Terdzo-TI-037

From Rinchen Terdzö

གཏོར་མ་རུ་མཚོན་གཟུང་འཛུག་རྣམས་ཀྱི་མན་ངག་ཉུང་གསལ་གོ་བདེ་

gtor ma ru mtshon gzung 'dzug rnams kyi man ngag nyung gsal go bde

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  སྨིན་གླིང་ལུགས་དམ་ཅན་བདེ་དགུའི་ཕྲིན་ལས་དངོས་གྲུབ་ཀྱི་རོལ་མཚོ་ (Smin gling lugs dam can bde dgu'i phrin las dngos grub kyi rol mtsho)
Volume 39 (ཏི) / Pages 705-728 / Folios 1a1 to 12b6

[edit]

༄༅། །གཏོར་མ་རུ་མཚོན་གཟུང་འཛུག་རྣམས་ཀྱི་མན་ངག་ཉུང་གསལ་གོ་བདེ་བཞུགས་སོ། ། ན་མོ་བཛྲ་དྷཱ་ར་ཡ། འདིར་བསྟན་པ་སྐྱོང་བའི་དམ་ཅན་ཆེན་པོ་རྣམས་དགྱེས་པར་བྱེད་པའི་ལས་ཀྱི་རིམ་པ་ཇི་སྙེད་ཅིག་སོ་སོའི་རྒྱུད་དང་སྒྲུབ་ཐབས་ཀྱི་མན་ངག་རྣམས་སུ་གསུངས་པ་ལས། སྐབས་དོན་ཉེ་བར་མཁོ་བའི་མན་ངག་འགའ་ཞིག་སྤྱིར་རིགས་འགྲེས་སྦྱར་ཆོག་པའི་དབང་དུ་བྱས་ཏེ། ལས་ཐམས་ཅད་ཀྱི་གཞི་གཏོར་མ་དང་། བསྟེན་པའི་ཆོ་ག་བཤད་པའོ། །དང་པོ་ནི། སློབ་དཔོན་ཆེན་པོས། རྟེན་པའི་གཏོར་མ་མི་ཤེས་ན། །སྣང་སྲིད་ལྷ་འདྲེ་དམ་མི་འདུ། །རྨད་བྱུང་གཏོར་མ་མི་ཤེས་ན། །ཡེ་ཤེས་མཁའ་འགྲོ་མཉེས་མི་འགྱུར། །མྱུར་མགྱོགས་གཏོར་མ་མི་ཤེས་ན། །རྦད་ཀྱང་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པས། །འདི་ལ་ལྔ་སྟེ། དབྱེ་བ། དགོས་པ། བཤམ་ཚུལ། བྱིན་གྱིས་བརླབ་ཚུལ། བཅང་ཚུལ་ལོ། །དང་པོ་ནི། རྟེན་གཏོར་སྲུང་མའི་ངོ་བོར་ཡུན་རིང་དུ་འཇོག་པ་དང་། རྟག་གཏོར་ལོ་ཟླའི་དུས་ཚིག་ངེས་པ་ཅན་གྱི་བར་སྤྱན་རྟེན་མཆོད་པའི་ཚུལ་དུ་འཇོག་པ་དང་། ཐུན་གཏོར་ལས་གསུམ་གང་གི་ཚེ་ཡང་ཆོ་གའི་ཐུན་མཚམས་བརྔན་གྱི་ཚུལ་དུ་གཏང་བའོ། །གཉིས་པ་དགོས་པ་ནི། རྟེན་གཏོར་གྱི་ཆོས་སྐྱོང་བརྟན་པར་བཞུགས་པས་བར་ཆད་མི་འབྱུང་ཞིང་ལས་བཞིའི་དངོས་གྲུབ་མྱུར། ཕོ་ཉ་དབང་དུ་འདུ། རྒྱུན་གཏོར་གྱིས་ཆོས་སྐྱོང་ལས་སྒྲུབ་ཀྱི་དཔུང་བསྐྱེད་ཅིང་འཕྲལ་འབྲས་མྱུར་དུ་འབྱིན། ཐུན་གཏོར་གྱིས་ཆོས་སྐྱོང་སྙིང་ཉེ་ཞིང་། གནས་སྐབས་ཀྱི་འདོད་འབྲས་མྱུར་དུ་འབྱིན་པའོ། ࿊ །གསུམ་པ་ཇི་ལྟར་བཤམ་ཚུལ་ལ་གསུམ། དང་པོ་རྟེན་གཏོར་གྱི་རྒྱུ་ནི། རང་ངམ་དམ་ཚིག་ཅན་ལས་བླངས་པའི་འབྲུ་ནག་ས་རྡུལ་མེད་པའི་ཟན་ལ་ཤ་ལྔ་བདུད་རྩི་ལྔ། ཟས་ནོར་འཕེལ་ཕྱིར་རིན་པོ་ཆེ་དང་འབྲུ་སྣ་ཤ་སྣ། ནད་ཞི་ཕྱིར་སྨན་སྣ་ཚོགས། དྲག་ལས་རྣོ་མྱུར་གྱི་རྫས་གྲི་ཁྲག་དང་ས་རྫས་མེ་ཏོག་གི་ཕྱེ་རྣམས་ཐལ་བ་དང་བསྲེས་ལ་ཞིང་ལྤགས་སམ། དེར་བསམ་པའི་སྣོད་དུ་བཀྲམ་པ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་མར་བྲི། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་དུ་སྤྱན་དྲངས། ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་ཡང་ཧཱུྃ་གི་བར་རིམ་པར་འོད་དུ་ཞུ། ཧཱུྃ་གི་འོད་ཟེར་བདུད་རྩིའི་རང་བཞིན་གཏོར་རྒྱུ་ལ་འདྲེས་པར་བསམ་ལ་ཡི་གེ་གསུམ་བརྒྱ་རྩ་བརྒྱད་བཟླ་འོ། །དཀར་གསུམ་མངར་གསུམ་ཅུང་ཟད་བསྲེས་པའི་མར་ཁུ་བཙགས་ཆོད་ཚིག་སླད་མེད་པ་དང་། ཆང་བཟང་པོའི་ཉིང་ཁུ་ཆོས་སྨན་བཏབ་པ་མར་ཁུའི་ལྔ་ཆ་ཙམ་དང་། ཤ་སྣ་སྙིང་སྣ་སྤོས་དང་དྲི་བཟང་སོགས་ཀྱིས་བཀྲུས་པའི་ཁྲག་གཙང་དེའི་བཞི་ཆ་ཙམ་གྱིས་འདྲེས་ཤིང་མཆེད་པར་སྦོལ་ལ་ཧ་ཅང་སྲ་བ་མ་ཡིན་པའི་ཟན་ལ། རིན་པོ་ཆེའི་པད་སྣོད་དུ་ཡི་དམ་གྱི་གཏོར་མ་ཟླུམ་བརྗིད་དམ་དཔལ་བཤོས། ལེགས་ལྡན་གྱི་གཏོར་མ་ལྕགས་མཁར་ཁ་བད་ཅན་གྱི་སྟེང་གཙོ་བོའི་བཤོས་བུ་གྲུ་གསུམ། ཧ་ཅང་མི་རྣོ་བ་དེའི་མདུན་དུ་ཡུམ་གྱི་བཤོས་བུ་གྲུ་གསུམ་རྩ་བའི་མདུན་དང་གཡས་གཡོན་དུ་གྲུ་གསུམ། རྒྱབ་ཏུ་གྲུ་གསུམ་གཡས་གཅུས། མཚམས་རྣམས་སུ་བཤོས་ཕྲན་དང་མཐེབ་ཀྱུ་བརྒྱད། ཕྱག་བཞི་པར་གཏོར་མ་སུམ་གཉིས་མན་ཟླུམ་པོ་དེ་ཡན་ཟུར་གསུམ་ཧ་ཅང་མི་རྣོ་བའི་དཔལ་གཏོར། སྔགས་སྲུང་མ་དེ་དང་འདྲ་བ་ལ་དབལ་ཁ་རྣོ་ཞིང་དོད་པ། ཞལ་བཞི་པ་རི་རབ་བང་རིམ་བཞི་པའི་སྟེང་གཙོ་བོའི་བཤོས་བུ་གྲུ་གསུམ་སྙིང་གཟུགས་མ། བང་རིམ་དང་པོའི་ཕྱོགས་བཞིར་ལས་མཁན་བཞི། བང་རིམ་གྱི་རྩ་བར་གྲུ་གསུམ་གྲངས་མེད། མ་ནིང་དང་རྣམ་སྲས་ལ་གྲུ་གསུམ་དཔུང་རོང་ཅན། ལྷ་ཆེན་ལ་རིན་པོ་ཆེའི་སྙེ་མ་ལྟ་བུ་པད་འདབ་བཞི་ལྡན། ཁྱབ་འཇུག་ལ་གཡས་གཅུས། ཞིང་སྐྱོང་མ་མོར་གྲུ་གསུམ་གྲི་དྲས་མ་རྣམས་ཁྲུ་རེ་ལས་མི་ཆུང་བར་བརྗིད་ཆགས་པར་བྱས་པའི་མཐར། སོ་སོའི་འཁོར་གྲངས་དང་མཉམ་པའི་གཏོར་ཕྲན་གཙོ་བོའི་སུམ་གཅིག་གི་ཚད་དུ་སླེབ་པའི་མཐར་མཐེབ་སྐྱུ་བཅད་ཁ་ཕྱིར་བསྟན་པ་མང་པོས་གཏོར་སྣོད་ཁེངས་ཤིང་ཕྱིར་གཞོལ་བ། མཚམས་རྣམས་ཕྱེ་མར་སླ་མོས་ལྟེམ་ཞིང་སྦྱར། བར་སྟོང་རྣམས་སུ་འབྲུ་སྣ། སྨན་སྣ། ལ་དུ། ཁུར་བ། ཆན་སོགས་ཟས་སྣ་ཚོགས་པས་བྲུམ་ཞིང་གཅེར། སྙིང་པོའི་སྲོག་ཤིང་ལྕགས་སམ། སྨྱུག་མ་སྦུ་གུ་ཅན་གྱི་ནང་དུ་སོ་སོའི་སྲོག་འཁོར་དང་གཟུངས་སྔགས་རྣམས་ཀྱི་མཐར། དུས་འདི་ནས་སྙིང་པོ་བྱང་ཆུབ་ལ་རེག་གི་བར་དུ་ཁྱོད་དང་བདག་དམ་ཚིག་གཅིག་པ་ཡིན་པས་ཁྱོད་ལ་བདག་རེ་ལྟོས་སུ་བཅའ་བས་རྟེན་འདི་ལ་དགྱེས་ཤིང་བརྟན་པར་བཞུགས་ནས། གཙུག་ལག་ཁང་གི་སྲུང་མ་དང་བསྟན་པའི་གཉེར་ཀ་མཛོད། བར་ཆད་ཐམས་ཅད་ཞི་བ་དང་། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབས། ཕྲིན་ལས་ཕྱོགས་མེད་དུ་སྤེལ། རྟེན་འབྲེལ་ལེགས་ཚོགས་སུ་སྒྲིགས། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་ཆོད། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་སྤེལ་ཚིག་ཅན་རྣམས་གསེར་རམ་མཚལ་སྣག་ཚ་གཙང་མས་བྲིས་པ་ལ་ཆོས་སྨན་དང་དྲི་བཟང་བྱུགས། ལྷར་བསྐྱེད་རབ་གནས་བྱ། ཞུ་བ་ལས་སྔགས་ཕྲེང་དུ་བསམ་ལ་མགོ་ནས་དྲིལ་ལ་དར་སྐུད་ཀྱིས་བཅིངས་ཏེ་སྲོག་ཤིང་གི་སྦུབས་སུ་དབུ་ཞབས་མ་ལོག་པར་གཞུག །དམར་རྩིས་བྱིལ་པོར་བྱུགས་ཤིང་ཕྱག་མཚན་སོགས་མར་གྱིས་བཀྲ་བས་མཛེས་པར་བྱས་ལ། གཏོར་མའི་རྩེར་ནང་རྟེན་གྱི་མདའ་དར་གསང་རྟེན་བཏགས་པ་དང་ཙཀ་ལི་མེ་ལོང་སོགས་ཀྱིས་བརྒྱན་པ་བཙུགས། ལོགས་རྣམས་སུ་ཤ་ཚར་དང་དར་ཚོན་སོགས་ཀྱིས་ཀྱང་བརྒྱན་པ་རྣམས་གཙང་ཞིང་དག་པར་བཅོས་ལ། ཆོས་སྐྱོང་རྣམས་ཀྱི་སྐུ་བྲིས་འབུར་གང་རུང་གི་མདུན་དུ་སྟེགས་བུ་མི་ལྤགས་ཀྱི་གཡང་གཞིའམ། མི་ལྤགས་བྲིས་པ་དང་། སྟག་ལྤགས་སོགས་ཀྱིས་བཀབ་པའི་ཁར་འབྲུ་སྣ་ཚོགས་བཀྲམ་པའི་སྟེང་དུ་གྲལ་སྟབས་སུ་བརྟན་པར་བསྒྲིགས། སྟེང་ནས་དར་ནག་གི་གུར་ཕུབ་ཅིང་མཐའ་ཡོལ་བས་བསྐོར་ཏེ་རྡུལ་ཙམ་གྱིས་མི་གོས་པར་བྱའོ། ࿊ །གཉིས་པ་རྟག་གཏོར་ལ་མཆོད་པ་དང་། སྐོང་བ་གཉིས་ལས། །དང་པོ་ནི། སྔར་གྱི་རྟེན་གཏོར་གྱི་མདུན་དུ་རིན་པོ་ཆེའི་པད་སྣོད་དུ་འབྲུ་ནག་གི་རྗེན་བཏགས་ཆང་གི་ཉིང་ཁུ་རཀྟ་མར་ཁུ་རྣམས་ཀྱིས་སྦྲུས་ཤིང་ཆོས་སྨན་བཏབ་པའི་ཟན་བཟང་པོ་ལ། བླ་མ་ཡི་དམ་གྱི་སྤྱི་གཏོར་ཟླུམ་བརྗིད། ལེགས་ལྡན་ལ་གྲུ་གསུམ་ལྕགས་མཁར་ཅན། མགོན་ཆེན་དང་མ་མོར་སྙིང་གཟུགས། གཏེར་མགོན་ལ་གྲུ་གསུམ་རི་རབ་མ། དཔལ་མགོན་དང་རྣམ་སྲས་ལ་གྲུ་གསུམ་དཔུང་རོང་ཅན། ལྷ་ཆེན་ལ་རིན་པོ་ཆེའི་སྙེ་མ་ལྟ་བུ་བཤོས་ཕྲན་ལྔ་པ། ཁྱབ་འཇུག་ལ་གཡས་གཅུས། ཞིང་སྐྱོང་མ་མོར་གྲུ་གསུམ། གྲངས་ཀྱི་འཁོར་དང་མཐེབ་ཀྱུས་བསྐོར། དམར་རྩིས་བྱུགས་ཤིང་མར་རྒྱན་གྱིས་བརྒྱན། ཟན་ཤ་ཆང་ཁུར་བ་ཆན་འབྲུ་ཤིང་ཐོག་སོགས་བཟའ་བཅའ་བཏུང་བ་བཟང་པོ་ཇི་སྙེད་པས་བསྐོར། དར་ཚོན་བཟང་པོའི་བ་དན་དང་གུར་གྱིས་ཀྱང་བརྒྱན། ࿊ །གཉིས་པ་སྐོང་གཏོར་ནི། དེའི་མདུན་དུ་གོང་གི་རྒྱུ་ལས་བཤོས་བུ་དམར་ནག་གྲུ་གསུམ་བཅུར་བྱས་པ་ལ་སྐོང་རྫས་རྣམས་རི་མོའམ་འབུར་དུ་བྱས་པའི་རྒྱན་གྱིས་བསྐོར། དེའི་མཐའ་གཡས་གཡོན་དུ་དེ་དག་གི་རྗེས་སུ་འབྲང་བའི་ཆོས་སྐྱོང་གཞན་རྣམས་ཀྱང་བཤམ། དེ་ཐམས་ཅད་ཀྱི་སྟེགས་བུ་གཡང་གཞི་བྲིས་པའི་ཁར་རས་སམ་གོས་དར་བཟང་པོས་བཀབ་པ་ལ་འབྲུ་སྨན་སྣ་ཚོགས་གཅལ་དུ་བཀྲམ་པའི་ཁར་སྒྲིག་པ་ཡིན་ནོ། ࿊ །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་ནི། སྐོང་གཏོར་གྱི་མདུན་དུ། གཏོར་ཟན་གཙང་མ་ལ་བླ་མ་ཡི་དམ་ཆོས་སྐྱོང་ལྕམ་དྲལ། གཏེར་བདག་དང་གཞི་བདག་སྤྱི་གཏོར་རྣམས་བཟོ་དབྱིབས་གོང་མཚུངས་དཀར་དམར་གྱི་རྒྱན་ཅན་ཚར་དུ་དངར་བ་བཤམ་མོ། །དེ་དག་གི་འཕྲོས་ལས་མཆོད་རྫས་གཞན་ནི། རྟག་གཏོར་རམ་རྒྱུན་གཏོར་གྱི་མཐའི་གཡས་ངོས་སུ་ཆང་བཟང་པོའི་སྙིང་ཁུ་ཆང་སྣ་ལྔ་དང་སྦྱར་བ་ལ་ཆོས་སྨན་བཏབ་པའི་བདུད་རྩི། གཡོན་དུ་རྩ་བ་དང་ཡན་ལག་ཏུ་བྱས་པའི་རཀྟ་ཁྲག་དང་སྦྱར་བ་ལ་ག་པུར་གུར་གུམ་སོགས་ཀྱི་དྭངས་མ་བཞུར་བའི་རཀྟ་རྣམས་ཐོད་པའི་སྣོད་བཟང་པོར་བཤམ། དེ་རྣམས་ཀྱི་མདུན་དུ་མདུན་བསྐྱེད་ཀྱི་གཡས་ནས་བརྩམ་སྟེ་ཏིང་ཕོར་སོགས་སུ་ཆུ་གཉིས་ཉེར་སྤྱོད། གཡོན་ནས་བརྩམ་སྟེ་ཐོད་པའམ་ལྕགས་སྣོད་དུ་ཁྲག་གཙང་སྨན་ཕབས་ཀྱིས་སྦགས་པའི་མཆོད་ཡོན། དུག་སྣ་དང་ཁྲག་སྣ་མྱོས་བྱེད་དང་སྦྱར་བའི་ཞབས་བསིལ། ཟན་ལ་མིའི་སྙིང་གཟུགས་སྙིང་པོར་བྱས་པའི་ལྕེ་དང་སྣ་གཉིས་སྟེང་དུ་བརྩེགས་པའི་གཡས་གཡོན་གཉིས་སུ་མིག་དང་རྣ་བའི་གཟུགས་རྣམས་ཚོན་གྱིས་བསྒྱུར་ཞིང་དངོས་ཉམས་དོད་པར་བྱས་པའི་དབང་པོའི་མེ་ཏོག་འབྲུ་ནག་གི་ཚོམ་བུར་བཙུགས་པ། གུ་གུལ་ཚིལ་ཆེན་སྒོག་སྐྱ་བཙན་དུག་རཀྟ་རྣམས་རེང་བུ་ལ་སྦྱར་བའི་བདུག་སྤོས། མིའི་རྐང་མར་ཚིལ་ཞུན་འབྲུ་མར་དང་སྦྱར་བ་རོ་རས་ཀྱི་སྡོང་བུ་ལ་སྦར་བའི་མར་མེ། མཁྲིས་ཆེན་བདུད་རྩི་ལྔ་དང་སྦྱར་བའི་དྲི་ཆབ། ཤ་དང་རུས་པ་སྣ་ཚོགས་ཀྱི་ཕྱེ་མ་སྤོད་ཀྱིས་བྲན་པ་རཀྟས་སྦྲུས་པའི་དཔལ་གྱི་ཞལ་ཟས་གྲུ་གསུམ་རྣམས་ཕྲེང་བར་སྤེལ་ཏེ་བཀོད། དེ་དག་ནི་བཤམས་པའི་ཚུལ་ལོ། ࿊ །བཞི་པ་བྱིན་གྱིས་བརླབ་པ་ལ། རྟེན་གཏོར་རྟག་གཏོར་ཐུན་གཏོར་གསུམ་ལས། དང་པོ་ནི། བདག་བསྐྱེད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས་གུ་གུལ་གྱིས་བདུག་ཅིང་བགེགས་སྦྱང་། ཡིག་བརྒྱས་བསྒྲུབས་པའི་ཁྲུས་ཆུའམ་ལས་བུམ་གྱི་ཆུས་ཁྲུས་གསོལ་ཏེ་དག་པར་བྱ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གཏོར་མའི་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་དག་པར་བྱས། མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་དབུས་སུ་ཨ་ལས་ལས་བཞིའི་ཀ་པཱ་ལ་བཞི་རིམ་ཡངས་ཤིང་རྒྱ་ཆེ་བའི་ནང་མ་གྲུ་གསུམ་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་དང་ལྔར་ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ་ལས་བ་གླང་ཁྱི་གླང་པོ་རྟ་མིའི་ཤ་རྣམས་ལ་ཡི་གེ་དེ་དག་གིས་མཚན་པ། མེ་ནས་བརྩམ་སྟེ་མཚམས་བཞི་དང་དབུས་སུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་དྲི་ཆེན་རཀྟ་བྱང་སེམས་དཀར་དམར་དྲི་ཆུ་རྣམས་ས་བོན་དེ་དག་གིས་མཚན་པའི་མཐར། བཟའ་བ་དང་བཅའ་བ་དང་བཏུང་བ་དང་མྱང་བ་དང་བལྡག་གཞིབ་སོགས་འདོད་པའི་ལོངས་སྤྱོད་མཐའ་ཡས་པས་ཡོངས་སུ་བསྐོར་བ། དེའི་སྟེང་དུ་ཧཱུྃ་སྔོན་པོ། ཨཱཿདམར་པོ། ཨོཾ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས། ཨོཾ་ཨཱཿཧཱུྃ། གསུམ་བརྗོད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བས་རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་ཆེར་འཕེལ། ནང་ནས་རིམ་བཞིན་ཐོད་པའི་སྣོད་གང་བས་ནམ་མཁའི་མཐའ་དང་མཉམ་པར་གྱུར། རླངས་པ་གྱེན་དུ་སོང་བས་ཡི་གེ་གསུམ་ལ་ཕོག །དེ་ལས་བྱུང་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གའི་རྣམ་པ་ཅན་དུ་སྤྱན་དྲངས་ནས་ཡི་གེ་གསུམ་ལ་ཐིམ། དེ་གསུམ་ཡང་ཨོཾ་ནས་རིམ་པར་ཞུ་བ་དམ་ཚིག་གི་རྫས་ལ་ཐིམ་པས་རོ་གཅིག་ཏུ་གྱུར། ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཕྲིན་ལས་བཞིའི་རོལ་པར་འཆར་བའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་ཕུང་འཕྲོ་བར་བསམ་ལ། རྟེན་གཏོར་ལ་གཏད་པའི་གཟུངས་ཐག་ལ་འཇུས་ཏེ་གཏོར་མ་བྱིན་བརླབ་ཀྱི་སྔགས་བརྒྱ་རྩ་སོགས་བརྗོད། དེ་ནས་རྟེན་གཏོར་ཟག་མེད་བདུད་རྩིར་གྱུར་པའི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་པདྨའི་སྡོང་བུ་ཡལ་ག་ལོ་འདབ་ཕུན་སུམ་ཚོགས་པ་སྟོང་གསུམ་གྱི་ཁྱོན་གང་བའི་ཟེའུ་འབྲུར། གཏོར་མ་གང་ཡིན་དེའི་རྩ་བའི་ལྷ་གཙོ་བོ་དང་། འདབ་མར་འཁོར་རྣམས་སོ་སོའི་ཆོ་ག་བཞིན་བསྐྱེད་པའི་སྟེང་དུ་བླ་མ་ཡི་དམ། མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ། འོག་གི་གཞིར་ཕོ་ཉ་ལས་བྱེད་དུ་མའི་ཚོགས་ཀྱིས་བསྐོར་བ་ཐམས་ཅད་གཏོར་མ་ལ་གཟིགས་ཤིང་། ཐུགས་ཀྱི་དགོངས་པ་གཞན་དུ་མི་གཡོ་བར་དགྱེས་ཤིང་ཆགས་པའི་ཚུལ་གྱིས་བཞུགས་པར་བསམ་ལ་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲང་། མཆོད་ཅིང་བསྟོད་པ་རྣམས་དངོས་གྲུབ་རོལ་མཚོ་བཞིན་བྱས་ལ། གཏོར་མ་དང་གཟུངས་ཐག་གིས་སྦྲེལ་ལ། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་རང་རང་གི་སྲོག་སྔགས་སོགས་དམིགས་པ་གསལ་བས་སོ་སོའི་སྔགས་ཅི་ནུས་བཟླས་ལ་མཆོད། དེ་ནས་སྙིང་པོའི་ལྷ་ཐམས་ཅད་ཨོཾ་ཧ་ཧ་སི་སི་ཀུ་རུ་བཛྲ་དྷྲྀཀ྄ །ཅེས་སྙོམས་པར་ཞུགས་ཤིང་རྗེས་ཆགས་ཀྱི་རོལ་པ་ཆེན་པོས་དགྱེས་པར་གྱུར་པའི་དགའ་བའི་སྒྲ་དང་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། མཁའ་གསང་ལས་བདུད་རྩི་དཀར་དམར་གྱི་རྣམ་པས་ཐོན་ནས་གཏོར་མའི་བདུད་རྩི་ལ་ཐིམ་པས་ལྷ་རྣམས་དགྱེས་ཤིང་ཚིམ་བྱེད་ཀྱི་བདུད་རྩི་རྨད་བྱུང་གི་གཏོར་མར་བསམ། རྒྱུ་འབྲས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་སྟོང་པ་ཉིད་དུ་རོ་གཅིག་པ་ལ་མཉམ་པར་བཞག་སྟེ། དེ་ནས་ལྷར་ཤར་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་རྟེན་གཏོར་སྟེང་གི་ལྷའི་ཐུགས་ཀའི་ས་བོན་ལ་ཐིམ། དེ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པའི་དམིགས་པ་ལྷ་རེ་རེ་བཞིན་སྦྱར་ཞིང་སོ་སོའི་སྔགས་བཟླ་འོ། །དེ་ནས་གཏོར་མའི་སྟེང་གི་ལྷ་ཚོགས་རང་རང་གི་ཐུགས་ཀ་ནས་དཔའ་བོ་དང་དཔའ་མོ་དཔག་མེད་སྤྲོས་པ་སྙོམས་འཇུག་གི་རོལ་པས་བདེ་བ་ཆེན་པོར་རོ་གཅིག་ཏུ་འདྲེས་པར་བསམ་མོ། །དེ་ནས་རང་གི་ས་བོན་འོད་ཀྱིས་མདུན་གྱི་ལྷའི་ས་བོན་རང་སྒྲ་དང་བཅས་པ་བཀུག་ནས་རང་གི་ས་བོན་གྱི་ཞབས་སུ་ཐིམ་པར་བསམ་ཞིང་སོ་སོའི་སྔགས་ཀྱི་བཟླས་པ་བྱའོ། །འདི་དག་ནི་བརྟེན་ཐབས་བཞིའི་གནད་ཡིན་ནོ། །དེ་ནས་རྟེན་གཏོར་སྟེང་གི་མགྲོན་ཐབས་ཀྱི་ལྷ་རྣམས་རང་ལ་བསྟིམ། རྩ་བའི་ལྷ་དང་པདྨའི་སྡོང་བུ་རྣམས་འོད་དུ་ཞུ་ནས་གཏོར་རྫས་ལ་ཐིམ་པར་དམིགས་ཤིང་འདྲེས་པའི་ཁ་ཟླ་བའི་དཀྱིལ་འཁོར་གྱིས་བཀབ་པར་བསམ་ཞིང་རྟེན་གཏོར་རང་འཛུག་དུས་བྱིན་གྱིས་བརླབ་པའི་དམིགས་པ་འདི་ཁོ་ན་ཡིན་ནོ། །ཆོ་ག་རྒྱུན་གྱི་ཚེ་ན་བྲིས་འབུར་གྱི་སྐུ་དང་གཏོར་མ་གཉིས་ལྷར་བསྐྱེད་པ་ལ་མཆོད་བསྟོད་བྱེད་པ་ཡིན་ནོ། ࿊ །གཉིས་པ་རྟག་གཏོར་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་སོགས་ནས་སྔགས་ཀྱི་བྱིན་གྱིས་བརླབ་པའི་བར་ཕྲིན་ལས་ཀྱི་དཀྱུས་བཞིན་ལ། ཁྱད་པར་སླར་ཡང་ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་གོང་གི་རྟེན་གཏོར་གྱི་ཕྱོགས་བཞིར་རྡོ་རྗེའི་ཝ་ཆེན་བཞི་སྦུ་གུ་ཐུར་དུ་འཕྱང་བ་ལས་བདུད་རྩིའི་རྒྱུན་ནར་འཛག་པས་རྟག་གཏོར་གྱི་བདུད་རྩི་དང་འདྲེས་ནས་རོ་གཅིག་ཏུ་གྱུར་པས་གང་བར་བསམ་ཞིང་། སླར་ཡང་སྦུ་གུ་རྣམས་ཟླ་བའི་དཀྱིལ་འཁོར་གྱིས་བཀག་པར་བསམ་མོ། །དམིགས་པའི་ཁྱད་པར་འདི་ནི་རྟག་གཏོར་འཛུགས་པའི་དུས་ཀྱི་དམིགས་པ་ཡིན། རྒྱུན་དུ་ནི་སྤྱི་ཁྱབ་ཁོ་ནས་ཆོག་གོ ࿊ །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་བྱིན་གྱིས་བརླབ་པ་ནི། ཕྲིན་ལས་ཀྱི་ཆོ་གའི་དཀྱུས་སུ་བཀོད་པ་དེ་ཀས་ཆོག་གོ །ཁྱད་པར་ཐུན་མཐར་གཏོར་མ་སྐྱོང་བའི་ཚེ། རང་གི་ཐུགས་ཀ་ནས་ཕོ་ཉ་གྲངས་མེད་པར་སྤྲོས་པས་དམིགས་བྱ་གཏོར་མའི་སྟེང་དུ་བཀུག་པར་མོས་ལ་དགུག་གཞུག་དྲག་པོ་བྱ། དེ་ནས་རང་གི་ཐུགས་ཀ་ནས་ཛ་ཡིག་དམར་པོ་རྣོ་ལ་ཚ་བ་གཅིག་འཕྲོས་དམིགས་བྱའི་བཤང་སྒོར་ཞུགས། སྙིང་གར་སླེབ་པ་ན་གནམ་ལྕགས་ཀྱི་འཁོར་ལོ་རྣོ་ངར་གཅོད་པའི་དབལ་ཅན་དུ་གྱུར་ཏེ་གཡས་གཡོན་དུ་དྲག་ཏུ་འཁོར་བས་ཤ་ཆོམ་ཁྲག་ཆོམ་དུ་དམར་འདུར་གྱིས་བཏང་ནས་གཏོར་མ་ལ་ཐིམ་པས་བདུད་རྩིར་བྱས་པ་དམ་ཅན་རྣམས་ཀྱིས་ལྷག་མ་མེད་པར་ཧབ་དིར་གྱིས་ཟོས་པར་བསམ་ལ། རྩ་སྔགས་ལ་གཏོར་སྔགས་བཏགས་པས་བསྔོ་ཞིང་གཏོར་སྐྱོང་གི་ཚིག་རྣམས་བརྗོད་པར་བྱའོ། ࿊ །ལྔ་པ་གཏོར་མ་གསུམ་བཅང་བའི་ཚུལ་ལ་གསུམ་གྱི། དང་པོ་རྟེན་གཏོར་ནི། གནས་དགོན་ཇི་སྲིད་གནས་ཀྱི་བར་དེ་སྲིད་མི་གཡོ་མི་བསྒུལ་ཞིང་བྱིན་བརླབ་གསོ་བའི་ཕྱིར་ནུབ་རེ་བཞིན་མཐེབ་ཀྱུ་ཆུང་ངུ་རེས་གསོ། རྒྱུན་དུ་ལྷ་སོ་སོའི་སྐུ་དང་གཉིས་སུ་མེད་པར་བསྒོམས་པ་ལ་རྟག་གཏོར་སོགས་འབུལ་ཞིང་ཐུན་མཐའི་ཡེ་ཤེས་བརྟན་བཞུགས་ཀྱང་སྐུ་དང་རྟེན་གཏོར་གཉིས་ཀ་ལ་བྱེད་དོ། །གལ་ཏེ་གནས་དགོན་འཇིག་པ་ལ་ཐུག་པ་དང་བླ་མའི་སྐུ་དགྲ་སོགས་བསྟན་པ་སྤྱིའི་དོན་དུ་འགྱུར་ན་བསྙེན་སྒྲུབ་ལས་རུང་གི་སྔགས་པས་ཡེ་ཤེས་པ་སྐུ་ལ་བསྟིམས་ནས། དེ་ཉིད་དྲག་པོའི་མན་ངག་གིས་ཟོར་དུ་འཕང་ཞིང་། དེ་ལྟ་བུའི་དགོས་པ་མེད་ན་གཡོ་བསྒུལ་གཏན་མི་བྱ་སྟེ། རྣལ་འབྱོར་པ་གཏོར་མའི་རི་མ་ཞིག །སྨན་རཀ་མཚོ་མ་སྐམ། ཞེས་པའི་ངག་སྒྲོས་དེ་ཡང་འདི་ཡིན་ནོ། ࿊ །གཉིས་པ་རྟག་གཏོར་ནི། ཐོག་མར་བྱིན་གྱིས་བརླབ་པ་ནས་གཟུང་། དམིགས་བསལ་གྱི་དགོས་པ་མེད་ན་ལོ་ཟླའི་དུས་གཏོར་གྱི་ཚིགས་ངེས་པ་ཅན་དེ་སྲིད་དུ་མི་གཡོ་མི་བསྒུལ་བར་སྤྱན་རྟེན་མཆོད་པའི་ཚུལ་དུ་འཇོག་ཅིང་ནུབ་རེ་བཞིན་མཐེབ་ཀྱུས་གསོ་བ་དང་བྱིན་གྱིས་བརླབ་ཅིང་འབུལ་བ་རྣམས་མ་ཆག་པར་བྱེད། ལོ་ཟླའི་བརྗེ་མཚམས་ལ་བབ་པ་ན། བརྒྱད། བཅུ་བཞི། བཅོ་ལྔ། ཉི་ཤུ་དགུ་ལ་སོགས་པ་ཁྱད་པར་གྱི་དུས་ལ། གཏོར་མ་རྣམས་ཁ་ལེགས་པར་གསོས། ཁ་ཟས་བཟང་པོ་གཞན་དུ་མས་ཀྱང་གསར་དུ་བརྒྱན་ལ། མཆོད་བསྟོད་སྐོང་བཤགས་ཕྲིན་ལས་གསོལ་བ་རྣམས་ཕྲིན་ལས་གཞུང་བཞིན་རྒྱས་པར་བྱས་ལ། གཏོར་མ་སྐྱོང་བའི་ཚེ་ནུབ་མོ་ཡིན་ན་གྲིབ་གནོད་ཀྱིས་དཔལ་འབར་བཙུགས། བསང་དང་གསེར་སྐྱེམས་ཀྱིས་མཆོད་ཅིང་རོལ་མོ་དུ་མ་དང་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་གཏོར་སྐྱོང་རྒྱས་པར་བྱས་ལ། ནང་དུ་སླེབ་པ་ན་གཏང་རག་གི་མཆོད་བསྟོད་བརྟན་བཞུགས་ཤིས་བརྗོད་རྣམས་བྱས་ལ། དེའི་ཕྱི་དེ་ཉིད་ལ་ནུབ་དེ་ཉིད་ལ་ནུབ་གཞན་གྱིས་བར་མ་ཆོད་པར་སྔར་ལས་མི་དམན་པའི་གཏོར་མ་ལེགས་པར་བཤམ་ཞིང་བྱིན་གྱིས་བརླབ་པ་དང་། མཆོད་བསྟོད་སྐོང་བ་སྔར་འཛུགས་དུས་ལྟར་རྒྱས་པར་བྱའོ། །གལ་ཏེ་རྣལ་འབྱོར་པའི་ལུས་སྲོག་ལོངས་སྤྱོད་ལ་འཁུ་བའམ། བསྟན་པའི་སྤྱི་དགྲ་ལངས་པ་དང་ནད་ཡམས་དང་ཁ་མཆུ་སོགས་རྐྱེན་གློ་བུར་བ་བྱུང་ན་སྟོབ་པ་དྲག་པོའི་ལས་རིམ་དང་སྦྲེལ་ནས་བརྗེ་ཞིང་། དུས་དེ་ལྟར་དུ་མིན་ཡང་གཏོར་མ་རུལ་པའམ་འགྱེལ་ཞིང་སྲོག་ཆགས་ཀྱིས་གནོད་པས་ཡིད་མི་བདེ་བ་སོགས་བྱུང་ན་བར་ཆད་ཀྱི་ཉེན་ཡོད་པས་དེའི་ཚེ་ལོང་བཏང་ནས་བརྗེ་དགོས་ཤིང་། སྐབས་དེར་ནི་སྐོང་བ་མང་དུ་བསགས་ཤིང་བཤགས་པའི་དུས་ཀྱང་ཡིག་བརྒྱ་འབུམ་ཕྲག་སོགས་གསག་པར་བྱ་བ་ནི་འཁོན་གཅུག་བྱང་བས་འདོད་འབྲས་མྱུར་དུ་འགྲུབ་པའི་དགོས་པ་ཡོད་དོ། ࿊ །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་རམ། ཉིན་རེ་བཞིན་ཆོ་གའི་ཐུན་ཐ་མའི་ཚེ་གཏོང་ཞིང་བསྙེན་སྒྲུབ་སོགས་གལ་ཆེ་བའི་དུས་རྣམས་སུ་ཐུན་རེ་རེ་བཞིན་ཡང་གཏོར་མ་འབུལ་ཞིང་། འོན་ཏེ་དུས་ཀྱི་གཏོར་མ་སོགས་ཀྱི་སྐབས་རྒྱུན་གཏོར་རེ་རྒྱས་པར་བཤམས་ལ་རྒྱན་སྣ་ཚོགས་པས་བརྒྱན། མཆོད་བསྟོད་སྐོང་བཤགས་སོགས་རྒྱས་པར་བྱས་ལ་ཆོ་གའི་མཇུག་དེ་ཉིད་དུ་ཁང་ཐོག་སོགས་གཏོང་ཞིང་། རྗེས་ཆོག་རྒྱུན་དང་འདྲ་ཡང་ནད་གདོན་སོགས་སེལ་བའི་ལས་བཅོལ། གཏོར་སྒྲུབ་ཉི་མ་སྦྲེལ་བར་བྱེད་པའི་ཚེ་ནི་སྒྲུབ་པ་མ་ཐོན་གྱི་བར་དུ་རྒྱུན་གཏོར་རྒྱས་པར་གཏའ་མར་འཛུགས་ཤིང་ཉིན་རེ་བཞིན་ཐུན་གཏོར་བཟང་བ་རེ་བཤམས་ནས་འབུལ། ཆོ་ག་གྲོལ་བའི་ཉིན་རྒྱུན་གཏོར་དེ་ཉིད་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་གཏོར་མ་རྒྱས་པའི་ཆོ་ག་དང་སྦྱར་རོ། །འདི་དག་ནི་སློབ་དཔོན་སངས་རྒྱས་གསང་བ་དང་པདྨ་སཾ་བྷ་བའི་མན་ངག་འབར་མའི་ཆོས་སྐོར་ལས་བྱུང་བ་བཞིན་བཀོད་པ་ཡིན་ནོ། ࿊ །གཉིས་པ་བསྟེན་པའི་ཆོ་ག་གཞན་བཤད་པ་ལས། སྒྲུབ་པའི་ཁང་པ་ལ་སོགས་པའི་རྩེར་ཐུག་ཆེན་འཛུག་པར་འདོད་པས། ཚེར་མ་ཅན་གྱི་ཤིང་དྲང་ཞིང་རྩ་རྩེ་མ་ལོག་པའི་རྩེར་གྲི་ལྕགས་ཀྱི་འབར་བའི་རྩེ་མོ་གསུམ་པ་འམ་གཅིག་པ་གང་འོས་བྱས་པའི་ཤིང་དང་སྦྲེལ་མཚམས་སུ་ཁོང་སེང་བྲུས་པའི་ནང་དུ་སྲོག་འཁོར་དམ་རྫས་སོགས་ཁྱད་པར་གྱི་རྟེན་རྣམས་ཞལ་ཤེས་བཞིན་བཅུག་ལ་ཕྱི་ནས་མི་མངོན་པར་བྱས་པ་ལ་བ་དན་ནག་པོ་རྔ་ཡབ་ཀྱིས་བརྒྱན། སྤོས་ཀྱིས་བདུག་པ་སྔོན་དུ་འགྲོ་བས་བརྟན་པར་གཟུག །དེའི་མདུན་དུ་སྟེགས་བུར་ཐུག་རྟེན་འཛུག་རྒྱུའི་སྲུང་མ་སོ་སོའི་གཏོར་མ་མཆོད་པ་དང་བཅས་པ་བཤམ། གཞན་ཡང་སྦྱོང་ཆས། ཁྲུས་བུམ། ཡུངས་དཀར། མེ་ཏོག །རོལ་མོ། སྦྱར་སྤོས། གསེར་སྐྱེམས། དྲི་ཞིམ་པོའི་ཕུར་མའི་བསང་སོགས་ཉེར་མཁོ་མཐའ་དག་ཚང་བར་བཤམས་ལ། གོང་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བགེགས་སྦྱོང་རབ་གནས་ལྟར་ལས། ཁྱད་པར་ས་ཡི་ཕྱོགས་འདིར་ཞེས་པའི་དོད་དུ། དེང་འདིར་ཆོས་སྐྱོང་སྲུང་མ་འཁོར་དང་བཅས་པའི་ཐུགས་མཉེས་པར་བྱེད་པ་ལ་བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་གཡོག་འཁོར་དུ་བཅས་པ་སོགས་དཀྱུས་བཞིན་སྤོས་རོལ་ཡུངས་དཀར་གྱིས་བྲབ་པ་བཅས་པས་བགེགས་བསྐྲད། ཁྲུས་གསོལ། རྟེན་བསང་སྦྱང་། ཐུག་རྟེན་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཡིག་སོགས་སོ་སོའི་ས་བོན་ལས་ལྷ་དེ་དང་དེར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སྤྱན་དྲངས་ཤིང་། རྟེན་ལ་བཞུགས་སུ་གསོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་འདི་ཞེས་བྱ་བ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་གྱི་སོ་སོའི་བརྒྱུད་པའི་མཚན་ནས་སྨྲོས་ཏེ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། སོགས་ཕྲིན་ལས་ཀྱི་དཀྱུས་བཞིན་དམ་ལ་བཞག །ཕྱག་མཆོད་བསྟོད་པ་དང་། གཟུངས་ཐག་ལ་འཇུས་ཏེ་སྤྲོ་བསྡུའི་དམིགས་པ་དང་སྦྱར་ནས་སོ་སོའི་བཟླས་པ་ཅི་ནུས་བྱས་ལ་མཆོད་དོ། །དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་སོགས་ནས། དམ་པ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཐུག་རྟེན་རུ་མཚོན་འདི་ལ་རྟེན་བཅས་ཏེ་དགྱེས་པར་བཞུགས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། སོགས་ཕྲིན་ལས་གསོལ་བ་ལན་གསུམ་བྱས་ལ་སྡེ་ཚན་རེ་རེའི་མཐར་ཡང་སྤོས་ཀྱིས་བདུག་ཅིང་གསེར་སྐྱེམས་སྦྲེང་བ་དང་རོལ་མོ་འཁྲོལ་བ་སོགས་བྱའོ། །དེ་ནས་དམ་ཅན་སོ་སོའི་སྔགས་བརྗོད་ཅིང་སེ་གོལ་གྱི་སྒྲས་བསྐུལ་བས་སྲུང་མ་འོད་དུ་ཞུ་བ་ལས་སོ་སོའི་རུ་མཚོན་རྔམ་བརྗིད་སྲིད་པའི་རྩེ་མོར་སྒྲེང་བར་བསམ་ལ། རོལ་མོ་དབྱངས་དང་སྦྱར་བས་འདི་སྐད་དོ། །ཧཱུྃ། རྒྱལ་བའི་བསྟན་པའི་བཀའ་སྲུང་ཆེ། །ལེགས་ལྡན་ནག་པོ་མཐུ་བོ་ཆེ། ཁྲག་འཐུང་མགོན་པོ་ཕྱག་བཞི་པ། །མ་ནིང་ནག་པོ་དགྲ་བགེགས་གཤེད། །མཐུ་ཆེན་དྲག་པོ་ཞལ་བཞི་པ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །མ་ཧཱ་དེ་ཝ་དབང་ཕྱུག་ཆེ། །སྡེ་བརྒྱད་དམག་དཔོན་ཁྱབ་འཇུག་ཆེ། །རྣམ་མང་ཐོས་སྲས་གཏེར་གྱི་བདག །ཞིང་སྐྱོང་དུར་ཁྲོད་མ་མོའི་གཙོ། །ཕོ་ཉ་བཀའ་སྡོད་འཁོར་དང་བཅས། །དམ་ཚིག་རྟེན་ལ་དགྱེས་པར་དགོངས། །རྣམ་དག་རྒྱུ་རྐྱེན་ལས་གྲུབ་པའི། །མཚན་ཉིད་ཀུན་རྫོགས་རུ་མཚོན་འདི། །མཐོ་བས་སྲིད་པའི་རྩེ་མོར་སྙེག །རྣོ་བས་དགྲ་བགེགས་སྙིང་ལ་འབིག །དཔའ་བས་བདུད་དཔུང་གཡུལ་ངོ་ཟློག །བརྗིད་པས་ནག་ཕྱོགས་ཟིལ་གྱིས་གནོན། །མཛེས་པས་དམ་ཅན་དགྱེས་པ་སྐོང་། །དམ་ཚིག་མཆོག་གི་རུ་མཚོན་འདི། །སྔར་བཅོལ་ལེགས་པའི་བརྡའ་རུ་འབུལ། །ཕྱི་བཅོལ་ལས་ཀྱི་གསོས་སུ་འབུལ། །དགྱེས་ཤིང་ཚིམ་པར་བཞེས་ནས་ཀྱང་། །བཀའ་དང་བསྟན་པ་ཁྱོད་ཀྱིས་སྲུངས། །ནད་གདོན་འཇིགས་ཚོགས་ཞི་བ་དང། །ཚེ་དང་དབང་ཕྱུག་རྒྱས་པར་སྤེལ། །དཔལ་དང་འབྱོར་ཚོགས་གྲགས་པ་སྒྲུབས། །དགོན་གནས་འཁོར་དང་གང་ཟག་སྐྱོངས། །སྲིད་ཞིའི་འདོད་དགུ་དབང་དུ་སྡུས། །བདུད་དཔུང་བར་ཆད་དབྱིངས་སུ་སྒྲོལ། །བདག་གི་བཅོལ་བའི་ལས་རྣམས་ཀུན། །ཐོགས་པ་མེད་པར་སྒྲུབ་པར་མཛོད། །ཅེས་སོ་སོའི་རྩ་སྔགས་བརྗོད་ཅིང་རོལ་མོའི་སྦྱོར་བ་རྒྱུན་རིང་པོར་བྱའོ། །དེ་ནས་ཤིས་པ་བརྗོད་པ་ནི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་འབེབ་པ་དང་། རོལ་མོའི་འབུད་དཀྲོལ་ཡང་བྱའོ། ࿊ །ཡང་དམ་ཅན་རྣམས་ཀྱི་ཕྱི་རྟེན་གསུམ་འཛུག་བྱེད་པར་འདོད་ན། བསྙེན་པ་སྔོན་དུ་སོང་བའི་སྔགས་པས་དུས་དགེ་བ་ལ་རས་གཞི་དར་གཞི་ཤོག་བུ་སོགས་ཇི་ལྟར་འོས་པ་ལ་གསེར་དངུལ་མཚལ་སྣག་སོགས་གང་ལ་རུང་བས་ཆོས་སྐྱོང་གང་ཡིན་དེའི་སྔགས་ཀྱི་མཐར། ཆོས་སྐྱོང་བའི་སྲུང་མ་ཆེན་པོ་འདི་ཞེས་བྱ་བ་འཁོར་དང་བཅས་པ་རྟེན་གཟུང་དུ་བཙུགས་པ་འདི་ལ་དགྱེས་ཤིང་བརྟན་པར་བཞུགས་ནས་ཞེས་པ་ནས། སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་པའི་བར་གྱི་སྤེལ་ཚིག་རྟེན་གཏོར་ཅི་ལྟ་བ་བཞིན་བྲིས་པ་ལྷར་བསྐྱེད་རབ་གནས་བྱས། ཞུ་བ་སྔགས་ཕྲེང་དུ་བསམ་ལ་དྲི་བཟང་དང་བདུད་རྩི་རིལ་བུའི་ཁུ་བས་བྱུགས། ཞབས་ནས་དྲིལ་ཏེ་དར་སྐུད་ཀྱིས་བཅིང་། སྨྱུག་སྦུབས་སུ་བཅུག་ལ་ཐུམ་བཏང་། དབུ་ཞབས་མ་ལོག་པར་དར་ཚོན་གྱི་ཅོད་པན་དང་རྔ་ཚར་གྱིས་མགོ་ལ་སྦྲགས་པ་རྟེན་གྱི་གྲངས་དང་མཉམ་པར་བྱས་ནས། སྒྲུབ་པ་པོ་རྣམས་ཀྱིས་གཏོར་བསྔོ་སྐོང་བ་ལས་ཀྱི་གཉེར་གཏད་པའི་བར་སྔོན་དུ་འགྲོ་བས། སྒྲུབ་ཁང་གི་སྒོ་དྲུང་སོགས་གཟུགས་རྟེན་རྣམས་ཡོད་པའི་སར་སོང་སྟེ། དེ་ཡང་ཆོས་སྐྱོང་སོ་སོའི་མཆོད་གཏོར། གསེར་སྐྱེམས། སྦྱོང་ཆས། ཁྲུས་བུམ། ཡུངས་དཀར། སྦྱར་སྤོས། རོལ་མོ། མེ་ཏོག་སོགས་ཚོགས་པར་བཤམས་ལ། ཁྲུས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་ནང་དུ་བུམ་ཆུ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་མ་དག་པའི་དྲི་མ་སྦྱོང་བ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨ་མྲྀཏ་སོགས་དང་། ཨ་བྷི་ཥེ་ཀ་ཏ། ཁྲུས་བདུན་གྱི་གཟུངས་རྣམས་བརྒྱ་རྩ་སོགས་ཅི་ནུས་བཟླས་ནས་བྱིན་གྱིས་བརླབས། གཟུགས་རྟེན་རྣམས་ལ་བགེགས་སྦྱང་། སྤོས་རོལ་ཐུན་བྲབ་པ་སོགས་རུ་མཚོན་གྱི་སྐབས་བཞིན་བྱས་ནས། སྔར་གྱི་བུམ་སྔགས་རྣམས་བཟླ་བཞིན་པས་ཁྲུས་ཆུས་གཏོར་ཞིང་། གུ་གུལ་གྱིས་བདུག །སྲུང་བ་རྔ་ཚར་དང་བཅས་པ་རྟའི་ཕྲུམ་ཕྲུམ་དང་གཡག་ལུག་ཁྱི་རྣམས་ཀྱི་སོག་པ་གཡས་པའི་ཐད་དུ་འདོགས། གཏོར་མ་ནང་མཆོད་ཀྱིས་བྲན་ནས་བྱིན་གྱིས་བརླབ་པ་གཏོར་ཆོག་བཞིན་བྱ། སྒྲུབ་པ་པོ་རྣམས་སྤོས་དང་རོལ་མོ་གཡབ་དར་དང་བཅས་པས་འགྲེང་སྟེ་འཁོད་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་དམ་ཅན་ལྕམ་དྲལ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ལ། སོ་སོའི་སྤྱན་འདྲེན་སྐབས་དང་སྦྱར་རམ། ཐུན་མོང་དུ་ནི། ཧཱུྃ། ཆོས་དབྱིངས་མཁའ་ལྟར་དག་པའི་དབྱིངས། །སོགས་ཀྱི་སྤྱན་འདྲེན་བྱ་ཞིང་སྦྱར་སྤོས་བསྲེག །གཡབ་དར་གཡབ། རོལ་ཆེན་ཡུན་རིང་དུ་བྱས་ནས། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས་ཀྱི་བཞུགས་གསོལ་བྱ། རང་ཆོས་སྐྱོང་རྣམས་ཀྱི་སྐུ་གཟུགས་དང་གཟུགས་རྟེན་རྣམས་གསལ་བར་བྱས། བུམ་པའི་ནང་གི་བདུད་རྩིའི་ཆུ་རྒྱུན་གྱི་ཁྲུས་གསོལ་བས་མི་གཙང་འཁོན་གྲིབ་ཐམས་ཅད་དག་པར་བསམ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ་རྒྱས་བསྡུས་ཅི་རིགས་བྱས་ལ། ཕྱི་ནང་གི་མཆོད་པ་སྤྱི་དང་། ཁྱད་པར་རྩ་སྔགས་ལ་གཏོར་སྔགས་བཏགས་པས་གཏོར་མ་ཕུལ། བསྟོད་པ་བསྡུས་པ་རེས་བསྟོད་དེ། གཟུགས་རྟེན་རྣམས་ལ་ཁྲུས་ཆུ་དང་ནང་མཆོད་ཀྱིས་གཏོར་ནས། ཨ་མྲྀཏ་དང་། སྭཱ་བྷཱ་ཝས་སྦྱང་། གཟུགས་རྟེན་རྣམས་ཀྱི་མ་དག་པའི་དངོས་འཛིན་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་རྟ་ནག །གཡག་ནག །ལུག་ནག །ཁྱི་ནག་ལ་སོགས་པའི་གཟུགས་རྟེན་རྣམས་ལུས་དཔའ་བརྗིད་ཉམས་རྩལ་སྟོབས་དང་ལྡན་པ། ངག་སྙན་བརྗིད་ངར་སྒྲ་སྒྲོག་པ། སེམས་ཤེས་རིག་དཔའ་བའི་ཉམས་དང་ལྡན་པ། བྱེད་པ་འདོད་དོན་སྒྲུབ་པའི་མཐུ་དང་ལྡན་པ། ཕུང་ཁམས་སྐྱེ་མཆེད་ཡོངས་སུ་ཚོགས་ཤིང་འདོད་ཡོན་མཁོ་དགུ་མ་ལུས་པ་འབྱུང་བའི་གཞིར་གྱུར་པ་འདི་ཉིད་དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་པ་དགྱེས་ཤིང་ཚིམ་སྟེ། ཆགས་པའི་རྟེན་དང་མཐུ་སྟོབས་ནུས་པ་རྒྱས་པའི་གཞི་རྟེན་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །ཅེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། ལས་ཀྱི་རྡོ་རྗེས་གཏོར་མ་གཟུགས་རྟེན་རྣམས་ཀྱི་མགོ་བོར་འཇོག་ཅིང་མར་གྱི་ཞུར་འཐེན། གཏོར་ཁ་གསོས་པའི་མཐེབ་ཀྱུ་སྟེར། ཆང་ཕུད