Terdzo-YA-038

From Rinchen Terdzö

འཇིག་རྟེན་དབང་ཕྱུག་ཡིད་བཞིན་ནོར་བུའི་ཕྲིན་ལས་

'jig rten dbang phyug yid bzhin nor bu'i phrin las

by  ཆོས་རྗེ་གླིང་པ་ (Chöje Lingpa)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  ཐུགས་རྗེ་ཆེན་པོ་ས་ཡི་སྙིང་པོ་ཡིད་བཞིན་ནོར་བུ་ (Thugs rje chen po sa yi snying po yid bzhin nor bu)
Volume 24 (ཡ) / Pages 703-728 / Folios 1a1 to 13b2

[edit]

༄༅། །འཇིག་རྟེན་དབང་ཕྱུག་ཡིད་བཞིན་ནོར་བུའི་ཕྲིན་ལས་བཞུགས་སོ། ། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །གཟུགས་སུ་བྱས་ཚེ་ངང་ཚུལ་འདི་འདྲ་ཞེས། །བཅོ་ལྔའི་གང་བ་རྒྱས་འདྲའི་སྤྱན་རས་གཟིགས། །ལྷག་པའི་ལྷ་མཆོག་ཁྱོད་ཀྱིས་ཀུན་དགེར་མཛོད། །མགོན་དེ་མི་ཡི་དབང་ཕྱུག་ཟོལ་བསྟན་ནས། །གངས་ཅན་ཕན་བདེར་མཛད་པོ་སྲོང་བཙན་ཞབས། །མཐུ་སྟོབས་ནུས་པ་མཆོག་བརྙེས་ཨོ་རྒྱན་རྗེ། །རྣམ་གཉིས་ཐུགས་ཀྱིས་བརྣག་པ་མཐར་ཐུག་པ། །ཡིད་བཞིན་འོད་མཆོག་ས་ཡི་སྙིང་པོ་གང་། །རྩ་གསུམ་བཀའ་རྟགས་རྒྱས་སྤྲས་ཟབ་མོའི་གཏེར། །རང་དབང་གྱུར་ལས་བདག་གཞན་ཕན་བདེའི་དཔྱིད། །སྐལ་བཟང་གསོས་སུ་ལེན་འདི་ཨེ་མ་མཚར། །དེ་ལྟར་ཆོས་ཚུལ་གཞོམ་མེད་ནཱ་དའི་དཔྱིད། །ལོངས་སྤྱོད་གཡས་སུ་འཁྱིལ་པ་འཁོར་ལོའི་མདུད། །མངོན་པར་གྲོལ་ལས་ཕྲིན་ལས་རང་གཞུང་གདངས། །ཚངས་པའི་དབྱངས་སུ་ལེན་འདི་ཉན་པར་གྱིས། །དེ་ལ་འདིར་ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ཚལ་གྱི་སའི་མེ་བཙའ་བུ་ཆུ་གཏེར་གྱི་ལྷ་ཁང་གི་རང་བྱུང་ཐུགས་རྗེ་ཆེན་པོའི་དྲུང་ནས་རང་ཉིད་ཀྱིས་ཟབ་གཏེར་དངོས་གྲུབ་ཀྱི་བགོ་སྐལ་དུ་ཐོབ་པ། འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འོད་མཆོག་སའི་སྙིང་པོའི་ཕྲིན་ལས་རང་གཞུང་ཟབ་གཏེར་ལས་ཅུང་ཟད་འཁྲུགས་པར་སྣང་བ་ལྷན་ཐབས་ཀྱིས་བསྡེབས་ཏེ་དབང་དང་དམ་རྫས་ཚོགས་སྒྲུབ་སོགས་སྒྲུབ་ཆེན་དང་འབྲེལ་བ་མ་ཡིན་པར། ཉིན་ཆོག་རྐྱང་པ་ཙམ་དང་དགོས་པ་གཞན་གྱི་སླད་དུ་བྱ་བའི་རིམ་པ་ཁྲིགས་ཆགས་སུ་བཀོད་པར། གཏེར་གཞུང་ལས། བཀྲ་ཤིས་བྱིན་ཆགས་གནས་སུ་རྟེན་གསུམ་བཀྲམ༔ དཀྱིལ་འཁོར་མཆོད་ཚོགས་སྨན་གཏོར་རཀྟ་བཅས༔ བག་དྲོ་ལྷུན་ཆགས་བཀོད་ལེགས་མཛེས་པར་བརྒྱན༔ རོལ་མོ་དལ་སྦྱོར་སྙན་པའི་དབྱངས་ཀྱིས་གྱེར༔ ཞེས་གསུངས་པས་སྤྲོས་པ་ལ་དགའ་ན་སྟེགས་བུའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མཎྜལ་དྲི་བཟང་གིས་ཆག་ཆག་གདབ་པར་འབྲུ་དཀར་འོ་མས་བརླན་པའི་ཚོམ་བུ་ལྷ་བཀོད་དང་མཐུན་པ། དེའི་ཤར་དུ་དཔལ་གཏོར་རྒྱན་ལྡན་གཡས་གཡོན་དུ་སྨན་མཆོད་དང་རཀྟ། མཐར་མཚམས་འཛིན་གྱི་མེ་ཏོག་དང་བཅས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་གཡས་སྐོར་དུ་བཀོད་པ། ཇི་ལྟར་འོས་པར་བཀའ་སྲུང་གཏེར་སྲུང་གི་གཏོར་མ་དང་མཐུན་རྫས། གཞན་ཡང་ཐབས་ཤེས་ཀྱི་རྫས་ཀུན་ཚང་བའི་ཚོགས་ཀྱི་འཁོར་ལོ། རྡོ་རྗེ་དྲིལ་བུ་ཅང་ཏེའུ་རྔ་སིལ་སོགས་རོལ་མོའི་ཡན་ལག་སྟེ་མཆོད་རྫས་སུ་གྱུར་ཚད་བཀོད་པའི་ཁྱད་པར་གྱིས་བརྒྱན་ཏེ་བཤམས་པ་ནི་སྟ་གོན་ནོ། །དངོས་གཞི་གཏེར་གཞུང་ལས། གྱེར་གཞུང་བགེགས་བསྐྲད་སྲུང་འཁོར་མཆོད་བརླབ་དང༔ སྐྱབས་སེམས་ཏིང་འཛིན་དྲན་འདེབས་ལྷ་བསྐྱེད་དང༔ གཉིས་མེད་མཆོད་འབུལ་བསྟོད་འཛབ་ལྡེ་ཁར་བཅས༔ ཚོགས་མཆོད་ཐུགས་དམ་བསྐང་དང་དངོས་གྲུབ་བླང༔ བསྔོ་སྨོན་བཀྲ་ཤིས་རྫོགས་རིམ་བསྡུ་བ་འོ༔ ཞེས་ལས་རིམ་བཅུ་བདུན་གྱིས་བསྟན་པ་ལས་མེད་དུ་མི་རུང་བའི་ལས་རིམ་ཁ་ཅིག་གིས་བརྒྱན་ཏེ་བཀོད་པར། དང་པོ་བགེགས་གཏོར་ལག་ལེན་ལྟར་བཤམ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ། མགྲོན་རིགས་རྣམས་ཀྱི་ཡིད་ཁར་འབབས་པའི་འདོད་པའི་ཡོན་ཏན་དེ་དང་དེར་འཆར་བ་ཀུན་ཏུ་ཟད་མི་ཤེས་པ་ནམ་མཁའ་མཛོད་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། བསྔོ་ཞིང་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བདུད་ཀྱི་དཔུང༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ འདི་རུ་མ་འདུག་གཞན་དུ་དེངས༔ སྔོན་ནས་འབྲེལ་པ་མེད་པའི་ཕྱིར༔ དཀྱིལ་འཁོར་སྔགས་རྒྱ་བལྟར་མི་དབང༔ དེ་ཕྱིར་སྲུང་བའི་གུར་ཁྱིམ་ལས༔ མ་འདའ་ཕྱི་རོལ་རང་གནས་དེངས༔ ཨུ་ཙ་ཏ་ཡ་ཕཊ༔ དྲག་པོའི་སྔགས་དང་སྤོས་ཐུན་ཚམ་རྔམ་དྲག་པོས་བགེགས་བསྐྲད། སྲུང་འཁོར་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་རང་ཤར་བ༔ ཡེ་ཤེས་ལྔ་རྫོགས་མེ་འོད་མཚོན་ཆ་འཁྲུགས༔ རྡོ་རྗེའི་ར་བ་འོད་ལྔའི་གུར་ཁྱིམ་ཆེ༔ སྣོད་བཅུད་ཡོངས་རྫོགས་དོག་པ་མ་མཆིས་གྱུར༔ བཛྲ་རཀྵ་མཱཾ༔ ཞེས་སྲུང་བའི་དྲྭ་གུར་གྱིས་ཕྱོགས་ཀུན་བཅིངས་པར་བསམ། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་འཆང་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བར་མོས་ལ་ཚིག་ཙམ་མ་ཡིན་པར། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བརྒྱུད་པ་བདུན་ལྡན་རྡོ་རྗེ་འཆང༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་དང་དགེ་འདུན་ཞི་ཁྲོ་རབ་འབྱམས་ལྷ༔ ཡོངས་རྫོགས་ཡིད་བཞིན་ནོར་བུར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། ཉམ་ཐག་གི་འགྲོ་བ་རྣམས་ལ་བཟོད་མེད་ཀྱི་སྙིང་རྗེས་ཡིད་དྲངས་པས། མཁའ་མཉམ་འགྲོ་བ་བདེ་འདོད་སྡུག་བསྔལ་གྱི༔ རྒྱ་མཚོར་བྱིང་ཀུན་བཟོད་མེད་སྙིང་རེ་རྗེ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་གྲོང་ཁྱེར་དུ༔ སྒྲོལ་ཕྱིར་བྱང་ཆུབ་སེམས་མཆོག་རྣམ་གསུམ་བསྐྱེད༔ བོ་དྷི་ཙིཏྟ་ས་མ་ཡ་ཧཱུྃ༔ ལས་བྱང་ལ་ཆེད་དུ་དགོས་པ་མིན་ཡང་ཁྲིད་སོགས་ཀྱི་སྐབས་སུ་འཇུག་པ་བདེ་ཕྱིར་རྡོར་སེམས་སྒོམ་བཟླས་ནི། ཨཱ༔ མ་བཅོས་ལྷུག་པར་སེམས་ཀྱི་འཛིན་སྟངས་གདངས༔ རང་བྱུང་ལྷུན་གྲུབ་བཅོམ་ལྡན་རྡོ་རྗེ་སེམས༔ དཀར་མཛེས་རྡོར་དྲིལ་ཕྱག་རྒྱ་ལོངས་སྤྱོད་རྫོགས༔ རྡོ་རྗེ་སྐྱིལ་ཀྲུང་པད་དཀར་ཟླ་དཀྱིལ་བཞུགས༔ ཙིཏྟའི་གུར་ཁང་དྲི་མེད་ཡི་གེ་ཧཱུྃ༔ དེ་ལ་ཡི་གེ་བརྒྱ་པ་གཡས་སྐོར་དུ༔ མར་མེ་ལྟ་བུར་འབར་ཞིང་གསལ་བ་ལས༔ འོད་ཟེར་ཟླ་བ་ལྟར་དཀར་འཕྲོས་པ་ཡིས༔ སྡིག་མུན་ཀུན་བསལ་རང་ལུས་ཕྱི་དང་ནང༔ སྒྲིབ་མེད་ཤེལ་བུམ་མར་མེ་འབར་ལྟར་གསལ༔ ཞེས་པའི་མོས་པ་དང་བཅས་ཏེ་ཡིག་བརྒྱ་བཟླ། སྐབས་འདིར་མཆོད་པ་རྣམས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་སྦྱང་རྟོགས་སྤར་གསུམ་བདུད་རྩི་བརླབ། བདག་གི་ཐུགས་ལས་མཆོད་པའི་ལྷ་མོ་སྤྲོས༔ རབ་འབྱམས་རྒྱལ་ཀུན་དགྱེས་སྐོང་མཆོད་སྤྲིན་ཕུང༔ མངོན་པར་གཡོ་བྱེད་མཁའ་དབྱིངས་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་སོགས། སརྦ་པཉྩ་མ་ཧཱ་རཀྟ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་ཏིང་ངེ་འཛིན་གྱི་སྦྱོར་བས་བྱིན་གྱིས་བརླབ། ནང་སྒྲུབ་ཁེར་རྐྱང་ལ་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་འདི་བཞིན་མེད་མི་རུང་མིན་ཡང་འདིར་ཕྱི་ནང་གི་སྒྲུབ་པ་ཟུང་དུ་འཇུག་ཕྱིར་དང་། ཁྲིད་ཀྱི་སྐབས་སུ་འཇུག་པ་བདེ་ཕྱིར་ཕྱི་སྒྲུབ་ཆོས་རྒྱལ་ཨོ་རྒྱན་དབྱེར་མེད་དུ་བསྒྲུབ་པའི་བླ་མའི་རྣལ་འབྱོར་ནི། རྡོར་སེམས་འོད་ཞུ་རང་ཉིད་ཐ་མལ་ངང༔ སྤྱི་གཙུག་དག་པ་འོད་འབར་རཏྣའི་ཁྲིར༔ ཆོས་རྒྱལ་ཨོ་རྒྱན་དབྱེར་མེད་སྐུ༔ ཨ་མི་དྷེ་ཝའི་ཅོད་པན་ཅན༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་སྒེག༔ མཐིང་ནག་གོས་དང་ཟབ་བེར་བཀླུབས༔ གསང་གོས་ཆོས་གོས་རྣམ་གསུམ་དམར༔ གཡས་པ་རྡོ་རྗེ་པུས་སྟེང་སྡིགས༔ གཡོན་པ་དུང་ཆེན་བདུད་རྩིས་གང༔ ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས༔ གཡས་གཡོན་གཟུངས་མ་དཀར་སྔོ་གཉིས༔ མཁའ་འགྲོའི་མཚན་ལྡན་འདོད་ཡོན་བསྣམས༔ གཞན་ཡང་བླ་མ་ཡི་དམ་དང༔ སངས་རྒྱས་སྲས་བཅས་སྤྲུལ་འཁོར་ཚོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསྒོམ༔ ཞེས་པས་བླ་མའི་རྣལ་འབྱོར་གསལ་བཏབ། བདུན་རྣམ་དག་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། དངོས་བཤམས་ཡིད་བྱུང་མཆོད་པའི་སྤྲིན་ཕུང་གང་། །ཡིད་མཁར་ཡིད་རྩལ་བཀོད་པའི་འཆར་སྒོའི་ཚོགས། །ཀུན་བཟང་སྨོན་ལམ་དཔལ་ལ་འགྲན་བཟོད་པ། །དག་པ་རབ་འབྱམས་ཆོས་སྒོ་ཕྱེ་སྟེ་འབུལ། །འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ན། །བདག་པོས་བཟུང་དང་མ་གཟུང་དངོས་པོའི་ཚོགས། །བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ལྟོས་པ་མེད་པར་རྒྱལ་བའི་སྤྱན་སྔར་འབུལ། །ལུས་འདི་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཡོན་ཏན་མི་ཟད་པར། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད་བཞིན་དུ། །གུས་པ་ཆེན་པོས་ཀུན་ཏུ་ཕྱག་བགྱི་འོ། །ཐོག་མེད་དུས་ནས་བླ་མེད་བྱང་ཆུབ་བར། །སྒྲིབ་གསུམ་མུན་པའི་སྨག་ཏུ་འཕྱན་གྱུར་པའི། །ལུས་ངག་ཡིད་ཀྱི་མི་དགེ་ཅི་བགྱིས་པ། །སྟོབས་བཞིའི་སྒོ་ནས་རྒྱལ་བའི་སྤྱན་སྔར་འཆགས། །འཕགས་པ་ཉན་ཐོས་རང་རྒྱལ་བཅས་པ་ཡི། །དུས་གསུམ་དགེ་བའི་མཛད་པར་ཡི་རང་འབུལ། །འོད་གསལ་རྡོ་རྗེའི་ཆོས་ཀྱི་སྒྲོན་མེ་ཡིས། ཁམས་གསུམ་འགྲོ་བའི་