Terdzo-THI-025

From Rinchen Terdzö

གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ སྒྲུབ་པ་སྤྱིའི་ཁོག་དབུབ༔ གསང་སྔགས་བཅུད་ཕུར་

gsang sngags spyi chings kyi gdams ngag zab mo them yig med pa'i skor las:_sgrub pa spyi'i khog dbub:_gsang sngags bcud phur

by  རོལ་པའི་རྡོ་རྗེ་ (Rolpai Dorje)
revealed by  རོལ་པའི་རྡོ་རྗེ་ (Rolpai Dorje)
in cycle  གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ (Gsang sngags spyi chings kyi gdams ngag zab mo them yig med pa'i skor)
Volume 40 (ཐི) / Pages 609-622 / Folios 1a1 to 7b4

[edit]

ྈྈ གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ སྒྲུབ་པ་སྤྱིའི་ཁོག་དབུབ༔ གསང་སྔགས་བཅུད་ཕུར་བཞུགས་སོ༔ ྈྈྈྈྈྈྈྈ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ གསང་སྔགས་སྤྱི་ཆིངས་གསང་བའི་གདམས་ངག་གནད༔ སྒྲུབ་པ་སྤྱི་ཡི་ཁོག་དབུབ་བཅུད་ཕུར་མཆོག༔ བསྟན་པར་གང་དང་འབྲེལ་ཡང་ཁ་བསྒྱུར་གནད༔ སྣོད་མིན་དག་ལ་གསང་བ་ཅིས་ཀྱང་གཅེས༔ ས་མ་ཡཱ༔ རྒྱ༔རྒྱ༔རྒྱ༔ ཕྱི་ནང་གསང་བ་གང་ལྟར་སྒྲུབ་ན་ཡང༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ་ཡོད་པས༔ དང་པོ་རྫས་གསག་སྐུ་རྟེན་བཞེངས་པ་ནི༔ ཡར་ངོའི་དུས་བཟང་དག་ལ་རི་མོ་མཁན༔ ཁྲུས་བྱས་གཙང་སྦྲ་སྐྱབས་སེམས་སྡོམ་པ་བླང༔ ཞི་བ་ཡིན་ན་ཤུག་པའི་བྱང་བུ་དང༔ དྲག་པོ་ཡིན་ན་དྲག་པོའི་ཤིང་བྱང་བྱ༔ བྱི་དོར་ལེགས་འབད་བགེགས་བསྐྲད་གུ་གུལ་བདུག༔ བྱིན་རྟེན་གང་བཟང་ཆུར་སྦྱོང་རྩི་བཅས་བྱུགས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་དངོས་འཛིན་མ་དག་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་བརྗོད་ཅིང༔ སངས་རྒྱས་བྱང་སེམས་རྩ་གསུམ་ཞི་ཁྲོ་ཡི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིག་འབྲུ་གསུམ༔ དབྱིངས་ནས་ཁྲ་ཐབས་སུ་བབས་བྱང་བུར་ཐིམ༔ བསམ་ཞིང་སྐུ་གཟུགས་གང་ཡིན་ལེགས་པར་བྲིས༔ དེ་ནས་སླར་ཡང་དམ་རྫས་ཚད་ལྡན་རིགས༔ གང་ཡོད་དང་ནི་ག་པུར་སིནྡྷུ་ར༔ གི་བཾ་གུར་གུམ་དྲི་བཟང་རིགས་ཐམས་ཅད༔ འོ་མ་དང་སྦྱར་དཔྲལ་བར་འདི་ལྟར་བྲི༔ ཨོཾ་ཀཱ་ཡ་ཛྙཱ་ན་པཉྩ་སརྦ་སིདྡྷི་ཨོཾ༔ ཞེས་བྲི་དེ་བཞིན་མགྲིན་པར་ལྷ་གང་ཡིན༔ སྲོག་སྔགས་མགོ་མཇུག་ཨཱཿཡིག་རྒྱས་གདབ་བྲི༔ ཁྱད་པར་འདི་ཡང་བྲི་བར་བྱའོ༔ ཨཱཿཝཱ་ཀ་དྷརྨཱ་སརྦ་སྱ་སིདྡྷི་ཨཱ༔ དེ་བཞིན་ཐུགས་ཀ་ལ་ཡང་འདི་བྲིའོ༔ ཧཱུྃ་ཙིཏྟ་བཛྲ་སརྦ་ཛྙཱ་དྷརྨཱ་དྷཱ་ཏུ་སུ་ཁ་མ་ཧཱ་ཛྙཱ་ན་སིདྡྷི་ཧཱུྃ༔ ལྟེ་བ་ལ་ཡང་འདི་ལྟར་བྲི་བ་ཡིན༔ སྭཱ་གུ་ཎ་ཨ་ནུཏྟ་ར་སརྦ་ནི་ར་བྷོ་ག་སིདྡྷི་སྭཱ༔ ཞེས་བྲི་ཕྱག་དང་ཞབས་ལ་འདི་ལྟར་བྲི༔ ཧཱ་ཀརྨཱ་བི་ཤྭ་སིདྡྷཱརྠ་སིདྡྷ་ཧྲིང་ཧཱ༔ དེ་ནས་སྒྲུབ་པོ་སྐད་ཅིག་ལྷར་གསལ་བའི༔ ཐུགས་ཀའི་འོད་ཀྱིས་གང་ཡིན་ཡེ་ཤེས་པ༔ གཞན་ཡང་ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོའི་གར༔ ཕོ་རྒྱུད་མོ་རྒྱུད་ཀུན་ཀྱང་འོད་ཟེར་ལྔ༔ ཕྱག་རྒྱ་ལྔ་དང་་་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང།ཡིག་འབྲུ་ལྔ་་་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཡི་ནི༔ རྣམ་པར་སྤྱན་དྲངས་ཐིམ་པས་མཚོན་འགྱེད་བྱ༔ དེ་ནས་གང་ཡིན་རྩ་སྔགས་བརྗོད་ནས་སུ༔ སྐད་ཅིག་ལྷ་དེའི་སྐུ་རུ་ལམ་གྱིས་གྱུར༔ བསྒོམས་ནས་ཡེ་དྷར་དབྱངས་གསལ་བརྟན་སྔགས་བརྗོད༔ དེ་ལྟར་བྲིས་ནས་ན་བཟའ་ལེགས་པར་གསོལ༔ རབ་གནས་ཡང་བསྐྱར་མཆོད་བསྟོད་མངའ་དབུལ་འབད༔ རྒྱུན་དུ་ཡི་དམ་དངོས་ཀྱི་འདུ་ཤེས་བྱ༔ འབུར་སྐུ་བྱ་ན་ཞི་དྲག་རྫས་མཆོག་ནི༔ བསྲེ་ཞིང་སྔགས་རྣམས་ཤོག་བུར་ལེགས་བྲིས་བཞག༔ གཞན་རྣམས་རིག་པས་དཔག་ལ་ནང་རྟེན་གཞུག༔ སྒྲུབ་པའི་སྐབས་འདིར་དཀྱིལ་འཁོར་བཞེངས་དབུས་སུ༔ ལྡིང་ཁྲི་གསུམ་བྱས་གོང་མ་དེ་རུ་བཀྲམ༔ དེ་ནས་དེ་འོག་ཀ་པཱ་ལ་མཚན་ཉིད༔ ལྡན་ནང་དམ་རྫས་ཨ་མྲྀཏ་བཟང་པོ༔ བླ་མ་ཡབ་ཡུམ་ཏི་ལ་ཡོད་ན་དང༔ ཆོས་སྨན་འཚོགས་ཚད་ཆང་དང་ལེགས་སྦྱར་གཏམས༔ གང་ཡིན་ལྷ་ཡི་མདོག་གམ་ཁ་དོག་ལྔའི༔ དར་ལ་རང་རང་སྙིང་པོ་བྲིས་པས་དགབ༔ དེ་འོག་བྷནྡྷ་མཚན་ཉིད་ངེས་ལྡན་ནང༔ དམ་རྫས་ཁྱད་པར་ཅན་དང་བཅུད་རྫས་སྦྱར༔ རིལ་བུ་ལྷ་ཡི་གྲངས་མཉམ་སྲན་སྦོས་ཙམ༔ གཞན་ཡང་བྱིན་རྟེན་ཚད་ལྡན་གང་ཡོད་དང༔ རྩ་བའི་བླ་མའི་ལྕང་ལོ་སྐུ་ཡི་རྫས༔ གདུང་དང་རིང་བསྲེལ་ཁུང་བཙུན་གསང་སྔགས་ལྷ༔ བསྙེན་སྒྲུབ་མང་སོང་གཏོར་ཟན་གང་མང་རིགས༔ བྱིན་རླབས་ཆེ་རིགས་རྩ་བ་གསུམ་གྱི་ནི༔ བླ་རྡོ་སྲོག་འཁོར་སྤྱི་སྒེར་ཐམས་ཅད་བཞག༔ མེ་ལོང་སྟེང་དུ་ཕྱག་མཚན་བྲིས་པས་དགབ༔ དེ་དབུས་ཤེལ་རྡོ་རྨ་བྱའི་མདོངས་གསར་པ༔ སྣང་བ་དབང་སྡུད་རྫས་རིགས་འཚོགས་པར་བཞག༔ དེ་ནས་གང་བདེར་རཏྣའི་བུམ་བཟང་ནང༔ གཞོན་ནུ་ཕོ་མོ་རབ་ཏུ་གཙང་བ་ཡིས༔ བླང་བའི་གངས་ཆུ་བུར་མར་དམ་རྫས་དང༔ སྦྱར་བའི་རིལ་བུ་རང་གཞུང་ལྷ་ཡི་གྲངས༔ རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་སོགས༔ ལྔ་ཚན་སྐབས་དང་བསྟུན་པའི་དམ་རྫས་བླུགས༔ དར་སྣ་ལྔ་ཡི་མགུལ་ཆིངས་ཁ་རྒྱན་བཟང༔ གཟུངས་ཐག་སོགས་བརྒྱན་དེ་དག་སྤྱིར་བཏང་ལ༔ ཁྱད་པར་རང་གཞུང་བཤད་ཡོད་གང་བདེར་བཞག༔ གོང་འོག་མ་འཁྲུགས་པ་ནི་གལ་ཆེ་འོ༔ གཡས་སུ་བདུད་རྩི་གཡོན་དུ་དམར་ཆེན་དང༔ མདུན་དུ་གཏོར་ཆེན་མཐའ་སྐོར་མཆོད་རྫས་རིགས༔ མ་ཚང་མེད་པར་བག་དྲོ་རྒྱན་ལྡན་བཀྲམ༔ སྟེང་དུ་དར་གདུགས་བླ་རེ་ལེགས་པར་ཕུབ༔ ཕྱོགས་བཞིར་འཕན་དང་རྒྱལ་མཚན་མདའ་དར་དང༔ གྲི་དང་མེ་ལོང་བཞི་རེ་གཞན་ཡང་ནི༔ ཕུར་བུ་ཚོན་སྐུད་དྲྭ་བ་དར་སྟག་གཟིག༔ སྒབ་སྐོར་ནང་དུ་མཆོད་པའི་ལྷ་མོ་བྲི༔ ཡོལ་བ་སོགས་བསྐོར་བརྒྱན་འབུབས་སྤྱན་གཟིགས་རིགས༔ རྒྱས་བཀྲམ་སྐུ་གསུང་ཐུགས་རྟེན་གང་ཡོད་དང༔ མེད་མི་བཏུབ་པ་གཡབ་དར་ཐོད་པའི་རྔ༔ ཕོ་མོའི་རྐང་གླིང་གྲི་རྐང་རྡོ་རྗེ་དྲིལ༔ ཤ་ཆེན་སྤོས་རིགས་ཚིལ་ཆེན་སྦྱར་བ་ཡི༔ མར་མེ་རོལ་མོའི་རིགས་དང་ཞི་རྒྱས་དབང༔ དྲག་པོ་དང་མཐུན་སོ་སོའི་ཕྲེང་བ་དང༔ ཐུན་རིགས་དྲག་པོའི་རྫས་རྒོད་ཚོགས་འཁོར་གྱི༔ ཡོ་བྱད་རྡེག་ཕུར་མཚོན་དང་གཞུང་དགོས་རིགས༔ ཉེར་མཁོའི་ཡོ་བྱད་ན་བའི་གསོ་སྨན་བཟང༔ ལ་སོགས་མ་ཚང་མེད་པ་གསག་པར་བྱ༔ ༈ གཉིས་པ་དངོས་གཞིའི་རིམ་པ་འདི་ལྟ་སྟེ༔ ཚོགས་གསག་སྒྲིབ་སྦྱོང་སྤྱི་ལྟར་ཐབས་མང་འབད༔ ཁྱད་པར་བླ་མར་དབང་བསྐྱར་ལེགས་པར་ཞུ༔ གལ་ཏེ་ཚད་ལྡན་མ་རྙེད་བདག་གིས་བླང༔ ཡིག་བརྒྱའི་ཐུན་བཟུང་དམ་ཚིག་ཉམས་ཆག་གསོ༔ སྐོང་བཤགས་མདོ་འདོན་ཚོགས་བསགས་ཁྱད་པར་ཅན༔ སྦྱིན་སྲེག་ཞི་བ་ལ་སོགས་སྒྲིབ་སྦྱོང་བརྩོན༔ ཁྱད་པར་སྐྱབས་འགྲོ་གསོལ་འདེབས་ཚོགས་འཁོར་འབུལ༔ དེ་ནས་རང་གིས་གལ་ཆེན་ལས་བྱེད་དང༔ གཏམ་བརྗོད་བསྒོ་དགོས་གང་ཡོད་ལྷག་མེད་བྱ༔ ཡང་ནས་ཡང་དུ་མནོ་ཞིང་འཕྲེང་ཡུལ་ལ༔ ཆགས་ཞེན་མི་དགོས་ཐག་ཆོད་བྱ་བ་གནད༔ དེ་ནས་བྱ་བ་གཞན་བཏང་མཚམས་གཅད་ནི༔ དུས་ཚོད་གཟའ་སྐར་ཚེས་སོགས་བཟང་བར་ཞུགས༔ ཕྱི་རྒྱུད་རྣམས་ལ་བསང་དང་གཏོར་མ་བཏང༔ བར་ཆད་མི་གཏང་བཀའ་བསྒོ་ནན་ཏན་འབད༔ སྒྲུབ་ཁང་ཕྱི་སྒོར་ཐོ་བརྩེགས་ཤིང་བྱང་ལ༔ འདི་ལྟར་བྲིས་པ་རྩེ་མོར་འཛུགས་པར་བྱ༔ ཀྱེ༔ མཆོག་དམན་བར་པ་ཐམས་ཅད་བདག་ལ་གསོན༔ བདག་གིས་འཁོར་བའི་བྱ་བ་འདི་བཏང་བས༔ ཕྱི་དབེན་ལྷ་ཡི་དལ་ལ་ཞུགས་པ་ཡིན༔ ནང་དབེན་བསྐྱེད་རྫོགས་རྫོགས་ལ་ཞུགས་པ་ཡིན༔ གསང་དབེན་ཀ་དག་ཕོ་བྲང་བཟུང་བ་ཡིན༔ སྒོ་གསུམ་བསྐྱེད་སྔགས་ཏིང་འཛིན་ལ་བརྩོན་ནས༔ གཞན་ལ་སྤྲད་དང་ངག་བརྗོད་གཞན་མི་བསམ༔ སྒྲུབ་པ་ཁོ་ནར་བརྩོན་པས་མཆོག་དམན་བར༔ སུ་ཡང་ཐོ་བྱས་ཚུན་ལ་མི་འཇུག་འཚལ༔ གལ་ཏེ་ཞུགས་ན་འདི་ཕྱིར་གནག་པར་ངེས༔ མཆོག་གསུམ་རྩ་བ་གསུམ་གྱི་བདེན་བརྡར་རོ༔ བདེན་པ་བསླུ་བ་མེད་པས་གོ་གསན་མཛོད༔ སྒྲུབ་གྲོགས་སྔོན་ནས་འདུག་ལ་གཞན་མི་འགྲིམས༔ དེ་ནས་སུ་ལའང་མི་སྤྲད་སྨྲ་བརྗོད་སྤང༔ ལས་བྱང་བཏང་ནས་ཚོགས་འཁོར་ལ་སོགས་བྱ༔ སྒྲུབ་ཁང་ཕྱི་རོལ་རྒབ་འདྲེ་སྤྱི་མཐུན་བྲི༔ མནན་པ་གཞུང་ནས་བྱུང་བ་ཇི་བཞིན་བྱ༔ སྒོ་རྩར་ཐོ་གཅིག་བྱས་པར་སྐྱེར་ཕུར་མགུལ༔ ཡི་དམ་ཁྲོ་བོའི་རྩ་སྔགས་དྲག་སྔགས་མཐར༔ སྒྲུབ་ལ་བར་ཆད་བྱེད་ཀུན་ཟློགས་ཤིག་བྲི༔ དྲག་པོའི་རྫས་བཅས་དྲིལ་བཏགས་ཁང་བུར་གཞུག༔ བསྐྱེད་བསྟིམ་རབ་གནས་ལ་སོགས་བྱ་བ་གནད༔ དེ་ནས་རང་གི་ཞེ་གཅད་དྲག་པོ་ཡིས༔ ཇི་སྲིད་སྒྲུབ་པ་འདི་མཐར་མ་ཕྱིན་བར༔ བདག་ནི་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང༔ སྒྲུབ་ལས་འདའ་རེ་ཀན་བསམ་ཁོ་ཐག་བཅད༔ སྒྲུབ་སྒོའི་ཐོད་ལ་རང་གི་སྲུང་མ་དག༔ གཉན་པོའི་གཟུགས་བྲིས་ཐུགས་ཀར་རང་སྔགས་བཀོད༔ བྲི་བའི་གཞི་ནི་ཤིང་བྱང་སྟེང་དུ་སྟེ༔ རྒྱབ་ཏུ་འདི་ཡང་བྲིས་ནས་བཏགས་པར་བྱ༔ ཧཱུྃ༔ སྲུང་མ་གཉན་པོ་ཁྱོད་ཀྱིས་ནི༔ བདག་ནི་སྒྲུབ་མཆོག་མ་ཚར་བར༔ སྒོ་ཕྱིར་འདས་ན་བཀའ་ཆད་ཀྱིས༔ མགོ་བོ་ཚལ་བརྒྱར་འགས་པར་མཛོད༔ དེ་བྱས་ཚུན་ཆོད་དེ་ཕན་མི་བརྒལ་གནད༔ དེ་ནས་རྩ་བ་གསུམ་པོ་གང་ཡིན་གྱི༔ སྐུ་གསུང་ཐུགས་འཁོར་རང་རང་ཁ་སྒྱུར་དབུབ༔ གདན་ལ་སྣ་ཚོགས་རྡོ་རྗེའི་དབུས་སུ་ནི༔ ཏིཥྛ་ལྷན་ཞེས་བྱ་བ་བྲིས་བཞག་གོ༔ དེ་ནས་རྟེན་གྱི་དྲུང་དུ་ཕྱག་གསུམ་འཚལ༔ ཐལ་མོ་སྦྱར་ནས་དམ་བཅའ་འདི་དག་བྱ༔ ཀྱེ༔ ཕྱོགས་བཅུར་བཞུགས་པའི་མཆོག་གསུམ་རྩ་བ་གསུམ༔ དཔང་གྱུར་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་གིས་སྒྲུབ་འདི་མཐར་མ་ཐོན་གྱི་བར༔ ལུས་ཀྱི་སྒོ་ནས་བྱ་བ་ལས་བྱེད་དང༔ སྒྲུབ་ལས་གཞན་པའི་དཔེ་ཀློག་འབྲི་དང་རྩོམ༔ བཟང་ངན་ཆེ་ཕྲའི་ལས་བྱེད་རིགས་ཐམས་ཅད༔ སྤངས་ནས་སྒྲུབ་པ་ཁོ་ན་ལྷུར་ལེན་བྱ༔ ངག་གིས་སྒྲུབ་ལས་གཞན་པའི་བཟླས་བརྗོད་དང༔ བཟང་ངན་ཆེ་ཕྲའི་ཚིག་བརྗོད་རིགས་ཐམས་ཅད༔ སྤངས་ནས་སྒྲུབ་པ་ཁོ་ན་ལྷུར་ལེན་བྱ༔ སེམས་ཀྱིས་སྒྲུབ་པའི་དོན་བསྒོམ་ལས་གཞན་པའི༔ སྔར་འདས་རྗེས་གཅད་ཕྱི་མདུན་བསུ་བ་སོགས༔ གཡེང་འཁྲུལ་རྗེས་འབྲེང་ཐམས་ཅད་སྤངས་ནས་ཀྱང༔ སྒྲུབ་པ་ཁོ་ནའི་དོན་རྣམས་ལྷུར་ལེན་བྱ༔ སྒྲུབ་ལ་གང་དགོས་ངེས་རྣམས་མ་གཏོགས་སོ༔ གལ་ཏེ་འགལ་ན་འདི་ཕྱིར་གནག་གྱུར་ཅིག༔ མ་མཐོང་སྐབས་སུ་སོང་ན་མཐོལ་བཤགས་སོ༔ དེ་ལྟར་དམ་བཅས་བཞིན་དུ་བྱ་བ་གནད༔ སྒྲུབ་ལ་གེགས་ཆེན་གསུམ་དུ་ཡོད་པ་ནི༔ ལུས་ངག་ཡིད་ཀྱིས་སྒྲུབ་ལས་གཞན་པ་ཡི༔ བྱ་བྱེད་བརྗོད་བཟླས་བསམ་མནོ་མང་གཏང་གསུམ༔ བྱས་ན་སྒྲུབ་གཡེལ་འཁོར་ཁྲིད་དྲེད་པོར་ངེས༔ དེས་ན་དེ་དག་དུག་བཞིན་སྤང་བ་གནད༔ གཞན་ཡང་སྐྲ་སེན་འབྲེག་དང་གདན་སྤྲུག་པ༔ གདོང་འཁྲུ་མཆིལ་སྣབས་ཕྱིར་འདོར་གད་མོ་དགོད༔ འཆལ་ངག་ཐེ་ཚོམ་ལོག་ལྟ་ལེ་ལོ་གཡེལ༔ སྙོམ་ལས་གཉིད་ལོག་ཆོག་ཤེས་ཕྱི་ཐག་རིང༔ དེ་སོགས་སྒྲུབ་ཞུད་གྱུར་པའི་རིགས་སྤང་གནད༔ ཉིན་མཚན་རྩེ་གཅིག་བསྙེན་སྒྲུབ་ཁོ་ནར་འབད༔ མཚན་མོ་ཉལ་གཉིད་སད་སྐབས་དུས་དེར་ཀྱང༔ ལྷ་སྔགས་ཏིང་འཛིན་ལྷང་ལྷང་དྲན་པ་གནད༔ འདི་སྐབས་ལོག་རྟོག་ཁ་ཅིག་འདི་སྐད་སྨྲ༔ བསྐྱེད་རྫོགས་ཐམས་ཅད་དྲན་ཙམ་མ་གཏོགས་པའི༔ རྒྱུན་དུ་བྱས་ན་ཨ་འཐས་ཡིན་ཞེས་ཟེར༔ དེ་ནི་དོན་མ་རྟོགས་ཤིང་འཁྲུལ་བར་ཟད༔ འདོད་དོན་གང་ལའང་ལན་རེ་བྱེད་པ་ལས༔ བརྩོན་འགྲུས་ནན་ཏན་བྱེད་འདི་ཅི་ཞིག་དགོས༔ དེས་ན་བསྐྱེད་རིམ་སྒོམ་པའི་དུས་སུ་ཡང༔ ལྷ་ཡི་རྣམ་པ་མ་ཡེངས་ཡིད་ཡུལ་གསལ༔ དེ་ཡང་སྣང་ལ་རང་བཞིན་མེད་པ་སྟེ༔ འཇའ་འམ་མེ་ལོང་གཟུགས་བརྙན་ལྟ་བུར་གསལ༔ འདི་ནི་གསལ་ཞིང་རང་བཞིན་མེད་པ་ཡིན༔ རྟག་ཆད་མཐའ་བསལ་དག་པའི་བསྐྱེད་རིམ་ཡིན༔ གང་ཡང་གསལ་གདབ་མ་ཡེངས་གནད་དུ་ཆེ༔ གལ་སྲིད་ལྷ་ཉིད་སྣང་སྟོང་མ་ཡིན་པར༔ ཤ་ཁྲག་བེམ་གཟུགས་དངོས་འཛིན་བསྐྱེད་པ་ན༔ རྟག་ཆད་མཐར་ལྷུང་ཨ་འཐས་དེ་ལ་བྱ༔ གོལ་བ་ཡིན་པས་ཕན་ལས་ཉེས་པ་ཆེ༔ སྔགས་ནི་སྒྲ་ཟུར་མ་ཉམས་རང་ཐོས་ཙམ༔ བཟླས་ཤིང་ཕྲེང་བ་དྲོད་དང་མ་བྲལ་གཅེས༔ འཆལ་འདྲེས་ཐེ་ཚོམ་ཟུར་ཆག་ཡེངས་པར་བཟླས༔ གོལ་ཞིང་འབྲས་མེད་འགྱུར་བས་ཚད་ལྡན་བྱ༔ སེམས་ཡང་གང་ཤར་ངོ་བོ་སོ་མ་དེ༔ ངོས་བཟུང་ཡང་ཡང་གསལ་གདབ་རང་ཐོག་ཏུ༔ མ་བཅོས་ལྷུག་པར་བཞག་ན་ཤར་གྲོལ་བདེ༔ སྟོང་གསལ་མ་འགགས་རྗེན་པ་སྐུ་གསུམ་དངོས༔ གལ་ཏེ་གང་དྲན་དེ་ལ་བདག་འཛིན་ཞུགས༔ རེ་དོགས་སྤང་བླང་སྔོན་བསུ་རྗེས་ཀྱང་གཅད༔ བཟོ་བཅོས་བྱས་ཀྱང་ཨ་འཐས་འཁྲུལ་པ་སྟེ༔ རང་གི་རྟོག་པས་རང་སེམས་རྙོགས་པ་འོ༔ དེས་ན་མ་བཅོས་ལྷུག་པར་བཞག་གནད་ཟབ༔ ལོག་རྟོག་འགའ་ཞིག་ལྷུག་པར་བཞག་ཟེར་ནས༔ རྣམ་རྟོག་རྒྱ་ཡན་འཁྲུལ་འབྱམས་ཅི་དགར་བཞག༔ དེས་ནི་དོན་མ་མཐོང་ཕྱིར་འཁོར་བ་པ༔ ཀུན་དང་མཚུངས་པས་གོལ་གཞི་ཆེན་པོ་འོ༔ དེས་ན་རིག་པའི་བྱ་རས་ངོས་གཟུང་ཞིང༔ བཅོས་མིན་རང་ལུགས་བཞག་པས་མཐོང་གནད་ཀྱིས༔ སྐྱེས་གྲོལ་དོན་གྱི་རྩ་བ་དེ་ཉིད་ཡིན༔ བསྐྱེད་སྔགས་རྫོགས་རིམ་མ་ཡེངས་ངང་ལ་བསྒྲུབ༔ བསྙེན་སྒྲུབ་དངོས་ནི་རང་གཞུང་ཁོ་ན་སྟེ༔ དེར་བཤད་དམིགས་པའི་འཕྲོ་འདུ་མ་ཡེངས་འབད༔ སྒྲུབ་པའི་སྐབས་འདིར་ལམ་ཁྱེར་གལ་ཆེ་བས༔ ཅུང་ཟད་འགྲོ་འམ་གཡོ་འགུལ་བྱེད་པའི་ཚེ༔ སྐད་ཅིག་ལྷར་ཕྱག་བསྐོར་བར་ཤེས་པར་བྱ༔ བཟའ་བ་ཤ་ལྔ་བཏུང་བ་བདུད་རྩི་ལྔར༔ བསམས་ནས་རང་གི་མགྲིན་པར་བླ་མ་དང༔ རྒྱལ་བ་སྲས་བཅས་སྙིང་གར་ཡི་དམ་ལྷ༔ ལྟེ་བར་མཁའ་འགྲོ་གསང་བར་ཆོས་སྐྱོང་རིགས༔ རྩ་གནས་དཔའ་བོ་མཁའ་འགྲོ་ཏིལ་གོང་ལྟར༔ བསམ་ལ་དེ་དག་རྣམས་མཆོད་དགྱེས་པར་བསམ༔ རླུང་བཟླས་སོ་སོར་ཡོད་ཀྱང་ཁྱད་པར་ནི༔ འཇུག་གནས་འབྱིན་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དུ༔ བསམ་ཞིང་སྤྱོད་ལམ་ཀུན་ཏུ་མ་བརྗེད་ན༔ རང་བྱུང་རྡོ་རྗེའི་བཟླས་པ་བླ་ན་མེད༔ ཟག་པ་ཀུན་ནི་སྐད་ཅིག་རང་ལྷར་གསལ༔ སྐུ་ལས་དཀར་དམར་བདུད་རྩིའི་རྒྱུན་བབས་ཤིང༔ གང་ལའང་མི་མཐུན་མེད་ཅིང་མཐུན་ཚོགས་གྱུར༔ ཡི་དྭགས་ལ་སོགས་བཀྲེས་སྐོམ་ཉེན་པ་ཀུན༔ ཚིམས་ནས་དགའ་མགུ་ལྷ་ཡི་བྱིན་རླབས་མཐུས༔ ལས་སྒྲིབ་ཟད་ནས་བདེ་འགྲོར་སོང་བར་བསམ༔ རྒྱུན་དུ་སྣང་གྲགས་རིག་གསུམ་ཆོས་ཐམས་ཅད༔ གང་ཡིན་ལྷ་སྔགས་ཡེ་ཤེས་གསལ་གདབ་པ༔ གལ་ཆེ་གསང་སྔགས་ཀུན་གྱི་ཁྱེར་སོ་ཟབ༔ བསྡུ་དུས་དམིགས་མེད་ཤིགས་སེ་བཞག་པ་འམ༔ སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀུན༔ ཚུར་འདུས་རང་གི་སྲུང་འཁོར་ལ་ཐིམ་ཞིང༔ དེ་ཡང་རིམ་བཞིན་གཞལ་ཡས་འཁོར་གྱི་ལྷ༔ གདན་བཅས་གཙོ་འདུས་ཡབ་ཡུམ་གཉིས་མེད་འདྲེས༔ ཡང་ན་འོད་ཕུང་གྱུར་དབུས་ས་བོན་ཧཱུྃ༔ གསལ་བ་དེ་ལ་འོད་འདུས་ཧཱུྃ་འོག་ནས༔ ཡར་ཞུ་ཐིག་ལེར་ཐིམ་ནས་དེ་ཡང་ཡལ༔ སྟོང་གསལ་མ་འགགས་སྐུ་གསུམ་ངང་ལ་གནས༔ ལྡང་དུས་དཔའ་བོ་མཁའ་འགྲོས་ཌཱ་དྲིལ་སྒྲས༔ འགྲོ་བའི་དོན་བསྐུལ་ཆོས་སྐུ་ལོངས་སྐུར་བཞེངས༔ དེ་ལས་སྤྲུལ་སྐུ་ཉི་མའི་ཟེར་ལྟར་འགྱེད༔ དག་པ་བཞིའི་ལྷར་ལམ་གྱིས་གྱུར་པར་བསམ༔ རྟག་ཆད་མཐའ་བསལ་ཡོན་ཏན་བརྗོད་མི་ལང༔ དེ་ནས་རྟགས་ནི་གཞུང་ངམ་གཞན་བྱུང་ལྟར༔ ཡིན་ལ་གཞན་ཡང་ཉམས་འཕེལ་འགྲིབ་སྣ་ཚོགས༔ བཟང་ངན་གང་ལྟར་བྱུང་ཡང་གཤིས་ཆོས་ཉིད༔ རོལ་པ་སྣང་སྟོང་འཛིན་མེད་ངང་ལ་བཞག༔ གདངས་ནི་འགག་མེད་གསལ་རིག་བུན་ནེ་བ༔ ཅིར་སྣང་ལམ་ཁྱེར་དགག་སྒྲུབ་བླང་དོར་སྤང༔ ལྟ་བའི་གདིང་བསྐྱེད་སྒྱུ་མའི་རོལ་གར་བལྟ༔ རང་རྫས་གཞན་ལ་མི་སྦྱིན་གཞན་རྫས་འཕྲལ༔ བྱུང་བ་མི་ལེན་རང་སར་བཞག་པ་གནད༔ དེ་ནས་རྗེས་ཀྱི་རིམ་པ་འདི་ལྟར་བསྟན༔ ཉམས་དང་རྨི་ལམ་འགྲུབ་རྟགས་འདྲ་བྱུང་ཚེ༔ དངོས་གྲུབ་བར་ཆད་གང་ཡིན་བརྟག་པ་གནད༔ དེ་ཡང་བཟང་རྟགས་བྱུང་དེ་འགྱུར་མེད་ལ༔ རང་ཡང་ཉམས་དགའ་ཐེ་ཚོམ་བྲལ་བ་བཟང༔ གལ་ཏེ་མི་བརྟན་རྣམ་འགྱུར་ཤིན་ཏུ་མང༔ རང་ཡང་མི་དགའ་ཐེ་ཚོམ་སོགས་བྱུང་ན༔ བར་ཆད་ཡིན་ཞིང་གཞན་ཡང་བརྟག་བྱ་བ༔ རྫས་རྒོད་སྒྲུབ་སོགས་བདུག་ལ་རང་ཡི་དམ༔ ལྷ་ཡི་ང་རྒྱལ་བརྟན་པོས་དེ་ལ་གཟིར༔ ཡང་ན་རང་དང་དབྱེར་མེད་བསྲེ་བ་ཡིན༔ ལྷ་ཡིན་ཇེ་གསལ་བར་ཆད་ཡིན་ན་ནི༔ མི་བརྟན་འགྱུར་ལ་རང་ཡལ་འགྲོ་བ་ཡིན༔ བཟང་རྟགས་ངེས་རིགས་གང་བྱུང་དེ་ཡི་ཚེ༔ ཐུགས་དམ་བསྐུལ་ཞིང་དངོས་གྲུབ་གཞུང་ལྟར་བླང༔ དེ་ནས་རང་གཞུང་ལ་སོགས་ལས་སྦྱོར་བྱ༔ དེ་ཡང་རྟགས་གྲངས་དུས་སོགས་རྫོགས་ནས་སོ༔ དེ་རྗེས་མཆོད་བསྟོད་ཚོགས་སྐོང་བཤགས་པ་དང༔ སྲུང་མར་མཆོད་གཏོར་གཏང་སོགས་གང་མང་འབད༔ ཡིག་བརྒྱའི་ཐུན་དང་བཤགས་པའི་རིགས་བརྗོད་བྱ༔ ལས་བཞིའི་མེ་མཆོད་འབད་ནས་བསྔོ་སྨོན་སོགས༔ གང་རྒྱས་བྱས་ནས་མི་དམིགས་རྒྱ་ཡིས་གདབ༔ ཞག་འགར་ཉམས་ལེན་ཁོ་ན་བསྐྱངས་ལ་འདུག༔ དེ་ནས་སྲུང་མར་གཏང་རག་མཆོད་གཏོར་འབུལ༔ དམ་ཡིག་སྐུ་བཅས་བླངས་ནས་དུས་མཐའ་ཕྱིན༔ ཞེས་པའི་ཚིག་བརྗོད་དོན་ཡང་བསམ་བྱས་པས༔ སྲུང་མ་དགྱེས་བཞིན་ལེགས་བརྗོད་གནང་བར་བསམ༔ ཞག་འགར་ཆོས་སྤྱོད་རིགས་ཀྱི་ལས་མང་འབད༔ ནང་མི་དམ་ལྡན་དང་སྤྲད་དལ་བར་འདུག༔ རྟེན་མདུན་ཕྱག་འཚལ་དུས་མཐར་ཕྱིན་བརྗོད་ལ༔ རྗེས་སུ་འདི་བཞིན་སྒྲུབ་པའི་དམ་བཅའ་འབུལ༔ ལེགས་གསུང་བཀའ་གནང་དངོས་གྲུབ་སྟེར་བར་བསམ༔ གཞུང་བཤད་ལ་སོགས་དམ་རྫས་འགའ་ལུས་འཆང༔ གཞན་རྣམས་གསང་སྦས་ལས་རྗེས་མི་མངོན་བྱ༔ ཕྱི་རྒྱུད་ལ་ནི་བསང་གཏོར་ལ་སོགས་གཏང༔ ཕྱི་ཐོ་གཉིས་བཀྲོལ་གསང་དམ་མ་ལུས་བསྲུང༔ སྤྱོད་ལམ་ལ་འཇུག་སྒྲུབ་པའི་ཡི་དམ་ལྷའི༔ བསྐྱེད་སྔགས་དང་ནི་རྫོགས་རིམ་མ་ཆག་གནད༔ རྒྱུན་དུ་བག་ཡོད་དྲན་ཤེས་རབ་ཀྱི་མཆོག༔ སྤྱོད་ལམ་ཀུན་ཏུ་སྔར་བཤད་ལམ་ཁྱེར་ལྟར༔ བྱ་བ་དེ་ནི་ཤིན་ཏུ་གལ་ཆེ་འོ༔ དེ་ལྟར་ཞི་དྲག་ཕོ་མོ་གང་སྒྲུབ་ཀྱང༔ འདི་ཡི་ཁོག་དབུབ་ཟབ་པས་ཤེས་པར་བྱའོ༔ གུ་རུའི་གསུང་ལ་ཟིན་བྲིས་བགྱིས་པ་ཡིན༔ མཚོ་རྒྱལ་བདག་གིས་མ་འོངས་དོན་དུ་བཀོད༔ ཐེམ་དུ་མ་བསྟན་གུད་སྦས་གསང་བ་གཅེས༔ ལས་ཅན་དང་འཕྲད་སྒྲུབ་པ་མཐར་ཕྱིན་ཤོག༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ རྒྱཿརྒྱཿརྒྱ༔ རྒྱ༔ གཏེར་སྟོན་ལ་ལི་ཏ་བཛྲ་གྱིས་གདན་དྲངས་པ་གུ་ཧྱ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).