་ཀྱིས་འཐོར་ཞིང་འཇམ་རོལ་གྱི་སྒྲ་དང་བཅས་པས་སྒྲུབ་པ་པོ་རྣམས་ཀྱིས་ཆོས་སྐྱོང་རྣམས་ཀྱི་སྙིང་པོ་བཟླ་ཞིང་། ཁྱད་པར་སློབ་དཔོན་གྱིས་སྙིང་པོའི་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པ་བཟླ། དེ་ནས་རྐང་གླིང་གིས་དྲངས་པའི་རོལ་མོ། སྙན་པའི་དབྱངས་དང་བཅས་པས་འདི་སྐད་ཅེས་གྱེར་ཏེ། ཧཱུྃ། མིག་སྨན་ལྟར་གནག་མྱུར་བའི་གོམ་སྟབས་ཀྱིས། །སྟོང་གསུམ་སྐད་ཅིག་གིས་བསྐོར་ཅང་ཤེས་རྟ། །ནོར་བུའི་སྒ་སྲབ་དར་གྱི་ལྷབ་ལྷུབ་ཅན། །སྤྲིན་གྱི་ཤུགས་འཆང་རྟ་མཆོག་འདི་ཉིད་འབུལ། །ཧཱུྃ། མུན་རུམ་ལྟར་གཏིབས་རབ་འཇིགས་ཁྲོས་པའི་བཞིན། །གློག་དམར་ལྕེ་རྐྱོང་དཔའ་བའི་ངར་སྒྲ་སྒྲོག །རྡོ་རྗེའི་རྭ་རྩེས་རི་རབ་འཕེན་ནུས་པའི། །གཡག་རྒོད་ཞོལ་ཆེན་ལྡན་པ་འདི་ཉིད་འབུལ། །ཧཱུྃ། འཇམ་ལེགས་སྤུ་སྡུག་འཁྱིལ་ཞིང་ཉམས་སྟོབས་རྒྱས། །སྙན་འཇེབས་སྒྲ་ཡིས་དམ་ཅན་ཡིད་མགུ་བྱེད། །བཻ་ཌཱུར་རྭ་འཁྱིལ་སྐྱེ་འགྲོ་དབང་དུ་སྡུད། །ལུག་ནག་དཔྱི་དཀར་གཡང་ཆགས་འདི་ཉིད་འབུལ། །ཧཱུྃ། མི་བཟད་འཇིགས་གཟུགས་རྣོ་བའི་མཆུ་སྡེར་ཅན། །དགྲ་བགེགས་ཀླད་ཁྲག་གིས་སྦགས་ང་རོའི་སྒྲས། །མ་ལུས་བདུད་སྡེའི་སྙིང་འགས་དགྲ་དཔུང་འཇོམས། ཁྱི་ནག་སྙིང་དཀར་སྟོབས་ལྡན་འདི་ཉིད་འབུལ། །ཞེས་བརྗོད་ཅིང་ཤོ་ལོ་ཀ་བཞི་པོའི་གཤམ་དུའམ་རྗེས་མའི་གཤམ་གང་རུང་འདི་སྐད་ཀྱང་གསོལ་ཏེ། དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་དང་བཅས། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། ཁྱོད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་སྐྱེད་འགལ་བྱེད་ཆམ་ལ་ཕོབ། །འདོད་དོན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཅེས་བརྗོད་ཅིང་འབུལ་ལོ། །འདིར་ནི་གཟུགས་རྟེན་བཞི་ཀ་ཡོད་པའི་དབང་དུ་བྱས་ཀྱི་མེད་ན་གང་ཡོད་དེའི་ཚིག་གིས་དབུལ། བསྡུས་པ་ལ་དགའ་ན། ཧཱུྃ། སྣ་ཚོགས་རྒྱན་སྤྲས་རྟ་ནག་རླུང་ལྟར་འཕྱོ། །གཡག་རོག་ཞོལ་ཆེན་སྤྲིན་རུམ་ལྟར་འགྱིང་ཞིང་། །བདུད་ལུག་སྤྱི་དཀར་ལྕགས་རྭ་འཁྱིལ་བ་ཅན། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་འབུལ། །ཞེས་པའི་རྗེས་སུ། དཔལ་ལྡན་མགོན་པོ་སོགས་སྔར་བཞིན་སྦྱར་བས་ལེགས་པར་འགྱུར་རོ། །དེ་ནས་ཡིག་བརྒྱ་ལན་གསུམ་བརྗོད། སྤྱན་དྲངས་པའི་ལྷ་རྣམས་གཟུགས་རྟེན་ལ་ཐིམ་པར་མཛོད། ཛཿཧཱུྃ་བཾ་ཧོཿ ཞེས་མེ་ཏོག་འཐོར། སུ་པྲ་ཏིཥྛ་དང་ཡེ་དྷརྨཱ་བཟླ་ཞིང་བཀྲ་ཤིས་ཅི་ལྟར་མོས་པ་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་འཐོར། གཟུགས་རྟེན་རྣམས་ཅི་བདེར་གཏོང་། འདི་ཉིད་དམིགས་ཀྱིས་བསལ་བའི་ལྷ་སྔགས་ཚིགས་གཅད་རྣམས་བསྐྱུར་བས་ཆོས་སྐྱོང་གང་ལ་ཡང་སྦྱར་བས་ཆོག་གོ །གཟུགས་རྟེན་བཅའ་བའི་མན་ངག་སོགས་ནི་གཞན་དུ་བྲི་བར་འགྱུར་བས་དེར་བལྟའོ། །འདི་དག་ཀྱང་དང་པོའི་ལས་ཅན་གྱི་སྔགས་པ་རྣམས་ལ་ཉེ་བར་མཁོ་བ་ཙམ་དུ་འགྱུར་མེད་རྡོ་རྗེས་བརྗོད་པ་སྟེ་ཡར་འབྲོག་སྒང་སྔོ་ལུང་གི་རི་སུལ་དུ་སྦྱར་བའོ།། །། ༈ ཧཱུྃ། གནག་སྣུམ་མུན་པའི་མདོག་ལྟར་ཆེར་གནག་ཅིང་། །རྔམ་པའི་གཟུགས་བཟང་མྱུར་འགྲོས་བརྗིད་ལྡན་པའི། །མཛེས་པའི་དྲེལ་ནག་རླུང་གི་རྩལ་ལྡན་འདི། །ཞིང་སྐྱོང་མ་མོ་དགྱེས་པ་བསྐྱེད་ཕྱིར་འབུལ། །ཧཱུྃ། དུད་སྤྲིན་འཁྲིགས་པ་ལྟ་བུའི་མདངས་ལྡན་ལ། །རྣོ་བའི་རྭ་དང་མགྱོགས་པའི་རྨིག་བཞི་ཅན། །ཆེ་བརྗིད་རྣམ་བཀྲའི་ར་སྐྱེས་ཁམ་པ་འདི། །དམ་ཅན་སྐྱེས་བུ་དགྱེས་སྐོང་རྟེན་དུ་འབུལ། །ཧཱུྃ། ཅང་ཤེས་དུས་མཐའི་མེ་ལྕེ་ལྟར་དམར་བའི། །མྱུར་མགྱོགས་རླུང་གི་རྩལ་ལྡན་རྟ་མཆོག་ལ། །མཛེས་བརྗིད་རྔམ་པའི་ཆས་ཀྱིས་སྤྲས་པ་འདི། །གཏེར་སྲུང་བཙན་རྒོད་ཆེན་པོའི་ཆིབས་སུ་འབུལ། །དེ་ལྟར་གཏོར་མ་རུ་མཚོན་གཟུང་འཛུག་རྣམས་ཀྱི་མན་ངག་འདི་ནི་དངོས་གྲུབ་རོལ་མཚོའི་ཆ་ལག་ཏུ་ཞེ་ཆེན་བླ་བྲང་དུ་སྤར་དུ་སྒྲུབ་སྐབས་རྗེས་ཀྱི་ཤྭ་ལོ་ཀ་གསུམ་པོ་འདི་ཡང་ཉེ་བར་མཁོ་བའི་ཕྱིར་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་བས་བྲིས་པ་དགེའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).