རྨོངས་མུན་སེལ་མཛད་གསོལ། །ཟག་མེད་འཇའ་ལུས་རྡོ་རྗེའི་འོད་སྦུབས་སུ། །འཕོ་བ་མེད་པར་རྟག་པར་བཞུགས་སུ་གསོལ། །ཆོས་ཉིད་རང་བཞིན་མཉམ་ཉིད་དཀྱིལ་འཁོར་དུ། །བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་ཀུན་ཕྱམ་གཅིག་བྱར་མེད་ཆོས་ཀྱི་སྐུའི། །གོ་འཕང་བདེ་བླག་འགྲུབ་པའི་ཕྱིར་བསྔོ་འོ། །ཞེས་དངོས་བཤམས་དང་ཡིད་བྱུང་གི་མཆོད་སྤྲིན་རྒྱ་མཚོའི་མཆོད་པ་གཙོ་བོར་གྱུར་པའི་ཡན་ལག་དྲུག་པོ་ཀུན་ཟག་མེད་ཀྱི་དགེ་བར་བསྔོ་བར་འདུན་པའི་ཡན་ལག་དང་བཅས་པ་དྲན་བཞིན་པས་ཕུལ་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་ཟུང་འཇུག་ཏུ་རྫོགས་པར་བྱས་ཏེ། དད་གདུང་གིས་གསོལ་བ་གདབ་པ་ནི། སྙན་པའི་རྟས་དྲངས་པའི་གདངས་ཀྱིས། མཐའ་ཡས་རིགས་ཀྱི་ཁྱབ་བདག་འོད་དཔག་མེད། ཁམས་གསུམ་འགྲོ་བའི་འདྲེན་པ་སྤྱན་རས་གཟིགས། །ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་སྤྲུལ་པའི་སྐུ །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བརྒྱུད་འདེབས་དང་། ཨོཾ་ཨཱཿཧཱུྃ༔ རང་བཞིན་སྤྲོས་བྲལ་འོད་དཔག་མེད་ཀློང་ལས༔ རྩལ་སྣང་འགག་མེད་ཡེ་ཤེས་ལྔ་རྫོགས་ཤར༔ ཐུགས་རྗེས་གང་འདུལ་དེར་སྟོན་སྤྲུལ་པའི་ཚོགས༔ ཆོས་རྒྱལ་ཨོ་རྒྱན་ཟུང་འཇུག་སྐྱབས་ཀྱི་མཆོག༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ འགྲོ་དྲུག་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས༔ སྙིགས་མ་ལྔ་བདོའི་སེམས་ཅན་དུག་ལྔ་ཧྲགས༔ དུག་ལྔས་བསྐྱེད་པའི་སྡུག་བསྔལ་བཟོད་ཐབས་མེད༔ ཐུགས་རྗེས་སྐྱོབས་དང་ཆོས་རྒྱལ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ཨོ་རྒྱན་ཐོད་ཕྲེང་རྩལ༔ གདུལ་དཀའ་འདུལ་བའི་ཐུགས་རྗེའི་དུས་ལ་བབས༔ ཞེས་པས་གསོལ་འདེབས་གདུང་ཤུགས་དྲག་པོས་བྱ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷརྨ་རཱ་ཛ་ནིརྨཱ་ཀཱ་ཡ་ཨ་ཙརྱ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཙིཏྟ་སིདྡྷི་མྨེ་པྲ་ཡཙྪ༔ ཞེས་པའི་འཛབ་འདི་གསོལ་འདེབས་ཐུགས་རྗེ་དངོས་གྲུབ་བསྐུལ་བའི་ཚུལ་གྱིས་ཅི་མང་བཟླ། དེ་ཡང་གཏེར་གཞུང་ལས། དེ་ལྟར་ཕྱི་སྒྲུབ་རིམ་པ་འདི༔ བླ་མའི་རྣལ་འབྱོར་ཚུལ་དུ་བསྒྲུབ༔ གསོལ་འདེབས་མཆོད་པ་གཙོ་བོར་བྱ༔ ཚོགས་གཉིས་རྫོགས་དང་སྡིག་སྒྲིབ་ཞི༔ བྱིན་རླབས་མྱུར་འཇུག་དགོས་པ་ཡོད༔ ཅེས་གསུངས་པ་ལྟར་མཆོད་པ་དང་གསོལ་འདེབས་གཙོ་བོར་བྱ་ཞིང་འདི་དང་རྗེས་སུ་འབྲེལ་བར་ཏིང་ངེ་འཛིན་གྱི་དབང་ལེན་པ་ནི་གཞུང་དུ་མི་གསལ་ཡང་ཁ་བསྐང་བ་སྟེ། ཡིད་བཞིན་ནོར་བུ་བླ་མའི་གནས་གསུམ་ལས། །གསང་བ་གསུམ་གྱི་བྱིན་རླབས་དཀར་དམར་མཐིང་། །མདངས་གསལ་འཇའ་འོད་ཐིག་ལེ་ཐིག་ཕྲན་འཕྲོས། །བདག་གི་གནས་གསུམ་ཐིམ་པས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་བྱིན་རླབས་ཐོབ། །བླ་མ་འོད་ཞུ་བདག་ལ་ཐིམ་པ་ཡིས། །ཐ་དད་གཉིས་སུ་འཛིན་པའི་སྟངས་སྟབས་ཞིག །གཤིས་ལུགས་གཟོད་ནས་དག་པ་ཡེ་ཤེས་ཁམས། །ཅོག་གཞག་དོན་གྱི་བླ་མའི་རང་ཞལ་མཇལ། །ཞེས་དབང་བཞིའི་ཡེ་ཤེས་ཀ་དག་གི་ངང་དུ་ཉམས་བསྐྱང་ངོ་། །དངོས་གཞི་ནང་སྒྲུབ་ཡིད་བཞིན་འོད་མཆོག་ཉིད་དུ་སྒྲུབ་པའི་རིམ་པ་ནི། ཏིང་འཛིན་གསུམ་དྲན་ལས། དང་པོ། ཧཱུྃ༔ ཆོས་རྣམས་དམིགས་མེད་སྤྲོས་བྲལ་ངང༔ ཞེས་པ་རང་བཞིན་ཀ་དག་གི་ངོ་བོ་ཀུན་ལ་ཁྱབ་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེའི་ངང་ལས། གཉིས་པ། ངང་ལས་རྩལ་སྣང་སྙིང་རྗེའི་དཔྱིད༔ ཞེས་པ་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། དེ་ལྟ་བུའི། སྟོང་དང་སྙིང་རྗེ་ཟུང་འཇུག་ལས༔ རྒྱུ་ཡི་རིག་པ་ཡི་གེ་ཧྲཱི༔ ཞེས་ཟུང་འཇུག་ལས་བསྐྲུན་པའི་རྒྱུའི་ཏིང་ངེ་འཛིན་དང་དེ་ལས་རྩལ་སྣང་དག་པ་རབ་འབྱམས་ཀྱི་འཆར་སྒོ་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་དང་བཅས་པ་བསྐྱེད་པ་ནི། ཧྲཱི༔ དེ་ལས་ཕོ་བྲང་གཞལ་མེད་ཁང༔ གྲུ་བཞི་པ་ལ་སྒོ་བཞི་པ༔ རྟ་བབས་བཞིས་བརྒྱན་འདོད་སྣམ་དང༔ མདའ་ཡབ་ཡ་ཕུབ་ཏོག་གིས་མཛེས༔ དེ་དབུས་སྣ་ཚོགས་པདྨ་ནི༔ འདབ་དྲུག་ལྟེ་བར་སྤྱན་རས་གཟིགས༔ གསེར་མདོག་རྩ་བའི་ཞལ་གསུམ་དཀར༔ དེ་སྟེང་རྒྱས་པའི་ཞལ་གསུམ་སེར༔ དེ་སྟེང་དབང་གི་ཞལ་དམར་ཆགས༔ དེ་སྟེང་དྲག་པོ་དུད་ཁ་གཉིས༔ ཨ་མི་དྷེ་ཝའི་ཅོད་པན་ཅན༔ ཕྱག་བཅུའི་དང་པོ་ཐལ་སྦྱར་བར༔ དགོས་འདོད་ཀུན་འབྱུང་ནོར་བུ་བསྣམས༔ ལྷག་མ་བརྒྱད་ན་རིམ་པ་བཞིན༔ བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་དང༔ འོད་དཔག་མེད་བསྣམས་གཡོན་ཕྱག་རྣམས༔ རིམ་བཞིན་པད་དཀར་གུནྡྷེ་དང༔ རིན་ཆེན་མྱུ་གུ་མདའ་དང་གཞུ༔ ཞལ་རྣམས་ཀུན་ལ་སྤྱན་གསུམ་ལྡན༔ སྣ་ཚོགས་དར་དང་རིན་ཆེན་བརྒྱན༔ རི་དྭགས་ལྤགས་པས་ནུ་མ་བཀབ༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ འདབ་མ་རྣམས་ལ་ཐུབ་པ་དྲུག༔ ཤར་དུ་ཐུབ་པ་བརྒྱ་བྱིན་དཀར༔ ཕྱག་ན་རིན་ཆེན་རྒྱུད་མང་བསྣམས༔ ཤར་ལྷོ་ཐུབ་པ་ཐགས་བཟང་རིས༔ སྔོན་པོ་ཕྱག་ན་གོ་ཆ་བསྣམས༔ ལྷོ་ནུབ་ཐུབ་པ་ཤཱཀྱ་སེང༔ སེར་པོ་གསེག་ཤང་པར་བུ་བསྣམས༔ ནུབ་ཏུ་ཐུབ་པ་སེང་རབ་བརྟན༔ མཐིང་ག་ཕྱག་ན་པོ་ཏི་བསྣམས༔ ནུབ་བྱང་ཐུབ་པ་ཁ་འབར་དམར༔ ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས༔ བྱང་ཤར་ཐུབ་པ་ཆོས་རྒྱལ་ནག༔ ཕྱག་ན་མེ་ཕུང་ཆུ་སྣོད་བསྣམས༔ ཀུན་ཀྱང་མཚན་དང་དཔེ་བྱད་རྫོགས༔ ན་བཟའ་ཆོས་གོས་རྣམ་གསུམ་ལ༔ བཞེངས་སྟབས་འབྱོན་ཚུལ་ཀྲོང་ངེར་བཞུགས༔ གཞལ་ཡས་སྲུང་བའི་སྒོ་བ་བཞི༔ ཤར་དུ་མི་གཡོ་མགོན་པོ་དཀར༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་སེར༔ ནུབ་ཏུ་དབང་ཆེན་རྟ་མགྲིན་དམར༔ བྱང་དུ་རྣམ་པར་འཇོམས་པ་ལྗང༔ གཡས་རྣམས་རལ་གྲི་བེ་ཅོན་དང༔ པད་དབྱུག་རྡོ་རྗེ་རྒྱ་གྲམ་ཕྱར༔ གཡོན་རྣམས་ཐུགས་ཀར་སྡིགས་མཛུབ་མཛད༔ རོལ་སྟབས་པད་ཉིར་བདུད་བཞི་བརྫིས༔ ཁྲོ་བོའི་ཆས་ལྡན་མེ་དཔུང་འཁྲིགས༔ ཞེས་པས་རང་བཞིན་དམ་ཚིག་པའི་དཀྱིལ་འཁོར་གསལ་བཏབ། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས༔ འོད་འཕྲོས་ཡེ་ཤེས་དཀྱིལ་འཁོར་པ༔ སྤྱན་དྲངས་དམ་ཚིག་འཁོར་ལོར་ཐིམ༔ ཞེས་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་སྤྱན་དྲངས་པར་མོས་ཤིང་། བདུག་སྤོས་ཀྱི་སྤྲིན་སྤྲོ་བ་དང་རོལ་མོ་དལ་སྦྱོར་དབྱངས་དང་བཅས་པས། ཧྲཱི༔ རང་བཞིན་ལྷུན་གྲུབ་ཆོས་སྐུའི་ཞིང་ཁམས་ནས༔ རྩལ་སྣང་མ་འགགས་ཡེ་ཤེས་འོད་ལྔའི་གུར༔ དབྱིངས་རིག་དབྱེར་མེད་དག་པའི་གཞལ་ཡས་ནས༔ ཟུང་འཇུག་དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཞེས་ལྷ་ཚོགས་རྣམས་ཆོས་སྐུའི་ཀློང་ནས་སད་དེ་ཐུགས་རྗེས་བྱོན་པར་མོས། ཧྲཱི༔ ཡེ་ནས་རང་བྱུང་རང་ཤར་དཀྱིལ་འཁོར་འདིར༔ རྩལ་སྣང་སེམས་ཀྱི་འཕྲོ་འདུའི་དཀྱིལ་འཁོར་ལྷ༔ དམ་ཡེ་གཉིས་མེད་གཟོད་ནས་དག་པའི་ཀློང༔ ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་བཞུགས༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་ཡེ་ཤེས་པའི་དཀྱིལ་འཁོར་རང་སྣང་དམ་ཚིག་པའི་འཁོར་ལོར་རོ་གཅིག་པར་བལྟ་ཞིང་། ལྷ་ལ་ལྷ་ཉིད་མཆོད་ཚུལ་ལམ། རང་ཉིད་ལས་མཆོད་བསྟོད་དབུལ་བ་པོ་ཞིག་ལོགས་སུ་འཛིན་སྟངས་ཀྱིས། ཕྱག་འཚལ་བ་ནི། ཧྲཱི༔ ཆོས་སྐུ་རང་བྱུང་རྒྱལ་བ་འོད་དཔག་མེད༔ ལོངས་སྤྱོད་རྫོགས་སྐུ་འཕགས་པ་སྤྱན་རས་གཟིགས༔ འགྲོ་འདུལ་སྤྲུལ་པ་བཅོམ་ལྡན་ཐུབ་པ་དྲུག༔ སྐུ་གསུམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཧྲཱི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་དང་རོལ་མོ་འདོད་ཡོན་ལྔ༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས༔ ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱཱ༔ ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧྲཱི༔ རང་བྱུང་ནང་མཆོད་རྣམ་ལྔ་དང༔ གསང་བ་མཆོག་གི་བདེ་ཆེན་སྤྲིན༔ སྨན་རཀ་གཏོར་མ་ཐབས་ཤེས་རྫས༔ གཉིས་སུ་མེད་པར་འབུལ་ལོ་བཞེས༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ་སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྨན་མཆོད་རྒྱས་པར་སྤྲོ་ན། ཆོས་སྐུ་རང་བྱུང་འོད་དཔག་མེད་མགོན་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ལོངས་སྤྱོད་རྫོགས་པ་སྤྱན་རས་གཟིགས་དབང་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མཆོག་གི་སྤྲུལ་སྐུ་སྲོང་བཙན་སྒམ་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཡང་སྤྲུལ་ཨོ་རྒྱན་ཆེན་པོ་རྗེ་འབངས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཉིང་སྤྲུལ་ཟབ་གཏེར་སྐལ་ལྡན་ཆོས་བདག་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཐུགས་རྗེ་རོལ་པའི་དཀྱིལ་འཁོར་ཆེན་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང༴ ཕྱི་ནང་གནས་ཡུལ་དཔའ་བོ་དྷཱ་ཀི་ལ། སྨན་མཆོད་འབུལ་ལོ་དབང་དང༴ བཀའ་སྡོད་གཏེར་སྲུང་དམ་ཅན་རྒྱ་མཚོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་སིདྡྷི་ཧོཿ ཞེས་བདུད་རྩི་སྨན་གྱི་དངོས་གྲུབ་ཏུ་ཐིགས་པ་ལྕེ་ལ་མྱང་ངོ་། །བསྟོད་པ་ནི། རྒྱས་པར་སྤྲོ་ན། ཧྲཱིཿ ཆོས་སྐུ་སྟོང་པའི་ངང་ཉིད་ལས། །འགྲོ་བའི་དོན་དུ་བཞེངས་པའི་སྐུ །ཞི་བའི་ཞལ་བཞི་ཁྲོ་ཞལ་བདུན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་བསྟོད། །རྩ་བའི་ཞི་ཞལ་དཀར་པོ་གསུམ། །རབ་ཏུ་འཛུམ་ཞིང་མཛེས་པ་སྟེ། །ལས་དང་ཉོན་མོངས་ཞི་མཛད་པའི། །ཆོས་སྐུའི་ཞལ་ལ་ཕྱག་འཚལ་བསྟོད། །དེ་སྟེང་བཙོ་མ་གསེར་མདོག་ཅན། །རྔམ་ཞིང་བཞད་པའི་ཞལ་གསུམ་པོས། །ཚེ་དང་བསོད་ནམས་དཔལ་འབྱོར་སོགས། །རྒྱས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་སྟེང་བྱེ་རུ་ལྟར་དམར་བའི། །དབང་གི་ལས་མཛད་ཞལ་གཉིས་པོ། །རྣམ་པར་གཙིགས་པའི་ཁྲོ་གཉེར་ཅན། །ལོངས་སྐུའི་ཞལ་ལ་ཕྱག་འཚལ་བསྟོད། །དེ་སྟེང་དྲག་པོའི་ལས་མཛད་པའི། །དུད་སྤྲིན་མདོག་འདྲ་ཞལ་གཉིས་པོ། །འཇིགས་ཤིང་རྔམ་པའི་སྤྱན་གསུམ་བགྲད། །སྤྲུལ་སྐུའི་ཞལ་ལ་ཕྱག་འཚལ་བསྟོད། །དེ་སྟེང་བླ་མ་སྤྲུལ་པའི་སྐུ །སངས་རྒྱས་ཀུན་འདུས་ལི་ཁྲིའི་མདོག །འོད་དཔག་མེད་མགོན་རྒྱལ་བ་ཡི། །གཙུག་རྒྱན་ཅན་ལ་ཕྱག་འཚལ་བསྟོད། །པདྨའི་འདབ་འདྲ་དང་པོ་ཡི། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བར། །དགོས་འདོད་ཀུན་འབྱུང་སའི་སྙིང་པོ། །ཡིད་བཞིན་བསྣམས་ལ་ཕྱག་འཚལ་བསྟོད། །གཡས་ཀྱི་ཕྱག་བཞི་རིམ་པ་བཞིན། །བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་དང། །དུས་གསུམ་སངས་རྒྱས་འོད་དཔག་མེད། །ལེགས་པར་བསྣམས་ལ་ཕྱག་འཚལ་བསྟོད། །གཡོན་གྱི་ཕྱག་བཞི་རིམ་པ་བཞིན། །པད་དཀར་སྤྱི་བླུགས་རིན་པོ་ཆེ། །ཐབས་ཤེས་ཟུང་འཇུག་མདའ་དང་གཞུ། །ལེགས་པར་བསྣམས་ལ་ཕྱག་འཚལ་བསྟོད། །པདྨ་ལྟ་བུའི་ཕྱག་མཐིལ་ན། །ཨུཏྤལ་འདྲ་བའི་སྤྱན་མིག་ནི། །རྒྱུ་སྐར་བཞིན་དུ་རྣམ་བཀྲ་བའི། །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །དབུ་ལ་རྒྱལ་བའི་གཙུག་རྒྱན་ཅན། །ཕྱག་ཞབས་གསེར་གྱི་གདུ་བུ་འཁྲོལ། །སྐུ་ལ་དྲི་ཞིམ་སྤོས་ངད་ལྡན། །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །སྣ་ཚོགས་དར་གྱི་ན་བཟའ་གསོལ། །རིན་ཆེན་དུ་མའི་རྒྱན་གྱིས་མཛེས། །ལྟ་བས་མི་ངོམ་མཛེས་པའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །རི་དྭགས་ལྤགས་པས་ནུ་མ་བཀབ། །ཡན་ལག་རིགས་བཞིའི་སྦྲུལ་གྱིས་བརྒྱན། །མཚན་དཔེའི་གཟི་བརྗིད་འབར་བའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །གསེར་གྱི་རི་ལྟར་མཛེས་པ་ལ། །ཅུང་ཟད་དམར་བའི་མདངས་དང་ལྡན། །ཐུགས་རྗེའི་འོད་ཟེར་འཕྲོ་བའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །ལྷ་རྒྱལ་གཙུག་གི་ནོར་བུའི་སྟེང་། །ལེགས་པར་བཞེངས་པའི་ཞབས་གཉིས་པོ། །པད་ཟླའི་སྟེང་དུ་མཛེས་པའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་རིན་པོ་ཆེ། །ཐབས་མཁས་ཐུགས་རྗེ་ལྡན་པ་ཁྱོད། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །འགྲོ་བ་ཀུན་གྱི་སྐྱབས་གནས་ཁྱེད། །སྡུག་བསྔལ་དུ་མས་གཙེས་པ་ཡི། །ཉམ་ཐག་ཕོངས་པའི་སེམས་ཅན་ལ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ལས་ངན་བསགས་པས་ལུས་ངན་བླངས། །ངན་སོང་གསུམ་དུ་ལྷུང་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །བསྡུས་པར་མོས་ན། ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་པ་རྣམས་ལ། འགྲོ་འདུལ་སྤྲུལ་པའི་ཐུབ་དྲུག་སྒོ་བ་བཞི༔ གང་ལ་གང་འདུལ་དེར་སྟོན་དཀྱིལ་འཁོར་ལྷ༔ ཆོས་ཉིད་མཉམ་རྫོགས་བྱང་ཆུབ་སེམས་ཀྱི་ཀློང༔ དམིགས་མེད་སྒྱུ་མ་ཙམ་དུ་བསྟོད་པར་བགྱི༔ ཞེས་པས་བསྟོད། བར་འདིར་འཛབ་ཀྱི་རིམ་པ་ནི། དབང་དང་སྒྲུབ་ཆེན་དམ་རྫས་ཚོགས་སྒྲུབ་དང་འབྲེལ་བའི་དགོས་ཛཔ྄་ཀྱི་དམིགས་པའི་ལྡེ་ཁ་ཟུར་དུ་གསལ་བ་ལྟར་ཉམས་སུ་བླངས་ལ། འདིར་སྤྱི་ཛཔ྄་ཙམ་དུ་བྱ་ལུགས་ལ། དང་པོ་ཛཔ྄་བསྐུལ་གསོལ་འདེབས་ནི། ཧྲཱི༔ དག་པ་ཆོས་སྐུའི་ཞིང་ཁམས་ནས༔ བཅོམ་ལྡན་རྒྱལ་བ་འོད་དཔག་མེད༔  གསུང་གི་ཐུགས་དམ་གནད་ནས་བསྐུལ༔ གྲགས་སྟོང་རྡོ་རྗེའི་རང་གདངས་སྒྱུར༔ སེམས་ཅན་རྣམས་ཀྱི་དོན་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཤམ་བུ་དང་སྔགས་རིགས་འགྲེ་བས། ཡེ་ཤེས་ལྔ་ཡི་འོད་ཀློང་ནས༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་ལྔ༔ ༴༴ འགྲོ་དོན་ཐུགས་རྗེའི་ཕོ་བྲང་ནས༔ སྤྲུལ་པ་ཐུབ་པ་རྣམ་པ་དྲུག༔ ༴༴ འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ནས༔ ཆོས་ཀྱི་རྒྱལ་པོ་སྤྲུལ་པའི་སྐུ༔ ༴༴ པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་ཆེན་པོ་རྗེ་འབངས་རྣམས༔ ༴༴ བདེ་ཆེན་མཆོག་གི་འཁོར་ལོ་རུ༔ ཨོ་རྒྱན་གསུང་སྤྲུལ་ཆོས་ཀྱི་བདག༔ ༴༴ སྣང་སྟོང་ཐིག་ལེའི་གཞལ་ཡས་ནས༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ༴༴ བདེ་སྟོང་མཁའ་དབྱིངས་གཞལ་ཡས་ནས༔ ཡེ་ཤེས་དྷཱ་ཀིའི་ལྷ་ཚོགས་རྣམས༔ ༴༴ ཟུང་འཇུག་དབུ་མའི་གཞལ་ཡས་ནས༔ ཐུགས་རྗེ་མཆོག་གི་དཀྱིལ་འཁོར་རྣམས༔ ༴༴ ཕྲིན་ལས་ལྷུན་གྲུབ་གཞལ་ཡས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས༔ ༴༴ ཞེས་པས་གསུང་གི་ཐུགས་དམ་བསྐུལ་ཕྱིར་གདུང་ཤུགས་དྲག་པོ་བྱས་པའི་མཐར། ཛཔ྄་དམིགས་ནི། འཕགས་པའི་ཐུགས་ཀར་འདབ་དྲུག་ལྟེ་བར་ཧྲཱི༔ འདབ་མ་རྣམས་ལ་ཡང་སྙིང་ཡི་གེ་དྲུག༔ རང་གདངས་རྡོ་རྗེའི་སྔགས་ཀྱི་སྒྲ་དབྱངས་ནི༔ བུང་བ་ཚང་ཞིག་ཚུལ་དུ་སྒྲོག་པར་བསྒོམ༔ ཞེས་དམིགས་པའི་གནད་དང་ལྡན་པའི་ཛཔ྄་དབྱངས་ཀྱི་བརྡའི་བྱེ་བྲག་རྣམ་པ་མང་ཡང་རྒྱུན་ཁྱེར་རང་གདངས་རྡོ་རྗེའི་སྒྲ་དབྱངས་བུང་བ་ཚང་ཞིག་ལྟ་བུའི་ལམ་ནས་དྲངས་པའི། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པ་གཙོ་བོར་བཟླ་ཞིང་། སྒྲུབ་ཆེན་སོགས་ཀྱི་སྐབས་སམ་རང་བཞིན་སྤྲོས་པ་ལ་དགའ་ན། གཏེར་གཞུང་ལས། དམིགས་པའི་ལྡེ་ཁ་ཟུར་དུ་གསལ༔ ཞེས་གསུངས་པས། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རང་ཉིད་འཕགས་པའི་ཐུགས་ཀ་རུ༔ པད་འདབ་ལྟེ་བར་ཡི་གེ་ཧྲཱི༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་རྣམས་ཀྱི་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ཤར་གྱི་པད་སྟེང་དུ༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི༔ དཀར་པོ་རིན་ཆེན་རྒྱུད་མང་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཨོཾ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ཤར་ལྷོའི་པད་སྟེང་དུ༔ ལྷ་མིན་ཐུབ་པ་ཐགས་བཟང་རིས༔ སྐུ་མདོག་སྔོན་པོ་གོ་ཆ་འཛིན༔ ཐུགས་ཀར་ས་བོན་ཡི་གེ་མ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ལྷོ་ནུབ་པད་འདབ་སྟེང༔ མི་ཡི་སྟོན་པ་ཤཱཀ་ཐུབ་སེར༔ ཕྱག་ན་གསེག་ཤང་པར་བུ་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཎི༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ནུབ་ཀྱི་པད་སྟེང་དུ༔ བྱོལ་སོང་ཐུབ་པ་སེང་རབ་བརྟན༔ ཕྱག་ན་དམ་ཆོས་པུསྟི་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་པད༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ནུབ་བྱང་པད་སྟེང་དུ༔ ཡི་དྭགས་ཐུབ་པ་ཁ་འབར་དམར༔ ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་མེ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་བྱང་ཤར་པད་སྟེང་དུ༔ གཤིན་རྗེའི་ཐུབ་པ་ཆོས་རྒྱལ་ནག༔ ཕྱག་ན་མེ་ཆུ་སྲིད་འཁོར་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཤར་སྒོར་ཞི་བའི་ལས་མཛད་པའི༔ བྱམས་པ་ཚད་མེད་མི་གཡོ་མགོན༔ སྐུ་མདོག་དཀར་པོ་རལ་གྲི་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཛ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལྷོ་སྒོར་རྒྱས་པའི་ལས་མཛད་པའི༔ སྙིང་རྗེ་ཆེན་པོ་གཤིན་རྗེ་གཤེད༔ སྐུ་མདོག་སེར་པོ་བེ་ཅོན་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ནུབ་སྒོར་དབང་གི་ལས་མཛད་པའི༔ དགའ་བ་ཚད་མེད་རྟ་མགྲིན་རྒྱལ༔ དམར་པོ་ཕྱག་ན་པད་དབྱུག་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་བཾ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བྱང་སྒོར་ལས་རབ་རྫོགས་པའི་སྐུ༔ བཏང་སྙོམས་ལ་གནས་རྣམ་པར་འཇོམས༔ ལྗང་སྔོན་ཕྱག་ན་རྒྱ་གྲམ་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཧོ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གདུལ་བྱ་འགྲོ་དྲུག །འདུལ་བྱེད་ཐུབ་དྲུག །སྦྱང་གཞི་དང་སྦྱོང་བྱེད་གཉིས་ཀྱི་ཡི་གེ་ཐུགས་རྗེའི་ཟེར་ཐག །སྦྱངས་འབྲས་ཕྱིན་དྲུག་གི་ལམ་ལ་བཀོད་པའི་དམིགས་པའི་ཁྱེར་སོ་དང་བཅས་ཏེ་ཛཔ྄་རྣམས་དབྱངས་ཀྱི་རྟ་ལ་དྲངས་ཞིང་བསྙེན་པ་ཁོ་ན་འགྲོ་རིང་བྱ་བའི་ཚེ་ན་ནི་ཤུབ་བུར་བཟླའོ། །ཚོགས་ཀྱི་མཆོད་པ་ནི་ཐབས་དང་ཤེས་རབ་ཀྱི་རྫས་སུ་གྱུར་པའི་ཁ་ན་མ་ཐོ་བ་མེད་པའི་འདོད་ཡོན་རྣམས་མངོན་པར་འདུ་བྱས་ཏེ། བདུད་རྩིས་བསང་གཏོར་བྱས་ལ་ཏིང་ངེ་འཛིན་གྱིས་བརླབ་ཚིག་ནི། ཧཱུྃ༔ ཚོགས་གཞོང་པདྨ་ཡངས་པའི་ནང༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ གཞན་ཡང་འདོད་ཡོན་བསམ་མི་ཁྱབ༔ ནམ་མཁའ་ས་གཞི་བར་སྣང་གང༔ ཚོགས་ཀྱང་འོད་ཕུང་ལྡེམས་སེ་ལྡེམ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ ལྷུན་རྫོགས་ཚོགས་ཀྱི་མཆོད་པ་བཞེས༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་ལས་ཀྱི་རྒྱལ་ཐེབས་བདེ་བ་ཡུམ་གྱི་ཏིང་ངེ་འཛིན་གྱིས་བཟའ་བ་དང་བཏུང་བ་བསྣོལ་མར་དཀྱིལ་འཁོར་པ་དང་སློབ་དཔོན་མཆེད་དང་ལྕམ་དྲལ་ལ་སྟོབ་བཞིན་པས། ཐབས་ཤེས་རྡོ་རྗེ་པདྨོར་མཉམ་སྦྱོར་བ༔ བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོའི་སྤྲིན༔ ཟག་མེད་ཚོགས་ཀྱི་འཁོར་ལོའི་འདུ་བ་རུ༔ རིག་འཛིན་འདུས་པའི་ཚོགས་རྣམས་དགྱེས་དགུར་རོལ༔ ཅེས་དྲང་། ལེན་པ་པོས་ཀྱང་། ཨ་ལ་ལ་ཧོ༔ ཞེས་སྟོང་ཉིད་དཔའ་བོའི་ང་རྒྱལ་གྱིས་ཟག་པ་མེད་པའི་བདེ་བ་ལ་རོལ་པའི་འདུན་པས་འཁྱུད་རྒྱ་དང་བཅས་པས་ལེན། འདུ་ཤེས་གསུམ་ལྡན་གྱིས་འདོད་ཡོན་ལ་རོལ་པའི་ལྷག་མ་རྣམས་གཅིག་ཏུ་བསྡུས་པ་རྡོ་རྗེ་སློབ་དཔོན་གྱིས་བདུད་རྩིའི་ཁ་ཕྲུས་སྦགས། ཕེཾ་གྱི་སྒྲ་དང་བཤུགས་པའི་སྒྲས་ལྷག་དབང་རྣམས་བོས་ལ། ཧཱུྃ༔ ལྷག་ལ་དབང་བའི་མཁའ་འགྲོ་རྣམས༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ རྐྱེན་ཟློག་དགྲ་ཐུལ་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུཙྪིཥྚ་བྷཀྵེ་བྷྱཿསྭཱ་ཧཱ་ས་བསྔོ། ཅང་ཏེའུ་སོགས་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་དབྱིངས་དང་ཡེ་ཤེས་པའི་དཀྱིལ་འཁོར་རྣམས་ཐུགས་དམ་ཐུགས་རྗེ་བསྐུལ་བ་ནི། ཧྲཱི༔ ཐུགས་རྗེ་མཆོག་གི་དཀྱིལ་འཁོར་ནས༔ བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས༔ འགྲོ་དོན་ཐུགས་དམ་གནད་ནས་སྐུལ༔ འགྲོ་དྲུག་སེམས་ཅན་དོན་མཛོད་ཅིག༔ ཐུགས་རྗེ་ཐུབ་ཆེན་རྣམ་དྲུག་རྣམས༔ འགྲོ་དྲུག་སེམས་ཅན་འདུལ་དུས་བབ༔ འཕོ་ལྟུང་འཐབ་རྩོད་སྐྱེ་རྒ་འཆི༔ བཀོལ་སྤྱོད་བཀྲེས་སྐོམ་ཚ་གྲང་གི༔ སྡུག་བསྔལ་བདེ་བ་ཆེན་པོར་སྒྲོལ༔ ཕ་རོལ་ཕྱིན་དྲུག་ས་ཐོབ་མཛོད༔ གཞལ་ཡས་སྲུང་བའི་སྒོ་བ་བཞིས༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཛོད༔ བར་འདིར་བཀའ་སྲུང་དང་གཏེར་སྲུང་སོ་སོའི་གསོལ་ཀ་བྱ་ཞིང་། དེ་རྣམས་ཀྱི་གཏོར་མ་དང་། ཆད་མདོའི་གཏོར་མ་ཟུར་དུ་ཡོད་ན་ཅུང་ཟད་སྤགས་ཏེ་སྨན་རཀ་གིས་བྲན་ལ་སྔོན་གྱི་ཕྱི་ཚིག་ཆད་མདོ་བྱས་པ་བསྒྲག་པ་ནི། ཧྲཱི༔ སྔོན་ཚེ་འདས་དུས་ནུབ་ཕྱོགས་བདེ་ཅན་དུ༔ ཆོས་སྐུ་ལྷུན་གྲུབ་འོད་དཔག་མེད་པ་ཡིས༔ རང་སྣང་རྣམ་དག་འདུས་པའི་ཚོམ་བུ་ལ༔ ངག་ཏུ་མ་བཏོན་དགོངས་བརྒྱུད་བསྟན་པའི་ཚེ༔ རིག་རྩལ་འཆར་སྒོའི་བཀའ་སྲུང་རྒྱ་མཚོ་ཡིས༔ གཟོད་མའི་ཀློང་ནས་འདར་མེད་དམ་བཅས་བཞིན༔ འོད་གསལ་འཕྲོ་འདུའི་གཏོར་མ་འདི་ལོངས་ལ༔ ཤར་གྲོལ་དུས་མཉམ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་བར་མ་རྒྱ་མཚོ་ཆེན་པོའི་རུམ༔ ལོངས་སྤྱོད་རྫོགས་པ་སྤྱན་རས་གཟིགས་དབང་གིས༔ བདུད་རྩིའི་སྤྲིན་གྱིས་ཀླུ་ཚོགས་བཏུལ་པའི་ཚེ༔ ཀླུ་ཡི་རིག་འཛིན་ཚོམ་བུར་བཅས་པ་རྣམས༔ ཟག་བཅས་མི་སྣང་འོད་སྐུར་གྲོལ་བའི་ཚེ༔ དམ་བཅས་དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས༔ དམ་ཚིག་རྫས་ཀྱི་གཏོར་མ་འདི་ལོངས་ལ༔ སྔོན་གྱི་དམ་བཅས་ཕྲིན་ལས་སྒྲུབ་པར་མཛོད༔ དེ་འོག་མཐའ་མ་ར་སའི་གཙུག་ལག་ཁང༔ འཕྲུལ་སྣང་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་རུ༔ ཆོས་རྒྱལ་སློབ་དཔོན་དབྱེར་མེད་ལྷ་སྲས་བཅས༔ ཐུགས་རྗེ་རོལ་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་སྲུང་སོ་སོས་ཇི་ལྟར་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབ་པར་མཛོད༔ སུམ་ཅུ་ཁ་རལ་དྲག་སྤྱོད་རྩོད་པའི་དུས༔ ཀོང་ཡུལ་ལྗོན་པའི་བུ་ཆུ་གཏེར་ཁང་ནས༔ པདྨའི་གསུང་སྤྲུལ་ཆོས་རྗེ་གླིང་པ་ཡིས༔ ཡིད་བཞིན་འོད་མཆོག་གདམས་པ་བཏོན་པའི་ཚེ༔ རྫོང་བཙན་ལ་སོགས་ཕྱི་ཡི་བཀའ་སྲུང་དང༔ དེ་མོ་ལ་སོགས་ནང་གི་བཀའ་སྲུང་དང༔ རྡོར་ལེགས་ལ་སོགས་གསང་བའི་བཀའ་སྲུང་གིས༔ རང་རང་གཟུགས་བསྟན་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་དེ་གཏོར་མ་གཙང་སར་འབུལ། བརྟན་མའི་གཏོར་མར་རཀྟས་གཏོར་སྣོད་རྣམས་བཤལ་བའི་ཆབ་ཀྱིས་བྲན་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཧྲཱི༔ འཕགས་མཆོག་འདུལ་ཞིང་སྤུ་རྒྱལ་བོད་ཀྱི་ཡུལ༔ བདེ་བར་སྐྱོང་མཛད་སྨན་བཙུན་བརྟན་མའི་ཚོགས༔ ལྷ་མོ་དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་རྡོ་རྗེ་གཡུ་བུན་མ༔ མེ་ཏོག་ཟླ་བའི་འོད་དང་བྱང་ཆུབ་རྒྱལ༔ གསེར་གྱི་ཐང་མང་ཀུན་བཟང་ཞི་བ་མ༔ ཀླུ་མོ་གཟི་འབར་འཁོར་དང་ཡང་གཡོག་རྣམས༔ ཆིབས་སུ་ཤ་བ་འབྲོང་དང་རྐྱང་ལ་འཆིབ༔ དར་གྱི་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ དགུང་སྔོན་དབྱིངས་དང་གཡའ་རི་གངས་ཁྲོད་དང༔ སྨན་ལྗོངས་ནགས་ཚལ་སོ་སོའི་གནས་ནས་གཤེགས༔ སྔོན་ཚེ་ཆོས་རྒྱལ་པདྨའི་སྤྱན་སྔ་རུ༔ དམ་བཅས་བཞིན་དུ་གཏོར་མཆོད་བཤལ་ཆུ་བཞེས༔ བོད་ཡུལ་སྤྱི་དང་ཁྱད་པར་སྦས་པའི་ཡུལ༔ སྣོད་བཅུད་ཀུན་བདེ་ཟབ་མོའི་ཆོས་རྣམས་སྤེལ༔ གང་གསོལ་ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་ས་མ་ཡ་ཧཱུྃ༔ ཞེས་པས་དབུལ། སྒྲུབ་པ་དང་འབྲེལ་ན་རྟ་བྲོ་འང་བྱ། མཐའ་རྒྱས་དང་འབྲེལ་བར་གཏེར་གཞུང་ལས། རྒྱས་པར་གཞན་དོན་དབང་བསྐུར་ཇི་ལྟ་འམ༔ དེ་ལས་བསྡུས་པར་ཏིང་འཛིན་སྤྲོ་བསྡུས་ལེན༔ ཞེས་པས་གཞི་དུས་སུ་ཡོད་པའི་དབང་གི་ས་བོན་དེ་ཉིད་རྒྱུ་དུས་ཀྱི་དབང་གིས་སད་པར་བྱས་ཏེ་དབང་དོན་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པས། འབྲས་དུས་ཀྱི་དབང་བཞིའི་ཡེ་ཤེས་སྒྲིབ་བྲལ་དུ་རྟོགས་པའི་ཆེད་དུ་བདག་འཇུག་གམ་ལམ་དབང་ལེན་པ་ནི་རང་རྒྱུད་ལ་ཡོད་པའི་སྔགས་སྡོམ་མི་ཉམས་ཤིང་གོང་འཕེལ་དུ་བྱ་ཕྱིར་སྤྲོས་པ་ལ་དགའ་ན་གཞན་དོན་དབང་བསྐུར་ཇི་བཞིན་པས་བླང་བའམ། མདོར་བསྡུ་ན་བླ་མའི་རྣལ་འབྱོར་གྱི་སྐབས་ལྟར་ཏིང་འཛིན་སྤྲོ་བསྡུས་ལེན་ཞིང་དབང་དུས་སུ་སྐྱེས་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་ནི་དབང་གི་དགོས་དོན་ནོ། །སླར་ཡང་དཀྱིལ་འཁོར་པ་རྣམས་ལ་སྔགས་ཙམ་གྱིས་མཆོད། ཡི་གེ་བརྒྱ་པ་ལན་གསུམ་བཟླ་བས་ཆོ་གའི་ཁ་བསྐང་ཞིང་། མ་འབྱོར་པ་དང་ཉམས་པ་དང་། །ཞེས་ཤོ་ལོ་ཀ་གཉིས་ཀྱིས་ནོངས་པ་འཆགས། དགེ་བ་བསྔོ་བ་ནི། འཕགས་པའི་དཀྱིལ་འཁོར་ཆེན་པོ་རུ༔ བདག་གཞན་སྨིན་གྲོལ་ཞུགས་པ་དེས༔ འགྲོ་ཀུན་ཐུགས་རྗེའི་དཀྱིལ་འཁོར་པར༔ ད་ལྟ་ཉིད་དུ་ཡོངས་གྲོལ་ཤོག༔ ཤིས་པའི་མེ་ཏོག་ཀུན་ཏུ་ཁྱབ་པར་འཐོར་བ་དང་བཅས་ཏེ། ཧཱུྃ༔ འདུས་པ་ཡོངས་ཀྱི་གཙོ་མཆོག་སྤྱན་རས་གཟིགས༔ འགྲོ་འདུལ་ཕྲིན་ལས་ཐུབ་དྲུག་སྒོ་བ་བཞི༔ སྐྱབས་གནས་དཀོན་མཆོག་ཚོགས་ཞིང་ཐམས་ཅད་ཀྱི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ གཞན་ཡང་བཀྲ་ཤིས་པའི་ཚིག་ཇི་ལྟར་འོས་པས་བརྒྱན་ཅིང་། རྟག་པའི་མཐའ་བསལ་ཕྱིར་རྫོགས་རིམ་དུ་བསྡུ་བ་ནི། གཞལ་ཡས་ལྷ་ཀུན་མཁའ་ལ་འཇའ་བཞིན་དུ༔ དབྱིངས་ནས་ཤར་ཞིང་སླར་ཡང་དབྱིངས་སུ་ཐིམ༔ མ་བཅོས་ཅོག་གཞག་ཡིད་དཔྱོད་འཛིན་སྟངས་གཞིག༔ ཅེས་པས་སྟོང་ཉིད་ཀྱི་རྩལ་མདངས་དཀྱིལ་འཁོར་གྱི་སྒྱུ་འཕྲུལ་སྟོང་ཆེན་གྱི་ངང་དུ་བསྡུ་ཞིང་ཡིད་དཔྱོད་འཛིན་མེད་ཀྱི་ཀློང་དུ་ཆམ་བསྐྱུར་དུ་བཞག་ནས་སླར་ཡང་ཆད་པའི་མཐར་ལྷུང་བ་སེལ་ཕྱིར། སྟོང་པའི་གདངས་འགྲོ་ལ་བརྩེ་བའི་སྙིང་རྗེས་སྒྱུ་མ་ལྟ་བུར་རྗེས་ཐོབ་ཀྱི་ལྷར་ལྡང་སྟེ། དེ་ཡི་ངང་ལས་འགྲོ་དོན་བྱམས་པའི་སྤྲིན༔ གང་འདུལ་དེར་སྟོན་དཀྱིལ་འཁོར་ལྷ་རུ་ལྡང༔ ཞེས་དེའི་ངང་ལས་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་པའི་ལས་ལ་འཇུག་གོ །དེ་ལྟར་ཡང་གཏེར་གཞུང་ལས། དེ་ལྟར་ནང་གི་སྒྲུབ་ཐབས་ནི༔ སྤྲོས་བཅས་བསྐྱེད་རིམ་ཛཔ྄་དབྱངས་གྱེར༔ བདག་གི་དོན་དང་གཞན་དོན་ཕྱིར༔ མཚན་མའི་དཀྱིལ་འཁོར་དམ་རྫས་ཀྱི༔ ཚོགས་དང་བཅས་ཏེ་བསྒྲུབས་ན་ལེགས༔ དངོས་ཉམས་རྨི་ལམ་ཐམས་ཅད་དུ༔ ལྷ་ཡི་བྱིན་རླབས་རྟགས་མཚན་འབྱུང༔ ཞེས་གསུངས་སོ། །རབ་འབྱམས་ཐུགས་རྗེ་རྒྱལ་བའི་འོ་མའི་མཚོ། །འགྲོ་དོན་ཐུགས་རྗེ་རླབས་ཆེན་གཡོས་པ་ལས། །སྤྱན་རས་གཟིགས་དབང་ཟླ་འོད་རྒྱས་པའི་ཞལ། །ལུས་ཅན་ཀུནྡའི་གཉེན་པོ་ཁྱོད་ལས་སུ། །གང་གི་གསང་གསུམ་དགའ་བའི་ཚལ་ཆེན་པོར། །འཇུག་ངོགས་བསྐྱེད་དང་རྫོགས་པའི་ལམ་པོ་ཆེ། །ཀུན་ནས་གསལ་བྱེད་ལས་གཞུང་ཉིན་མོར་བྱེད། །འདྲེན་པའི་ཤིང་རྟ་ཆོས་རྗེ་གླིང་པ་ཡིན། །དེ་ལྟའི་དགེ་ཚོགས་ཀཻ་ལ་ཤའི་ངོགས་ལས། ལེགས་འབབས་འཆད་པ་མེད་པ་པཀྵུའི་རྒྱུན། །ཟད་མེད་དབྱར་གྱི་ཀླུང་བཞིན་རབ་འཕྱུར་ཏེ། །བྱང་ཆུབ་སྤྱོད་པའི་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་འཕགས་པ་ཐུགས་རྗེ་ཆེན་པོ་ཡིད་བཞིན་འོད་མཆོག་སའི་སྙིང་པོའི་ཕྱི་ནང་གི་ཕྲིན་ལས་ཁྲིགས་ཆགས་སུ་བསྡེབས་པ་འདི་ཉིད་ཟབ་ཆོས་འདི་ཉིད་ཀྱི་གསང་མཛོད་འཛིན་པ་དྷརྨ་སྭཱ་མཱིའམ། གཞན་དུ་ན་འཛམ་གླིང་རྡོ་རྗེར་འབོད་པས་གཏེར་སྒྲུབ་ཀྱི་སྐབས་ཉམས་སུ་བླངས་བདེ་ཕྱིར་སྦས་ཡུལ་པདྨ་སྦས་པའི་ཚལ་གྱི་བྱེ་བྲག་ཐུབ་བསྟན་འོད་གསལ་གླིང་དུ་བྲིས་པས་འགྲོ་བ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).