ཅེས་འདོར་དུ་གཞུག །དབུས་སུ་བབས་ན་བུདྡྷ་རང་གསལ་རྩལ༔ དེ་བཞིན་དུ་ཤར་དུ་རྡོ་རྗེ་རང་གསལ་རྩལ༔ ལྷོ་རུ་རིན་ཆེན་རང་གསལ་རྩལ༔ ནུབ་ཏུ་པདྨ་རང་གསལ་རྩལ༔ བྱང་དུ་ཀརྨ་རང་གསལ་རྩལ༔ ཞེས་པའི་གསང་མཚན་གདགས། མཚམས་བཞིར་བབས་ན་དངོས་གྲུབ་མེད་པར་གསུངས་སོ། །སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཐུར་མ་ལྟ་བུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གློ་བུར་འཁྲུལ་པའི་སྒྲིབ་གཡོགས་སྐད་ཅིག་གིས་བསལ་ཏེ་དག་པ་ཡེ་ཤེས་ཆེན་པོའི་སྤྱན་ཐོབ་པར་མོས་ཤིག །ཧོ༔ ཇི་ལྟར་མིག་མཁན་རྒྱལ་པོ་བཞིན༔ ཁྱོད་ཀྱི་མ་རིག་འཁྲུལ་པའི་མིག༔ ཉོན་མོངས་གཟུང་འཛིན་ལིང་ཏོག་བསྒྲིབས༔ འདྲེན་མཆོག་རྒྱལ་པོ་བདག་ཉིད་ཀྱིས༔ རིག་རྩལ་ཡེ་ཤེས་ཀློང་དུ་ཕྱེ༔ ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་ལྟོས༔ ཞེས་མིག་དར་བསལ་ལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྟོས་ཤིག་ལྟོས་ཤིག་དཀྱིལ་འཁོར་ལྟོས༔ མ་ཡེངས་སེམས་ཀྱིས་དཀྱིལ་འཁོར་ལྟོས༔ ང་ལ་མཐོང་བ་སྣ་ཚོགས་ཡོད༔ བུ་ཁྱོད་ཅི་ཡི་ངོ་བོར་མཐོང༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ བུ་ཡིས་བལྟས་ཤིང་དཔྱད་པ་ཡིས༔ བླ་མ་སངས་རྒྱས་ངོ་བོར་མཐོང༔ བདག་གི་སྐྱབས་གནས་ཆེན་པོ་འོ༔ ཡང་བླ་མས། ལྟོས་ཤིག་ལས་དང་སྐལ་པ་ཅན༔ དཀྱིལ་འཁོར་ཆེན་པོ་འདི་ཉིད་དང༔ དཀྱིལ་འཁོར་རྫས་བཀོད་བརྒྱན་པ་དང༔ འཇུག་སྒོ་གཅིག་པའི་སྤུན་གྲོགས་རྣམས༔ ལྟོས་ཤིག་ལྟོས་ཤིག་རིམ་པར་ལྟོས༔ དད་པ་མཆོག་ནི་བསྐྱེད་རེ་རན༔ ཁྱེད་ཀྱིས་དེ་རྣམས་ཅི་རུ་མཐོང༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་ཀུན་ཏུ་བཟང༔ དཀྱིལ་འཁོར་ཆེན་པོ་འདི་ཉིད་ནི༔ རྒྱལ་བའི་ཞིང་མཆོག་དམ་པར་མཐོང༔ དེ་ལྟར་རྫས་བཀོད་དེ་རྣམས་ནི༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་རྟེན༔ འཇུག་སྒོ་གཅིག་པའི་སྤུན་གྲོགས་ནི༔ གསང་སྔགས་ཐེག་ཆེན་སྟོན་པའི་ལམ༔ ཞེས་ཞུ། དེ་ལྟར་ཁྱེད་རང་རྣམས་མ་རིག་པའི་སྒྲིབ་པ་བྲལ་ནས་མངོན་སུམ་དུ་གྱུར་པའི་ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་བརྡ་དོན་བསྟན་པ་ཡིན་པས་ངེས་པར་གྱིས་ཤིག །རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ལ། དབུས་ཟླུམ་ཞིང་དཀར་པོ་ཡོད་པ་ནི༔ ཆོས་དབྱིངས་འགྱུར་བ་མེད་པའི་བརྡ༔ པདྨ་འདབ་བརྒྱད་མཛེས་ཚོན་དུ་ཡོད་པ་ནི༔ རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡ༔ གྲུ་བཞིར་ཡོད་པ་ནི༔ འབྱུང་བཞིའི་འོད་དང་ལྡན་པའི་བརྡ༔ ཁྱམས་བཞི་སྒོ་དང་བཅས་པ་ནི༔ ཕྲིན་ལས་རྣམ་བཞི་རང་ལ་ཚང་བའི་བརྡ༔ པན་ཙ་རེ་ཁཱའི་རྩིག་པ་ནི༔ ཡེ་ཤེས་ལྔ་དང་ལྡན་པའི་བརྡ༔ རྟ་བབས་རིམ་པ་བཞི་ནི༔ ཚད་མེད་པ་བཞི་ལྷུན་གྱིས་གྲུབ་པའི་བརྡ༔ འདོད་ཡོན་གྱི་ལྷ་མོས་བསྐོར་པ་ནི༔ འདོད་ཡོན་མ་སྤང་རྒྱན་དུ་ཤར་བའི་བརྡ༔ དྲྭ་བ་དྲྭ་ཕྱེད་དང་ལྡན་པ་ནི༔ གཞི་ལ་འདོད་ཡོན་རྫོགས་པའི་བརྡ༔ རིན་ཆེན་ཕ་གུ་སེར་པོ་ནི༔ འདོད་རྒུ་རང་ལས་འབྱུང་བའི་བརྡ༔ རྡོ་རྗེའི་ར་བས་བསྐོར་བ་ནི༔ སྐྱེ་འགག་འགྱུར་བ་མེད་པའི་བརྡ༔ ཕྱི་ལ་མེ་རིས་བསྐོར་བ་ནི༔ ཉོན་མོངས་རང་གནས་སུ་བསྲེགས་པའི་བརྡ༔ གདུགས་དང་ཆོས་འཁོར་བརྩེགས་པ་ནི༔ ཤེས་བྱ་ཟིལ་གྱིས་གནོན་པའི་བརྡ༔ གསེར་གྱི་ཏོག་བཙུགས་པ་ནི༔ སྐྱེ་མེད་དོན་དང་ལྡན་པའི་བརྡ༔ ཧོ༔ ལས་དང་སྐལ་པ་ལྡན་པ་རྣམས༔ ཕྱི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས༔ ནང་ཆོས་ཉིད་ཀྱི་ངང་དུ་གསལ་ཐོབས་ཤིག༔ ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་འདི༔ རང་གི་རིག་པའི་ཡུལ་ཡིན་ནོ༔ རིག་པའི་གནས་ཡིན་ནོ༔ དགའ་བ་དང་སྤྲོ་བ་སྐྱེད་ལ་ཡིད་ལ་ཆོངས་ཤིག༔ དེ་ནས་རྫས་ཀྱི་བརྡ་དོན་བསྟན་པའང་འདི་བཞིན་དུ་ངེས་འཚལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཡིད་མ་ཡེངས་པའི་ངང་ལ་གསོན་ཅིག༔ བུམ་པ་ལྔ་རུ་ཡོད་པ་ནི༔ རིགས་ལྔ་རང་ལ་ཡོད་པའི་བརྡ༔ ཤེལ་ལྔ་ནི༔ གཞི་ཀ་དག་ཏུ་ཡོད་པའི་བརྡ༔ རྨ་བྱའི་མདོངས་ལྔ་ནི༔ སྒྲོན་མ་བཞི་རང་ལ་ཡོད་པའི་བརྡ༔ མདའ་ལྔ་ནི༔ ཤེས་རབ་ལྔ་རུ་མཚོན་པའི་བརྡ༔ མེ་ལོང་ལྔ་ནི༔ ཡེ་ཤེས་ལྔ་རུ་མཚོན་པའི་བརྡ༔ དར་སྣ་ལྔ་ནི༔ རླུང་ལྔ་མཚོན་པའི་བརྡ༔ ཕུར་པ་བཞི་ནི༔ རྣམ་དག་དབྱིངས་ལ་འགྱུར་བ་མེད་པའི་བརྡ༔ གྲི་བཞི་ནི༔ རྣམ་རྟོག་གཟུང་འཛིན་འཇོམས་པའི་བརྡ༔ གཏོར་མ་ཚོགས་མཆོད་བཤམས་པ་ནི༔ འདོད་ཡོན་རང་ལས་འབྱུང་བའི་བརྡ༔ བརྡ་དོན་རྟོགས་པར་གྱིས་ཤིག༔ ཡིད་ཀྱི་དཀྱིལ་དུ་ཆོངས་ཤིག༔ ཅེས་ངོ་སྤྲད། དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་པ་ལགས། དབང་བསྐུར་དངོས་ལ་རྣམ་གྲངས་བཞི་ཡོད་པ་ལས་ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །བུམ་པ་རྣམས་རང་བྱུང་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་གཞལ་མེད་ཁང་གི་ནང་དུ། རིག་པ་སྐུ་ལྔའི་ཚོམ་བུ་གདོད་ནས་རང་གསལ་ཆེན་པོར་བཞུགས་པ་ལས་འོད་ཟེར་བདུད་རྩི་ཁ་དོག་ལྔའི་རྒྱུན་སོ་སོར་བྱུང་། ཁྱེད་རང་རྣམས་ཀྱི་གནས་ལྔར་ཞུགས། སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དག །སྐུ་དང་ཡེ་ཤེས་ཆེན་པོའི་རང་བཞིན་མངོན་དུ་བྱས་པར་མོས་ཤིག །དབུས་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ཆོས་དབྱིངས་ཟླུམ་པོ་ནི༔ ཕྱི་ནང་མེད་པ་གཞལ་ཡས་ཁང༔ རྣམ་པར་སྣང་མཛད་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ དབྱིངས་ཀྱི་གནས་ལུགས་རྟོགས་པར་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་ཐིགས་པ་སྤྱི་བོར་བླུག །ཁར་སྦྱིན་པ་གནས་གཞན་བཞི་ལའང་འགྲེ། ཤར་བུམ་སྙིང་གར་གཏུགས་ཏེ། ཧཱུྃ༔ མེ་ལོང་རང་གསལ་བུམ་པ་རུ༔ མ་སྐྱེས་སྙིང་པོའི་གཞལ་ཡས་ཁང༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ གསལ་སྟོང་ཆེན་པོའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་བུམ་པ་མགྲིན་པར་བཞག་ལ། ཧཱུྃ༔ བུམ་པ་མཉམ་ཉིད་ཟླུམ་པོ་སྟེ༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ བསམ་པ་ལྷུན་གྲུབ་དབང་ཐོབ་ཤོག༔ ཏྲཱཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ནུབ་བུམ་ལྟེ་བར་བཞག་ལ། ཧཱུྃ༔ བུམ་པ་སོར་རྟོག་ཟླུམ་པོའི་ནང༔ མ་སྐྱེས་ཆགས་བྲལ་གཞལ་ཡས་ཁང༔ སྣང་བ་མཐའ་ཡས་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཆགས་མེད་འཛིན་བྲལ་དབང་ཐོབ་ཤོག༔ ཧྲཱིཿཔདྨ་ཨ་བྷི་ཥིཉྩ་ཧྲཱི༔ བྱང་གི་བུམ་པ་གསང་གནས་སུ་བཞག་ལ། ཧཱུྃ༔ བུམ་པ་བྱ་བ་ནན་ཏན་དབང༔ ཡེ་ཤེས་ཟང་ཐལ་གཞལ་ཡས་ཁང༔ དོན་ཡོད་གྲུབ་པ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ རང་བྱུང་རང་རྩལ་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་བུམ་པ་ལྔས་དབང་བསྐུར། དེས་སྤྲོས་བཅས་བུམ་པའི་དབང་ཐོབ། ལུས་དང་རྩའི་སྒྲིབ་པ་དག །སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །ཉོན་མོངས་པ་ལྔ་རང་སར་གྲོལ་བའི་སྟོང་ཉིད་བྷན་ཛ་བདེ་སྐྱོང་གི་ནང་དུ། ཡེ་ཤེས་ལྔ་ལྡན་བདེ་ཆེན་བདུད་རྩིའི་བཅུད་དུ་འཁྱིལ་བས་ཁྱེད་རང་ལ་དབང་བསྐུར་ཅིང་མྱངས་པས། འཁོར་ལོ་ལྔའི་དྭངས་མའི་ཐིག་ལེ་མི་ཤིགས་བདེ་བ་ཆེན་པོར་སྨིན་པར་མོས་ཤིག །དབུས་ཀྱི་ཐོད་པ་སྤྱི་བོར་བཞག་ལ། ཧཱུྃ༔ གཏི་མུག་རང་གྲོལ་ཐོད་པ་ལ༔ ཆོས་དབྱིངས་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཝཱཀ་ཨ་བྷི་ཥིཉྩ་ཨོཾ༔ བཅུད་མྱང་དུ་གཞུག་པ་གཞན་ལ་འགྲེ། ཤར་གྱི་ཐོད་པ་སྙིང་གར་གཏུགས་ལ། ཧཱུྃ༔ ཞེ་སྡང་རང་གྲོལ་ཀ་པཱ་ལར༔ མེ་ལོང་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ༴ མངོན་སུམ་སྣང་བ་མཆེད་པར་ཤོག༔ ཧཱུྃ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་ཐོད་པ་མགྲིན་པར་བཞག་ལ། ཧཱུྃ༔ ང་རྒྱལ་རང་གྲོལ་ཀ་པཱ་ལར༔ གཉིས་མེད་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ༴ གོང་འཕེལ་སྣང་བ་འབྱེད་པར་ཤོག༔ ཏྲཱཾ་ཝཱཀ་ཨ་བྷི་ཥིཉྩ་ཏྲཱཾ༔ ནུབ་ཀྱི་ཐོད་པ་ལྟེ་བར་བཞག་ལ། ཧཱུྃ༔ འདོད་ཆགས་རང་གྲོལ་ཀ་པཱ་ལར༔ སོར་རྟོག་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ༴ རིག་པ་ཚད་ཕེབས་དབང་ཐོབ་ཤོག༔ ཧྲཱིཿཝཱཀ་ཨ་བྷི་ཥིཉྩ་ཧྲཱི༔ བྱང་གི་ཐོད་པ་གསང་བར་བཞག་ལ། ཧཱུྃ༔ ཕྲག་དོག་རང་གྲོལ་ཀ་པཱ་ལར༔ བྱ་གྲུབ་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཆོས་ཉིད་ཟད་སར་སྐྱོལ་བར་ཤོག༔ ཧཱ་ཝཱཀ་ཨ་བྷི་ཥིཉྩ་ཧཱ༔ དེས་སྤྲོས་མེད་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །རང་བྱུང་རྩོལ་མེད་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་གསུང་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་ལག་ཏུ་གཏད་པས་ཁྱེད་རང་རྣམས་དཀྱིལ་འཁོར་ཁྱབ་བདག་ཀུན་ཏུ་བཟང་པོ་དང་། རིག་མ་ཀུན་ཏུ་བཟང་མོ། མཁའ་གསང་རྡོ་རྗེ་དང་པདྨར་གསལ་བས། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་ཏེ་སེམས་ཅན་ཐམས་ཅད་འོད་གསལ་ཀ་དག་གི་ས་ལ་བསྒྲལ་བར་སེམས་བསྐྱེད་ནས་སྙོམས་པར་ཞུགས་པས། དགའ་བཞིའི་ཡེ་ཤེས་ལུགས་འབྱུང་དང་ལུགས་ལྡོག་ཉམས་སུ་མྱོང་། ལྷན་སྐྱེས་བདེ་ཆེན་འགྱུར་མེད་དུ་བརྟན། སྣང་སྲིད་ཀྱི་རྟོག་ཚོགས་བདེ་བ་ཆེན་པོའི་འཁོར་ལོར་ཤར། དྭངས་མའི་ཐིག་ལེ་རྡུལ་བྲལ་འཕོ་མེད་དུ་དྭངས་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ སྣང་སྲིད་ཡོངས་གྲོལ་གཞལ་ཡས་འདིར༔ བདག་ཉིད་ཀུན་བཟང་ཡབ་ཡུམ་སྟེ༔ བདེ་སྟོང་བྷ་ག་རྡོ་རྗེའི་དབང༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ མཆེད་ལྕམ་རྣམས་ཀྱིས་འདིར་སྤྱོད་ཅིག༔ ཐབས་ཤེས་གཉིས་མེད་རོལ་པ་ལས༔ ཡེ་ཤེས་བདེ་བ་ཆེན་པོ་འབར༔ སྐད་ཅིག་བདེ་བ་མྱོང་བ་བཞིན༔ དེ་དུས་བསམ་བརྗོད་རང་སར་འགག༔ གཉིས་མེད་བྱང་སེམས་འདྲེས་པ་བཞིན༔ སྣང་སྲིད་འཁོར་བའི་ལས་རྣམས་ཀུན༔ ཆོས་དབྱིངས་བདེ་བའི་ཀློང་དུ་ཐིམ༔ དོན་འདི་སོམས་ལ་བདེ་ལ་སྤྱོད༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ སྨྲ་བརྗོད་བྲལ་བའི་ཡུལ་དང་མཇལ༔ སྐྱེ་མེད་ཀུན་བཟང་འབྲས་བུ་ཐོབ༔ ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །བདེ་སྟོང་ཟུང་འཇུག་ཀ་དག་གི་གནས་ལུགས་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་རབ་ཏུ་སྤྲོས་མེད་བརྡ་དང་ཚིག་གི་སྒོ་ནས་བསྐུར་བ་ཡིན་པས་འདི་ལྟར་ངེས་པར་མཛོད་ཅིག །མར་མེ་གསལ་བ་རེ་རེ་ལག་ཏུ་གཏད་ལ། ཨེ་མ་སྐལ་ལྡན་ཕོ་མོ་ཀུན༔ མ་ཡེངས་གསོན་ཅིག་ཡིད་ལ་ཟུངས༔ ལག་ཏུ་ཁྱེར་བའི་སྒྲོན་མེ་འདི༔ གཟུགས་འོད་མདངས་གསུམ་དུས་གཅིག་འཆར༔ དེ་གསུམ་ཅི་ཡི་ངོ་བོར་འཛིན༔ ཞེས་དྲིས་པས་མར་མེ་ཉིད་རང་སེམས་ཀྱི་ངོ་བོ་རང་བཞིན་རྩལ་སྣང་གསུམ་དུ་ཤེས་དགོས་ཏེ། འདི་ལྟར་གཟུགས་ཀྱི་དབྱིབས་དང་། དེ་ལ་རང་བབས་ཀྱིས་གྲུབ་པའི་གསལ་མདངས་དང་། དེ་ལས་ཀྱང་ལྷན་ཅིག་ཏུ་བྱུང་བའི་འོད་ཟེར་གསུམ་པོ་མར་མེ་གཅིག་གི་ངོ་བོར་སྣང་སྟོང་དབྱེར་མེད་དུ་ཡོད་པ་ལྟར། རང་སེམས་རྩ་བྲལ་སྟོང་པའི་རང་མདངས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་། དོན་ལ་དབྱེར་མེད་ཡེ་སྟོང་ཀ་དག་ཆེན་པོ་ལས་འོད་གསལ་གྱི་རང་རྩལ་འགགས་པ་མེད་པར་ཅིར་ཡང་འཆར་བའི་དོན་ཤེས་པར་གྱིས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ མར་མེ་གཞི་སྟོང་འཛིན་པ་མེད༔ དེ་ལས་གསལ་བའི་མདངས་ནི་ཕྱུང༔ མདངས་ཀྱིས་སྣང་གཟུགས་སོ་སོར་འབྱེད༔ མར་མེའི་དཔེ་རྟགས་དེ་བཞིན་དུ༔ སེམས་ནི་གཞི་སྟོང་རྩ་བྲལ་ཏེ༔ དེ་ལས་མ་འགགས་རང་རྩལ་འཆར༔ རྩལ་གྱིས་སྣང་བ་ཡུལ་ཁམས་འཛིན༔ གཉིས་འཛིན་འཁྲུལ་པ་དེ་ལས་བྱུང༔ དེ་ལ་མ་རིག་དམ་དུ་འཛིན༔ མུ་མེད་འཁོར་བ་ཉིད་དུ་འཁྱམས༔ དེ་ལ་ངོ་སྤྲོད་འདི་ལྟར་རོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཞི་ལ་འཁྲུལ་པ་མེད་མོད་ཀྱང༔ རྟེན་འབྲེལ་འཆར་སྒོ་ངོ་མཚར་ཆེ༔ དོན་དམ་ཚིག་གིས་མི་རྟོགས་ཀྱང༔ མངོན་སུམ་གདིང་ཐོབ་ངོ་མཚར་ཆེ༔ རིག་པ་དྲི་མ་མེད་མོད་ཀྱང༔ ལམ་གྱི་འཆར་ཚུལ་ངོ་མཚར་ཆེ༔ ཀ་དག་གྲོལ་རྒྱུ་མ་མཆིས་ཀྱང༔ རླུང་རིག་དག་ཚུལ་ངོ་མཚར་ཆེ༔ ཐེག་པའི་འཇུག་སྒོ་མང་ན་ཡང༔ གཅིག་ཏུ་དྲིལ་བ་ངོ་མཚར་ཆེ༔ ཤར་ཚུལ་སྣང་བ་རྒྱ་ཆེ་ཡང༔ ངོ་བོར་གདིང་ཐོབ་ངོ་མཚར་ཆེ༔ ཚིག་མཐའི་སྤྲོས་པ་མང་ན་ཡང༔ གྲགས་སྟོང་དོན་མཐོང་ངོ་མཚར་ཆེ༔ སྣང་བའི་ཆོས་རྣམས་ཐམས་ཅད་ཀྱང༔ རང་ཐོག་གྲོལ་བ་ངོ་མཚར་ཆེ༔ གཉིས་ཆོས་ཟད་པའི་སེམས་ཉིད་དེ༔ གཞི་གནས་གདིང་ཐོབ་ངོ་མཚར་ཆེ༔ གཞི་ལ་གཞིར་བཞག་རིག་པ་དེ༔ རྫོགས་སངས་རྒྱས་པ་ངོ་མཚར་ཆེ༔ ཞེས་བརྗོད་ལ་དོན་སྤྲད་པར་བྱའོ། །དེས་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་མཉམ་དང་ཡེ་ཤེས་ཀྱི་སྒྲིབ་པ་དག །འོད་གསལ་དབྱིངས་རིག་མངོན་སུམ་གྱི་དོན་བསྒོམ་པ་ལ་དབང་། འབྲས་བུ་ཡོན་ཏན་དང་ཕྲིན་ལས་ལྔ་པོ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར། དེ་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་སྐོར་གསུམ་ལས། ཕ་རྒྱུད་ཀུན་བཟང་དགོངས་འདུས་ཀྱི་དབང་ཆོག་མ་བུ་ཀུན་གྱི་བཅུད་འདུས་ནོར་བུའི་སྒྲོན་མེ་ཉིད་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ། དཔོན་སློབ་ལྷན་ཅིག་པའམ་སློབ་དཔོན་གྱིས་ཚོགས་མཆོད་རྒྱས་པར་འབུལ་ཞིང་། བཀའ་སྲུང་གཏོར་ཆོག་དང་། བསྐུལ་གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐར་དབྱུང་ངོ་། །གཉིས་རྟོག་མཚན་མ་ཀ་དག་དབྱིངས་སུ་ཟད། །གློ་བུར་འཁྲུལ་སྣང་འོད་གསལ་སྦུབས་སུ་ཞུགས། །དེ་ལས་ཡེ་ཤེས་སྣང་བ་ཕྱམ་བརྡལ་བས། །མཁའ་མཉམ་སྲིད་པའི་མུན་སྟུག་དྭངས་བྱེད་ཤོག །འདི་འང་རིན་ཐང་བྲལ་བའི་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་ཤིན་ཏུ་གཅེས་པའི་དབྱིག་གི་མཆོག་རྣམས་སྡུད་པའི་དགོས་འབྱུང་སྙིང་པོའི་བཙས་སུ། གཏེར་གཞུང་གསེར་གྱི་མཎྜལ་ལ་མཚམས་སྦྱོར་གཡུའི་ཕྲ་བཏབ་སྟེ། གཏད་མེད་རྒྱ་ཡན་གྱི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:21, 22 February 2019

ཀུན་བཟང་དགོངས་པ་ཀུན་འདུས་ལས། སྨིན་བྱེད་ཀུན་གྱི་སྙིང་པོ་ནོར་བུའི་སྒྲོན་མེ་བལྟས་ཆོག་ཏུ་བཀོད་པ་

kun bzang dgongs pa kun 'dus las/_smin byed kun gyi snying po nor bu'i sgron me bltas chog tu bkod pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  པདྨ་གླིང་པ་ (Pema Lingpa)
in cycle  ཀུན་བཟང་དགོངས་པ་ཀུན་འདུས་ (Kun bzang dgongs pa kun 'dus)
Volume 57 (ཤི) / Pages 411-430 / Folios 1a1 to 10b5

[edit]

༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ལས། སྨིན་བྱེད་ཀུན་གྱི་སྙིང་པོ་ནོར་བུའི་སྒྲོན་མེ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། ན་མོ་གུ་རུ་ཨཱ་དིཿབུདྡྷཱ་ཡ། ཐོག་མེད་འཁྲུལ་པ་བཙན་ཐབས་སུ། །གཅོད་མཛད་ཤིན་ཏུ་རྣལ་འབྱོར་དང་། །དེ་སྟོན་བླ་མ་ལ་བཏུད་ནས། །སྨིན་བྱེད་སྙིང་པོའི་བཅུད་གསལ་བྱ། །ཟབ་ཆོས་འདིའི་དབང་ཆོག་མ་བུ་ཐམས་ཅད་ཀྱི་སྙིང་པོ་འདུས་པ་འདི་ཉིད་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གཞུང་སྤྱི་དང་འདི་ཉིད་ལས་ཇི་སྐད་བཤད་པའི་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་ཞིང་གནས་དུས་རྟེན་འབྲེལ་ལེགས་པར་འགྲིགས་པའི་སྐབས་སུ། གནས་ཁང་བྱི་དོར་བྱས་ཤིང་རྒྱན་བཀོད་ཀྱིས་སྤྲས་པའི་ཕུགས་ལོགས་སུ་ཨ་ཏི་ཞི་ཁྲོས་མཚོན་རྩ་བ་གསུམ་གྱི་རྟེན་བཀྲམ། དེ་མདུན་སྟེགས་བུ་གྲུ་བཞི་བདུད་རྩི་ལྔས་ཆག་ཆག་གདབ་པའི་སྟེང་དུ་ཞི་དཀྱིལ་སྒོ་རྫོགས་ཅན་སྤྱི་འགྲོ་ལྟེ་བ་ཟླུམ་པོ་མཐིང་ཁ། པདྨ་འདབ་བརྒྱད་ཕྱོགས་བཞི་དཀར་སེར་དམར་ལྗང་། མཚམས་བཞིར་མཛེས་ཚོན་བྱས་པ་རྡུལ་ཚོན་ནམ་རས་བྲིས་བཀྲམ་པའི་དབུས་དང་ཕྱོགས་བཞིར་མཉྫིའི་སྟེང་དུ། དབུས་སུ་སྨན་ལྔའི་བུམ་པ་མགུལ་ཆིངས་དཀར་པོ་ཡི་གེ་ཨོཾ་དང་ཁ་རྒྱན་ལ་རྣམ་སྣང་གི་སྐུས་བརྒྱན་པ། ཤར་སོགས་ཕྱོགས་བཞིར་བུམ་པ་བཞི་ལ་རིམ་བཞིན་འབྲུ་ལྔ་རིན་ཆེན་ལྔ་དྲི་ལྔ་སྙིང་པོ་ལྔ་རྣམས་བླུགས་ཤིང་མགུལ་ཆིངས་མཐིང་སེར་དམར་ལྗང་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་དང་རིགས་བཞིའི་སྐུ་ཙཀ་གིས་བརྒྱན་པ། དྲི་བཟང་གི་ཆུས་བཀང་ཞིང་ཁ་རྒྱན་རྨ་བྱའི་མདོངས་ཤེལ་དང་མེ་ལོང་གིས་སྤྲས་པ་རྣམས་བཀོད། གསང་དབང་གི་རྫས་ཐོད་པ་མཚན་ལྡན་ལྔ་དབུས་ཀྱི་བུམ་པའི་མདུན་དང་མཚམས་བཞིར་རེ་རེ་བཞག་པའི་དབུས་ཐོད་དུ་ཆང་དང་བུ་རམ་སྦྱར་བ། ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་ལན་ཚྭ། ནུབ་བྱང་དུ་སྦྲང་རྩི། བྱང་ཤར་དུ་ཟས་སྣས་བཀང་བ་རྣམས་དང་། རིག་ཙཀ །སློབ་མའི་གྲངས་མཉམ་གྱི་མར་མེ་གསལ་བ་བཅས་པ་ཅི་བདེར་བཀོད། སྨན་རཀ་གཏོར་མཆོད་སྤྱི་མཚུངས། སྒོ་བཞིར་ཕུར་པ་དང་མདའ་དར། མཚམས་བཞིར་རལ་གྲི་བཞི་བཀོད་ལ་འགྲུབ་ན་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། གཞན་ཡང་སྔོན་འགྲོ་དང་སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། སྲུང་སྐུད་སྣ་ལྔ་མདུད་པ་གསུམ་རེ་བཏབ་པ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་དབང་དོན་སྒྲུབ་མཆོད་ནི། དེང་སང་སློབ་དཔོན་རྫོགས་པ་ཆེན་པོའི་རྟོགས་དགོངས་མཐར་ཕྱིན་པ་དཀོན་པས་ཡོ་ག་སྤྱི་དང་མཐུན་པར་མཛད་པའི་ཕྱག་སྲོལ་ལྟར། ཞི་ཁྲོ་གསང་འདུས་ཀྱི་ཕྲིན་ལས་གཞུང་བསྲང་། བདག་མདུན་སོགས་གཉིས་རྟོག་ཨ་འཐས་མཚན་མས་མ་བཅིངས་པར་གདོད་ནས་འཁོར་འདས་དབྱེར་མེད་རང་བྱུང་རང་ཤར་ཡེ་གྲོལ་ཁྱབ་གདལ་ངང་དུ་སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ཆེན་པོར་རྫོགས་པ་ཉིད་ཡིན་ལུགས་རྟོགས་པའི་གསལ་འདེབས་དང་བཟླས་པས་བྱིན་གྱིས་བརླབ། གཞི་བསྟོད་དང་བཤགས་པ་གྲུབ་ནས་སླར་ཡང་གནས་ལུགས་ཀྱི་དགོངས་པ་གསལ་བཏབ་ལ་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག །ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་འོད་ཞུ་བྱས་ལ་བཞག །དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་བསྐུར་བ་ལའང་གཉིས། སྔོན་འགྲོ་འཇུག་པའམ་སྟ་གོན་གྱི་ཆོས། དབང་བསྐུར་དངོས་སོ། །དང་པོ་ནི། སློབ་མ་རྣམས་འཚོགས་ལ་ཡིག་བརྒྱ་བརྗོད་ཅིང་ཁྲུས་བྱ། བགེགས་གཏོར་གཏང་། བཀའ་བསྒོ་སྲུང་འཁོར་ཕྲིན་ལས་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་འོས་པ་དང་། ཁྱད་པར། དེའང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཐུགས་བསྐྱེད་ཀྱི་སྟོབས་གཞན་ལས་ལྷག་པར་ཆེ་ཞིང་སངས་རྒྱས་ཀྱི་ཕྲིན་ལས་ཚད་དང་བསམ་པའི་ཡུལ་ལས་འདས་པའི་དབང་གིས། རྩོད་ལྡན་སྙིགས་མའི་མཐར་ཐུག་པའི་སེམས་ཅན་ལས་ངན་ཚན་པོ་ཆེའི་རྣམ་པར་སྨིན་པས་ནོན་ཅིང་ཉོན་མོངས་པའི་སྟོབས་ཤིན་ཏུ་རགས་པས་རྒྱུ་འབྲས་ཀྱི་ཐེག་པ་གཞན་གྱིས་འདུལ་བར་མི་ནུས་པའི་སྐབས་འདིར། སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་མཚན་ཙམ་ཡང་དཀོན་པ་འབྲས་བུ་ངེས་པའི་ཐེག་མཆོག་བློ་འདས་རྫོགས་པ་ཆེན་པོ་གྲོལ་བ་དྲུག་ལྡན་གྱི་བསྟན་པའི་བཙས་ཞིང་འདིར་བབས་ཏེ། འབྲེལ་ཚད་གདོད་མའི་ས་ལ་འབད་མེད་དུ་སྒྲོལ་བའི་ཕྲིན་ལས་ཆེན་པོར་ཤར་བ་ལས། གངས་ཅན་ལྗོངས་འདིར་འོད་གསལ་རྡོ་རྗེའི་སྐུ་བརྙེས་སློབ་དཔོན་ཆེན་པོ་རྣམ་པ་གཉིས་དང་རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་སོགས་ཀྱིས་ཨ་ཏི་ཕྱི་ནང་གསང་བ་ཡང་གསང་གི་རྒྱུད་དང་གདམས་སྐོར་མང་པོ་སྐལ་ལྡན་རྣམས་ལ་རྣ་བརྒྱུད་དུ་བསྩལ། ཁྱད་པར་གསུང་རྡོ་རྗེ་འོད་དཔག་མེད་དངོས་རྒྱལ་དབང་པདྨཱཀ་རས་ཆོས་རྒྱལ་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ལ་ཆེད་དུ་གནང་བའི་ཡང་གསང་རྫོགས་པ་ཆེན་པོའི་གདམས་ཟབ་མཐའ་དག་ཕྱི་རབས་གདུལ་བྱ་སྤྱི་དང་བྱེ་བྲག་པའི་དོན་ལ་དགོངས་ནས་གཏེར་དུ་སྦས་པ་ལས། ལྷ་ལྕམ་ཉིད་ཀྱི་སྐྱེ་བ་རིམ་པར་བྱོན་པ་གསུམ་གྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་སྤེལ་བར་མཛད་པའི་ནང་ཚན། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་བསམ་ཡས་མཆིམས་ཕུ་དགེའུའི་ཀ་གདན་འོག་ནས་སྨིན་གྲོལ་གྱི་གདམས་སྐོར་བཅུ་གསུམ་སྤྱན་དྲངས་ཏེ་ལུང་བསྟན་གྱི་དོན་བཞིན། བུམ་ཐང་ཐར་པ་གླིང་དུ་ཡང་གཏེར་དུ་སྦས་པ་ལྷ་ལྕམ་དག་པའི་སྐྱེ་བ་ལྔ་པ་གཏེར་ཆེན་པདྨ་གླིང་པས་ཡང་གཏེར་དུ་ཕྱུང་བ་དང་། གཏེར་ཆེན་ཉིད་ཀྱིས་བསམ་ཡས་མཆིམས་ཕུའི་མཆོད་རྟེན་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་འདུས་ཀྱི་ཆོས་སྡེ་སྟེ། གསེར་ལ་གཡུ་ཕྲ་བཏབ་པ་ལྟར་མ་བུ་ཟུང་དུ་བསྡེབས་པར་མཛད་པ་སྨིན་བྱེད་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ནོར་བུའི་སྒྲོན་མེ་བསྒྲུབ་པར་བགྱི་བ་ལ། ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བརྡ་སྤྲད་སྤྱི་ལྟར་སྦྱར་ཏེ་མིག་དར་སྔོན་པོ་དང་མེ་ཏོག་ཅོད་པན་གཏད། ཐོག་མར་སློབ་དཔོན་ཉིད་དཀྱིལ་འཁོར་དབང་ཕྱུག་ཐོག་མའི་མགོན་པོ་དངོས་སུ་གསལ་བ་ལ་མོས་གུས་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ འགྲོ་དྲུག་སྐྱབས་གནས་བླ་མ་རྗེ༔ ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས༔ བདག་ནི་ལས་ངན་ཤེས་རབ་རྨོངས༔ ཉོན་མོངས་འཁྲུལ་པ་སྦྱང་སླད་དུ༔ དཀྱིལ་འཁོར་ཆེན་པོར་འཇུག་སྤྲོ་བས༔ ཁྱེད་ཀྱིས་གནང་ནས་བསྟན་དུ་གསོལ༔ ལན་གསུམ། བླ་མས་ལན་བཏབ་པ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་ཐེག་པ་འདི༔ རྡོ་རྗེ་འཛིན་པ་བདག་གི་ལུང༔ ཞུས་ནས་འབྲས་བུ་ངེས་ཐོབ་ཕྱིར༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ མོས་ཤིང་འཇུག་པར་སྤྲོ་བ་ན༔ བླ་མའི་བཀའ་བཞིན་བསྒྲུབ་ནུས་སམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཀྱེ་མ༔ རྡོ་རྗེ་འཛིན་པ་གསན་འཚལ་ལོ༔ བདག་ནི་སྐལ་ལྡན་བུ་ཡིན་པས༔ བླ་མས་ཇི་ལྟར་བཀའ་གནང་བཞིན༔ བདག་གིས་མ་ལུས་བསྒྲུབ་ལགས་པས༔ སྒོ་ཕྱེས་དཀྱིལ་འཁོར་ལྷ་ཚོགས་སྟོན༔ དམ་ཚིག་དམ་པ་རྒྱུན་དུ་བསྲུང༔ ལན་གསུམ། དེ་ལྟར་ན་སངས་རྒྱས་པའི་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་བསྐྱེད་པའི་སྡོམ་པ་ལ་གནས་དགོས་པས། ཐོག་མར་ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན། ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ། གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ། དེ་ཐམས་ཅད་ཀྱང་རང་རིག་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་ལྡན་དུ་རང་བཞིན་གྱིས་རྫོགས་པ་ཉིད་འདུ་འབྲལ་མེད་པར་ཤེས་ནས་གུས་པས་བསྙེན་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བའི་ཚིག་གི་རྗེས་ཟློས། དུག་གསུམ་རྣམ་དག་ཡེ་ཤེས་ལུས༔ སྐུ་གསུང་ཐུགས་སུ་མཛད་པ་མཐར་ཕྱིན་པ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། བདག་གཞན་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མ་རིག་པའི་འཁྲུལ་སྣང་གློ་བུར་བས་བསྒྲིབས་ཏེ་ཡུན་རིང་སྲིད་པའི་ལམ་དུ་རྨི་ལམ་ལྟར་འཁྱམས་པ་ལ། ད་ནི་དཔལ་ལྡན་བླ་མའི་བྱིན་རླབས་ལ་བརྟེན་ཏེ་རང་ལ་གནས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་ནས་མ་རིག་འཁྲུལ་པའི་དྲི་མ་བསལ་བར་བགྱིའོ་སྙམ་དུ་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ མ་རིག་འཇིག་རྟེན་མུན་པའི་གླིང༔ རང་རིག་ཐབས་ཤེས་སྒྲོན་མེ་ཡིས༔ རང་ལ་གནས་པའི་ཡེ་ཤེས་དེ༔ བླ་མའི་དྲིན་གྱིས་རྟོགས་པར་བྱ༔ ལན་གསུམ། གདོད་ནས་འདུ་འབྲལ་མེད་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དབྱིངས་རིག་ཟུང་འཇུག་ཐ་སྙད་ཀྱི་ཚིག་དང་བློ་ལས་འདས་པའི་རང་བྱུང་ཡེ་ཤེས་མངོན་དུ་མཐོང་བས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་བགྱིའོ་སྙམ་དུ་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས༔ སྐུ་གསུམ་ངོ་བོ་མཐའ་བྲལ་ཞིང༔ ཚིག་ལས་འདས་པའི་རང་བྱུང་ངོ༔ སྐད་ཅིག་ཉིད་ལ་རྟོགས་པར་བགྱི༔ ལན་གསུམ། དེ་དག་གིས་རྒྱུད་སྦྱོང་བ་སོང་ནས་བར་ཆད་སྲུང་བའི་སླད་དུ། ཡེ་ཤེས་ལྔ་ལྡན་སྲད་བུ་ཁ་དོག་ལྔ་པ་ལ་རྡོ་རྗེ་གསུམ་གྱི་རང་བཞིན་མདུད་པ་གསུམ་དང་རང་བྱུང་གསང་བ་ཆེན་པོའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་དཔུང་པར་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། མང་དུ་བཟླས་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིང་ངོ་། །དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་རྐང་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ལག་གཉིས་ཐལ་མོ་སྤྱི་བོར་སྦྱོར་ལ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །རང་ལུས་སྟོང་གསལ་འོད་ཕུང་ཆེན་པོའི་ནང་དབུས་སུ་རྩ་དབུ་མ་ཤེལ་དཀར་གྱི་ཀ་བ་ལྟ་བུ་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བའི། སྙིང་གར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཀུན་བཟང་ཡབ་ཡུམ་རིགས་ལྔའི་འཁོར་ཚོགས་དང་བཅས་པ། ལྟེ་བར་སྤྲུལ་པ་སྐུའི་ལྷ་ཚོགས། མགྲིན་པར་ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས། སྤྱི་བོར་སྐུ་གསུམ་འདུས་པའི་ལྷ་ཚོགས་རྣམས་འཇའ་འོད་ཐིག་ལེ་མེར་མེར་ཤིག་ཤིག་ཏུ་བཞུགས་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད། རླུང་ཁ་སྦྱོར་ཟུངས་ལ་གཡོ་མེད་དགོངས་པའི་གསལ་འདེབས་ལ་བརྩོན་པར་གྱིས་ཤིག །ཌཱ་དྲིལ་དབྱངས་དང་བཅས་པས། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས༔ ཀུན་བཟང་རིགས་ལྔ་རང་གསལ་གནས༔ རང་བཞིན་དག་པའི་འཁོར་ཚོགས་ནི༔ ཚོམ་བུ་འོད་སྐུར་ཤིགས་སེ་ཤིག༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ སྤྲུལ་པ་སྐུ་ཡི་ལྷ་ཚོགས་བཞུགས༔ རླུང་རྩལ་གཡོ་རྩོལ་ལས་འདས་པའི༔ ཐིག་ལེ་འོད་སྐུར་ཤིགས་སེ་ཤིག༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ན༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་བཞུགས༔ མཚན་བཟང་དཔེ་བྱད་ལས་འཁྲུངས་པའི༔ ཐིག་ལེ་འོད་སྐུར་ཡ་ལ་ལ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ སྐུ་གསུམ་འདུས་པའི་ལྷ་ཚོགས་བཞུགས༔ འབྲས་བུ་འདུས་པའི་རྩེ་མོ་ན༔ ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་ལུས་རྒྱལ་བའི་ཕོ་བྲང་དེར༔ འཁོར་ལོ་བཞི་བརྩེགས་འོད་ཀྱི་ཀློང༔ རིག་པ་རང་བྱུང་ལྷ་ཚོགས་རྣམས༔ འོད་ཀྱི་ཕུང་པོར་ལམས་སེ་ལམ༔ རང་བབ་ཆེན་པོའི་ལྷ་ཚོགས་རྣམས༔ རང་བཞིན་དག་པའི་ངང་དུ་བཞུགས༔ གཞི་ལ་གཞི་བཞག་གུས་ཕྱག་འཚལ༔ རང་སྣང་འགགས་མེད་མཆོད་པ་འབུལ༔ བླང་དོར་གཉིས་མེད་མཐོལ་ལོ་བཤགས༔ ལྷུན་གྲུབ་ཡེ་སངས་རྗེས་ཡི་རང༔ ཚིག་འདས་བརྗོད་མེད་འཁོར་ལོ་སྐོར༔ འཕོ་འགྱུར་མེད་པར་གསོལ་བ་འདེབས༔ འབྲས་བུ་ཀ་དག་འཐོབ་ཕྱིར་བསྔོ༔ ཀུན་བཟང་ཀློང་དུ་འགྲུབ་པར་ཤོག༔ ཅེས་བྱིན་ཕབ་ཅིང་ཏིང་འཛིན་སོ་སོ་གསལ་གདབ་པར་བྱའོ། །དེ་ནས་རིགས་བརྟག་པའི་སླད་དུ། ཁྱེད་རང་རྣམས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དུ་བྱས་ཏེ་ཤར་སྒོར་འཁོད་པར་མོས་པ་དང་། སྔར་བྱིན་པའི་ཅོད་པན་ཉིད་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་དང་བཅས་ལྟོས་པ་མེད་པར་དོར་ཅིག །ཀྱེ་ཧོ༔ ཀུན་བཟང་རིགས་ལྔའི་ཕོ་བྲང་དུ༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་དང་བདག་སྤྲོད་ཅིག༔ ཅེས་འདོར་དུ་གཞུག །དབུས་སུ་བབས་ན་བུདྡྷ་རང་གསལ་རྩལ༔ དེ་བཞིན་དུ་ཤར་དུ་རྡོ་རྗེ་རང་གསལ་རྩལ༔ ལྷོ་རུ་རིན་ཆེན་རང་གསལ་རྩལ༔ ནུབ་ཏུ་པདྨ་རང་གསལ་རྩལ༔ བྱང་དུ་ཀརྨ་རང་གསལ་རྩལ༔ ཞེས་པའི་གསང་མཚན་གདགས། མཚམས་བཞིར་བབས་ན་དངོས་གྲུབ་མེད་པར་གསུངས་སོ། །སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཐུར་མ་ལྟ་བུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གློ་བུར་འཁྲུལ་པའི་སྒྲིབ་གཡོགས་སྐད་ཅིག་གིས་བསལ་ཏེ་དག་པ་ཡེ་ཤེས་ཆེན་པོའི་སྤྱན་ཐོབ་པར་མོས་ཤིག །ཧོ༔ ཇི་ལྟར་མིག་མཁན་རྒྱལ་པོ་བཞིན༔ ཁྱོད་ཀྱི་མ་རིག་འཁྲུལ་པའི་མིག༔ ཉོན་མོངས་གཟུང་འཛིན་ལིང་ཏོག་བསྒྲིབས༔ འདྲེན་མཆོག་རྒྱལ་པོ་བདག་ཉིད་ཀྱིས༔ རིག་རྩལ་ཡེ་ཤེས་ཀློང་དུ་ཕྱེ༔ ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་ལྟོས༔ ཞེས་མིག་དར་བསལ་ལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྟོས་ཤིག་ལྟོས་ཤིག་དཀྱིལ་འཁོར་ལྟོས༔ མ་ཡེངས་སེམས་ཀྱིས་དཀྱིལ་འཁོར་ལྟོས༔ ང་ལ་མཐོང་བ་སྣ་ཚོགས་ཡོད༔ བུ་ཁྱོད་ཅི་ཡི་ངོ་བོར་མཐོང༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ བུ་ཡིས་བལྟས་ཤིང་དཔྱད་པ་ཡིས༔ བླ་མ་སངས་རྒྱས་ངོ་བོར་མཐོང༔ བདག་གི་སྐྱབས་གནས་ཆེན་པོ་འོ༔ ཡང་བླ་མས། ལྟོས་ཤིག་ལས་དང་སྐལ་པ་ཅན༔ དཀྱིལ་འཁོར་ཆེན་པོ་འདི་ཉིད་དང༔ དཀྱིལ་འཁོར་རྫས་བཀོད་བརྒྱན་པ་དང༔ འཇུག་སྒོ་གཅིག་པའི་སྤུན་གྲོགས་རྣམས༔ ལྟོས་ཤིག་ལྟོས་ཤིག་རིམ་པར་ལྟོས༔ དད་པ་མཆོག་ནི་བསྐྱེད་རེ་རན༔ ཁྱེད་ཀྱིས་དེ་རྣམས་ཅི་རུ་མཐོང༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་ཀུན་ཏུ་བཟང༔ དཀྱིལ་འཁོར་ཆེན་པོ་འདི་ཉིད་ནི༔ རྒྱལ་བའི་ཞིང་མཆོག་དམ་པར་མཐོང༔ དེ་ལྟར་རྫས་བཀོད་དེ་རྣམས་ནི༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་རྟེན༔ འཇུག་སྒོ་གཅིག་པའི་སྤུན་གྲོགས་ནི༔ གསང་སྔགས་ཐེག་ཆེན་སྟོན་པའི་ལམ༔ ཞེས་ཞུ། དེ་ལྟར་ཁྱེད་རང་རྣམས་མ་རིག་པའི་སྒྲིབ་པ་བྲལ་ནས་མངོན་སུམ་དུ་གྱུར་པའི་ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་བརྡ་དོན་བསྟན་པ་ཡིན་པས་ངེས་པར་གྱིས་ཤིག །རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ལ། དབུས་ཟླུམ་ཞིང་དཀར་པོ་ཡོད་པ་ནི༔ ཆོས་དབྱིངས་འགྱུར་བ་མེད་པའི་བརྡ༔ པདྨ་འདབ་བརྒྱད་མཛེས་ཚོན་དུ་ཡོད་པ་ནི༔ རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡ༔ གྲུ་བཞིར་ཡོད་པ་ནི༔ འབྱུང་བཞིའི་འོད་དང་ལྡན་པའི་བརྡ༔ ཁྱམས་བཞི་སྒོ་དང་བཅས་པ་ནི༔ ཕྲིན་ལས་རྣམ་བཞི་རང་ལ་ཚང་བའི་བརྡ༔ པན་ཙ་རེ་ཁཱའི་རྩིག་པ་ནི༔ ཡེ་ཤེས་ལྔ་དང་ལྡན་པའི་བརྡ༔ རྟ་བབས་རིམ་པ་བཞི་ནི༔ ཚད་མེད་པ་བཞི་ལྷུན་གྱིས་གྲུབ་པའི་བརྡ༔ འདོད་ཡོན་གྱི་ལྷ་མོས་བསྐོར་པ་ནི༔ འདོད་ཡོན་མ་སྤང་རྒྱན་དུ་ཤར་བའི་བརྡ༔ དྲྭ་བ་དྲྭ་ཕྱེད་དང་ལྡན་པ་ནི༔ གཞི་ལ་འདོད་ཡོན་རྫོགས་པའི་བརྡ༔ རིན་ཆེན་ཕ་གུ་སེར་པོ་ནི༔ འདོད་རྒུ་རང་ལས་འབྱུང་བའི་བརྡ༔ རྡོ་རྗེའི་ར་བས་བསྐོར་བ་ནི༔ སྐྱེ་འགག་འགྱུར་བ་མེད་པའི་བརྡ༔ ཕྱི་ལ་མེ་རིས་བསྐོར་བ་ནི༔ ཉོན་མོངས་རང་གནས་སུ་བསྲེགས་པའི་བརྡ༔ གདུགས་དང་ཆོས་འཁོར་བརྩེགས་པ་ནི༔ ཤེས་བྱ་ཟིལ་གྱིས་གནོན་པའི་བརྡ༔ གསེར་གྱི་ཏོག་བཙུགས་པ་ནི༔ སྐྱེ་མེད་དོན་དང་ལྡན་པའི་བརྡ༔ ཧོ༔ ལས་དང་སྐལ་པ་ལྡན་པ་རྣམས༔ ཕྱི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས༔ ནང་ཆོས་ཉིད་ཀྱི་ངང་དུ་གསལ་ཐོབས་ཤིག༔ ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་འདི༔ རང་གི་རིག་པའི་ཡུལ་ཡིན་ནོ༔ རིག་པའི་གནས་ཡིན་ནོ༔ དགའ་བ་དང་སྤྲོ་བ་སྐྱེད་ལ་ཡིད་ལ་ཆོངས་ཤིག༔ དེ་ནས་རྫས་ཀྱི་བརྡ་དོན་བསྟན་པའང་འདི་བཞིན་དུ་ངེས་འཚལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཡིད་མ་ཡེངས་པའི་ངང་ལ་གསོན་ཅིག༔ བུམ་པ་ལྔ་རུ་ཡོད་པ་ནི༔ རིགས་ལྔ་རང་ལ་ཡོད་པའི་བརྡ༔ ཤེལ་ལྔ་ནི༔ གཞི་ཀ་དག་ཏུ་ཡོད་པའི་བརྡ༔ རྨ་བྱའི་མདོངས་ལྔ་ནི༔ སྒྲོན་མ་བཞི་རང་ལ་ཡོད་པའི་བརྡ༔ མདའ་ལྔ་ནི༔ ཤེས་རབ་ལྔ་རུ་མཚོན་པའི་བརྡ༔ མེ་ལོང་ལྔ་ནི༔ ཡེ་ཤེས་ལྔ་རུ་མཚོན་པའི་བརྡ༔ དར་སྣ་ལྔ་ནི༔ རླུང་ལྔ་མཚོན་པའི་བརྡ༔ ཕུར་པ་བཞི་ནི༔ རྣམ་དག་དབྱིངས་ལ་འགྱུར་བ་མེད་པའི་བརྡ༔ གྲི་བཞི་ནི༔ རྣམ་རྟོག་གཟུང་འཛིན་འཇོམས་པའི་བརྡ༔ གཏོར་མ་ཚོགས་མཆོད་བཤམས་པ་ནི༔ འདོད་ཡོན་རང་ལས་འབྱུང་བའི་བརྡ༔ བརྡ་དོན་རྟོགས་པར་གྱིས་ཤིག༔ ཡིད་ཀྱི་དཀྱིལ་དུ་ཆོངས་ཤིག༔ ཅེས་ངོ་སྤྲད། དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་པ་ལགས། དབང་བསྐུར་དངོས་ལ་རྣམ་གྲངས་བཞི་ཡོད་པ་ལས་ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །བུམ་པ་རྣམས་རང་བྱུང་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་གཞལ་མེད་ཁང་གི་ནང་དུ། རིག་པ་སྐུ་ལྔའི་ཚོམ་བུ་གདོད་ནས་རང་གསལ་ཆེན་པོར་བཞུགས་པ་ལས་འོད་ཟེར་བདུད་རྩི་ཁ་དོག་ལྔའི་རྒྱུན་སོ་སོར་བྱུང་། ཁྱེད་རང་རྣམས་ཀྱི་གནས་ལྔར་ཞུགས། སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དག །སྐུ་དང་ཡེ་ཤེས་ཆེན་པོའི་རང་བཞིན་མངོན་དུ་བྱས་པར་མོས་ཤིག །དབུས་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ཆོས་དབྱིངས་ཟླུམ་པོ་ནི༔ ཕྱི་ནང་མེད་པ་གཞལ་ཡས་ཁང༔ རྣམ་པར་སྣང་མཛད་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ དབྱིངས་ཀྱི་གནས་ལུགས་རྟོགས་པར་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་ཐིགས་པ་སྤྱི་བོར་བླུག །ཁར་སྦྱིན་པ་གནས་གཞན་བཞི་ལའང་འགྲེ། ཤར་བུམ་སྙིང་གར་གཏུགས་ཏེ། ཧཱུྃ༔ མེ་ལོང་རང་གསལ་བུམ་པ་རུ༔ མ་སྐྱེས་སྙིང་པོའི་གཞལ་ཡས་ཁང༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ གསལ་སྟོང་ཆེན་པོའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་བུམ་པ་མགྲིན་པར་བཞག་ལ། ཧཱུྃ༔ བུམ་པ་མཉམ་ཉིད་ཟླུམ་པོ་སྟེ༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ བསམ་པ་ལྷུན་གྲུབ་དབང་ཐོབ་ཤོག༔ ཏྲཱཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ནུབ་བུམ་ལྟེ་བར་བཞག་ལ། ཧཱུྃ༔ བུམ་པ་སོར་རྟོག་ཟླུམ་པོའི་ནང༔ མ་སྐྱེས་ཆགས་བྲལ་གཞལ་ཡས་ཁང༔ སྣང་བ་མཐའ་ཡས་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཆགས་མེད་འཛིན་བྲལ་དབང་ཐོབ་ཤོག༔ ཧྲཱིཿཔདྨ་ཨ་བྷི་ཥིཉྩ་ཧྲཱི༔ བྱང་གི་བུམ་པ་གསང་གནས་སུ་བཞག་ལ། ཧཱུྃ༔ བུམ་པ་བྱ་བ་ནན་ཏན་དབང༔ ཡེ་ཤེས་ཟང་ཐལ་གཞལ་ཡས་ཁང༔ དོན་ཡོད་གྲུབ་པ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ རང་བྱུང་རང་རྩལ་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་བུམ་པ་ལྔས་དབང་བསྐུར། དེས་སྤྲོས་བཅས་བུམ་པའི་དབང་ཐོབ། ལུས་དང་རྩའི་སྒྲིབ་པ་དག །སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །ཉོན་མོངས་པ་ལྔ་རང་སར་གྲོལ་བའི་སྟོང་ཉིད་བྷན་ཛ་བདེ་སྐྱོང་གི་ནང་དུ། ཡེ་ཤེས་ལྔ་ལྡན་བདེ་ཆེན་བདུད་རྩིའི་བཅུད་དུ་འཁྱིལ་བས་ཁྱེད་རང་ལ་དབང་བསྐུར་ཅིང་མྱངས་པས། འཁོར་ལོ་ལྔའི་དྭངས་མའི་ཐིག་ལེ་མི་ཤིགས་བདེ་བ་ཆེན་པོར་སྨིན་པར་མོས་ཤིག །དབུས་ཀྱི་ཐོད་པ་སྤྱི་བོར་བཞག་ལ། ཧཱུྃ༔ གཏི་མུག་རང་གྲོལ་ཐོད་པ་ལ༔ ཆོས་དབྱིངས་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཝཱཀ་ཨ་བྷི་ཥིཉྩ་ཨོཾ༔ བཅུད་མྱང་དུ་གཞུག་པ་གཞན་ལ་འགྲེ། ཤར་གྱི་ཐོད་པ་སྙིང་གར་གཏུགས་ལ། ཧཱུྃ༔ ཞེ་སྡང་རང་གྲོལ་ཀ་པཱ་ལར༔ མེ་ལོང་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ༴ མངོན་སུམ་སྣང་བ་མཆེད་པར་ཤོག༔ ཧཱུྃ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་ཐོད་པ་མགྲིན་པར་བཞག་ལ། ཧཱུྃ༔ ང་རྒྱལ་རང་གྲོལ་ཀ་པཱ་ལར༔ གཉིས་མེད་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ༴ གོང་འཕེལ་སྣང་བ་འབྱེད་པར་ཤོག༔ ཏྲཱཾ་ཝཱཀ་ཨ་བྷི་ཥིཉྩ་ཏྲཱཾ༔ ནུབ་ཀྱི་ཐོད་པ་ལྟེ་བར་བཞག་ལ། ཧཱུྃ༔ འདོད་ཆགས་རང་གྲོལ་ཀ་པཱ་ལར༔ སོར་རྟོག་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ༴ རིག་པ་ཚད་ཕེབས་དབང་ཐོབ་ཤོག༔ ཧྲཱིཿཝཱཀ་ཨ་བྷི་ཥིཉྩ་ཧྲཱི༔ བྱང་གི་ཐོད་པ་གསང་བར་བཞག་ལ། ཧཱུྃ༔ ཕྲག་དོག་རང་གྲོལ་ཀ་པཱ་ལར༔ བྱ་གྲུབ་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཆོས་ཉིད་ཟད་སར་སྐྱོལ་བར་ཤོག༔ ཧཱ་ཝཱཀ་ཨ་བྷི་ཥིཉྩ་ཧཱ༔ དེས་སྤྲོས་མེད་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །རང་བྱུང་རྩོལ་མེད་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་གསུང་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་ལག་ཏུ་གཏད་པས་ཁྱེད་རང་རྣམས་དཀྱིལ་འཁོར་ཁྱབ་བདག་ཀུན་ཏུ་བཟང་པོ་དང་། རིག་མ་ཀུན་ཏུ་བཟང་མོ། མཁའ་གསང་རྡོ་རྗེ་དང་པདྨར་གསལ་བས། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་ཏེ་སེམས་ཅན་ཐམས་ཅད་འོད་གསལ་ཀ་དག་གི་ས་ལ་བསྒྲལ་བར་སེམས་བསྐྱེད་ནས་སྙོམས་པར་ཞུགས་པས། དགའ་བཞིའི་ཡེ་ཤེས་ལུགས་འབྱུང་དང་ལུགས་ལྡོག་ཉམས་སུ་མྱོང་། ལྷན་སྐྱེས་བདེ་ཆེན་འགྱུར་མེད་དུ་བརྟན། སྣང་སྲིད་ཀྱི་རྟོག་ཚོགས་བདེ་བ་ཆེན་པོའི་འཁོར་ལོར་ཤར། དྭངས་མའི་ཐིག་ལེ་རྡུལ་བྲལ་འཕོ་མེད་དུ་དྭངས་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ སྣང་སྲིད་ཡོངས་གྲོལ་གཞལ་ཡས་འདིར༔ བདག་ཉིད་ཀུན་བཟང་ཡབ་ཡུམ་སྟེ༔ བདེ་སྟོང་བྷ་ག་རྡོ་རྗེའི་དབང༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ མཆེད་ལྕམ་རྣམས་ཀྱིས་འདིར་སྤྱོད་ཅིག༔ ཐབས་ཤེས་གཉིས་མེད་རོལ་པ་ལས༔ ཡེ་ཤེས་བདེ་བ་ཆེན་པོ་འབར༔ སྐད་ཅིག་བདེ་བ་མྱོང་བ་བཞིན༔ དེ་དུས་བསམ་བརྗོད་རང་སར་འགག༔ གཉིས་མེད་བྱང་སེམས་འདྲེས་པ་བཞིན༔ སྣང་སྲིད་འཁོར་བའི་ལས་རྣམས་ཀུན༔ ཆོས་དབྱིངས་བདེ་བའི་ཀློང་དུ་ཐིམ༔ དོན་འདི་སོམས་ལ་བདེ་ལ་སྤྱོད༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ སྨྲ་བརྗོད་བྲལ་བའི་ཡུལ་དང་མཇལ༔ སྐྱེ་མེད་ཀུན་བཟང་འབྲས་བུ་ཐོབ༔ ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །བདེ་སྟོང་ཟུང་འཇུག་ཀ་དག་གི་གནས་ལུགས་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་ལྔ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་རབ་ཏུ་སྤྲོས་མེད་བརྡ་དང་ཚིག་གི་སྒོ་ནས་བསྐུར་བ་ཡིན་པས་འདི་ལྟར་ངེས་པར་མཛོད་ཅིག །མར་མེ་གསལ་བ་རེ་རེ་ལག་ཏུ་གཏད་ལ། ཨེ་མ་སྐལ་ལྡན་ཕོ་མོ་ཀུན༔ མ་ཡེངས་གསོན་ཅིག་ཡིད་ལ་ཟུངས༔ ལག་ཏུ་ཁྱེར་བའི་སྒྲོན་མེ་འདི༔ གཟུགས་འོད་མདངས་གསུམ་དུས་གཅིག་འཆར༔ དེ་གསུམ་ཅི་ཡི་ངོ་བོར་འཛིན༔ ཞེས་དྲིས་པས་མར་མེ་ཉིད་རང་སེམས་ཀྱི་ངོ་བོ་རང་བཞིན་རྩལ་སྣང་གསུམ་དུ་ཤེས་དགོས་ཏེ། འདི་ལྟར་གཟུགས་ཀྱི་དབྱིབས་དང་། དེ་ལ་རང་བབས་ཀྱིས་གྲུབ་པའི་གསལ་མདངས་དང་། དེ་ལས་ཀྱང་ལྷན་ཅིག་ཏུ་བྱུང་བའི་འོད་ཟེར་གསུམ་པོ་མར་མེ་གཅིག་གི་ངོ་བོར་སྣང་སྟོང་དབྱེར་མེད་དུ་ཡོད་པ་ལྟར། རང་སེམས་རྩ་བྲལ་སྟོང་པའི་རང་མདངས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་། དོན་ལ་དབྱེར་མེད་ཡེ་སྟོང་ཀ་དག་ཆེན་པོ་ལས་འོད་གསལ་གྱི་རང་རྩལ་འགགས་པ་མེད་པར་ཅིར་ཡང་འཆར་བའི་དོན་ཤེས་པར་གྱིས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ མར་མེ་གཞི་སྟོང་འཛིན་པ་མེད༔ དེ་ལས་གསལ་བའི་མདངས་ནི་ཕྱུང༔ མདངས་ཀྱིས་སྣང་གཟུགས་སོ་སོར་འབྱེད༔ མར་མེའི་དཔེ་རྟགས་དེ་བཞིན་དུ༔ སེམས་ནི་གཞི་སྟོང་རྩ་བྲལ་ཏེ༔ དེ་ལས་མ་འགགས་རང་རྩལ་འཆར༔ རྩལ་གྱིས་སྣང་བ་ཡུལ་ཁམས་འཛིན༔ གཉིས་འཛིན་འཁྲུལ་པ་དེ་ལས་བྱུང༔ དེ་ལ་མ་རིག་དམ་དུ་འཛིན༔ མུ་མེད་འཁོར་བ་ཉིད་དུ་འཁྱམས༔ དེ་ལ་ངོ་སྤྲོད་འདི་ལྟར་རོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཞི་ལ་འཁྲུལ་པ་མེད་མོད་ཀྱང༔ རྟེན་འབྲེལ་འཆར་སྒོ་ངོ་མཚར་ཆེ༔ དོན་དམ་ཚིག་གིས་མི་རྟོགས་ཀྱང༔ མངོན་སུམ་གདིང་ཐོབ་ངོ་མཚར་ཆེ༔ རིག་པ་དྲི་མ་མེད་མོད་ཀྱང༔ ལམ་གྱི་འཆར་ཚུལ་ངོ་མཚར་ཆེ༔ ཀ་དག་གྲོལ་རྒྱུ་མ་མཆིས་ཀྱང༔ རླུང་རིག་དག་ཚུལ་ངོ་མཚར་ཆེ༔ ཐེག་པའི་འཇུག་སྒོ་མང་ན་ཡང༔ གཅིག་ཏུ་དྲིལ་བ་ངོ་མཚར་ཆེ༔ ཤར་ཚུལ་སྣང་བ་རྒྱ་ཆེ་ཡང༔ ངོ་བོར་གདིང་ཐོབ་ངོ་མཚར་ཆེ༔ ཚིག་མཐའི་སྤྲོས་པ་མང་ན་ཡང༔ གྲགས་སྟོང་དོན་མཐོང་ངོ་མཚར་ཆེ༔ སྣང་བའི་ཆོས་རྣམས་ཐམས་ཅད་ཀྱང༔ རང་ཐོག་གྲོལ་བ་ངོ་མཚར་ཆེ༔ གཉིས་ཆོས་ཟད་པའི་སེམས་ཉིད་དེ༔ གཞི་གནས་གདིང་ཐོབ་ངོ་མཚར་ཆེ༔ གཞི་ལ་གཞིར་བཞག་རིག་པ་དེ༔ རྫོགས་སངས་རྒྱས་པ་ངོ་མཚར་ཆེ༔ ཞེས་བརྗོད་ལ་དོན་སྤྲད་པར་བྱའོ། །དེས་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་མཉམ་དང་ཡེ་ཤེས་ཀྱི་སྒྲིབ་པ་དག །འོད་གསལ་དབྱིངས་རིག་མངོན་སུམ་གྱི་དོན་བསྒོམ་པ་ལ་དབང་། འབྲས་བུ་ཡོན་ཏན་དང་ཕྲིན་ལས་ལྔ་པོ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར། དེ་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་སྐོར་གསུམ་ལས། ཕ་རྒྱུད་ཀུན་བཟང་དགོངས་འདུས་ཀྱི་དབང་ཆོག་མ་བུ་ཀུན་གྱི་བཅུད་འདུས་ནོར་བུའི་སྒྲོན་མེ་ཉིད་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ། དཔོན་སློབ་ལྷན་ཅིག་པའམ་སློབ་དཔོན་གྱིས་ཚོགས་མཆོད་རྒྱས་པར་འབུལ་ཞིང་། བཀའ་སྲུང་གཏོར་ཆོག་དང་། བསྐུལ་གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐར་དབྱུང་ངོ་། །གཉིས་རྟོག་མཚན་མ་ཀ་དག་དབྱིངས་སུ་ཟད། །གློ་བུར་འཁྲུལ་སྣང་འོད་གསལ་སྦུབས་སུ་ཞུགས། །དེ་ལས་ཡེ་ཤེས་སྣང་བ་ཕྱམ་བརྡལ་བས། །མཁའ་མཉམ་སྲིད་པའི་མུན་སྟུག་དྭངས་བྱེད་ཤོག །འདི་འང་རིན་ཐང་བྲལ་བའི་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་ཤིན་ཏུ་གཅེས་པའི་དབྱིག་གི་མཆོག་རྣམས་སྡུད་པའི་དགོས་འབྱུང་སྙིང་པོའི་བཙས་སུ། གཏེར་གཞུང་གསེར་གྱི་མཎྜལ་ལ་མཚམས་སྦྱོར་གཡུའི་ཕྲ་བཏབ་སྟེ། གཏད་མེད་རྒྱ་ཡན་གྱི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).