Terdzo-SHI-021

From Rinchen Terdzö

ཀློང་གསལ་རྡོ་རྗེ་སྙིང་པོའི་རྫོགས་ཆེན་གྱི་ཁྲིད་རིམ་མདོར་བསྡུས་པ་འཇའ་ཟེར་གྲོང་འཇུག་

klong gsal rdo rje snying po'i rdzogs chen gyi khrid rim mdor bsdus pa 'ja' zer grong 'jug

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཀློང་གསལ་སྙིང་པོ་ (Longsel Nyingpo)
in cycle  ཀློང་གསལ་རྡོ་རྗེ་སྙིང་པོ་ (Klong gsal rdo rje snying po)
Volume 57 (ཤི) / Pages 595-676 / Folios 1a1 to 41b4

[edit]

༄༅། །ཀློང་གསལ་རྡོ་རྗེ་སྙིང་པོའི་རྫོགས་ཆེན་གྱི་ཁྲིད་རིམ་མདོར་བསྡུས་པ་འཇའ་ཟེར་གྲོང་འཇུག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡཻ། ཀ་དག་སྤྲོས་བྲལ་ཡེ་སངས་རྒྱས་པའི་དབྱིངས། །ལྷུན་རྫོགས་རང་རིག་འོད་གསལ་དམ་པའི་ཆོས། །ཟུང་འཇུག་ཚོགས་མཆོག་ཀུན་འདུས་བླ་མ་རྗེ། །གཤིས་ལུགས་ངོ་བོར་གདོད་ནས་བཞུགས་ཕྱག་འཚལ། །རྡོ་རྗེ་རྩེ་མོའི་ལམ་བཟང་ཀུན་གྱི་བཅུད། །སྙིགས་དུས་གྲོལ་བ་མངོན་བྱེད་ཕྲིན་ལས་རྒྱུན། །མ་ཉམས་བྱིན་རླབས་གཟི་ལྡན་གདམས་ཟབ་ཀྱི། ཁྲིད་ཚུལ་སྙིང་པོ་ཙམ་ཞིག་གསལ་བར་བྱ། །འདིར་སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་ཆོས་ཀྱི་གཙོ་བོ། ཐེག་དགུའི་ཡང་སྙིང་ཡོ་ག་རྣམ་པ་གསུམ་གྱི་ཉམས་ལེན་གཅིག་ཏུ་རྫོགས་པ་ཀློང་གསལ་རྡོ་རྗེ་སྙིང་པོ་ལས་རྫོགས་པ་ཆེན་པོ་ཨ་ཏི་ཡང་གསང་གི་ཁྲིད་རིམ་མདོར་བསྡུས་འཆད་པ་ལ་གསུམ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བས་ཐག་གཅད་པ། ལམ་ཏིང་ངེ་འཛིན་ཟབ་མོའི་དཀྱིལ་འཁོར་དུ་སྒོམ་པས་ཉམས་སུ་བླང་བ། འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ་དོན་གཉིས་ཕུན་སུམ་ཚོགས་པར་བསྟན་པའོ། །དང་པོ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གཞིའི་ཆོས་ཐམས་ཅད་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག །ཅེས་གསུངས་པ་ལྟར། འཁོར་འདས་འཁྲུལ་གྲོལ་གྱི་གཞི་འདུས་མ་བྱས་པའི་ཆོས། ངོ་བོའི་ཆ་ནས་དངོས་མཚན་ཀ་ནས་དག་པས་རྟག་མཐའ་དང་། རང་བཞིན་ལྷུན་གྲུབ་ཏུ་གནས་པའི་ཆ་ནས་ཆད་མཐའ་བྲལ་བ། སྐྱེ་འགག་གནས་གསུམ་གྱི་མཚན་ཉིད་སྤངས་པ། དེ་གཉིས་དབྱེར་མེད་ཀྱི་གདངས་རྩལ་ནི་ཐུགས་རྗེ་ཀུན་ཁྱབ་ཆེན་པོའི་རྣམ་པར་ཡེ་ནས་གནས་ཤིང་། དེའང་སྔ་ཕྱི་མེད་པར་རིག་པ་སྐད་གཅིག་མའི་ངོ་ལ་རྫོགས་པ་ཡིན་ཏེ། དེ་རང་ངོ་ཤེས་ན་ཀུན་ཏུ་བཟང་པོའི་གྲོལ་གཞི་ཞེས་བྱ་ལ། མ་ཤེས་ན་རྒྱུ་བདག་ཉིད་གཅིག་པ། ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པ་གསུམ་དང་། མཚན་ཉིད་རྒྱུའི་རྐྱེན། ལྷུན་གྲུབ་དམིགས་པའི་རྐྱེན། ཐ་དད་དུ་འཛིན་པ་དེ་མ་ཐག་པའི་རྐྱེན་གསུམ་ལ་བརྟེན་ནས་འཁྲུལ་པ་ལུ་གུ་རྒྱུད་དུ་བྱུང་བས་ཁམས་གསུམ་སེམས་ཅན་གྱི་འཁྲུལ་གཞི་ཞེས་བྱའོ། །སྦྱང་གཞི་དེ་ཉིད་སྦྱང་བྱ་འཁྲུལ་པ་གློ་བུར་གྱི་དྲི་མས་བསྒྲིབས་པ་ལ་སྦྱོང་བྱེད་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོས་བསལ་བཞག་མེད་པར་ཆོས་ཉིད་ཀློང་དུ་དག་པར་བྱེད་པ་ཡིན་ནོ།། ༈ །།གཉིས་པ་ལམ་ཏིང་ངེ་འཛིན་སྒོམ་པ་ལ། གང་དུ་སྒྲུབ་པའི་གནས། སྒྲུབ་པ་བྱེད་པའི་གྲོགས། སྒྲུབ་པ་ལ་མཁོ་བའི་ཡོ་བྱད། ནམ་སྒྲུབ་པའི་དུས་རྣམས་རྒྱུད་གཞུང་ལས་འབྱུང་བ་ལྟར་ལེགས་པར་ཚོགས་པར་བྱ། སྒོམ་པ་དངོས་ལ་འཇུག་པའི་ཐོག་མར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་བསྙེན་བཀུར་གྱིས་མཉེས་པ་སྒྲུབ་ཅིང་གསོལ་བ་བཏབ་པ་ལས་དབང་བཞི་ནོས་ཏེ་རྒྱུད་སྨིན་པར་བྱ། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གི་རིམ་པ་ཤེས་པར་བྱས་ལ་མ་ཉམས་པར་བསྲུང་། ཉམས་སུ་བླང་བྱ་དངོས་དབང་བཞིའི་རིམ་པས་རྒྱུད་བཞི་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་སོ་སོ་དང་འབྲེལ་པ་རིམ་པར་བསྒོམ་དགོས། དེ་ལ་དང་པོ་བུམ་དབང་གི་ལམ་ནི་བསྐྱེད་རིམ་གསལ་སྟོང་ལམ་ཁྱེར་ཏེ། ལུགས་འདི་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་པ་ལྷའི་རྣལ་འབྱོར། བཟླས་པ་སྔགས་ཀྱི་རྣལ་འབྱོར། ཞིང་ཁམས་འབྱོངས་པ་རྗེས་ཀྱི་རྣལ་འབྱོར་གསུམ་དུ་བསྡུས་ཏེ་བསྟན་པ་དང་། གསང་དབང་གི་ལམ་ལུས་འཕྲུལ་འཁོར། ངག་རླུང་སྦྱོར། ཡིད་དམིགས་པའི་གནད་གསུམ་གྱིས་བདེ་སྟོང་གཏུམ་མོ་ལམ་དུ་བྱེད་པ་དང་། ཤེར་དབང་གི་ལམ་ཁམས་བྱང་ཆུབ་ཀྱི་སེམས་ཟག་མེད་ཡེ་ཤེས་བདེ་བ་ཆེན་པོའི་རྣལ་འབྱོར་དུ་བྱ་བ་རྣམས་ནི་ཟུར་དུ་གསལ་བ་ལྟར་ཉམས་སུ་བླང་ངོ་།། །།འདིར་དབང་བཞི་པའི་ལམ་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་འཆད་པ་སྟེ་གདམས་ངག་ཁྲིད་ཀྱི་ལུགས་སུ་གདབ་པ་ཞེས་བྱ་བ་ཡིན་ལ། ཆོས་འཆད་ཉན་གྱི་སྦྱོར་བ་རྣམ་པར་དག་པ་ཚོགས་པར་བྱ། འཆད་པ་དངོས་ཀྱི་ཐོག་མར་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། ཐབས་རྒྱ་ཆེ་བ་སྔགས་ཀྱི་ཀུན་སློང་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་འདུན་པ་དང་བཅས་པས། ཀུན་སྤྱོད་མ་དག་པ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་ལ་སོགས་པ་སྤང་། དག་པ་འདུ་ཤེས་བཞི་སོགས་ལྡན་པས་བཤད་བྱ་དངོས་ལ་གཉིས། གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས། དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ཡིད་ཆེས་ཤིང་ཁུངས་བཙུན་པར་བསྟན་པ་བརྒྱུད་པའི་ལོ་རྒྱུས་སྤྱི་ལྟར་ན། ཀུན་བཟང་རིགས་ལྔ་སོགས་རྒྱལ་བ་དགོངས་བརྒྱུད། རིགས་གསུམ་སེམས་དཔའ་དང་དགའ་རབ་རྡོ་རྗེ་སོགས་རིག་འཛིན་བརྡའ་བརྒྱུད། རྗེ་འབངས་གྲུབ་ཐོབ་སོགས་གང་ཟག་སྙན་བརྒྱུད། སྤྲུལ་པའི་གཏེར་སྟོན་སོགས་མཁའ་འགྲོ་གཏད་བརྒྱུད། ལུང་ཟིན་ཆོས་བདག་སོགས་བཀའ་བབས་དོན་གྱི་བརྒྱུད་པ་སྟེ་དྲུག་གམ། བརྒྱུད་པ་དགུ་ལྡན་དུ་གྲགས་པ་རྣམས་ལས་བར་མ་ཆད་པར་ཟབ་ཆོས་འདི་ཉིད་ཀྱང་བྱོན་པ་སྟེ། སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེས་མཚོ་རྒྱལ་དང་ལང་གྲོ་ལོ་ཙཱ་སོགས་ལ་གདམས་ནས་གཉེར་དུ་གཏད། དེ་དག་གིས་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ་རོལ་པ་བདེ་ཆེན་ཁང་དུ་གཏེར་རྒྱས་བཏབ་པ། ཕྱིས་འདུལ་བའི་དུས་ལ་བབས་པ་ན་ལང་གྲོའི་སྒྱུ་འཕྲུལ་གཏེར་ཆེན་པདྨ་མདོ་སྔགས་གླིང་པས་སྤྱན་དྲངས་ཏེ་སྐལ་ལྡན་རྣམས་ལ་བསྩལ་པས། ཚེ་འདི་དང་བར་དོར་མངོན་སུམ་གྱིས་གྲོལ་ཚད་ཐོབ་པའང་བརྒྱུད་མར་བྱོན་ཅིང་འབྲེལ་ཚད་ཀྱི་འགྲོ་བ་མཐའ་དག་གདོད་མའི་གྲོལ་སར་དབུགས་དབྱུང་བར་མཛད་དོ། །བྱེ་བྲག་ཆོས་འདིའི་བབས་ལུགས་ཀྱི་དབང་དུ་བྱས་ན། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་དཔལ་ཀུན་ཏུ་བཟང་པོས་འཁོར་རིགས་ལྔ་རྡོ་རྗེ་འཆང་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པར་བསྟན། དེས་རྡོ་རྗེ་སེམས་དཔའ་ལ་རང་བཞིན་བྱིན་གྱིས་བརླབས་ཏེ་གསུངས། དེས་དུར་ཁྲོད་མེ་རི་འབར་བར་དགོངས་པ་སངས་རྒྱས་དང་མཉམ་པའི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བསྟན། དེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་མཁས་པ་ཤྲཱི་སིདྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། དེས་དུར་ཁྲོད་སོ་ས་གླིང་དུ་རིག་འཛིན་པདྨ་འབྱུང་གནས་ལ་གནས་ལུགས་ཡིད་སྤྱོད་དང་བྲལ་བར་གསུངས། དེས་བོད་ཡུལ་མཆིམས་ཕུ་བྲེ་གུ་དགེའུར་མཚོ་རྒྱལ་དང་མངའ་བདག་ཡབ་སྲས་ལ་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་ནས་གསུངས། དེས་རིག་འཛིན་ཀློང་གསལ་སྙིང་པོ་ལ་རོལ་པ་བདེ་ཆེན་ཁང་དུ་དབང་བཞི་ཡེ་ཤེས་ཀྱི་ཆུ་བོ་མངོན་སུམ་འོད་གསལ་གྱི་དཀྱིལ་འཁོར་དུ་ཕབ་ནས་གསུངས། དེས་མཆེད་གྱུར་བླ་མ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་སྐྱེ་བར་ལུང་གིས་ཟིན་པའི་མཚུངས་མེད་བཀྲ་ཤིས་འོད་ཟེར། དེས་རྗེ་བཙུན་བླ་མ་དམ་པ་ཆོས་འདིའི་བདག་པོར་གཏེར་ལུང་གིས་གསལ་བ་ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་ལ་གསུངས། ཡང་གཏེར་ཆེན་ནས། རྒྱལ་སྲས་བསོད་ནམས་ལྡེའུ་བཙན། མཆེད་དབོན་བཀྲ་ཤིས་འོད་ཟེར། ལུང་ཟིན་ཆོས་ཉིད་རྒྱ་མཚོ། དྲུང་ནམ་མཁའ་རྒྱ་མཚོ། དབོན་བཀྲ་ཤིས་འོད་ཟེར། ཀུན་བཟང་ཆོས་ཀྱི་རྡོ་རྗེ། འགྱུར་མེད་ངེས་དོན་བསྟན་འཕེལ་དང་། ཀུན་བཟང་ངེས་དོན་དབང་པོ་གཉིས་ཀ་ལས་མཆོག་སྤྲུལ་བསོད་ནམས་རྣམ་རྒྱལ། སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ། རིག་འཛིན་བསོད་ནམས་དཔལ་ལྡན། མཁས་ཤིང་གྲུབ་པའི་དབང་ཕྱུག་མཆོག་སྤྲུལ་ཀུན་བཟང་རྣམ་པར་རྒྱལ་བའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་པ་སྟེ། དེ་ཐམས་ཅད་ཟབ་ཆོས་འདི་ལས་རྟགས་ཚད་ཀྱི་གདིང་ཐོབ་པ་ཤ་སྟག་གོ། །།གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་བཤད་པ་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བྱེད་ཀྱི་གདམས་པ། དབང་འབྲིང་འཆི་ཀའམ་བར་དོར་གྲོལ་བའི་གདམས་པ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བའི་གདམས་པ། དེ་དག་སྤྱིར་རྩིས་ཆེ་བར་བཀའ་རྒྱས་གདབ་པ་དང་བཅས་པའོ། །དང་པོ་ལ་བཞི། སྔོན་འགྲོའི་རིམ་པ་ཇི་ལྟར་བརྟེན་པའི་ཚུལ། དངོས་གཞི་ཟག་མེད་ཡེ་ཤེས་རྒྱུད་ལ་སྐྱེ་ཚུལ་ཁྲེགས་ཆོད་ཀྱི་གདམས་པ། ཟག་མེད་ཡེ་ཤེས་མངོན་སུམ་རང་གནད་ལ་དབབ་པ་སྣང་བ་བཞིའི་འཆར་ཚུལ་དང་བཅས་པ། མཐའ་རྟེན་གྱི་མན་ངག་བསྟན་པའོ། །དང་པོ་ལ་གསུམ། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། རྣལ་འབྱོར་གྱི་སྣོད་རུང་དུ་བྱ་བ་ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲངས་ཤིང་སེམས་རྣལ་དུ་ཕབ་སྟེ། ཐོག་མར་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །སོགས་སྔོན་འགྲོའི་ངག་འདོན་ལས་འབྱུང་བ་ལྟར་སྙིང་ཐག་པ་ནས་གསོལ་བ་ཕུར་ཚུགས་སུ་གདབ། དེ་རྣམས་ཐུན་སྒོམ་རེས་བཞིན་མགོ་འཛིན་གྱི་ཚུལ་དུ་ཐོག་མར་གཏོང་བ་ཕྱག་ལེན་ནོ།། །།གཉིས་པ་ཐུན་མོང་གི་སྔོན་འགྲོ་ལ་གཉིས། བློ་ཆོས་སུ་འགྲོ་བར་བྱེད་པ་བློ་ལྡོག་རྣམ་བཞིའི་ཁྲིད་དང་། ཆོས་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་དོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པའོ། །དང་པོ་ལ་ལྔ། དལ་འབྱོར་རང་གི་ངོ་བོ། རྙེད་དཀའ་བའི་རྒྱུ་མཚན། སངས་རྒྱས་སྒྲུབ་པའི་རྟེན་ཡིན་ཚུལ། ཕྱིས་ནས་རྙེད་དཀའ་བ། རྙེད་པའི་ཕན་ཡོན་ནོ། །དང་པོ་ནི། མི་ཁོམས་པའི་གནས་རྣམས་སུ་སྐྱེས་ན་རང་རང་གི་ལས་ངན་གྱིས་བྲེལ་ནས་ཆོས་བྱེད་མི་ཁོམ་སྟེ། མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཅེས་པ་སྟེ་དེ་རྣམས་སུ་མ་སྐྱེས་པས་དལ་བ་བརྒྱད་དང་ལྡན་པའོ། །ཆོས་ལ་སྤྱོད་པའི་འབྱོར་པ་བཅུ་ཡང་ལེགས་པར་ཚང་སྟེ། མཛོད་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་པ་ལྟར་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་བཅས་ཚང་བའོ། །གཉིས་པ་རྙེད་དཀའི་རྒྱུ་མཚན་ནི། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམྦ་ར་འདྲ། །རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་པ་ལྟར་རྒྱུ་དང་། གྲངས་དང་། དཔེའི་སྒོ་ནས་རྙེད་པར་དཀའ་སྟེ། རྒྱུ་དགེ་བ་བྱེད་པ་དཀོན་པས་འབྲས་བུ་མི་ལུས་དཀོན་པ་སྟེ། དཔེར་ན་དཔྱིད་ས་བོན་དཀོན་ན་སྟོན་འབྲས་བུ་དཀོན་པ་བཞིན་ནོ། །གྲངས་ནི་མདོ་ལས། དམྱལ་བ་ནི་སའི་རྡུལ་གྱི་གྲངས་ཙམ་ཡོད། ཡི་དྭགས་ནི་བྱེ་མའི་གྲངས་ཙམ། དུད་འགྲོ་ནི་ཆང་གི་སྦང་མ་ཙམ། ལྷ་མ་ཡིན་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། ལྷ་མི་གཉིས་ནི་སེན་མོའི་སྟེང་དུ་རྡུལ་ཆགས་པ་ཙམ་ཞིག་ཡོད། ཅེས་པས། དེ་ལྟར་འགྲོ་བ་གཞན་གྱི་གྲངས་ལ་བལྟས་ན་མི་ལུས་ཐོབ་པ་ཤིན་ཏུ་དཀའ། དཔེ་ནི་གྱང་ལོགས་ལ་སྲན་མ་གཏོར་བས་ཐུར་དུ་ལྷུང་བ་ནི་འགྲོ་བ་གཞན་དང་། གཅིག་འབྱར་སྲིད་པ་ནི་ལྷ་མིའི་དཔེ་སོགས་བཤད། གསུམ་པ་སངས་རྒྱས་སྒྲུབ་རྟེན་ཡིན་ཚུལ་ནི། གནས་སྐབས་ཀྱི་འབྲས་བུ་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་། མཐར་ཐུག་ངེས་ལེགས་ཐེག་པ་གསུམ་གྱི་འབྲས་བུ་ཡང་མི་ལུས་ལ་བརྟེན་ནས་འགྲུབ་པ་སོགས་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་བདེ་གཤེགས་ཐམས་ཅད་ཀྱིས་རྟེན་གཙང་མ་འདི་ཁོ་ན་ཉིད་ལ་བརྟེན་ནས་སངས་རྒྱས་ཀྱི་མཛད་པ་སྐྱོང་བས་ཁྱད་པར་དུ་འཕགས་པའོ། །བཞི་པ་ཕྱིས་ནས་རྙེད་དཀའ་བ་ནི། དལ་འབྱོར་འདི་ལྟ་བུ་ཡང་ཡང་མི་རྙེད་དེ། ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོགས། །ཅེས་པས་གྲུ་ཡོད་དུས་ཆུ་ཆེན་པོ་ལས་བརྒལ་དགོས་པ་བཞིན་ཆོས་བྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར། སྐྱེ་བ་གཏན་གྱི་སོ་ནམ་རང་མགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་གཅིག་རང་མི་བྱེད་རེ་ཤི་སྙམ་དུ་རྟག་ཏུ་བསམ་པར་བྱའོ། །ལྔ་པ་རྙེད་པའི་ཕན་ཡོན་ནི། དེ་ལྟར་ཡང་ཡང་བསམ་པས་གནས་སྐབས་སུ་དལ་འབྱོར་དོན་མེད་ཆུད་གསོན་དུ་མི་བྱེད་པར་སྤྲོ་བ་དང་བཅས་ནས་ཆོས་ལ་འཇུག་པའི་རྒྱུ་བྱེད་ཅིང་། མཐར་ཐུག་ཐར་པའི་ལམ་སྣ་ཟིན་ཅིང་དལ་འབྱོར་དོན་ཡོད་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། ཀྱེ་མ༔ རིགས་དྲུག་ནང་ནས་དལ་འབྱོར་རྙེད་དཀའ་ཞིང༔ སོགས་ངག་འདོན་ལྟར་བརྗོད་ལ། ཕྱི་རིགས་དྲུག་གི་གྲངས། ནང་སེམས་ཅན་གྱི་སྡུག་བསྔལ། གསང་བ་རང་ལུས་ཀྱི་ཡོན་ཏན་ལ་བསམ་ནས་དལ་འབྱོར་རྙེད་པར་དཀའ་བ་ལ་བློས་གཞིག་པར་བྱའོ།། །།གཉིས་པ་འཆི་བ་མི་རྟག་པའི་ཁྲིད་བསྟན་པ་ལ་བཞི། སྣོད་བཅུད་སྤྱིར་མི་རྟག །བྱེ་བྲག་མི་ལུས་མི་རྟག །མི་རྟག་པའི་དཔེ། དེའི་དགོས་ཆེད་བསྟན་པའོ། །དང་པོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་སྲ་ཞིང་མཁྲེགས་པ་ལྟར་སྣང་ཡང་མི་རྟག་ཅིང་བསྐལ་པ་འཇིག་ཆགས་གནས་སྟོང་བཞིར་འགྱུར། ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱང་མི་རྟག་ཅིང་སྐྱེ་རྒ་ན་འཆི་བཞིས་འགྱུར། ལོ་མི་རྟག་སྟེ་དབྱར་དགུན་སྟོན་དཔྱིད་བཞིས་འགྱུར། ཟླ་བ་མི་རྟག་དཀར་ནག་གཉིས་ཀྱིས་འགྱུར། ཞག་ནི་མི་རྟག་ཉིན་མཚན་གཉིས་ཀྱིས་འགྱུར་བའོ། །གཉིས་པ་བྱེ་བྲག་མི་ལུས་མི་རྟག་པ་ནི། རང་རེ་རྣམས་ཀྱིས་ད་རེས་རྙེད་དཀའི་རྟེན་འདི་ཐོབ་ཏུ་ཟིན་ཀྱང་། ཡུན་རིང་པོར་མི་སྡོད་པར་འཆི་ངེས་པ་ཅན་ཏེ། སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་རང་ཡང་མ་མཐོང་ཞིང་མ་ཐོས་ལ། ཡོད་དམ་མེད་དམ་སྙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་དེ་ངེས་པར་འཆི་དགོས་པ་ཡིན། ཚེ་ལ་གུད་ནས་སྣོན་པ་མེད་ཅིང་འགྲིབ་པ་ཡོད་པས་མྱུར་དུ་རང་འཆི་སྟེ། ལྟག་ཆུ་བཅད་པའི་རྫིང་བུ་མཐིལ་རྡོལ་ལྟར་ཚེ་འཛད། གསོད་སར་ཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟ་བུ་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཐག་ཇེ་ཉེ་རུ་སོང་བ་འདི་མ་ཚོར་བ་མཚང་རེ་ཆེ། དེར་མ་ཟད། དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདིང་ཐུབ་པ་མ་ཡིན་ཏེ། རྟ་འདྲོག་པའམ་གཟའ་གདོང་ཐུག་ལྟ་བུས་ད་ལྟ་རང་འཆི་བ་ཐོག་བབས་སུ་མི་འོང་བའི་ངེས་པ་མེད། མདོར་ན་ཚེ་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་དུས་ཀྱི་མགྲོན་པོ་ལས་ཀྱང་གྱེས་སླ། འདོད་ཡོན་ལོངས་སྤྱོད་སྒྱུ་མ་བས་རྟག་མི་ཐུབ། འཆི་བདག་ཁོ་དགོང་ཁའི་གྲིབ་སོ་བས་ཀྱང་མགྱོགས་པར་འོང་བས་སྙིང་ནས་སྐྲག །སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་མཐའ་ལྷུང་བ་བཞི་ལས་མ་འདས། རང་གིས་བརྩེགས་པའི་མཁར། བསགས་པའི་ནོར། འགྲོགས་པའི་ཉེ་འབྲེལ་སོགས་ཐམས་ཅད་ཆམ་གྱིས་བསྐྱུར་ནས། རང་ཉིད་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འཇིག་རྟེན་ཕ་རོལ་དུ་ནམ་འགྲོ་ཆ་མི་འདུག་པས། ཚེ་མཇུག་སྤྲིན་བར་གྱི་ཉི་ཞུར་ཙམ་འདི་ལ་བློ་སྣ་བསྟུངས་ཏེ། སྐྱེ་བ་གཏན་གྱི་འདུན་མ་ཚགས་སུ་ཚུད་པའི་ཆོས་ཤིག་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་ལ། འཆི་བ་མི་རྟག་པ་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་འཐོན་འཐོན་བསྒོམ་པར་བྱའོ། །གསུམ་པ་མི་རྟག་པའི་དཔེ་ནི། སློབ་དཔོན་དཔའ་བོའི་ཞལ་ནས། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་རྣམས་ལ་སྨྲོས་ཅི་དགོས། །ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་མེས་པོ་ཚངས་པ་བརྒྱ་བྱིན་ལ་སོགས་པ་དང་། ཏིང་ངེ་འཛིན་དང་བསམ་གཏན་གྲུབ་པའི་དྲང་སྲོང་རྫུ་འཕྲུལ་ཅན་རྣམས་དང་། འཕགས་པ་ཉན་རང་དགྲ་བཅོམ་པ་རྣམས་ཀྱང་མཐར་ཐུག་སྐུ་ལུས་གཏོང་བ་སྟེ། དེར་ཡང་མ་ཟད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་མཚན་དཔེས་བརྒྱན་པ་རྡོ་རྗེའི་རང་བཞིན་ལྟ་བུ་ཡང་སྐུ་ལུས་འཇོག་ན་འོ་སྐོལ་འཆི་བ་ལྟ་ཅི་སྨྲོས་སྙམ་དུ་བསམ། བཞི་པ་དགོས་ཆེད་ནི། མི་རྟག་པ་བསྒོམས་པས་གནས་སྐབས་སུ་ཆོས་ལ་འཇུག་ཅིང་བརྩོན་འགྲུས་དྲག་པོས་ཆོས་སྒྲུབ་པའི་གྲོགས་བྱེད། མཐར་ཐུག་འོད་གསལ་ཆོས་སྐུ་ཐོབ་པའི་རྟེན་བྱེད་པས་གསལ་གདབ་པའི་ཚིག །སྐྱེས་པའི་སྒྱུ་ལུས་འཆི་བའི་རང་བཞིན་ཅན༔ སོགས་བརྗོད་ལ། ཕྱི་སྔོན་གྱི་འགྲོ་བ་མ་ཤི་བ་མེད། ནང་མཐོང་ཚད་ཀྱི་འགྲོ་བ་རིམ་གྱིས་འཆི། གསང་བ་འབྱུང་བའི་ལུས་སོ་སོར་ཞིག་པས་སྒྱུ་མ་དང་འདྲ་བར་བསམ་ནས་རང་གི་ཚེ་མི་རྟག་པ་ལ་བློས་གཞིག་པར་བྱའོ།། །།གསུམ་པ་ལས་འབྲས་བསམ་པ་ལ་དྲུག །རྒྱུ་འབྲས་ཀྱི་རང་བཞིན་སྤྱིར་བསྟན་པ། དབྱེ་བ། ས་མཚམས། ལྕི་ཡང་། འབྲས་བུ། སྒོམ་པའི་དགོས་ཆེད་བསྟན་པའོ། །དང་པོ་ནི། འགྲོ་བའི་བདེ་སྡུག་གི་སྣང་ཚུལ་ཐམས་ཅད་ཟག་བཅས་ཀྱི་ལས་ལས་བྱུང་བར་གསུངས་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་ཏེ། ས་བོན་མངར་བ་ལས་འབྲས་བུ་མངར་བ། ཁ་བ་ལས་ཁ་བའི་འབྲས་བུ་སོ་སོར་སྨིན་པ་ལྟར། བདེ་སྡུག་གི་རྒྱུ་དགེ་མི་དགེ་གཉིས་ཡིན་པས་ཐར་འདོད་རྣམས་ཀྱིས་བླང་དོར་མ་ནོར་བ་བྱ་དགོས། གཉིས་པ་དབྱེ་བ་ནི། མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་གཙོ་བོར་གྱུར་པའི་ཁ་ན་མ་ཐོ་བ་རྣམས་ནི་མི་དགེ་བའི་ལས་ཡིན་ལ། མི་དགེ་བཅུ་སྤངས་པའི་དགེ་བ་བཅུ་དང་། ཆོས་སྤྱོད་བཅུ་དང་། ཕར་ཕྱིན་བཅུ་ལ་སོགས་པ་རྣམས་ནི་དགེ་བའི་ལས་ཡིན་པས། དགེ་བ་དེ་དག་ཕྲ་ཞིང་ཕྲ་བ་ཡང་ཁྱད་མི་གསོད་པར་དང་དུ་བླང་བར་བྱ་སྟེ། ཆུང་ངུ་བསགས་པས་ནམ་ཞིག་ཆེན་པོར་འགྱུར་བའི་ཕྱིར་ཏེ། ཆུའི་ཐིགས་པས་བུམ་པ་རིམ་གྱིས་འགེངས་པ་བཞིན་ནོ། །མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ཡང་དུག་བཞིན་དུ་སྤང་དགོས་ཏེ། འགྱུར་སྟོབས་རབ་ཏུ་ཆེ་བས་མི་དགེ་བ་ཆུང་ངུས་ཀྱང་སྡུག་བསྔལ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །གསུམ་པ་ས་མཚམས་ནི། སྤྱིར་ཉོན་མོངས་པ་གསུམ་གྱིས་ཀུན་ནས་བསླངས་ཤིང་གཞན་ལ་གནོད་པ་གཞི་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་མི་དགེ་བའི་ལས་ཡིན་ལ། ཉོན་མོངས་པ་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བསླངས་ཤིང་གཞན་ལ་ཕན་པ་འབྲས་བུ་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་དགེ་བའི་ལས་སོ། །བྱེ་བྲག་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐམས་ཅད་ཟག་མེད་ཀྱི་དགེ་བ་སྟེ་ཐར་པ་ཆ་མཐུན་དང་། དེས་མ་ཟིན་པ་ནི་ཟག་བཅས་ཀྱི་དགེ་བ་སྟེ་བསོད་ནམས་ཆ་མཐུན་ཞེས་བྱའོ། །བཞི་པ་ལྕི་ཡང་ནི། ཡུལ་དང་ཀུན་སློང་དྲག་ཞན་ལ་སོགས་པའི་ཁྱད་པར་གྱིས་མི་དགེ་བ་ལྕི་ཡང་བར་མ་གསུམ་དང་། དགེ་བའི་ལས་ཆེ་འབྲིང་ཆུང་གསུམ་མོ། །ལྔ་པ་འབྲས་བུ་ནི། ཟག་པ་དང་བཅས་པའི་མི་དགེ་བ་ལྕི་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཡང་བས་དུད་འགྲོ་སྟེ་རྣམ་སྨིན་གྱི་འབྲས་བུའོ། །སྲོག་གཅོད་པ་ལ་དགའ་བ་ལ་སོགས་པ་མི་དགེ་བ་གང་བྱེད་དེར་སྐྱེ་བ་ནི་བྱེད་པ་རྒྱུ་མཐུན་དང་། སྲོག་གཅོད་པས་ཚེ་ཐུང་ཞིང་ནད་མང་བ་སོགས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ། ཡུལ་ཚེར་མ་ཅན་ལོ་འབྲས་མི་སྨིན་པ་སོགས་བཀྲ་མི་ཤིས་པའི་ཡུལ་དུ་སྐྱེ་བའོ། །ཟག་པ་དང་བཅས་པའི་དགེ་བ་ཆེན་པོས་ཁམས་གོང་མའི་ལྷ། འབྲིང་གིས་འདོད་ལྷ། ཆུང་ངུས་མིར་སྐྱེ་བ་སྟེ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་དང་དབང་གི་འབྲས་བུ་སོགས་ཀྱང་སྔར་ལས་ལྡོག་སྟེ་ཤེས་པར་བྱའོ། །ཟག་མེད་ཀྱི་དགེ་བའི་འབྲས་བུ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུའི་དགེ་བ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ནོ། །ལས་ཀྱི་རྣམ་སྨིན་ཆེ་ཆུང་གང་ཡིན་ཡང་ནམ་ཡང་བསླུ་མི་སྲིད་ཅིང་བདེ་སྡུག་ཐམས་ཅད་ཀྱི་གཞི་བྱེད་པས་བླང་དོར་མ་འཛོལ་བར་ཤིན་ཏུ་གལ་ཆེའོ། །དྲུག་པ་དགོས་ཆེད་ནི། དེ་ལྟར་ཤེས་པས་གནས་སྐབས་སུ་དགེ་སྡིག་བླང་དོར་ཤེས་ཤིང་དགེ་བ་ལ་བརྩོན་པ་དང་། མཐར་ཐུག་ཚོགས་གཉིས་ཟུང་དུ་འཇུག་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་པའི་དགོས་པ་ཡོད་དོ།། །།བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གསུམ། སྡུག་བསྔལ་གྱི་རང་བཞིན་སྤྱིར་བསྟན་པ། བྱེ་བྲག་ཏུ་རིགས་དྲུག་གི་སྡུག་བསྔལ་སོ་སོར་བཤད་པ། དེ་བསྒོམ་པའི་དགོས་ཆེད་བསྟན་པ་དང་བཅས་པའོ། །དང་པོ་ནི། དེ་ལྟར་ལས་བསགས་པའི་འབྲས་བུས་འཁོར་བར་འཁྱམས་པས་དེ་ལ་དཔྱོད་པ་ན། འཁོར་བའི་གནས་རིས་མཐོ་དམན་ཐམས་ཅད་ལ་སྡུག་བསྔལ་མེད་པ་ཁབ་རྩེ་ཙམ་མེད། བརྒྱ་བྱིན་གྱི་ལོངས་སྤྱོད་ཙམ་ལའང་ཡིད་སྨོན་མེད་དེ། ཅིའི་ཕྱིར་ན། སྤྱིར་ཐམས་ཅད་ལ་རྩ་བའི་སྡུག་བསྔལ་གསུམ་གྱིས་ཁྱབ་སྟེ། མི་དགེ་བའི་ལས་ལ་བརྩོན་པའི་འདུ་བྱེད་ཐམས་ཅད་ལ་གནས་སྐབས་མཐར་ཐུག་གི་སྡུག་བསྔལ་གྱིས་ཁྱབ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། བདེ་བ་སྐད་ཅིག་གིས་སྡུག་བསྔལ་དུ་འགྱུར་བ་འགྱུར་བའི་སྡུག་བསྔལ། རྨ་ཐོག་ཏུ་ཕོལ་མིག་བུད་པ་ལྟ་བུ་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །གཉིས་པ་བྱེ་བྲག་རིགས་དྲུག་གི་སྡུག་བསྔལ་སོ་སོར་བཤད་པ་ལ་ངན་སོང་གསུམ་ལས། དམྱལ་བ་ལ་ཚ་གྲང་གཉིས་ལས། དང་པོ་ནི། ཚ་དམྱལ་སྤྱི་མཐུན་གནས་ལྕགས་བསྲེགས་ས་གཞི་དང་། མདག་མ་དང་རྡོ་བསྲེགས་མཚོན་ཆའི་ཆར་པའོ། ཁྱད་པར་དུ་གངས་རི་ཏི་སེའི་ཞབས་ནས་དཔག་ཚད་ཉི་ཁྲི་སོགས་འདས་པ་ན་རིམ་བཞིན་བང་སོ་བརྩེགས་པ་ལྟར་ཡོད་དོ། །དེ་ལ་ཡང་སོས་པས་ས་གཞི་མཚོན་ཆས་གང་བ་དེ་བླང་ནས་གཅིག་གིས་གཅིག་སོད་མཐར་ནམ་མཁའ་ནས་སོས་པར་གྱུར་ཅིག །ཅེས་སྒྲ་གྲགས་པས་སོས་སོ། །ཐིག་ནག་ནི་སོག་ལེ་འབར་བས་དྲས་མཐར་སོས་པའོ། །བསྡུས་འཇོམས་ནི་ལྕགས་གཏུན་དུ་བརྡུང་བའོ། །ངུ་འབོད་ནི་ལྕགས་ཁང་རིམ་གཅིག །ངུ་འབོད་ཆེན་པོ་ལྕགས་ཁང་རིམ་གཉིས། ཚ་བ་གསལ་ཤིང་རྩེ་གཅིག་དང་། རབ་ཏུ་ཚ་བ་དམྱལ་ཟངས་ནང་དུ་ཁྲོ་ཆུ་ཁོལ་མ་དང་ཟངས་ཞུན་རྣམས་ཀྱིས་བཙོ་སྲེག་བྱེད་ཅིང་གསལ་ཤིང་རྩེ་གསུམ་པས་ཕུག་གོ །མནར་མེད་མེ་དཔུང་འབར་བར་འཚིག་པ་སྟེ་ཚ་དམྱལ་བརྒྱད་དོ། །གཉིས་པ་གྲང་དམྱལ་བརྒྱད་སྤྱི་མཐུན་གནས་གངས་བར་དང་འཁྱག་རོམ་ཁ་བ་བུ་ཡུག་གོ །དེ་ལ་བརྒྱད་དེ། ཆུ་བུར་ཅན། ཆུ་བུར་རྡོལ་བ། ཨ་ཆུ། ཀྱི་ཧུད། སོ་ཐམ་པ། ཚལ་པ་དྲུག་སྟེ་ཨུཏྤལ་ལྟར་གས་པ། བརྒྱད་དུ་པདྨ་ལྟར་གས་པ། སོ་དྲུག་ཏུ་རུས་པ་དཀར་པོར་མཐོང་བ་པདྨ་ཆེན་པོ་ལྟར་གས་པའོ། །དེ་བཅུ་དྲུག་གི་སྟེང་དུ་ཉེ་འཁོར་བ་རོ་མྱག་གི་འདམ། ཆུ་བོ་རབ་མེད། མེ་མུར་འོབས། སྤུ་གྲིའི་ཐང་དང་རལ་གྲིའི་ནགས་སོགས་སོ། །ཉི་ཚེ་བ་སྒོ་ཀ་བ་ཐབ་ཀ་ཐག་པ་སོགས་ཏེ་དམྱལ་ཁམས་བཅོ་བརྒྱད་དོ། །ཡི་དྭགས་ཕྱིའི་སྒྲིབ་པ་ཅན་ཟས་སྐོམ་མཐོང་བ་སྐྱེས་བུས་སྲུང་སྟེ་སྤྱད་དབང་མེད་པ་དང་། ནང་གི་སྒྲིབ་པ་ཅན་ལྟོར་ཐོན་དུས་མེ་འབར་བ་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་རྣག་ཁྲག་ཏུ་འགྱུར་བ་དང་ལྦ་བ་ཅན་ནོ། །དུད་འགྲོ་ལ་གླིང་བར་གྱི་རྒྱ་མཚོར་གནས་པ་བྱིངས་གནས་དང་། བདག་ཏུ་བཟུང་མ་གཟུང་གི་ཁ་འཐོར་བའོ། །དེ་ལ་བླུན་རྨོངས་དང་གཅིག་གིས་གཅིག་ཟ་བ་དང་བཀོལ་སྤྱོད་དོ། །ལྷ་མ་ཡིན་ལ་འཐབ་རྩོད་དང་། ལྷ་ལ་འཆི་ལྟས་དང་འཕོ་ལྟུང་། མིར་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་ཡོད་དོ། །གསུམ་པ་དགོས་ཆེད་ནི། དེ་རྣམས་ཤེས་པས་འཁོར་བའི་གནས་ལ་ཡིད་དབྱུང་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་ཐོབ་པའི་དགོས་པ་ཡོད་དོ།། །།གཉིས་པ་ཆོས་ལམ་དུ་འགྲོ་བར་བྱེད་པའི་ཁྲིད་ལ་བདུན། ལམ་ལོག་པ་ལས་སྐྱོབ་པ་སྐྱབས་འགྲོ། ཐེག་ཆེན་གྱི་གཞི་རྟེན་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས། ཚོགས་རྫོགས་བྱེད་མཎྜལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར། བར་ཆད་སེལ་བྱེད་ཧཱུྃ་བཟླས། ལམ་གྱི་ཆད་མཐུད་འཕོ་བའི་ཁྲིད་རྣམས་སོ། །དང་པོ་ལ་བཞི། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། གང་གིས་འགྲོ་བའི་གང་ཟག །ཇི་ལྟར་འགྲོ་བའི་ཚུལ། བསླབ་བྱ་དང་དགོས་ཆེད་དོ། །དང་པོ་ནི། ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ་གྱི་ལྷ། གསང་བ་ལྟར་རྒྱལ་བ་སྐུ་གསུམ་ལ་སྐྱབས་སུ་འགྲོ་བའོ། །གཉིས་པ་གང་གིས་འགྲོ་བའི་གང་ཟག་ནི། ཕྱི་ལྟར་ངན་འགྲོས་འཇིགས་པ། འཁོར་བར་འཇིགས་པ། ཞི་བདེས་འཇིགས་པ་གསུམ་མོ། །ནང་ལྟར་སྔགས་ལ་ཞུགས་འདོད་པའོ། །གསང་བ་དབང་རབ་སྟན་ཐོག་གཅིག་ཏུ་སངས་རྒྱས་ཐོབ་འདོད་པའོ། །གསུམ་པ་ཇི་ལྟར་འགྲོ་བའི་ཚུལ་ནི། ཕྱི་མངོན་མཐོ། ཉན་རང་དགྲ་བཅོམ་པ། བྱང་ཆུབ་ཐོབ་ཀྱི་བར་རོ། །ནང་གུས་པ་མི་ཕྱེད་པས་ཟུང་འཇུག་རྡོ་རྗེ་འཆང་ཐོབ་ཀྱི་བར་རོ། །གསང་བ་བླ་ན་མེད་པའི་སངས་རྒྱས་ཚེ་གཅིག་གམ་སྟན་ཐོག་གཅིག་ཏུ་མ་ཐོབ་བར་དུ་སྟེ། སྐབས་འདིར་ཐེག་ཆེན་ལྟར། མ་གྱུར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ཐོབ་འདོད་པའོ། །དམིགས་པ་ནི། མདུན་གྱི་ནམ་མཁར་པདྨའི་གདན་ལ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་སློབ་དཔོན་པདྨ་འབྱུང་གནས་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ། རང་གི་མཐའ་སྐོར་དུ་མ་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསྒོམ། དེ་རྣམས་ཀྱིས་མགྲིན་གཅིག་ཏུ་སྐྱབས་སུ་འགྲོ་བར་བསྒོམ་ལ། འཇིགས་རུང་ངན་འགྲོའི་གཡང་ས་ཡ་ང་བས༔ སོགས་ངག་འདོན་ལྟར་སྐྱབས་འགྲོའི་ཚིག་བརྒྱ་སྟོང་ལ་སོགས་པ་བློ་དང་འདྲེས་ངེས་སུ་བརྗོད་ནས། ཐུན་བསྡུ་བ་ན། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་འུར་དིང་གིས་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཇི་ལྟར་རིགས་པས་དགེ་བ་བསྔོ་འོ། །ཉལ་བའི་ཚེ་ན་དམིགས་པའི་རྟེན་མ་བཤིག་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་མོས་ཏེ། མོས་གུས་བསྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །དེ་ལྟར་ཕྱི་འཁོར་བའི་གཡང་ལས་སྒྲོལ་བའི་མཆོག་གསུམ། ནང་དཀོན་མཆོག་ཀུན་འདུས་བླ་མ། གསང་བ་གང་ཤར་བླ་མའི་སྐུར་ཆོས་ཉིད་དུ་རོལ་པར་སྐྱབས་སུ་འགྲོ་བ་ལ་བསླབ་པར་བྱའོ། །བཞི་པ་བསླབ་བྱ་དང་དགོས་ཆེད་ནི། ཕྱི་ལྟར་མདོ་སྡེ་མྱང་འདས་ལས་བསྟན་པའི་དགག་པའི་བསླབ་བྱ་གསུམ་ནི། འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། གནོད་འཚེ་སྤང་། མུ་སྟེགས་ཅན་དང་མི་འགྲོགས། བླ་མའི་མན་ངག་ལས་བྱུང་བ་བསྒྲུབ་པའི་བསླབ་བྱ་གསུམ་ནི། སྐུ་ཆག་དུམ། ཡི་གེ་འབྲུ་གཅིག །དམར་སེར་རྟགས་ཅན་ཡན་ཆད་ལ་གུས། གཞི་བསྡུ་བ་ལས་བྱུང་བའི་ཆ་མཐུན་གྱི་བསླབ་བྱ་གསུམ་ནི། བཤེས་གཉེན་བསྟེན། ཆོས་ལ་བསླབ། དམར་སེར་གྱི་རྟགས་འཆང་བའོ། །ནང་ལྟར་སྔགས་དང་དུས་མཆོད་བྱ། གསང་བ་ལྟ་སྒོམ་སྤྱོད་གསུམ་ལ་སློབ་པས། གནས་སྐབས་སུ་བསོད་ནམས་བསམ་གྱིས་མི་ཁྱབ་ཅིང་། མཐར་ཐུག་སངས་རྒྱས་ཐོབ་བོ།། །།གཉིས་པ་སེམས་བསྐྱེད་པ་ལ་ལྔ། སེམས་བསྐྱེད་བླང་བའི་ཡུལ། སྐྱེད་པ་པོའི་གང་ཟག །ལེན་པའི་ཆོ་ག །བསླབ་བྱ་དགོས་ཆེད། ཕན་ཡོན་ནོ། །དང་པོ་ནི། སེམས་བསྐྱེད་པའི་སློབ་དཔོན་ཕྱི་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྙིང་རྗེ་དང་ལྡན་པ། ནང་ལྟར་ཤེས་རབ་གསུམ་དང་ལྡན་ཞིང་བདག་མེད་ཀྱི་དོན་རྟོགས་པ། གསང་བ་ལྟར་གཉུག་མའི་དོན་རྟོགས་པའོ། །གཉིས་པ་སྐྱེད་པ་པོའི་གང་ཟག་ནི། སེམས་བསྐྱེད་པ་པོ་ཕྱི་ལྟར་ལམ་དམན་པ་ལ་སྐྱོ་བ། ནང་ལྟར་དེའི་སྟེང་སྤྲོས་པ་ཆུང་བ། གསང་བ་ལྟར་ངེས་གསང་གི་ཆོས་ལ་ཡིད་ཕྱོགས་པའོ། །གསུམ་པ་ལེན་པའི་ཆོ་ག་ནི། སེམས་བསྐྱེད་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ཡན་ལག་བདུན་པས་ཚོགས་བསགས། དངོས་གཞི་བརྗོད་པ་གསུམ་གྱི་དང་པོས་སྨོན་སེམས། གཉིས་པས་འཇུག་སེམས། གསུམ་པས་གཉིས་ཀ་བརྟན་པའོ། །རྗེས་སུ་རང་གཞན་དགའ་བ་བསྒོམ་པའོ། །དེ་ཉམས་སུ་ལེན་པའི་ངག་འདོན་ནི། བླ་མེད་ཐེག་ཆེན་མྱུར་ལམ་སྙིང་པོའི་ཆོས༔ སོགས་ཀྱིས་གསལ་བཏབ་ལ། ཕྱོགས་བཅུ་གང་ནས་གཞལ་ཡང་ནམ་མཁའ་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་དེ། ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ནས་ཕན་ཚད་མེད་པ་བཏགས་ཤིང་། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་ཀྱང་ཐབས་མི་མཁས་པས་སྡུག་བསྔལ་ཁོ་ན་སྒྲུབ་སྟེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་རྐང་དང་སྙིང་གས་གས་སུ་སྡོད་མི་ཟུག་པ་ཙམ་དུ་སྙིང་རྗེ་བསྐྱེད་ནས། ད་འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ནས་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླང་སྙམ་པའི་འདུན་པ་ཀམ་ཀམ་པ་བསྐྱེད་ནས། ངག་ཏུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་བརྒྱ་སྟོང་ལོངས་པར་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་དབྱུང་རྔུབ་དང་སྦྱར་བའི་བདེ་སྡུག་གཏོང་ལེན་གྱི་དམིགས་པ་བྱ། མཐར་མི་དམིགས་པའི་ངང་ལ་བཞག་ཅིང་དགེ་བ་བསྔོ། །བཞི་པ་བསླབ་བྱ་དགོས་ཆེད་ནི། བསླབ་བྱ་སྨོན་པ་ལ་ཚད་མེད་བཞི། དཀར་ནག་ཆོས་བརྒྱད་བླང་དོར་བྱ་བ་དང་། འཇུག་པ་ལ་ཕར་ཕྱིན་དྲུག་སོགས་སོ། །དགོས་ཆེད་ནི། རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་ཐོབ་པའི་ས་བོན་གཅིག་པུ་གཞན་དོན་བྱང་ཆུབ་སྒྲུབ་པ་ལ་མེད་ཐབས་མེད་པའོ། །ལྔ་པ་ཕན་ཡོན་ནི། མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །དེ་ལྟར་ཕྱི་བདག་དོན་གྲུབ་ནས་གཞན་དོན་བྱེད་པ་རྒྱལ་པོ་ལྟ་བུ། ནང་བདག་གཞན་གཉིས་མཉམ་གྱི་དོན་སྒྲུབ་པ་མཉན་པ་ལྟ་བུ། གསང་བ་བདག་བས་གཞན་གཅེས་ལུག་རྫི་ལྟ་བུའི་སེམས་བསྐྱེད་བློ་ནུས་དང་བསྟུན་པར་བྱའོ།། །།གསུམ་པ་སྡིག་སྒྲིབ་དག་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ལ་བཞི། སྦྱང་བྱ། སྦྱོང་བྱེད། ཇི་ལྟར་སྦྱོང་བའི་ཐབས། དེ་ལྟར་སྦྱངས་པའི་དགོས་ཆེད་ཕན་ཡོན་བསྟན་པའོ། །དང་པོ་ནི། རང་རང་གིས་ཚེ་རབས་ཐམས་ཅད་དུ་ཉོན་མོངས་དུག་གསུམ་གྱིས་བསགས་པའི་སྒོ་གསུམ་གྱི་སྡིག་པ་མི་དགེ་བ་དང་། གཟུང་འཛིན་ཤེས་བྱའི་སྒྲིབ་པ་རྣམས་ཐམས་ཅད་དོ། །གཉིས་པ་སྦྱོང་བྱེད་ནི། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་བཟློག་པའི་སྟོབས། རྟེན་གྱི་སྟོབས་སོ། །ཞེས་གསུངས་པའི་དོན་རྣམས་ལས། དང་པོ་ནི། སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་སོང་ལྟར་འགྱོད་པའོ། །གཉིས་པ་ནི། སྒོ་གསུམ་དགེ་བ་ལ་བཀོལ་བ་ཡིན་ཀྱང་། ད་རེས་འདིར་དག་བྱེད་སེམས་བསྐྱེད་མཛད་པའི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་བར་གསུངས། གསུམ་པ་ནི། ལས་འབྲས་ལ་ཡིད་ཆེས་པས་ད་ཕྱིན་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་སྡོམ་པའོ། །བཞི་པ་ནི། སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་བ་རྣམས་སོ། །གསུམ་པ་སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ། སངས་རྒྱས་བྱང་སེམས་ཐམས་ཅད་མདུན་གྱི་ནམ་མཁར་བསམ་ལ་སྐྱབས་འགྲོ་བྱ། གཉིས་པ་སྡིག་པ་ཐམས་ཅད་དྲན་ཞིང་འགྱོད་སེམས་དང་ལྡན་པའི་ངང་ནས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས༔ སོགས་ངག་འདོན་གྱིས་གསལ་བཏབ་ལ། དམིགས་པ་ནི། རང་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་སྐྱིལ་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བཞུགས་པར་བསམ། དེ་ནས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དཀར་ཞིང་འཚེར་བ་འགྲེང་སྟབས་སུ་གནས་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་རྟག་ཏུ་འཆར་བ། དེའི་མཐའ་སྐོར་དུ་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་སྐྱ་ཕྲོམ་ཕྲོམ་གཡས་སྐོར་དུ་འཁོར་བར་བསམ་ལ། ཉེས་ལྟུང་རྣམས་མཐོལ་བ་དང་ཕྱིན་ཆད་སྡོམ་སེམས་ཀྱིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པས་ཐུགས་ཀའི་སྔགས་ཕྲེང་ལ་ཀློག་པའི་ཚུལ་དུ་ཡིག་བརྒྱ་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས་ཏེ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས། ཕུ་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་། རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་ལ་སོགས་པའི་རྣམ་པར་བཤང་ལམ་དང་ཆུ་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཉིལ་ཉིལ་ཐོན་པར་བསམ། མཐར། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་གསོལ་བ་བཏབ་པས། རང་ལུས་དྲི་མེད་ཤེལ་ལྟར་གྱུར་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་སྐྱ་མེར་གྱིས་ཁེངས་ནས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་པ་ལ་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །གསུངས་པར་བསམ། མཐར་ལྷ་རྡོ་རྗེ་སེམས་དཔའ་དབུ་མའི་ལམ་ནས་སྙིང་གར་བྱོན་ནས་བཞུགས་པར་བསམ་ལ་བཟླ་བ་དང་། བདག་དང་ལྷ་གཉིས་གཉིས་སུ་མེད་པར་བལྟས་ལ་བཟླས་པ་བྱ། ཡང་རང་ལུས་སྟོང་རར་སྒོམ་པའི་སྙིང་དབུས་སུ་རྡོ་རྗེ་སེམས་དཔའ་གོང་ལྟར་གསལ་བའི་ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་ལ་ཡིག་དྲུག་དང་དེ་རྒྱབ་ཡིག་བརྒྱས་བསྐོར་བར་བསམ་ལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པ་སྤྱི་ལྟར་དང་། ཡང་རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་རྡོར་སེམས་སུ་གྱུར་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གོང་ལྟར་བསྒོམས་ནས་ཡིག་བརྒྱ་དང་ཧེ་རུ་ཀའི་ཡིག་བརྒྱའང་བཟླས་ལ་འོད་ཟེར་སྤྲོ་བསྡུ་བྱའོ། །གསུམ་པ་ནི། ཐུན་མཐར་འཁོར་གསུམ་དམིགས་མེད་ཀྱི་ངང་དུ་བཞག་ལ་དགེ་བ་བསྔོའོ། །བཞི་པ་དགོས་ཆེད་ཕན་ཡོན་ནི། དེ་ལྟར་ཉམས་སུ་བླངས་པས་དངོས་ཉམས་རྨི་ལམ་དུ་སྡིག་སྒྲིབ་དག་པའི་རྟགས་འབྱུང་ཞིང་། དེས་གནས་སྐབས་སུ་བསྐྱེད་རྫོགས་ཟབ་མོའི་སྣོད་དུ་རུང་། ས་ལམ་གྱི་ཡོན་ཏན་ཀུན་རྒྱུད་ལ་སྐྱེ། མཐར་ཐུག་སངས་རྒྱས་འགྲུབ་པར་འགྱུར་རོ། །མེ་ཏོག་བཀོད་པ་ལས། བླ་མ་རྡོ་རྗེ་སེམས་བསྒོམས་ནས། །རང་བྱུང་ཡི་གེ་བརྒྱ་པའི་མཐུས། །སྒྲིབ་པ་རྣམ་གཉིས་བྱང་བར་འགྱུར། །ཞེས་སོ། །རྡོར་སེམས་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆག་ཐམས་ཅད་འཇོམས་པར་འགྱུར། །ཞེས་སོགས་འབྱུང་བ་ལྟར་རོ། །དེ་ལྟར་ཕྱི་ཡེ་ཤེས་ལྷ་ལ་ཐུགས་རྒྱུད་བསྐུལ་ཞིང་ནུས་པའི་བཅུད་ཀྱིས་སྡིག་སྒྲིབ་བཀྲུ་ཕྱིར་རང་གི་སྤྱི་བོའི་གཙུག་ཏུ་སྒོམ་ལ་བཟླ་བ་དང་། ནང་ཐུགས་རྗེའི་བཅུད་ཀྱིས་རང་རྒྱུད་འདུལ་ཕྱིར་སྙིང་གར་སྒོམ་ཞིང་བཟླ་བ་དང་། གསང་བ་གཉིས་མེད་ལམ་དུ་ཁྱེར་བ་རང་ཉིད་རྡོ་རྗེ་སེམས་དཔའི་ངོ་བོར་བསྒོམ་ཞིང་ཉམས་སུ་ལེན་པར་བྱ་བར་གསུངས་སོ།། །།བཞི་པ་ཚོགས་རྫོགས་བྱེད་མཎྜལ་གྱི་ཁྲིད་ལ་ལྔ། མ་ཕུལ་བའི་སྐྱོན། ཕུལ་བའི་ཡོན་ཏན། འབུལ་བའི་ཚུལ། དུས་ཚིགས། དགོས་ཆེད་བསྟན་པའོ། །དང་པོ་ནི། གནས་སྐབས་སུ་འདོད་དོན་མི་འགྲུབ་ཅིང་། མཐར་ཐུག་ཞིང་ཁམས་རྣམ་དག་ཏུ་བགྲོད་དཀའ་བ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་ན་འབྲས་བུ་ཡེ་ཤེས་ཀྱི་ཚོགས་མི་རྫོགས། དེ་མ་རྫོགས་ན་རང་གཞན་གྱི་དོན་གཉིས་མི་འགྲུབ་སྟེ། ལུང་ལས་ཀྱང་། ཚོགས་གཉིས་ལམ་ལ་མ་བརྟེན་ན། །གང་ཡང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །གཉིས་པ་ཕུལ་བའི་ཡོན་ཏན་ནི། ཇི་སྐད་དུ། མཎྜལ་ཕུལ་བའི་དགེ་བ་གང་། །འཕགས་པས་ཀྱང་ནི་བརྗོད་མི་སྤོབས། །ཞེས་གནས་སྐབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། བླ་མ་ལ་མི་ཕྱེད་པའི་དད་པ་སྐྱེ། ཏིང་འཛིན་ཟབ་མོ་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་སོགས་དཔག་ཏུ་མེད་དོ། །གསུམ་པ་ཇི་ལྟར་འབུལ་བའི་རིམ་པ་ནི། སྒྲུབ་པ་དང་མཆོད་པ་གཉིས་ལས། དང་པོ་ལའང་། བཤམ་པ་དང་བསྐྱེད་པ་གཉིས། དང་པོ་ནི། མཎྜལ་གྱི་རྒྱུ་རབ་རིན་པོ་ཆེ། འབྲིང་ལི་དང་ཟངས། ཐ་མ་ས་རྡོ་ཤིང་ལ་སོགས་དངོས་གཙང་སྐྱོན་ཅན་མིན་པ་དང་། ཚོམ་བུའང་རབ་རིན་པོ་ཆེ། འབྲིང་འབྲུ་སྨན། ཐ་མ་གང་འབྱོར་གྱིས་ལྔ་ཚོམ་དུ་བཀོད་པ་ཉིད་མཆོད་ཡུལ་དུ་བཤམ། གཉིས་པ་ཚོགས་རྟེན་བསྐྱེད་པ་ནི། ཕྱི་ལྟར་རང་རྡོ་རྗེ་སེམས་དཔར་གསལ་བའི་མདུན་གྱི་ནམ་མཁར་དཀོན་མཆོག་དགུ་ཕྲུགས་ཀྱི་ངོ་བོ་ཀུན་འདུས་ནོར་བུའི་ལུགས་སྐྱབས་ཡུལ་ལྟར་བསྒོམ་པ་དང་། ནང་ལྟར་ཕུང་ཁམས་སྐྱེ་མཆེད་སྒྲུབ་པའི་མཎྜལ་དུ་ལྷ་དང་ཡེ་ནས་གཉིས་སུ་མེད་པར་གྲུབ་ཅིང་བཞུགས་པ་དང་། གསང་བ་སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ་བ་འདི་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པའོ། །གཉིས་པ་མཆོད་པའི་མཎྜལ་ནི། ཕྱི་འཇིག་རྟེན་བཀོད་པའི་མཎྜལ་ཚོམ་བུ་སོ་བདུན་ཕྱག་ལེན་ལྟར་གླིང་བཞི་བྱེ་བ་ཕྲག་བརྒྱའི་མཆོད་པ་རྣམས་བླ་མ་སྤྲུལ་སྐུ་ལ་འབུལ་བ་དང་། ནང་ལྟར་ལུས་ཀྱི་པགས་པ་གསེར་གྱི་ས་གཞི། སྒལ་ཚིགས་མཐའི་ལྕགས་རི་ཁོར་ཡུག །མགོ་རི་རབ། ལག་པ་གཡས་ཤར་ལུས་འཕགས་པོ། གཡོན་ལྷོ་ཛཾ་བུ་གླིང་། རྐང་པ་གཡོན་ནུབ་བ་ལང་སྤྱོད། གཡས་བྱང་སྒྲ་མི་སྙན། མིག་གཉིས་ཉི་ཟླ། ཉིང་ལག་གླིང་ཕྲན་དང་གླིང་གཡོག །རྩིབ་མ་གསེར་རི་བདུན། རྒྱུ་མ་རོལ་མཚོ་བདུན། གློ་བ་དཔག་བསམ་ཤིང་། སྙིང་གཏེར་བུམ། མཁལ་མ་འདོད་འཇོའི་བ། མཆིན་པ་མ་རྨོས་ལོ་ཏོག །ཀླད་པ་ལྷའི་བདུད་རྩི། སྐྲ་དང་སྨིན་མ་ཙནྡན་ནགས། བ་སྤུ་གུར་གུམ་གྱི་སྤང་རི། དབང་པོ་ལྔ་འདོད་ཡོན་གྱི་ལྷ་མོར་དམིགས་ཏེ་ལོངས་སྐུ་ལ་འབུལ་ལོ། །གསང་བ་ལྟར་སེམས་ཉིད་བཀོད་པའི་མཎྜལ། ཀུན་རྫོབ་ཏུ་སེམས་སྤྲོས་བྲལ་གྱི་གནས་ལུགས་གསེར་གྱི་ས་གཞི། དེའི་ངོ་བོ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ལྕགས་རི། ཡེ་ཤེས་ལྔ་རི་རབ་གླིང་བཞི། ཚོགས་བརྒྱད་གླིང་ཕྲན་བརྒྱད། ཚོགས་དྲུག་གི་སྤྱོད་ཡུལ་གྱི་འདོད་ཡོན་ལྔ་སོགས་སྣང་སྲིད་ཀྱི་མཆོད་རྫས། ཤེས་རབ་ཉི་མ། སྙིང་རྗེ་ཟླ་བར་དམིགས་ནས་ཆོས་སྐུ་ལ་འབུལ། མདོར་ན་སྣང་སྲིད་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་དུ་རྫོགས་པས་དེ་ལྟར་མཐོང་ན་དོན་དམ་པའི་མཎྜལ་ལོ། །བཞི་པ་འབུལ་བའི་དུས་ཚིགས་ནི། ཆོས་ཉན་པ་དང་། ཆོས་སྤྱོད་ཀྱི་སྐབས་དང་། སྐུ་གསུང་ཐུགས་ཀྱི་རྟེན་དྲུང་ཕྱིན་དུས་དང་། ཁྱད་པར་དུ་ཁྲིད་ཀྱི་སྐབས་སུ་ཉིན་མཚན་དུས་དྲུག་ཏུ་འབུལ་བར་བྱའོ། །ལྔ་པ་དགོས་ཆེད་ནི། གནས་སྐབས་སུ་ཅི་བསམ་འགྲུབ། སྡིག་སྒྲིབ་ཉེས་ལྟུང་དག །དཔལ་འབྱོར་ལོངས་སྤྱོད་རྒྱས། ཏིང་ངེ་འཛིན་དང་རྟོགས་པ་རྒྱུད་ལ་སྐྱེ། མཐར་ཐུག་ཚོགས་གཉིས་རྫོགས་པས་རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་ལ་ལོངས་སྤྱོད་པར་འགྱུར་རོ། །དེའི་ངག་འདོན་ནི། བདག་ཉིད་རྡོ་རྗེ་སེམས་དཔའི་ནམ་མཁའ་རུ༔ སོགས་ཀྱིས་ཡུལ་གསལ་གདབ། གཏེར་གཞུང་ཤླཽ་ཀ་གཅིག་གིས་བརྒྱ་སྟོང་ཅི་ནུས་སུ་འབུལ་བ་དང་། ས་གཞི་སྤོས་བྱུག་སོགས་ཀྱིས་ཀྱང་གྲངས་གཟུང་ལ། མྱུར་དུ་སངས་རྒྱས་ཐོབ་པ་དང་། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ། མཐར་ཚོགས་ཞིང་མཆོད་རྫས་དང་བཅས་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་དགེ་བ་བསྔོ་འོ། །དེ་ལྟར་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་རིན་པོ་ཆེའི་མཎྜལ་བླ་མ་སྤྲུལ་སྐུ་ལ་འབུལ་བ་དང་། ནང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་མཎྜལ་བླ་མ་ལོངས་སྐུ་ལ་འབུལ་བ་དང་། གསང་བ་སེམས་ཉིད་འོད་གསལ་གྱི་མཎྜལ་བླ་མ་ཆོས་སྐུ་ལ་འབུལ་བ་ལ་བསླབ་པར་བྱའོ།། །།ལྔ་པ་རྒྱུད་ལ་བྱིན་རླབས་འབེབ་བྱེད་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་བདུན། བླ་མའི་མཚན་ཉིད། བསྟེན་ཚུལ། དགོས་ཆེད་དམ་ཡོན་ཏན། ཞར་ལ་མ་མཉེས་པའི་སྐྱོན། ཉེས་པའི་བཤགས་ཚད་བསྟན་པ། རྣལ་འབྱོར་སྒོམ་རིམ། ཕན་ཡོན་བཤད་པའོ། །དང་པོ་ནི། དགེ་བའི་བཤེས་གཉེན་དུ་མར་བསྟེན་ཅིང་གསུང་གི་བདུད་རྩི་ཉམས་སུ་བླངས་པའི་བརྒྱུད་པ་དང་ལྡན་པ། ཐོས་བསམ་སྒོམ་པའི་བློ་གྲོས་རྒྱས་པ། བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་གནད་དུ་བསྣུན་པས་ཏིང་ངེ་འཛིན་ལ་དབང་འབྱོར་པ། དེ་ལྟར་ཕྱི་ནང་གི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གཉིས་པ་བསྟེན་ཚུལ་ནི། བླ་མ་ལ་བཞེད་པ་མེད་ཀྱང་ཟས་ནོར་གྱིས་མཉེས་པར་བྱ། ལུས་ཀྱི་སྒོ་ནས་ཕྱག་དང་བསྐོར་བ་འགྲོ་ལྡང་དང་། རྒོལ་བ་བྱུང་ན་བཟློག་པ་དང་། ངག་གི་སྒོ་ནས་གསུང་སྒྲོས་གཞན་ལ་སྟོན་པ། ཡོན་ཏན་བརྗོད་པ། སྙན་པར་སྨྲ་བ་སོགས་ཀྱིས་ཐུགས་དང་མཐུན་པར་བྱ་བ། ཡིད་ཀྱིས་དད་གུས་མོས་པས་གདུང་བ་བསྐྱེད། སྒྲུབ་པའམ་ཏིང་ངེ་འཛིན་གྱིས་མཉེས་པར་བྱ་སྟེ། བླ་མ་ནི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་ཕྱིའི་དཀོན་མཆོག་གསུམ་འདུས། བྱིན་རླབས་ཀུན་འདུས་ཀྱི་རྩ་བ། དངོས་གྲུབ་མཆོག་སྩོལ་གྱི་ངོ་བོ། ཕྲིན་ལས་ཐམས་ཅད་ཀྱི་མངའ་བདག་སྟེ་ནང་རྩ་བ་གསུམ་དང་། དགོངས་པ་གཡོ་མེད་ཀྱི་ཆོས་སྐུ། རོལ་པ་འགགས་མེད་ཀྱི་ལོངས་སྐུ། ཕྲིན་ལས་རྩོལ་མེད་ཀྱི་སྤྲུལ་སྐུ། གསང་བ་སྐུ་གསུམ་སྟེ་དཀོན་མཆོག་དགུ་ཕྲུགས་ཀྱི་ངོ་བོ་འོ། །དེ་ལྟར་ཡིན་བཞིན་ངེས་ཤེས་བསྐྱེད། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་རྩ་བ་བླ་མ་ཁོ་ན་ཡིན་པས་སྔགས་ཀྱི་ལམ་ལ་ཞུགས་པ་ཐམས་ཅད་ཀྱིས་བླ་མ་བསྒོམ་ཞིང་གསོལ་བ་འདེབས་པ་གལ་ཆེ་སྟེ། གསོལ་བ་གདབ་ཚུལ་འོག་ཏུ་འབྱུང་བ་ལྟར་རོ། །གསུམ་པ་དགོས་ཆེད་ཡོན་ཏན་ནི། ཚིག་གསུམ་པའི་རྒྱུད་ལས། གང་ཞིག་རྡོ་རྗེ་སློབ་དཔོན་ནི། །བཀུར་ཞིང་སྤྱི་བོར་སུས་སྒོམ་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཅར་འགྲུབ་པར་ངེས། །ཞེས་སོ། །བཞི་པ་མ་མཉེས་པའི་སྐྱོན་ནི། བླ་མར་སྒོ་གསུམ་གྱིས་རྨི་ལམ་ཙམ་དུའང་མོས་པ་ལོག་ཅིང་བརྙས་ན་ཉེས་པ་བསམ་གྱིས་མི་ཁྱབ་སྟེ། སྤྱན་རས་གཟིགས་རྡོ་རྗེ་ཕུར་པའི་རྒྱུད་ལས། སློབ་དཔོན་ལས་ནི་དངོས་གྲུབ་ཐོབ། །གལ་ཏེ་དེ་ལ་བརྙས་བྱས་ན། །དམྱལ་བའི་སྡུག་བསྔལ་རབ་ཏུ་ཐོབ། །གལ་ཏེ་དེ་ལས་ཐར་ན་ཡང་། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །དམ་ཆོས་མིང་ཡང་མི་ཐོས་སོ། །ཞེས་སོ། །ལྔ་པ་ཉེས་པའི་བཤགས་ཚད་ནི། དམ་ཚིག་བཀོད་པ་ལས། གལ་ཏེ་བླ་མ་བརྙས་པའི་མིས། །ལན་གྲངས་བདུན་ནམ་བཅུ་དག་ལ། །འགྱོད་པ་བྱས་ཏེ་བཤགས་པས་བྱང་། །རང་ལོ་འདས་ནས་བཤགས་པའི་ཡུལ། །རྡོ་རྗེ་སེམས་དཔས་མ་གནང་ངོ་། །ཞེས་གསུངས་པས། བླ་མ་ལ་སྐྱོན་དུ་མི་བལྟ་ཞིང་ཡོན་ཏན་དྲན་པས་བསྟེན་པར་བྱའོ། །དྲུག་པ་རྣལ་འབྱོར་སྒོམ་རིམ་ནི། ངག་འདོན་ལས། མདུན་གྱི་ནམ་མཁར་མེ་ཕུང་ཞིང་ལྤགས་སྟེང༔ ཞེས་སོགས་ཀྱི་དམིགས་པ། རང་གི་མདུན་གྱི་ནམ་མཁར་ལོག་ལྟ་བསྲེགས་པའི་རྟགས་སུ་མེ་ཕུང་། བདག་འཛིན་བསྒྲལ་པའི་རྟགས་སུ་ཞིང་ལྤགས་ཀྱི་སྟེང་ན། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་མ་ལུས་ཤིང་ལུས་པ་མེད་པ་ཀུན་གྱི་ངོ་བོ་འདུས་པ་ཀློང་གསལ་སྙིང་པོའམ་རྩ་བའི་བླ་མའི་སྐུ། རྣལ་འབྱོར་པའི་ཆས་སྲིད་ཞིའི་མཐའ་ལས་འཕགས་པའི་དཔའ་མཚན་སྟག་ཤམ་ཅན། ཕར་ཕྱིན་དྲུག་མཐར་ཕྱིན་པའི་རྟགས་སུ་སྤྱི་བོར་འཁོར་ལོ། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དོ་ཤལ། སེ་མོ་དོ་སྟེ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཡས་ཌཱ་རུ་ནམ་མཁར་འཁྲོལ་བའི་སྒྲས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་། ཞིང་གནས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་། གཡོན་པས་བྷན་ཐོད་བདུད་རྩིས་བཀང་བ་བདག་ལ་སྟོབ་པའི་ཚུལ་གྱིས་བཞུགས་པ། མཐའ་སྐོར་དུ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་རྣམས་སྤྲིན་འཁྲིགས་པ་ལྟར་གསལ་གདབ། གསོལ་བ་བཏབ་པའི་ཚེ་ཐུགས་རྗེས་མཁའ་མཉམ་འགྲོ་བའི་ཚོགས་དུས་གཅིག་ཏུ་སྒྲོལ་ནུས་པའི་དབང་བསྐུར། ནུས་པས་རྒྱུད་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕེབས་པས་གྲོལ་ནས། རྩ་བའི་བླ་མའི་གོ་འཕང་ཐོབ་པར་བསྒོམས་ལ། ཡན་ལག་བདུན་པས་ཚོགས་གསག །བློ་སྣ་མོས་གུས་ཀྱིས་འཕྲོག་པའི་གདུང་ཤུགས་སྙིང་ཐག་པ་ནས་བསྐྱེད། ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས་རང་དང་སེམས་ཅན་ཐམས་ཅད་ཀྱིས་ཀྱང་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་ལ། བརྒྱུད་འདེབས། སྐྱེ་མེད་ཆོས་སྐུ་མའམ། ཡེ་ནས་རང་གྲོལ་མ་སོགས་བརྗོད། བླ་མ་རྒྱང་འབོད་བྱས་ལ་མཐར་དབང་བཞི་ལེན་པའི་དམིགས་པ། བླ་མའི་གནས་གསུམ་དུ་འབྲུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བཞུགས་པར་བསམ་ལ་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་སྒྲིབ་དག །བུམ་དབང་ཐོབ། སྤྲུལ་སྐུའི་གོ་འཕང་ཐོབ། ཨཱཿལས་དམར་པོ་འཕྲོས། མགྲིན་པར་ཐིམ། ངག་སྒྲིབ་དག །གསང་དབང་ཐོབ། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ། ཧཱུྃ་ལས་སྔོན་པོ་འཕྲོས་སྙིང་གར་ཐིམ། ཡིད་སྒྲིབ་དག །ཤེར་དབང་ཐོབ། ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས། ཡང་གནས་གསུམ་གྱི་ཡི་གེ་ལས་རང་མདོག་གི་འོད་ཟེར་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། ཚིག་དབང་ཐོབ། ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་ཐོབ་པར་བསམ། དེ་ནས་འཁོར་སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མར་ཐིམ། དེ་ཉིད་དགྱེས་ཉམས་དང་ལྡན་པས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ། རང་སེམས་བླ་མ་དང་དབྱེར་མེད་དུ་ཅུང་ཟད་མཉམ་པར་བཞག་ལ་དགེ་བ་བསྔོ་འོ། །དེ་བརྒྱུད་རིམ་ཁྲོམ་ཚོགས་ཟེར། རང་གི་སྤྱི་བོར་རྩ་བའི་བླ་མ་ནས་རྡོ་རྗེ་འཆང་གི་བར་ཐོ་བརྩེགས་སུ་འོད་ཀོར་ཕྲན་བུ་རེའི་ནང་ན་གསལ་བ་དང་། རང་གི་སྤྱི་བོར་རྩ་བའི་བླ་མ་ལ་མདུན་ནས་བརྩམ་རྡོ་རྗེ་འཆང་ནས་གཟུང་རྩ་བའི་བླ་མ་ལ་ཐུག་གི་བར་གྱིས་བསྐོར་ནས་བཞུགས་པར་གསལ་བ་བརྒྱུད་རིམ་གྲལ་སྟབས་གང་རུང་ལ་དབང་བཞི་ལེན་པར་ཡང་བཤད་དོ། །བདུན་པ་ཕན་ཡོན་ནི། དེས་གནས་སྐབས་སུ་བྱིན་རླབས་དངོས་སུ་འབེབ་པ་དང་། ལམ་གྱི་བར་ཆད་སེལ་བ། གེགས་དང་གོལ་ས་ཆོད་པ། ལྟ་སྒོམ་སྤྱོད་པའི་བོགས་ཐོན་པ་དང་། མཐར་ཐུག་རང་གི་ལུས་ངག་ཡིད་གསུམ་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་དབྱེར་མེད་པར་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་རོ། །དེ་ཡང་ཕྱི་གསོལ་བ་འདེབས་ཕྱིར་མདུན་གྱི་ནམ་མཁར་སྒོམ་པ། ནང་ཕུང་ཁམས་སྨིན་ཕྱིར་སྤྱི་བོའི་གཙུག་ཏུ་སྒོམ་པ། གསང་བ་རང་རྒྱུད་གྲོལ་ཕྱིར་སྙིང་གི་དཀྱིལ་དུ་སྒོམ་པ་སོགས་མདོར་ན་སྣང་སྤྱོད་ཐམས་ཅད་བླ་མ་སྒོམ་པ་དང་མི་འབྲལ་བར་བསླབ་པར་བྱ་དགོས་པར་གསུངས་སོ།། །།དྲུག་པ་བར་ཆད་སེལ་བྱེད་ཧཱུྃ་རིང་བགྲང་བའི་ཁྲིད་ལ་བཞི། བར་དུ་གཅོད་ཡུལ། གཅོད་མཁན། སེལ་ཐབས། དགོས་ཆེད་བསྟན་པའོ། །དང་པོ་ནི། བྱང་ཆུབ་སྒྲུབ་པའི་རྟེན་ལུས་ངག་ཡིད་གསུམ་མོ། །གཉིས་པ་གཅོད་མཁན་ནི། ནད་གདོན་རྐྱེན་བགེགས་ཏེ་ཕྱི་བདུད་ནག་ཕྱོགས་ལ་དགའ་བ་དང་། ནང་བདུད་དཀར་ཕྱོགས་ཅན་གྱིས་སྒྲུབ་པའི་ཉམས་སད་ཕྱིར་བར་ཆོད་རྩོམ་པ་དང་། གསང་བ་སེམས་རྟོག་ཚོགས་རང་ཁར་འཆོར་བ་རྣམས་སོ། །གསུམ་པ་སེལ་ཐབས་ནི། རང་ཉིད་ཡི་དམ་གང་བསྐྱེད་པའི་ཐུགས་ཀར་ཧཱུྃ་མཐིང་ནག་བསམ། ཧཱུྃ་དེ་ལས་ཧཱུྃ་གྲངས་མེད་བྱུང་། སྣ་བུག་གཡས་ནས་ཕྱིར་ཐོན་ནས་འཇིག་རྟེན་ཁམས་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་ཐེམ་གྱིས་གང་། སྣ་བུག་གཡོན་ནས་ཚུར་བྱུང་ནས་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་གང་བར་བསམ། དེ་དག་གཅིག་གིས་གཅིག་མ་སྒྲིབ་པར་གསལ་ལ་ངག་ཏུ་ཧཱུྃ་རིང་བགྲང་ངོ་། །གཞན་ཡང་ཕྱི་གོ་ཆ་ལྔའི་སྲུང་འཁོར། ནང་རང་བྱུང་ལྷུན་གྲུབ་ཀྱི་སྲུང་འཁོར། གསང་བ་སེམས་རྣམ་པར་མི་རྟོག་པའི་སྲུང་འཁོར་རྣམས་རྒྱུན་དུ་བསྒོམ་པ་དང་། ཁྱད་པར་ཐེག་ཆེན་ལམ་ཞུགས་ཀྱི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་སྲུང་འཁོར་བསྒོམ་སྟེ། དགྲ་བགེགས་གནོད་བྱེད་གདུག་སེམས་ཅན་རྣམས་ཀྱི་གཙོས་མཁའ་ཁྱབ་ཀྱི་སེམས་ཅན་འདི་དག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། མྱུར་དུ་བྱང་ཆུབ་ཐོབ་པའི་ཆེད་དུ། སྤྱིར་སངས་མ་རྒྱས་བར་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ནམ་མ་ཤིའི་བར་དུའང་བཀོལ། དེང་ནས་གཟུང་སང་ད་ཙམ་གྱི་བར་དུའང་བཀོལ་སྙམ་སྤྲོ་སེང་ངེར་སྒོམ་པ་ནི་སྲུང་བ་ཀུན་གྱི་མཆོག་གོ །དེས་ནི་སྐྱེལ་མ་དགྲར་བཅོལ་ན་འཇིགས་མེད་ལམ་དུ་བསྐྱལ་བ་དང་འདྲ་འོ། །བཞི་པ་དགོས་ཆེད་ནི། གནས་སྐབས་སུ་ས་ལམ་གྱི་གེགས་རྐྱེན་ཞི་ཞིང་ཅི་བསམ་རྩོལ་མེད་དུ་འགྲུབ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འགྲུབ་ནས་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་སྒྲུབ་པ་ལ་བར་ཆད་མེད་པར་འགྱུར་རོ།། །།བདུན་པ་འཕོ་བའི་ཁྲིད་ལ་བཞི། འཕོ་བའི་དགོས་པ། མ་འཕོས་པའི་སྐྱོན། འཕོ་བའི་ཚུལ། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ལམ་ལ་ཞུགས་ཀྱང་ཉམས་ལེན་མཐར་མ་ཕྱིན་ན་སྐྱེ་བ་ཕྱི་མར་ལམ་གྱི་འཕྲོ་མཐུད་པའི་རྟེན་བཟང་པོ་ལ་སྦྱོར་ནས་སྔོན་གྱི་ལས་འཕྲོས་ལམ་གྱི་འབྲས་བུ་མཐར་ཕྱིན་པར་འགྱུར་བའོ། །གཉིས་པ་མ་འཕོས་པའི་སྐྱོན་ནི། མན་ངག་ཟབ་མོས་རླུང་སེམས་ཚངས་པའི་ལམ་ནས་མ་འཕོས་ན་སྐྱོན་མང་སྟེ། མཁའ་འགྲོ་མ་ཀུན་ཏུ་རྟོག་པའི་རྒྱུད་ལས། རྣམ་ཤེས་རླུང་གི་རྟ་བྱས་ནས། །འོག་གི་ལམ་དུ་ཕྱིན་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་དག་ཏུ་ལྟུང་བའང་མང་། །ཞེས་སོ། །གསུམ་པ་འཕོ་ཚུལ་ལ་ལྔ་སྟེ། བློ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་ངང་དུ་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བ། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུས་འཕོ་བ་རྣམས་སུ་ཡོད་པ་ལས། དང་པོ་གསུམ་རྣལ་འབྱོར་རབ་འབྲིང་ཐ་གསུམ་གྱི་ཉམས་ལེན་དང་སྦྱར་བ་ཡིན་ལ། ཕྱི་མ་གཉིས་འདིར་འཆད་བྱ་ཉིད་དོ། །དེའི་ཡང་དང་པོ་ནི་དེང་སང་སྦྱོང་བའི་སྐབས་ཀྱི་ཉམས་ལེན་ཏེ། གནས་ཞིང་ཁམས་སུ་འདུ་ཤེས། ལུས་ལྷ་རུ་འདུ་ཤེས། སངས་རྒྱས་བྱང་སེམས་རྣམས་བསུ་མར་འདུ་ཤེས་པའོ། །དེ་ལ་དང་པོ་སྦྱོང་བ་ནི་དབེན་པའི་གནས་སུ་བདེ་བའི་སྟན་ལ་འདུག་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། ལུས་རྣམ་སྣང་ཆོས་བདུན་ནམ་དྲང་བ་གསུམ་གྱི་ཆིངས་བཅའ། ངག་རླུང་བུམ་ཅན་གཟུང་། ཡིད་ཀྱིས་དམིགས་པ་ནི་འདི་ལྟར་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས་གནས་ཡུལ་བདེ་བ་ཅན་གྱི་ཞིང་དང་གཞལ་ཡས་ཁང་གི་དབུས་སུ། རང་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་ལྷག་མས་ཤེལ་དཀར་གྱི་ཕྲེང་བ་དང་གཡོན་པས་པདྨ་དཀར་པོའི་ཡུ་བ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་རྫོགས་པར་བརྒྱན་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་དེར་འཛིན་བྲལ་བས་ཕྱི་ནང་གསལ་འགྲིབ་མེད་པར་ལུས་སྟོང་ར་རུ་བསྒོམ་པའི་དབུས། རྩ་དབུ་མ་བྱང་ཆུབ་ཀྱི་རྒྱུད་ལམ་དེ་ཉིད་ཕྱི་དཀར་བ། ནང་དམར་བ། བར་སྔོ་བ། ཁྲག་དང་ཆུ་སེར་གྱིས་མ་བསྒྲིབས་པ། ལུག་རྫུད་ཀྱི་རྒྱུ་མ་ཕུས་བརྒྱངས་པ་ལྟ་བུར་གྱུར་པའི་ཡར་སྣེ་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་ཟུག་པ། དེ་ཡང་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་སྟོང་སང་ངེ་ཡོད་པ། མར་སྣེ་ལྟེ་འོག་གཉེར་པོ་ཆེ་ལ་ཟུག་པ་ཕུག་རྡུགས་སུ་ཡོད་པའི་ནང་། སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ། གསལ་ལ་འཚེར་བ། སྣུམ་ལ་འདྲིལ་བ། འཕར་ལིང་ལིང་བྱེད་པར་བསྒོམ། སྤྱི་གཙུག་ཏུ་སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དང་གཉིས་སུ་མེད་པ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དབུའི་གཙུག་ཏོར། ཞབས་ཀྱི་འཁོར་ལོ་ལ་སོགས་པ་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་མཛེས་པ། མཐའ་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ་དང་། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའི་ཚོགས་སྤྲིན་ཕུང་འཐིབས་སེ་བདག་སོགས་སེམས་ཅན་ཀུན་ལ་བྱམས་པའི་སྤྱན་རས་ཀྱིས་གཟིགས་བཞིན་དུ་བཞུགས་པར་མོས་ལ། ཧྲཱི༔ བདག་ཉིད་ཨ་འཐས་འཁྲུལ་པའི་ཕུང་པོ་འདི༔ སོགས་ཀྱིས་གསལ་གདབ། ཧྲཱི༔ དག་པ་བདེ་བ་ཆེན་པོའི་ཕོ་བྲང་ན༔ སོགས་ཀྱི་གསོལ་འདེབས་མོས་གུས་གདུང་ཤུགས་དྲགས་པོས་བྱས་པའི་མཐར། ཨཿཕཊ༔ ཞེས་པའི་སྒྲས། རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ལས་ཐིག་ཕྲན་སྲན་མ་ཙམ་སྐར་ཆེན་ལས་སྐར་མདའ་མཆེད་པ་ལྟར་དབུ་མའི་ལམ་ནས་རྒྱང་གིས་ཐོན། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་འཕོ། ཊ༔ ཞེས་རིལ་གྱིས་ལྷུང་ནས་བྱུང་སྟེ་སྙིང་གི་ཐིག་ལེར་ཕོག །ཡང་ཡར་འཕོ། ཡང་མར་བབས་པར་བསམ། དེ་བཞིན་དུ་མ་ཡེངས་པར་ཡང་ཡང་གསལ་གདབ་ཅིང་བརྩོན་འགྲུས་སྐྱེད་ལ་རྟགས་མ་བྱུང་གི་བར་དུ་སྦྱང་། རྟགས་ནི་སྤྱི་བོ་ཟ་བ། སྐྲངས་པ། ཆུ་སེར་འཁྲུག་པ། འཇག་མ་ཟུག་པ་རྣམས་ངེས་པར་འབྱུང་བར་ཐེ་ཚོམ་མེད་དོ། །མཐར་ཐུན་བསྡུ་བའི་རིམ་པ་ཡང་། བདེ་གཤེགས་སྲས་བཅས་འོད་དུ་ཞུ་ནས་སྣང་མཐའ་ལ་བསྡུ། དེ་ཉིད་དབུ་མའི་ལམ་ནས་བརྒྱུད་སྙིང་གའི་ཐིག་ལེར་ཐིམ། དེའི་ངང་ལ་བློ་ཅི་གནས་སུ་མཉམ་པར་གཞག །ཚངས་ལམ་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་དེ་ཡང་པདྨ་དཀར་པོ་འདབ་མ་བཞི་པ་ཞིག་གིས་བཀག་པར་བསམ། རང་མགོན་པོ་ཚེ་དཔག་མེད་གསལ་ཞིང་བསྙེན་དམིགས་ཤེས་ན་དེ་ལྟར་བྱ། མ་ཤེས་ན་སྤྱི་བོར་ཚེ་དཔག་མེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་ཚེའི་བར་ཆད་ཞི་ཞིང་འཆི་མེད་དངོས་གྲུབ་ཞུ་བའི་གསོལ་འདེབས་ཀྱི་ཚུལ་དུ་ཚེ་བསྙེན་གྱི་རིགས་ཅི་ནུས་བཟླ། བསྔོ་སྨོན་གྱི་རྒྱས་གདབ་བོ། །གཉིས་པ་ལས་ལ་སྦྱར་བ་ནི། འཆི་ལྟས་ཤར་ནའང་ཟློག་པའི་ཐབས་ཡོད་པ་རྣམས་ཅི་ནུས་སུ་འབད་པས་བཟློག །མི་ནུས་པར་ཤི་བར་ཐག་ཆོད་པའི་ཚེ་ཉམས་ཆག་སྡིག་པ་ཐམས་ཅད་བཤགས། ཅི་ཡོད་དགེ་ཕྱོགས་སུ་གཏང་། དམིགས་པ་སྔ་མ་ལྟར་ལས་སྤྱན་རས་གཟིགས་སུ་གསལ་བའི་ལྟེ་བ། ཆུ་ལམ། བཤང་ལམ། ཁ། སྣ་བུག་གཉིས། མིག་གཉིས། རྣ་བ་གཉིས་རྣམས་ཧཱུྃ་ཡིག་རེས་བཀག་སྟེ་ཚངས་ལམ་སྒོ་ཟང་ཐལ་ལེར་ཡོད་པར་བསམ་ལ། ངག་ཏུའང་། ཧྲཱིཿ བདག་ཉིད་ལྷར་གསལ་བླ་མའི་ཐུགས་ཀ་ནས༔ སོགས་ཀྱིས་སྒོ་དགག །དམིགས་པ་སྔར་སྦྱོང་དུས་ལྟར་བསྒོམ་པའི་སྤྱི་བོར་བདེ་གཤེགས་རྩ་བརྒྱུད་ཀྱི་བླ་མ་བཞུགས་པ་ཡང་གསལ་གདབ། སྙིང་གའི་ཐིག་ལེ་དེ་གཞི་འཛིན་མེད་པར་སྣང་མཐའི་ཐུགས་ཀློང་དུ་ཐིམ་པར་བསམ་པ་ལས་ཐུར་དུ་བབ་པའི་དམིགས་པ་མི་བྱ་བར། ཧྲཱི༔ དག་པ་བདེ་བ་ཆེན་པོའི་ཕོ་བྲང་ན༔ སོགས་གསོལ་འདེབས་དང་མོས་གུས་དྲགས་པོས་རླུང་དམིགས་སེམས་གསུམ་གཅིག་ཏུ་སྒྲིལ་ལ། སྤྱི་བོར་སངས་རྒྱས་ཀྱི་ཐུགས་ཀར་གཡོ་མེད་རྩེ་གཅིག་ཏུ་གཏད་པས། དེ་ངང་འཆི་ཐུབ་ན་དགོས་དོན་ངེས་པར་གྲུབ་པ་ཡིན་ལ། གེགས་ནི་འདིར་སྣང་ལ་ཆགས་པ་དང་ནོར་རྫས་སོགས་ལ་ཞེན་འཛིན་ཆེ་བ་སོགས་ཡིན་པས་དེ་དག་གཏན་ནས་བྱ་མི་རུང་ངོ་། །བཞི་པ་ཕན་ཡོན་ནི། མཁའ་འགྲོ་མ་ཀུན་ཏུ་རྟོག་པའི་རྒྱུད་ལས། རྣམ་ཤེས་རླུང་གི་རྟ་བྱས་ནས། །སྟེང་གི་ལམ་དུ་ཕྱིན་གྱུར་ན། །སྡིག་པ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་གནས་སུ་སྐྱེ་བའང་མང་། ཞེས་སོགས་རྒྱུད་རྣམས་ལས་མང་དུ་གསུངས་སོ། །དེ་ཡན་ཆད་ཀྱིས་ཐུན་མོང་གི་སྔོན་འགྲོ་ཆོས་བདུན་གྱི་རིམ་པ་གྲུབ་བོ།། །།གསུམ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དབང་གཉིས་པ་དང་གསུམ་པའི་ཉམས་ལེན། ཆགས་མེད་རླུང་ལ་བསླབ་པ་དང་ཆགས་ཅན་ཐིག་ལེ་ལ་བསླབ་པ་རྣམས་ཀྱི་ཁྲིད་རིམ་ཟུར་དུ་འབྱུང་བ་ལས་ཤེས་དགོས་པ་དང་། ཁྱད་པར་གྱི་སྔོན་འགྲོ་ཕྱི་ནང་གསང་བ་སོགས་ནི་ཐོད་རྒལ་གྱི་སྐབས་སུ་འཆད་པར་འགྱུར་རོ།། ༈ །།སྤྱི་དོན་གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེད་པ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་ནི། གང་ཟག་དམིགས་མེད་ལ་དགའ་བ་རྩོལ་མེད་ལམ་གྱིས་འཚང་རྒྱ་བར་བྱེད་པ་གང་ཤར་ལྟོས་མེད་གཉེན་པོ་དང་བྲལ་བ་སྟེ། འདི་ལ་གཉིས། ཞི་གནས་བཙལ་བ་དང་། ལྷག་མཐོང་སྐྱེད་པའོ། །དང་པོ་ལ་གསུམ། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས་སེམས་མི་གནས་པ་གནས་པར་བྱེད། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་པའོ། །དང་པོ་ལ་གཉིས། ལུས་གནད་དང་སེམས་གནད་དོ། །དང་པོ་ནི། རྣམ་པར་སྣང་མཛད་གང་ཆེན་མཚོའི་སྐུའི་ཆོས་བདུན་དང་མཐུན་པར། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །སྒལ་ཚིགས་བསྲང་། གསུས་པ་སྒལ་པ་ལ་སྦྱར། མགྲིན་པ་བག་ཙམ་དགུག །ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བལྟས་ནས་ལྟ་སྟངས་ཧྲིག་གེར་གཞག་པ་དང་བདུན་པོ་འདི་སྐྱོན་མེད་ལེགས་པར་བཅས་པས་སྒོམ་རང་བབས་སུ་འོང་ངོ་། །གཉིས་པ་སེམས་གནད་བསྟན་པ་ལ་གསུམ། ཞི་གནས་སྒྲུབ་ཚུལ། ཏིང་འཛིན་སྐྱེ་ཚུལ། གོལ་སའི་སྐྱོན་ངོས་གཟུང་ཞིང་སྤང་ཚུལ་ལོ། །དང་པོ་ལའང་གཉིས། མཚན་བཅས་དང་མཚན་མེད་ཀྱི་ཞི་གནས་སྒྲུབ་ཚུལ་ལོ། །དེའི་དང་པོ་ལའང་གསུམ། མ་དག་པ་དངོས་པོ་ཕྲ་རགས་དང་ཐིག་ལེ། དག་པ་ལྷ་སྐུ། རླུང་རྩོལ་ལ་བརྟེན་ནས་སེམས་འཛིན་པ་རྣམས་སོ། །དང་པོ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་སར་རིང་པོར་མ་ཡིན་པར་འགོད་པར་བྱ། དེའི་ཆེད་དུ་སྟན་ཐོག་གཅིག་ཏུ་སངས་རྒྱས་པའི་ཆོས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་འདི་ཉམས་སུ་བླང་བར་བྱ་སྙམ་སྟེ། བླ་མ་ལ་རྩེ་གཅིག་གིས་གསོལ་བ་བཏབ་ལ། དངོས་པོ་རགས་པ་མིག་ཡུལ་དུ་སྣང་ཚད་གཅིག་ལ་བློ་བཞག་ནས་སེམས་མིག་མི་ཡེངས་པར་གཏད། ཕྲ་བ་ཤིང་བུ་རྡེའུ་སོགས་ལ་དེ་བཞིན་དུ་གཏད། ཧ་ཅང་བཙིར་བ་དང་ཡེངས་བ་སྐྱོན་ཡིན། ཡུན་ཐུང་ངུར་གྲངས་མང་བསྒོམ་ནས་ངལ་གསོ་ཞིང་སྤྱོད་ལམ་དང་བསྲེ། དེའི་སྐབས་སུ་བྱིང་རྨུགས་འཐིབ་གསུམ་བྱུང་དུས་སྨིན་ཕྲག་མཚམས་ཀྱི་ནམ་མཁའ་མདའ་གང་ཙམ་དུ་ཐིག་ལེ་དཀར་པོ་ལ་དམིགས་པ་གཏད། རྒོད་འཕྲོ་འཐོར་བ་ལ་ལྟ་སྟངས་སྨད་དེ་ཐིག་ལེ་སེར་པོ་ལ་གཏད། རང་བབས་སུ་གནས་དུས་སྙིང་གར་ཐིག་ལེ་མཐིང་ཀ་སྲན་མ་འཕོས་པ་ཙམ་ལ་གཏད་དོ། །གཉིས་པ་དག་པ་ལ་སེམས་འཛིན་པ་ལའང་གསུམ། སྐུ། ཡིག་འབྲུ། ཕྱག་མཚན་ནོ། །དང་པོ་ནི། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་པ་ལྟར། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ནི་གདུལ་བྱའི་མོས་པའི་རྗེས་སུ་འགྲོ་བས། གང་མོས་པ་ཅན་དེའི་མདུན་དུ་མངོན་དུ་བཞུགས་སོ་སྙམ་པའི་ངེས་ཤེས་དང་བཅས་པས། རང་གི་མདུན་དུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་པད་ཟླའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་གསེར་མདོག །མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། ཕྱག་ས་གནོན་མཉམ་གཞག །ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཆོས་གོས་རྣམ་གསུམ་གསོལ་ཞིང་། འོད་དང་འོད་ཟེར་འཕྲོ་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་ལ་སེམས་མ་ཡེངས་པར་གཏད། སེམས་རང་སར་གནས་དུས་ཐུགས་དཔལ་བེའུ། བྱིང་རྨུགས་འཐིབ་དུས་སྨིན་མཚམས་ཀྱི་མཛོད་སྤུ་དང་གཙུག་ཏོར། རྒོད་འཕྲོ་འཐོར་དུས་གདན་ཁྲི་དང་སྐྱིལ་ཀྲུང་སོགས་ལ་གཏད། དེས་ཀྱང་མ་བཏུབ་ན་མཚན་དཔེ་རྣམས་ལ་མས་ནས་ཡར། ཡས་ནས་མར་རིམ་བཞིན་དུ་བསམ་མོ། །གཉིས་པ་ཡིག་འབྲུར་ནི། རང་གི་སྙིང་གར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་དཀར་པོ་མུ་ཏིག་གི་ཐིགས་པ་ལྟ་བུ་དང་ཧྲིག་གེ་བ་ཞིག་བསྒོམ། གསུམ་པ་ཕྱག་མཚན་ལ་ནི། རྡོ་རྗེ་ལ་སོགས་རིགས་ལྔའི་ཕྱག་མཚན་གང་རུང་ལ་གཏད་ཚུལ་གོང་བཞིན་ནོ། །གསུམ་པ་རླུང་རྩོལ་ལ་སེམས་འཛིན་པ་ལ་གསུམ། རླུང་སེམས་གཉིས་མེད་རྣམ་རྟོག་ཁོ་རང་དང་། བུམ་པ་ཅན་དང་། འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པའོ། །དང་པོ་ནི། རྣམ་རྟོག་གང་སྐྱེས་ཐམས་ཅད་ངོས་བཟུང་ནས་མཐོང་བར་བྱེད། མཐོང་ཐོག་ཏུ་གློད་ནས་གྲོལ་བཅུག དེ་ལ་དམིགས་པ་གཏད། རེས་རྟོག་པ་ཤར་གྲོལ་དུ་གཏང་། རྗེས་མ་བཅོས་པའི་ངང་དུ་གློད་པ་རྣམས་རེས་མོས་བྱ། གཉིས་པ་བུམ་ཅན་ནི། ཆོས་བདུན་དང་ལྡན་པས་རླུང་རོ་ལན་གསུམ་བསལ། སྟེང་རླུང་གནན། འོག་རླུང་བཀུམ། ལྟེ་འོག་ཏུ་ཏིག་གིས་མནན་ལ་ཅིའང་མི་བསམ་པར་ལྷན་ནེར་གཞག །རླུང་ཅི་ཐུབ་ཀྱི་སེམས་འཛིན། མི་ཐུབ་པ་དང་སང་སང་འབུད་ལ་ཡང་གཟུང་ངོ་། །གསུམ་པ་འབྲུ་གསུམ་སྐྱེ་མེད་རྡོར་བཟླས་ནི། ལུས་གནད་སོགས་སྔར་ལྟར་ལས། རླུང་རྔུབ་པའི་ཚེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཡི་གེ་ཨོཾ་དཀར་པོའི་རྣམ་པར་ཚུར་བསྡུས་ནས། སྟེང་རླུང་གནན་འོག་རླུང་འཐེན་ཏེ་ལྟེ་འོག་ཏུ་བསྐྱིལ་བ་ཙམ་བྱ། དེ་ནས་སྟེང་རླུང་འོག་རླུང་ཁ་སྦྱར་གྱི་བར་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཡི་གེ་ཨཱཿདམར་པོ་རང་བཞིན་མེད་པ་གསལ་སྟོང་ཡེ་རེ་བ་ལ་རིག་པ་ཅི་གནས་ཀྱི་བར་དུ་གཞག །མི་ཐུབ་པ་དང་རླུང་གཏང་བའི་ཚེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོའི་རྣམ་པར་འཕྲོས་པས། དེ་དག་ཀྱང་འགྲོ་བའི་དོན་དུ་སྤྲུལ་སྐུ་རྒྱུན་མི་ཆད་པར་འཕྲོ་བར་བསམ་ལ་སེམས་གཟུང་། བསྡུ་ན་རླུང་རྔུབ་དུས་ཨོཾ། སྐྱིལ་དུས་ཨཱཿ འཕངས་དུས་ཧཱུྃ་བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་མོས་པས་ཀྱང་རུང་སྟེ། ཞག་རེར་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས་དེ་སྙེད་ཀྱི་བཟླས་པ་ཐེམས་པས་ཡོན་ཏན་བརྗོད་ལས་འདས་སོ། །དེ་དག་ནི། གསང་སྒྲོན་ལས། དམིག་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཞེས་པའི་དོན་ནོ། །གཉིས་པ་མཚན་མེད་ཀྱི་ཞི་གནས་སྒྲུབ་ཚུལ་ལ་གསུམ། སྒྲིམ་པ། གློད་པ། སྒྲིམ་གློད་སྤེལ་མའོ། །དང་པོ་ནི། ལྟ་སྟངས་གོང་བཞིན་གྱིས་མིག་མདུན་གྱི་ནམ་མཁར་ཅེ་རེར་བལྟ། དམིགས་པ་ཅི་ཡང་མི་བྱེད་པར་སེམས་ཧྲིག་གེར་བསྒྲིམ། གནས་དུས་ངལ་གསོ་རེས་མོས་བྱའོ། །གཉིས་པ་གློད་པ་ནི། ལུས་གནད་སྔར་ལྟར་ལ། ལྟ་སྟངས་ཐུར་དུ་སྨད། བསྒོམ་རྒྱུ་ཅི་ཡང་མེད་པར་ལུས་སེམས་གཉིས་ཀ་རང་བབས་སུ་ལྷོད་དེ་བཞག་པ་ནི། ངལ་གསོ་ལས། ཆད་པ་ངལ་གསོ་བཞིན་དུ་ལྷོད་ཀྱིས་གློད། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར། ཞེས་གསུངས་སོ། །གསུམ་པ་སྤེལ་མ་ནི། ལུས་གནད་གོང་བཞིན། ཤེས་པ་སྒྲིམ་པ་དང་། གུ་ཡངས་སུ་གློད་པ་གཉིས་རེས་མོས་བྱ། ལྟ་སྟངས་ཀྱང་གཡས་གཡོན་སྟེང་ཐུར་དུ་ཧྲིག་གེར་མི་ཡེངས་པར་གཏད་པ་རྣམས་རེས་མོས་བྱ། དེ་རྣམས་ཀྱི་སྐབས་སུ་སྒྲིམ་མཁན་གློད་མཁན་སྤེལ་མར་བྱེད་མཁན་དེ་སུ་ཡིན། སེམས་ཡིན་ནམ། ཡིན་ན་དེ་ཅི་འདྲ་འདུག་འཚོལ་བར་བྱ། རེས་ཁོ་རང་གར་འགྲོ་སར་གཏང་། ཅི་བྱེད་བརྟགས་པར་བྱའོ། །དེ་ལྟར་བྱས་པས་རྟ་དམུ་རྒོད་བཏུལ་བ་དང་ཆོས་མཚུངས་པར་སེམས་རྣམ་རྟོག་གི་རང་བཞིན་ཅན་དེ་ཐབས་ཀྱིས་དུལ་བར་འགྱུར་རོ། །གཉིས་པ་ཏིང་ངེ་འཛིན་སྐྱེ་ཚུལ་ནི། རིག་པ་ལས་སུ་མི་རུང་བ་ལས་གྲོལ་ཏེ་གར་བཞག་ཏུ་གནས་ལ། བྱིང་རྨུགས་འཐིབ་གསུམ་གྱིས་མ་གོས་ཤིང་གསལ་མདངས་དང་ལྡན་པ་གང་ལ་གཏད་ཀྱང་མི་གཡོ་བ། དགའ་བདེའི་ཉམས་དང་ལྡན་པ་འཆར་ཏེ། པྲ་ཁྲིད་ལས། མི་གཡོ་གསལ་བ་ཏིལ་གྱི་མར་མེ་འདྲ། །ཉིན་མཚན་འདས་ཀྱི་བར་དུ་གནས་པའོ། །ཞེས་སོ། །དེའི་ངོ་བོ་ལ་བདེ་གསལ་མི་རྟོག་གསུམ་འབྱུང་སྟེ། ངོ་བོ་ལ་ཡུལ་འཛིན་མེད་པས་མི་རྟོག་པ། དབང་པོའི་ཡུལ་སྣང་མ་འགགས་པར་གསལ་བ། རྣམ་རྟོག་གི་ཟུག་རྔུ་མེད་པར་བདེ་བའོ། །གསུམ་པ་གོལ་སའི་སྐྱོན་ངོས་གཟུང་ཞིང་བསལ་ཚུལ་ནི། བྱིང་རྨུགས་དང་ནམ་ཟླའི་རྐྱེན་གྱིས་སམ། འགྱུ་དྲན་བཀག་ནས་སྟོང་ཧད་དེ་འདུག་གོ་སྙམ་པ་བློས་བྱས་ནས་དྲན་པ་མེད་པར་ཐོམ་མེ་བ་ནི། གོམས་ནས་མ་རིག་པའི་གྲོགས་སུ་སོང་སྟེ་དུད་འགྲོ་དང་འདུ་ཤེས་མེད་པའི་ལྷར་སྐྱེ་སྟེ། ཆོས་རྗེ་ས་པཎ་གྱིས། བླུན་པོས་ཕྱག་རྒྱ་ཆེ་སྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྲོ། །ཞེས་གསུངས། བདེ་ཉམས་དང་། གསལ་ཉམས། མི་རྟོག་པ་གསུམ་ལ་ཞེན་ནས་བློ་ཕུགས་བཅས་ན། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་སུ་གོལ་ནས་སྲིད་པ་འགྲུབ་པ་ཡིན་ཏེ། ཀློང་ཆེན་པས། སེམས་གནས་བཟང་ཡང་གོང་མ་ཡི། །བསམ་གཏན་གཟུགས་མེད་རྣམས་སུ་གོལ། །ཞེས་སོ། གེགས་བསལ་བ་ནི། རང་གཞུང་ལས། བདེ་བར་ཆགས་པའི་རྨེན་བུ་ཤིགས༔ གསལ་བར་འཛིན་པའི་དྲྭ་བ་ཆོད༔ མི་རྟོག་ཞེན་པའི་འཛིན་ཕུར་ཕུད༔ སྟོང་ཞེན་ཉམས་ཀྱི་མདུད་པ་བཀྲོལ༔ ཅེས་བློས་བྱས་གཅིག་གི་སྟེང་དུ་ང་རྒྱལ་ཞུགས་ནས་ཆེད་འཛིན་བྱ་བ་དེ་བོར་ལ། བྱིང་རྨུགས་ཀྱི་དབང་དུ་མི་བཏང་བར་གསེང་སྟེ། རང་བབས་སུ་བཟོ་བཅོས་བྲལ་བར་གློད་དེ་སྐྱོང་བར་བྱའོ།། །།གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ་བ་ནི། ལུས་སྐྱིལ་ཀྲུང་མཉམ་གཞག་ལས་གཡོ་འགུལ་བྲལ་བ། ངག་སྨྲ་བརྗོད་བྲལ་བ། སེམས་རང་བབས་སུ་བཞག་ལ། ཕྱི་དབང་ཡུལ་གང་འཆར་ཡང་དེ་ཐོག་ཏུ་བཞག་ནས། བསམ་མཁན་ལས་ལོགས་སུ་ཨེ་འདུག་དང་མི་འཆོར་བར་སྐྱོང་བས་སྣང་བ་ཐམས་ཅད་སེམས་སུ་ཐག་ཆོད་པ་འབྱུང་ངོ་།། །།གསུམ་པ་ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་པ་ནི། རྐང་པ་གྱད་ཀྱི་འདོར་སྟབས་ལག་གཉིས་སྡིགས་མཛུབ་བརྐྱང་། མིག་བར་སྣང་ལ་བསྒྲད་དེ་ངག་ཏུ་ཧ་ཧ་ཧི་ཧི། ཧཱུྃ་ཧཱུྃ། ཕཊ་ཕཊ་བརྗོད། སེམས་ངང་འཚོས་པས་རིག་ཆ་གསལ་ཞིང་དྭངས་པས་སེམས་ཀྱི་མཚང་རིག་པར་འགྱུར་རོ། །ལྟ་སྟངས་ཀྱི་ཡོན་ཏན་ནི་སྦས་པའི་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་བྱ་བ་འགྲོ་བ་ཐམས་ཅད་ཀྱི་སྙིང་གི་དཀྱིལ་དུ་ཡེ་ཤེས་ཀྱི་རྩ་ཞིག་ཡོད་པ་དེ་ཁ་ཟླུམ་ན་གཏི་མུག་འཕེལ། ཁ་ཕྱེ་ན་ཡེ་ཤེས་འཆར་བ་ཡིན་ལ། མིག་བཙུམ་ན་རྩ་དེ་ཁ་ཐུར་དུ་ཟུམ་པས་གཏི་མུག་འཐིབས། ལྟ་སྟངས་ཧྲིག་གེ་བྱས་པས་གྱེན་དུ་ཁ་ཕྱེ་བ་ལས་རིག་པ་དྭངས་སྙིགས་ཕྱེད་ནས་གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་འཆར་བ་གསུངས་སོ།། །།གཉིས་པ་ལྷག་མཐོང་སྐྱེད་པ་ནི་གནས་ལུགས་ཀྱི་ངོ་བོ་ཁྲེགས་ཆོད་ཀྱི་ཉམས་ལེན་དངོས་ཏེ་དེ་ལའང་གསུམ། སྔོན་འགྲོ་ཞི་ལྷག་ཟུང་འཇུག་གིས་གནས་ལུགས་མ་སྐྱེས་པ་བསྐྱེད་པར་བྱེད་པ། དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲོད་པར་བྱེད་པ། རྗེས་རང་གྲོལ་གསུམ་གྱིས་སྐྱེས་པ་བོགས་དབྱུང་ཞིང་རྩལ་སྦྱོང་བའོ། །དང་པོ་སྔོན་འགྲོ་ལ་གསུམ། རྟོག་པ་རྩད་གཅོད་པ། སེམས་ཀྱི་མཚང་བཙལ་བ། བྱུང་གནས་འགྲོ་གསུམ་བརྟག་པའོ། །དང་པོ་ནི། ངའོ་སྙམ་པ་འདི་གང་དུ་འདུག །ལུས་ངག་ཡིད་གསུམ་གང་རེད། གཙོ་གང་ཆེ་བརྟགས། གཉིས་པ་སེམས་ཀྱི་མཚང་བཙལ་བ་ནི། ལུས་ངག་ཡིད་གསུམ་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག །གཅིག་ན་ལུས་ངག་གཉིས་བལྟ་དང་གྲགས་རུང་བ་བཞིན་སེམས་བལྟ་དང་གྲགས་ཨེ་རུང་། སེམས་མེད་པ་བཞིན་ལུས་ངག་མེད་པ་ཨི་ཡིན་བརྟགས། ཐ་དད་ན། ལུས་ལ་ན་ཚ་སོགས་བྱུང་བ་གང་གིས་ཚོར་བརྟག །གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ལ་ལྔ། བྱུང་གནས་འགྲོ་གསུམ་རང་ལ་བརྟག་པ། གཅིག་དང་དུ་མ་ལ་བརྟག་པ། དབྱིབས་དང་ཁ་དོག་བརྟག་པ། བདེ་གསལ་མི་རྟོག་པའི་ཉམས་ལ་བརྟག་པ། གནས་འགྱུ་གཉིས་ལ་བརྟག་པའོ། །དང་པོ་ནི། སེམས་ཟེར་བ་དྲན་སྐྱེན་པོ་སྐད་ཅིག་མ་གོ་མཁན་ཤེས་མཁན་མཐོང་མཁན་འདི་དང་པོ་ཕྱིའི་ཡུལ་ས་རྡོ་རི་བྲག །ནང་ཕུང་ཁམས་སྐྱེ་མཆེད་གང་ནས་བྱུང་། བར་དུ་ཕྱི་ནང་གང་དུ་གནས། ཁྱད་པར་ལུས་ཀྱི་ཆ་ཤས་རེ་རེ་ནས་ཕྱེ་ལ་གར་གནས་བལྟ། མཐར་གང་དུ་འགྲོ་བའི་ཁུངས་ཨི་འདུག་བརྟག་གོ །གཉིས་པ་གཅིག་དང་དུ་མ་ལ་བརྟག་པ་ནི། བརྟག་བྱའི་སེམས་དེ་དང་། རྟོག་བྱེད་ཀྱི་སེམས་དེ་གཉིས་གཅིག་ཏུ་འདུག་གམ་གཉིས་སུ་འདུག །གཉིས་ཡོད་ན་སངས་རྒྱས་དུས་འཁོར་བར་འཁྱམས་རྒྱུ་གཅིག་ཀྱང་ཡོད་ཐག་ཆོད་པས་ཨེ་འདུག །གཅིག་ཡིན་ན་བཟང་ངན་མང་པོ་འཆར་མི་ལོ་བ་ལ་ཅི་རེད་བརྟག །གསུམ་པ་དབྱིབས་དང་ཁ་དོག་བརྟག་པ་ནི། སེམས་ཟེར་བ་འདི་ཡོད་པ་ཞིག་རེད་དམ། མེད་པ་ཞིག་རེད། ཡོད་ན་མིག་གིས་བལྟ་རུང་བའི་དབྱིབས་ཁ་དོག་ཅན་ཞིག་ཡིན་མཐོང་ཆོད། དེས་ན་ཟླུམ་པོ། གྲུ་བཞི། གྲུ་གསུམ། ཟླ་གམ། ནར་མོ་ལྟ་བུའི་དབྱིབས་དང་། སྔོ་སེར་དཀར་དམར་ལ་སོགས་ཀྱི་ཁ་དོག་ཏུ་འདུག་གམ། འདུག་ན་རང་གིས་བལྟར་ཆོག་དུས་ཐམས་ཅད་ཀྱིས་བལྟ་ལོས་ཆོག་པས་སྟོན་རྒྱུ་ཨེ་འདུག །མེད་པ་ཞིག་ཡིན་ན་སྒོམ་མ་ཤེས་སྙམ་མཁན་དང་། ཤེས་ན་སྙམ་མཁན་འདི་ནི་འདུག །དེའང་མེད་དགོས་པ་ལ་ག་རེ་ཅི་འདྲ་ཞིག་འདུག་སྙམ་ནས་ཞིབ་ཏུ་བརྟག་པར་བྱའོ། །བཞི་པ་བདེ་གསལ་མི་རྟོག་པའི་ཉམས་ལ་བརྟག་པ་ནི། སེམས་ཁོ་རང་གིས་ཁོ་རང་ལ་ཅེ་རེར་བལྟས་ཚེ། བདེ་ལྷང་ངེ་བ་བྱུང་དུས། བདེ་རྒྱུ་དང་བདེ་མཁན་ཐ་དད་དུ་ཨེ་འདུག་དང་། སྣང་བ་གསལ་ལྷང་ངེ་བ་བྱུང་དུས། གསལ་རྒྱུ་དང་གསལ་མཁན་ཐ་དད་ཡིན་མིན་དང་། རྣམ་རྟོག་དང་བྲལ་བའི་མི་རྟོག་ལྷན་ནེར་བྱུང་དུས། གནས་རྒྱུ་དང་གནས་པ་མྱོང་མཁན་ཐ་དད་དུ་ཨེ་འདུག་ངང་འཚོ་ཤེས་པར་བྱེད། ལྔ་པ་གནས་འགྱུ་གཉིས་ལ་བརྟག་པནི། དེ་ལྟར་བལྟས་ཚེ། མི་ཡེངས་བར་ཧྲིག་གེར་གནས་དུས་རྟོག་ཚོགས་འགྱུ་བ་ཨེ་བྱུང་དང་། བྱུང་ན་རང་ཐད་ལྟར་གྲྭ་མ་ཉམས་པར་ཨེ་བྱུང་དང་། བྱུང་ན་གནས་པའི་སེམས་དེ་མ་ཡིན་པའི་འགྱུ་བ་ལོགས་སུ་ཨེ་འདུག །འདུག་ན་གནས་པའི་སེམས་གར་སོང་། གནས་འགྱུའི་སེམས་གཅིག་ན་གཅིག་ལུགས་བརྟགས་ལ། བཅས་བཅོས་མི་བྱེད་པར་དྲན་པས་འཚོས་ནས་བལྟས་ན་རང་མཚང་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཉིས་པ་དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲད་པ་ལ་གསུམ། གནས་པ་སེམས་ཀྱི་རྒྱན་དུ་ཆེ་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤེས་པ། གཉིས་མེད་མཉམ་པའི་ངང་དུ་གནས་པའོ། །དང་པོ་ལ་གཉིས། ཅོག་གཞག་གསུམ་གྱིས་ལྷག་མཐོང་གི་ཉམས་རྟོགས་སྐྱེ་ཚུལ་དང་། སྐྱེས་པ་ངོ་སྤྲད་ཚུལ་ལོ། །དང་པོ་ནི། རང་གཞུང་ལས། དེ་ལྟར་གནས་ལུགས་ལ་གཡོ་འགུལ་མེད་པ་རི་བོ་ཅོག་གཞག༔ དེ་ནི་ལུས་རྡོ་རྗེ་སྐྱིལ་ཀྲུང་མི་གཡོ་བའོ༔ ཁ་གཏིང་མེད་པ་རྒྱ་མཚོ་ཅོག་གཞག༔ དེ་ནི་མིག་མདའ་གང་ཙམ་དུ་མི་འགུལ་བའོ༔ གསལ་འགྲིབ་མེད་པ་རིག་པ་ཅོག་གཞག༔ དེ་ནི་རྟོག་པ་རང་བབས་སུ་ཆོས་ཉིད་ཀྱི་ངང་དུ་འཇོག་པའོ༔ དེ་ལྟར་བྱས་པས་དབང་པོ་རབ་ལ་ཡིན་ལུགས་ཤེས་པ༔ ངང་ལ་གནས་པ༔ ཐད་ཀར་ཆོད་པ༔ སེམས་ལ་ཕན་པ༔ དྲན་པས་ཟིན་པ༔ རྣམ་རྟོག་མི་སྐྱེ་བ་མངོན་དུ་གྱུར་པའོ༔ ཞེས་དང་། སྐབས་སུ་སྤྲིན་དྭངས་པའི་ནམ་མཁའ་ལྟར་བཞག༔ ཆུ་ཆད་པའི་རང་འཐག་ལྟར་བཞག༔ ལས་ཟིན་པའི་སྐྱེས་བུ་ལྟར་བཞག༔ དབང་པོ་འབྲིང་ལ་ཡིན་ལུགས་མ་ཤེས་ན་གོལ་སྒྲིབ་ཀྱི་གདར་ཤ་མི་ཆོད༔ ངང་ལ་མ་གནས་ན་ཤེས་པ་རྐྱེན་ཁར་འཆོར༔ ཐད་ཀར་མ་ཆོད་ན་ཡུལ་གྱི་རྗེས་ཕྱིར་འབྲང༔ སེམས་ལ་མ་ཕན་ན་སོ་སོའི་སྐྱེ་བོ་དང་འདྲ༔ དྲན་པས་མ་ཟིན་ན་དུག་ལྔ་དུག་གསུམ་དུ་འཆོར༔ རྟོག་མེད་མ་བྱུང་ན་ཉོན་མོངས་རང་ཁར་འཆོར༔ མངོན་དུ་མ་གྱུར་ན་འཁོར་བའི་ས་བོན་བྱེད་པས་གདར་ཤ་ཆོད་པ་གལ་ཆེའོ༔ སྐབས་སུ་རྟ་དམུ་རྒོད་ལྟ་བུར་བཙའ༔ རྒྱལ་པོའི་བཙུན་མོ་ལྟ་བུར་བཙའ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུར་བཙའ་འོ༔ དབང་པོ་ཐ་མས་ཡིན་ལུགས་ཤེས་པ་ལ་གདིང་དང་ལྡན་ནམ་མི་ལྡན་བརྟག༔ ངང་ལ་གནས་པ་ལ་ཕན་གནོད་འདུག་གམ་མི་འདུག་བརྟག༔ ཐད་ཀར་ཆོད་པ་ལ་དུག་ལྔར་འཆོར་རམ་མི་འཆོར་བརྟག༔ སེམས་ལ་ཕན་པ་ལ་གཞི་རྩ་ཆོད་དམ་མ་ཆོད་བརྟག༔ དྲན་པས་ཟིན་པ་ལ་རང་སར་གྲོལ་ལམ་མ་གྲོལ་བརྟག༔ རྟོག་མེད་བྱུང་བ་ལ་གསལ་ཆ་ཐོན་ནམ་མ་ཐོན་བརྟག༔ མངོན་དུ་གྱུར་པ་ལ་མཁན་པོ་འདུག་གམ་མི་འདུག་བརྟག༔ དེ་ལྟར་བརྟགས་ཤིང་གཞིག་སྟེ་སྐྱོང་བའི་ཚེ༔ སེམས་ཀྱི་དགག་སྒྲུབ་དགེ་སྡིག་བླང་དོར་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བ་སྟེ༔ གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་ཀ་དག་གི་ངང་ལ་གནས་པ་ཉིད་དོ༔ ཞེས་གསུངས་པ་ལྟར་ཅོག་གཞག་གསུམ་ལ་དབང་པོ་རབ་འབྲིང་ཐ་མའི་གནད་དང་སྦྱར་ནས་ཉམས་སུ་བླངས་པས་ལྷག་མཐོང་གི་ཉམས་གསུམ་འཆར་བ་ནི། རྣམ་རྟོག་རྒྱུན་ཆད་པའི་ངང་དེ་ནས་གསལ་ལ་མ་འགགས་པའི་ཤེས་པ་རྗེན་པ། རང་རིག་རང་གསལ་སང་ངེ་བ་ཡེ་རེ་གསལ་བ། དེ་ལ་ཡུལ་ཡུལ་ཅན་གྱི་བསྒོམ་བྱ་སྒོམ་བྱེད་མེད་པས་མི་རྟོག་པ། དེ་ལ་འབད་རྩོལ་མེད་པར་རང་ལུགས་སུ་འདུག་པ་དེ་བདེ་བའོ། །དེ་ནས་ལྷག་མཐོང་གི་རྟོགས་པ་ནི། གང་དུ་ཡུལ་ཡུལ་ཅན་གྱི་མྱོང་ཚོར་རིམ་པར་དག་ནས་གང་ཤར་གྱི་སྐད་ཅིག་སོ་མ་ཡུལ་མེད་རང་རིག་ཏུ་ཤར་བའོ། །དེ་ལ་ལྷག་མཐོང་རྟོགས་པའི་བདེ་གསལ་མི་རྟོག་པ་གསུམ་ཤར་ཏེ། གཉུག་མ་ཡུལ་མེད་དུ་ཤར་བས་གསལ་བ། གསལ་བྱ་གསལ་བྱེད་ཀྱི་རྟོག་པ་མེད་པས་མི་རྟོག་པ། རིག་སྟོང་དབྱེར་མེད་དུ་བདེ་བས་བདེ་བའོ། །གཉིས་པ་སྐྱེས་པ་ངོ་སྤྲད་པ་ལ་བཞི། འདྲ་ནོར་ཤན་དབྱེ་ཞིང་ངོས་གཟུང་བ། མ་ནོར་བར་ངོ་སྤྲད་པ། ལུང་གིས་ཡིད་ཆེས་བསྐྱེད་པ། གོམས་འདྲིས་ཀྱིས་བརྟན་པ་འཐོབ་པར་བྱ་བའོ། །དང་པོ་ནི། ཉམས་ངོ་སྤྲོད་པ་དེ་རིག་པ་སྐད་ཅིག་མའི་སྟེང་དུ་དགོས་པས། རྟོགས་པ་མ་སྐྱེས་པ་ལ་ངོ་སྤྲད་པ་དང་། སྐྱེས་བདོ་བ་ལ་ངོ་སྤྲད་སྔས་པ་དང་། སྐྱེས་ཀྱང་ངོ་མ་སྤྲད་པ་དག་གིས། རིམ་བཞིན་དོན་མེད་པ་དང་། གོ་ཡུལ་དུ་ལུས་པ། གནས་ལུགས་ཀྱི་ཐེ་ཚོམ་མི་ཆོད་པ་རྣམས་འབྱུང་བས་མཚམས་ཕྱེད་པ་གལ་ཆེ། རྩད་གཅོད་རགས་པ་རྟོགས་དུས་དང་། མཉམ་བཞག་ཏུ་སྐད་ཅིག་མའི་ཕྲ་མཐའ་སེམས་སུ་ཆོད་པ་གཉིས་འདྲ་ནོར། རྟོག་པ་ངོས་བཟུང་བས་རང་བཞིན་རྟོག་མེད་དུ་འགྲོ་བ་ཉམས་ཡིན་པ་དང་། རྣམ་རྟོག་སྐད་ཅིག་མ་དྲན་པས་ཟིན་པ་དེ་གནས་མི་དགོས་པར་བློ་འདས་སུ་ཤར་བ་རྟོགས་པ་ཡིན་པ་གཉིས་འདྲ་ནོར། རྣམ་རྟོག་སྤྲོས་བྲལ་དུ་གོ་བས་རྟོགས་པ་གོ་མཁན་ལངས་ནས་ཡུལ་མེད་པ་དང་། སྐད་ཅིག་མའི་ངོ་བོར་རང་གསལ་དུ་ཤར་བས་འཁོར་འདས་ཀྱི་བློ་ཡུལ་དུ་ཟད་པ་གཉིས་འདྲ་ནོར་ཆེ་བའོ། །འདི་ནས་ལ་ཤན་གྱི་འཕྲང་བསལ་དགོས་ཏེ། རྣམ་རྟོག་ཝལ་ཝལ་འཆར་བའི་གཟུང་འཛིན་ཅན་གྱི་འཁྲུལ་གཞིའི་སེམས་འདི་དང་། སྟོང་གསལ་རིག་པའི་མཚན་ཉིད་ཅན་གྱི་རིག་པ་འདི་གཉིས་ཤན་དབྱེ་བར་བྱའོ། །གཉིས་པ་མ་ནོར་བར་ངོ་སྤྲད་པ་ནི། སེམས་ལ་བལྟས་པས་རྣམ་རྟོག་ཡོད་ཀྱང་དབང་དུ་མི་ཤོར་བར་ལྷན་ནེར་གནས་པ་གསལ་བདེ་ཅན་ནི་ཞི་གནས་ཡིན། དེ་རྫོགས་ཆེན་སྒོམ་གྱི་དངོས་གཞི་མིན། སྔོན་འགྲོ་ཉེ་རྒྱུ་ཁྱད་པར་བ་ཞིག་ཡིན། དེ་ལ་ཞེན་ན་གོལ་ས་ཡིན། སྣང་བ་གང་ཤར་གྱི་རྟོག་པ་ཐམས་ཅད་མཐོང་ཞིང་དེ་ཙ་ན་སྐྱེ་འགག་གནས་བྲལ་གྱི་ངོ་བོར་མཐོང་བ་ནི་ལྷག་མཐོང་ཡིན། བལྟ་མཁན་རང་ལ་བལྟས་པས་ཡོད་ཟེར་རྒྱུ་མེད། དབྱིབས་གཟུགས་ཀྱིས་སྟོང་། མེད་ཟེར་རྒྱུ་མེད། ཧྲིག་གེར་འཆར་བ། མ་མཐོང་བའི་མཐོང་རྒྱུ། མ་མྱོང་བའི་མྱོང་རྒྱུ། ངོ་བོ་ངོས་གཟུང་བྲལ་བ་ཞིག་འདུག་པ་འདི་ནི་ཉམས་སུ་བླང་བྱ་དངོས་ཡིན། དེའི་སྟོང་པ་དེ་ངོ་བོ་སྟོང་པའི་ཡེ་ཤེས། གསལ་ལེ་བ་དེ་རང་བཞིན་གསལ་བའི་ཡེ་ཤེས། དེ་གཉིས་མིང་དང་ཚིག་ཙམ་ལས་དབྱེར་མི་ཕྱེད་པའི་རིག་པ་ཧྲིག་གེ་བ་འདི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སུ་གསུངས་པ་ཡིན། དེ་གསུམ་བཤད་དུས་སྔ་ཕྱི་ལྟར་བྱེད་པ་དེ་ཚིག་ལས་བྱུང་བ་མ་གཏོགས། འབྲལ་མ་མྱོང་བའི་མཚན་ཉིད་ཅན་སྐད་ཅིག་མ་གཅིག་ལ་རྫོགས་པ་ཡིན། དེའི་དོན་གྱིས་བཟང་ངན་གང་བྱུང་ཐམས་ཅད་དེར་རྫོགས་པས་རྫོགས་པ་ཆེན་པོ་ཟེར། དེར་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཁྲེགས་ཀྱིའམ་ཐད་ཀར་རམ་དུམ་བུར་གཅོད་པར་བྱེད་པས་ན་ཁྲེགས་ཆོད་ཅེས་བྱ། ཐམས་ཅད་བཟོ་བཅོས་མེད་པར་རང་སར་གྲོལ་བས་ཕྱག་རྒྱ་ཆེན་པོར་བཏགས། དེར་ཞི་བས་ཞི་བྱེད། དེའི་ཀློང་དུ་སྤྱོད་པས་གཅོད། དེ་མཐའ་དབུས་བྲལ་བས་དབུ་མ། ཀ་དག་ལྷུན་གྲུབ་ཐུགས་རྗེ་གསུམ། ཡེ་ཇི་བཞིན་པའི་དཀྱིལ་འཁོར། ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ། གནས་འགྱུ་རིག་གསུམ། སྣང་རིག་སྟོང་གསུམ་སོགས་གཞུང་དང་མན་ངག་རྣམས་ལས་མིང་དུ་མར་བཏགས་པ་ཡིན། དེ་ལྟར་མཐོང་བ་ལྟ་བ། དེ་ལས་མ་གཡོས་པ་སྒོམ་པ། སྤྱོད་ལམ་དང་བསྲེས་པས་སྤྱོད་པ། འཁོར་བའི་ས་བོན་བཅད་པ་འབྲས་བུ། དེ་ལྟར་ཤེས་པ་གོ་བ། ངེས་ཤེས་བསྐྱེད་པ་མྱོང་བ། བྱ་བྱེད་མེད་པས་རྟོགས་པ། ཉོན་མོངས་ཟག་མེད་དུ་ཤར་བ་སྔགས་སྡོམ་དང་ཤེས་རབ་བསླབ་པ། ངང་ལ་གནས་པ་བྱང་སྡོམ་དང་ཏིང་འཛིན། ཉོན་མོངས་རང་མཚན་སྤངས་པ་སོ་ཐར་དང་ཚུལ་ཁྲིམས་བསླབ་པ། རིག་པ་ལྷ་རུ་གསལ་བ་བསྐྱེད་རིམ། དེ་ལ་མཚན་རྟོག་སྤངས་པ་རྫོགས་རིམ། དབྱེར་མེད་པ་ཟུང་འཇུག །དེ་ལྟར་གནས་པ་གཞི། ཤེས་པ་ལམ། བརྟན་པ་འབྲས་བུ། སྟོང་ཆ་ཆོས་སྐུ། རིག་ཆ་ལོངས་སྐུ། འགྱུ་ཆ་སྤྲུལ་སྐུ་སོགས་ཐམས་ཅད་རང་རིག་གི་གཤིས་སུ་རྫོགས་པར་ངོ་སྤྲད། མདོར་ན་གཉིས་འཛིན་གྱི་རྣམ་པར་རྟོག་པས་ཡེ་གདོད་མ་ནས་སྟོང་ཞིང་ངོ་བོ་ལ་དྲི་མས་གོས་མ་མྱོང་བའི་རིག་པའི་ཡེ་ཤེས་ཆོས་སྐུ་རྗེན་པར་རྟོགས་པ་ཉིད་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པར་ངོ་སྤྲོད་པར་བྱའོ། །གསུམ་པ་ལུང་གིས་ཡིད་ཆེས་བསྐྱེད་པ་ནི། དངོས་པོ་གཤིས་ཀྱི་འདུག་ཚུལ་ཡེ་ཇི་བཞིན་པའི་གནས་ལུགས་དེ་ཉིད་རང་ངོ་རང་གིས་ཤེས་ཤིང་རང་བབས་སུ་འཇོག་པ་ནི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཏེ། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ཞིང་། །ཞེས་དང་། ཐོག་མར་གཞི་ཡི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་ནི་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་སོ། །བཞི་པ་གོམས་འདྲིས་ཀྱིས་བརྟན་པ་འཐོབ་པར་བྱ་བ་ལའང་གསུམ་སྟེ། གོམས་དགོས་ཚུལ། ཉམས་སུ་བླང་ཚུལ། སྐྱོན་ངོས་གཟུང་ཞིང་བོགས་འདོན་ཚུལ་ལོ། །དང་པོ་ནི། ངོ་འཕྲོད་པས་མི་ཆོག་ཡེངས་མེད་ཀྱི་དྲན་པས་སྒོམ་སྐྱོང་དགོས་ཏེ། ལྕེ་སྒོམ་གྱིས། འོ་མ་བུར་ཤིང་ཏིལ་དང་རིན་ཆེན་རྡོ། །དེ་དག་སྐྱེས་བུའི་རྩོལ་ལ་རག་ལས་བཞིན། །སངས་རྒྱས་འབྲས་བུ་མངོན་དུ་ཐོབ་འདོད་པས། །ལམ་ལ་སྒོམ་པའི་འབད་རྩོལ་ཤིན་ཏུ་གཅེས། །ཞེས་དང་། མན་ངག་མཛོད་ལས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་རྫོགས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཤེས་རབ་ཆེ་ཡང་ཉམས་སུ་མ་བླང་ན། །དགོས་དུས་མི་སྟོངས་གཡུལ་ངོར་མཚོན་སྟོར་འདྲ། །ཞེས་དང་། གྲོགས་སུ་ཤར་ཡང་དབེན་པར་གནས་པ་གཅེས། །སྒོམ་མེད་གོ་ཡང་རྣམ་རྟོག་འདུལ་བ་གཅེས། །མཉམ་རྗེས་མེད་ཀྱང་ཐ་མལ་མ་ཤོར་གཅེས། །ཅེས་གསུངས་སོ། །གཉིས་པ་ཉམས་སུ་བླང་ཚུལ་ནི། དེའང་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་ངག་ཅེས་བྱ་སྟེ། ཆོས་བདུན་གྱི་ངང་ནས་ཕྱིའི་ནམ་མཁའ་བར་སྣང་སྟོང་པ་ལ། ནང་གི་ནམ་མཁའ་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་སྦུབས་སྟོང་པར་བརྒྱུད་པ་མིག་གཏད། གསང་བའི་ནམ་མཁའ་སྙིང་རིན་པོ་ཆེའི་གཞལ་ཡས་ཁང་དུ་བཞུགས་པའི་རིག་པ་མིག་ལ་གཏད་པས་བསྒོམ་རྒྱུ་ཅི་ཡང་མེད་པར་ཐ་མལ་དུ་མ་ཡེང་ཙམ་དུ་འདུག་ཅིང་། དང་པོ་ནི་ཐུན་ཐུང་བ་དང་། གོམས་ནས་ཇེ་རིང་ལ་བསླབ། རྗེས་ཐོབ་ཀྱི་འགྲོ་འདུག་ཉལ་འཆགས་ཐམས་ཅད་ལ་བསྲེས་ནས་སྒོམ་ན་ཅི་བྱེད་སྒོམ་དུ་འཆར་རོ། །ལུང་ལས། སྒོམ་པའི་ཚེ་ན་ཇི་ཡང་མི་བསྒོམ་སྟེ། །ཆོས་ཀྱི་དབྱིངས་ལ་སྒོམ་རྒྱུ་ཅི་ཡང་མེད། །ཅེས་དང་། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམ་པས་ཀྱང་རྙེད་མ་ཡིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་སྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འོ། །ཞེས་པས། ཆེད་དུའང་མི་སྒྲིམ། མི་གཏད། ཐ་མལ་དུ་གཞག །ཡེང་པ་རྒྱ་འབྱམས་སུ་མི་གཏང་། ཐ་མལ་དུ་བསྡད་པ་དང་འདྲ་བ་ལ། གང་ཤར་རང་ངོ་ཤེས་པའི་དྲན་རིག་སོ་མ་དང་ལྡན་བཞིན་དུ་བསྐྱང་བར་བྱའོ། །གསུམ་པ་སྐྱོན་ངོས་གཟུང་ཞིང་བོགས་འདོན་ཚུལ་ནི། སེམས་དུས་གསུམ་རྟོག་པའི་རྗེས་འབྲང་སྔོན་བསུ་བྱེད་ཅིང་། ཉམས་ལ་ཞེན་པ་དང་། སེམས་བཙིར་ཟིན་བྱེད་པ་སོགས་བློས་བྱས་ཤིག་ཡོད་ཚེ་སྐྱོན་ཞུགས་པ་ཡིན། ཐ་མལ་ཤེས་པ་ལ་མ་ཡེངས་མི་སྒོམ་བཅོས་བསླད་མེད་པར་མཐོང་བཞིན་དུ་བཞག་ན་གོལ་ས་དང་སྐྱོན་ཐམས་ཅད་ཞུགས་དོགས་མི་འདུག་སྟེ། སངས་རྒྱས་མཉམ་སྦྱོར་ལས། མ་བཅོས་མ་བསླད་རང་སར་བཞག་པ་ན། །སྐྱོན་དང་གོལ་སར་ལྷུང་རྒྱུ་ཅི་ཡང་མེད། །བཅོས་བསླད་མེད་པའི་ངང་དུ་སུས་སྒོམ་པ། །ཆོས་སྐུ་བྱང་ཆུབ་ཐོབ་པར་ཐེ་ཚོམ་མེད། །རང་བཞིན་སྐྱེ་བ་མེད་པ་ནམ་མཁའི་ངང་། །ཀ་དག་ཆོས་སྐུ་འདི་ལ་བྱར་མེད་པས། །དེ་ལྟར་འདི་སྒོམ་མེད་པའི་ངང་ལ་ཞོག །ཅེས་གསུངས་པ་ལྟར་རོ། །དེ་ལ་བོགས་འདོན་པ་ལ་བླ་མའི་མོས་གུས་གནད་དུ་བསྣུན། རི་ཁྲོད་དང་སྒྲུབ་པ་གཙོ་བོར་བྱེད། གསང་སྤྱོད་སྦས་པའི་བརྟུལ་ཞུགས་ཀྱིས་རྐྱེན་སྣང་གང་བྱུང་ཐོག་བརྫིས་བྱས། སྐབས་རེར་མདོ་རྒྱུད་ཟབ་མོ་བལྟ་རྟོག་བྱ། རང་ལ་ཉམས་ཀྱི་འཆར་ཚུལ་མཐོང་བའི་གྲོགས་ཉམས་མྱོང་ཅན་དང་གསུང་གླེང་བྱ། ཐེ་ཚོམ་དང་སྒྲོ་འདོགས་ཐམས་ཅད་རང་གི་སྟེང་དུ་ཐག་གཅད། རང་གི་སེམས་རྟོགས་པའི་ངོ་བོ་ལ་ངེས་ཤེས་བསྐྱེད། སྣང་ཐོག་ཏུ་སྐྱོང་ཞིང་གང་ཤར་སོ་མར་གཞག །རྐྱེན་བཟང་ངན་གང་བྱུང་ཡང་མི་སྤང་བར་རྐྱེན་ཐོག་ཏུ་རྟོགས་པའི་ངོ་བོ་དང་བསྲེ། །ཞེས་གསུངས་སོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ཤེས་པ་ནི། དེ་ལྟར་བལྟས་པས་བཟང་ངན་བདེ་སྡུག་གི་རྣམ་རྟོག་གང་འཕྲོའང་རིག་པའི་ངང་མ་ཤོར་ན། རང་ཤར་རང་གྲོལ་ཆོས་ཉིད་ཀྱི་རོལ་པ་ལས་ནམ་དུའང་འདའ་མ་མྱོང་སྟེ། རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མའི་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་དང་། མཉམ་མེད་དྭགས་པོས། ཐ་མལ་ཤེས་པ་མ་ཡེངས་ན། །དྲན་རྟོག་ཐམས་ཅད་རིག་པ་ཡིན། །དེ་ལ་སྐྱོན་དུ་བལྟ་མི་དགོས། །ཞེས་གསུངས་པས་རྣམ་རྟོག་སྤངས་ནས་མི་རྟོག་པ་ཞིག་སྒོམ་དུ་མེད་དེ་གང་ཤར་སོ་མ་མ་བཅོས་པའི་ངང་དུ་ལ་བཟླ་བར་བྱའོ། །གསུམ་པ་གཉིས་མེད་མཉམ་པའི་ངང་དུ་གནས་པ་ནི། གནས་བཞིན་དུ་སྣ་ཚོགས་སུ་སྣང་བ། སྣང་ཡང་དེར་འཛིན་དང་བྲལ་བ། གང་ལྟར་བཤད་ཀྱང་མངོན་སུམ་དུ་གྱུར་པ་ལ་དགག་སྒྲུབ་དང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། ཡེ་ནས་ཁོ་རང་སུས་ཀྱང་མ་བཅིངས་མ་གྲོལ་བའི་མཚན་ཉིད་ཅན་ལས། ད་བསྐྱར་ནས་བཀྲོལ་རྒྱུ་མེད་པ་དང་། འཛིན་རྟོག་རྣམས་ཤར་མ་ཐག་ཏུ་རང་སར་གྲོལ་སོང་བ་ལ་གཉེན་པོ་བཙལ་མ་དགོས་པ་དང་། གཅེར་གྱིས་མཐོང་དུས་གྲོལ་ཟིན་པ་ལ་སྔ་ཕྱིར་འཛིན་པ་མེད་པ་དང་། བཟང་ངན་ཐམས་ཅད་ཐད་ཀར་དེ་ཡོངས་སུ་གྲོལ་བ་ལ་བླང་དོར་བྱ་རྒྱུ་མེད་པར་རྟོགས་པའི་གདིང་ཆེན་པོ་བཞི་ཡང་ཐོབ་པ་ཡིན། སྒོམ་བཟང་པོ་ཞིག་ལོགས་ན་ཚོལ་རྒྱུ་མེད། རྣམ་རྟོག་ངན་པ་ཞིག་གུད་དུ་སྤང་རྒྱུ་མེད་པར་གསེར་གླིང་དུ་ཕྱིན་པ་དང་ཆོས་མཚུངས་སོ། །དེ་བས་ན་དམ་པས། དང་པོའི་ཤེས་པ་རང་སོ་འདི་རང་ཆོས་སྐུ་ཡིན། །རང་སེམས་བུ་ཆུང་ལྟ་བུའི་ངང་ལ་ཞོག །ཅི་ཡང་མི་སྒོམ་ཆོས་མེད་གཅིག་གིས་འབྲས་བུ་ཐོབ། །ཐ་མལ་ཤེས་པ་རྣལ་མ་རང་དེ་རང་ས་ཟུངས། །ཞེས་གསུངས་སོ། །སྐབས་འདིར་རྡོ་རྗེ་སྙིང་པོའི་རང་གཞུང་ལས་གསུངས་པའི་ངོ་སྤྲོད་བདུན་གྱི་སྒོ་ནས་རྐྱེན་དང་བསྲེ་སྟེ་རྩལ་སྦྱང་བ་ལ་བདུན། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི༔ ཚོགས་འཁོར་དང་མཎྜལ་ཕུལ་ལ༔ སྒོམ་པའི་དོན་ཀློང་དུ་གྱུར་ན་སྐབས་སུ་ངོ་སྤྲད་པ་ནི༔ ཉོན་མོངས་བདག་འཛིན་གྱི་རྩ་བ་རྣམ་པར་རྟོག་པ་འདི་ཀ་སེམས་ལས་བྱུང་ཞིང༔ སེམས་ལས་མ་འདས་སེམས་ལས་གཡོ་བ་མ་ཡིན་ཏེ༔ ཉོན་མོངས་རྣམ་རྟོག་གི་ཚོགས་རང་ཁར་འཆོར་བའི་འཁོར་བ་དང༔ རང་སར་གྲོལ་པ་མྱང་འདས་ཀྱི་ཆའི་བྱེ་བྲག་ཕྱེད་པར་གྱིས་ཤིག༔ ཞོར་གྱི་བསླབ་བྱ་ནི༔ དེ་ལྟར་རྣམ་པར་རྟོག་པའི་ཚོགས་ཀྱི་གཉེན་པོ་དང་མ་བྲལ་བར་རྣམ་པར་རྟོག་པའི་ཚོགས་ཐ་དག་རང་གྲོལ་དུ་རྒྱས་ཐེབས་ན་རྣམ་རྟོག་ཆོས་སྐུའི་རོལ་པ་སྟེ༔ དོན་བཞིན་མྱོང་བར་གྱིས་ཤིག༔ གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི༔ དེ་ལྟར་རྣམ་པར་རྟོག་ཚོགས་ཐམས་ཅད་དངོས་པོ་དང་རང་བཞིན་མཚན་ཉིད་ཅིར་ཡང་མ་གྲུབ་པ་སྟོང་པ་ནམ་མཁའ་ལྟ་བུའོ༔ ཞོར་གྱི་བསླབ་བྱ་ནི༔ དུག་ལྔ་བདག་འཛིན་གྱི་རྟོག་པ་ཅི་ཤར་ཡང༔ དེའི་ངོ་བོར་བལྟས་པས་སྐྱེ་བ་མེད་པའི་དོན་མཐོང་བ་ལ་ནན་ཏན་བྱའོ༔ གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི༔ དེ་ལྟར་སྟོང་པའི་རང་མདངས་ལས་འགགས་མེད་ཀྱི་རྩལ་ནི་ཅིར་ཡང་སྣང་ལ༔ སྣང་བའི་རྟོག་ཚོགས་ཐ་དག་སྟོང་པའི་རང་མདངས་ལགས་པས༔ ཆེད་དུ་གཉེར་བར་མི་བྱའོ༔ བསླབ་བྱ་ནི༔ སྟོང་པའི་རང་ཞལ་སྐྱོང་བས་འགགས་མེད་ཀྱི་རྩལ་ཅི་ཤར་ཡང་རང་གྲོལ་རོལ་པར་ལམ་དུ་ཁྱེར་ཅིག༔ བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི༔ བཟང་ངན་རྟོག་པ་མཐའ་དག་དངོས་པོར་མ་གྲུབ་པ་སྟོང་པ༔ སྟོང་པའི་རང་མདངས་ལས་ཅིར་ཡང་སྣང་བ་བཟང་ངན་བླང་དོར་དང་བྲལ་བ་སྣང་སྟོང་གཉིས་མེད་ཀྱི་དོན་འདི་ནི་རྒྱལ་བའི་དགོངས་པ་སྟེ༔ འཁོར་ཡུག་རོལ་པ་ཆེན་པོར་རྟག་ཏུ་བརྩོན་པར་བྱའོ༔ ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི༔ དེ་ལྟར་བཟང་ངན་གཉིས་མེད༔ འཁོར་འདས་གཉིས་མེད༔ བླང་དོར་གཉིས་མེད༔ སྣང་སྟོང་གཉིས་མེད་མཐའ་དག་རང་གྲོལ་གྱི་རོལ་པའོ༔ བསླབ་བྱ་ནི༔ དེ་ལྟར་རང་གྲོལ་གྱི་རོལ་པ་མཐའ་དག་གཉེན་པོ་དང་མ་བྲལ་བར་སྐྱོང་བར་བྱའོ༔ དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི༔ ཉོན་མོངས་པ་བདག་འཛིན་དུག་ལྔའི་རྟོག་པ་མཐའ་དག་རང་གྲོལ་གྱི་རོལ་པ་ཆེན་པོ་སྟེ་དུག་ལྔ་རང་གྲོལ་ནི་ཡེ་ཤེས་ལྔའི་ངོ་བོ་དུག་བདུད་རྩིར་གྱུར་པའོ༔ བསླབ་བྱ་ནི༔ དུག་ལྔའི་ངོ་བོ་མཐོང་བ་ཙམ་གྱིས་རང་གྲོལ་གྱི་རོལ་པ་སྟེ་རྟག་ཏུ་སྐྱོང་བར་བྱའོ༔ བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི༔ མིག་གི་ཡུལ་དུ་གཟུགས་མཐོང་སྟོང༔ རྣ་བའི་ཡུལ་དུ་སྒྲ་གྲགས་སྟོང་སོགས་ཚོགས་དྲུག་གི་རྟོག་པ་མཐའ་དག་རང་གྲོལ་གྱི་ཆོས་ཉིད་དེ༔ དེ་ལྟར་རང་གྲོལ་གྱི་དགོངས་པ་ཡང་རྩོལ་སྒྲུབ་གཉེན་པོ་དང་བྲལ་བ་ཡེངས་མེད་འཁོར་ཡུག་རོལ་པ་ཆེན་པོའི་ཚད་ལ་ཕེབས་པར་བྱ་བར་གསུངས་སོ༔ ༔གསུམ་པ་རྗེས་རང་གྲོལ་གསུམ་གྱིས་སྐྱེས་པ་བོགས་དབྱུང་ཞིང་རྩལ་སྦྱོང་བ་ནི། དུག་ལྔའི་རྟོག་པ་གང་ཤར་ཡང་ཤར་མ་ཐག་ཏུ་ཅེར་གྱིས་བལྟས་པས་རང་སར་གྲོལ་ལོ། །དེ་བཞིན་དུ་སྒོ་ལྔའི་ཤེས་པ་བཟང་ངན་དང་། ཚོགས་དྲུག་གི་ཤེས་པ་བཟང་ངན་ཅི་སྐྱེས་ཀྱང་དེ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་ཡེ་སྟོང་རྩ་བྲལ་ཆེན་པོའི་ངང་དུ་ལ་བཟླ་བ་ལ་བསླབ་སྟེ་རྩལ་སྦྱང་བར་བྱའོ། །དེ་སྐད་དུ། བླ་མ་ཤ་ར་པས། རིག་པ་རང་སར་གྲོལ་བ་ཡིན། །འཁྲུལ་ཆོས་རང་སར་ཞི་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྤྱི་དོན་གསུམ་གྱིས་ངོ་རང་ཐོག་ཏུ་སྤྲད་ནས། གང་སྣང་ཐམས་ཅད་སེམས་ལས་ལོགས་སུ་མེད། སེམས་ནི་རྣམ་རྟོག་སྐད་ཅིག་མ་སྐྱེ་མེད་རང་གྲོལ་དུ་ཤེས་པས་རྟོག་པ་ཇི་སྙེད་པ་དེ་ལྟར་ཤེས་ཏེ་ཆུའི་ཐིགས་པ་གཅིག་རླན་པར་ཤེས་ན་ཆུ་ཐམས་ཅད་རླན་པར་ཤེས་པ་བཞིན་ཐག་ཆོད་པ་ནི་ཐག་གཅིག་ཐོག་ཏུ་ཆོད་པ་ཞེས་བྱ། གཤིས་ཀྱི་ཆོས་ཉིད་རང་གྲོལ་ཆེན་པོ་ལ་ཡེངས་མེད་དུ་གདིང་འཆའ་བ་ནི། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་བ་སྟེ་གཉུག་བསྲིང་ནས་གོམས་པ་ཀློང་དུ་མ་གྱུར་གྱི་བར་དུ་བསྒོམ། ནང་དུ་ཁྲེགས་ཆོད་ཀྱི་ཉམས་མྱོང་ཚད་ལྡན་རྒྱུད་ལ་མ་སྐྱེས་ན་ཕྱི་རུ་ཐོད་རྒལ་གྱི་འོད་སྣང་མཐོང་ཡང་གསལ་སྣང་ལ་ཞེན་ནས་གཟུགས་ཁམས་ཀྱི་ལྷ་རུ་གོལ་བར་གསུངས་སོ།། ༈ །།སྤྱི་དོན་གསུམ་པ་ཟག་མེད་ཡེ་ཤེས་མངོན་སུམ་རང་གནད་ལ་དབབ་པ་སྣང་བཞིའི་ཁྲིད་ལ་གཉིས། སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། ཁྲིད་དངོས་གཞི་འོ། །དང་པོ་ལ་གཉིས། ཕྱི་རུ་ཤན་དབྱེ་ཞིང་སྔོན་དུ་འགྲོ་བ། ནང་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱང་བའོ། །དང་པོ་ལའང་ལུས་ངག་ཡིད་གསུམ་ཡོད་པ་ལས། དང་པོ་ལུས་རུ་ཤན་དབྱེ་བ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ནི། མི་མེད་པའི་སར་ཕྱིན་ཏེ། ལུས་ཀྱིས་རིགས་དྲུག་གི་སྤྱོད་པ་བྱ་བའོ། །གཉིས་པ་དངོས་གཞི་ནི། ལངས་ཏེ་ལག་པ་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། རྐང་རྟིང་སྤྲད། རྩེ་གཉིས་དང་པུས་མོ་ཕྱིར་བརྒྱང་པ། ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མར་རྩེ་སྐུ་གསུམ། རྐེད་པ་གཅིག་ཏུ་འདྲིལ་བ་ཁྲེགས་ཆོད་ཐོད་རྒལ་ངོ་བོ་གཅིག་ཏུ་ལམ་དུ་བྱེད་པ་མཚོན་ནོ། །གཉིས་པ་ངག་ལ་གཉིས། རུ་ཤན་དབྱེ་བ་ནི། རིགས་དྲུག་གི་སྒྲ་སྐད་སྣ་ཚོགས། ཞི་ཁྲོའི་གསུང་དབྱངས། འབྱུང་བའི་རང་སྒྲ་སོགས་བརྗོད། ངག་གི་སྔོན་འགྲོ་ལ་བཞི། རྒྱས་གདབ་པ། རྩལ་སྦྱོང་བ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་ལ་གཉིས། ཕྱི་སྣང་བ་ལ་རྒྱས་གདབ་པ། ནང་ཕུང་པོ་ལ་རྒྱས་གདབ་པའོ། །དང་པོ་ནི། ངག་ཏུ་ཧཱུྃ་བགྲངས་པས། སྣ་བུག་གཡས་ནས་ཧཱུྃ་མཐིང་ནག་རིམ་པར་འཕྲོས་ཁང་ཁྱིམ། ཡུལ་ཁམས། ཕྱོགས་བཅུ། མཁའ་ཁྱབ་ཀྱི་བར་རིམ་པས་གང་བར་བསམ། གཉིས་པ་ནང་ཕུང་པོར་རྒྱས་གདབ་ནི། སྣ་བུག་གཡོན་ནས་ཚུར་བྱུང་ལུས་ནང་བ་སྤུའི་ཁུང་བུའི་མཐའ་ཚུན་གང་བར་བསམ། གཉིས་པ་རྩལ་སྦྱོང་བ་ལ་ཕྱི་ནང་གཉིས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་སྣ་བུག་གཡོན་ནས་ཧཱུྃ་ནག་པོ་ཡེ་ཤེས་ཀྱི་མེ་འབར་བ་འུར་སྒྲ་བཅས་སོང་ནས། ཉེ་འཁོར་གྱི་ཤིང་བུ་རྡེའུ་ནས་སྣང་བ་ཐམས་ཅད་ཀྱི་བར་རྣམས་ཟང་ཐལ་དུ་ཕུག་ནས་ཁྲལ་ཁྲོལ་དུ་བཏང་བར་བསམ། ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཧཱུྃ་མཐིང་ནག་མཐོ་གང་པས་རང་ལུས་བར་མེད་པར་ཕུག་ནས་ཟང་ཐལ་དུ་བཏང་བར་བསམ། གསུམ་པ་མཉེན་བཙལ་བ་ནི། ངག་ཏུ་ཧཱུྃ་བརྗོད་པས་རང་ཉིད་ཧཱུྃ་མཐིང་ནག །མདུན་དུ་ཧཱུྃ་དམར་པོ་གཅིག་བསམ། རང་ལས་ཧཱུྃ་ནག་པོའི་ཕྲེང་བ་འཕྲོས། དམར་པོར་འཁྲིལ། ཕྱིར་གྲོལ་ནས་རང་ལ་འཁྲིལ། དེ་བཞིན་ལན་མང་མཐར་རང་ལ་དཀྲིས་པས་རི་བོ་མཆོག་རབ་ཙམ་བསམ། ཡང་ཧཱུྃ་དམར་པོ་ལས་ཧཱུྃ་དམར་ཕྲེང་བ་བྱུང་། ཚུར་འཁྲིལ་ཕར་འཁྲིལ། ལན་མང་མཐར་ཕར་དཀྲིས་པས་རི་རབ་ཙམ་དུ་གྱུར། ནག་པོས་དམར་པོ་ལ་གཡས་སྐོར་དང་། དམར་པོས་ནག་པོ་ལ་གཡོན་སྐོར་དུ་ཁྱི་ལི་ལི་འཁོར་བར་བསམ། མཐར་ཧཱུྃ་གཉིས་ཁ་སྦྱར་ནས་གཡས་གཡོན་མདུན་རྒྱབ་ཐམས་ཅད་དུ་ཁྱམ་ཁྱམ་འཁྲབ་པར་བསམ། མཐར་ཇེ་ཆུང་ཇེ་ཟླུམ་དུ་སོང་ནས་ཐིག་ལེ་དམར་ནག་ཡུངས་འབྲུ་ཙམ་གཉིས་ལ་སེམས་གཏད། མཐར་དེ་གཉིས་གཅིག་ཏུ་འདྲིལ་ནས་ནམ་མཁར་ཧྲི་ལི་ལི་འདྲིལ་བ་དང་མི་དམིགས་པར་སེམས་གཏད་དོ། །བཞི་པ་ལམ་གཞུག་ནི། རང་ཉིད་ཧཱུྃ་དཀར་པོ་ཁྲུ་གང་ཙམ་འོད་ཟེར་འཕྲོ་བར་གྱུར་ཏེ། ཧཱུྃ་དལ་གྱིས་བགྲངས་པས་ས་ལ་མ་རེག་ཙམ་གྱིས་ཏ་ལ་ལ་སོང་བ། འགྲོ་མྱོང་ཡོད་ཚད་ཀྱི་ས་དང་། བར་དོ། རིགས་དྲུག་ཐམས་ཅད་ཉུལ། ཚུར་མཐོང་ཚད་གྲོལ་བར་བསམ། ཕར་མཐོང་ཚད་འོད་ཕུང་དུ་ཡལ་བར་བསམ། དེ་ནས་ནམ་མཁར་འཕུར་ཏེ་ཤར་མངོན་པར་དགའ་བ་ནས་བརྩམ་རིགས་ལྔའི་ཞིང་རྣམས་རིམ་པར་ཉུལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ། མཆོད་པ་འབུལ། ཆོས་ཞུས། གནང་བ་ཐོབ་ལུང་བསྟན་པར་བསམ། རྗེས་སུ་ཤེས་པ་གློད་ལ་མཉམ་པར་གཞག་གོ །གསུམ་པ་སེམས་ལ་རུ་ཤན་དབྱེ་བ་དང་། སྔོན་འགྲོ་གཉིས་ལས། དང་པོ་ནི། རིགས་དྲུག་གི་བདེ་སྡུག་ཐམས་ཅད་ཐོག་ཏུ་བཀལ་ལ་བལྟ་འོ། །གཉིས་པ་སྔོན་འགྲོ་ནི། སེམས་ཐོག་མར་བྱུང་བ་ལ་དཔྱད་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་ནས་བྱུང་བའི་ཁུངས་མ་རྙེད་ཅིང་། འབྱུང་མཁན་གྱི་སེམས་མ་གྲུབ་པར་སྐྱེ་བའི་རྒྱུས་སྟོང་པས་གཞི་མེད་རྩ་བྲལ་ཆོས་སྐུ་སྐྱེ་བ་མེད་པར་ངོ་འཕྲོད། བར་དུ་གནས་ས་ལ་བརྟགས་པས་ཕྱི་ནང་སྣོད་བཅུད་ལུས་ཀྱི་མགོ་མཇུག་བར་གསུམ་སོགས་གནས་ས་མ་རྙེད་ཅིང་། གནས་མཁན་གྱི་སེམས་ལ་ངོས་གཟུང་མེད་པར་གནས་པའི་རྒྱུས་སྟོང་པས་གསལ་ལ་རང་བཞིན་མེད་པ་ལོངས་སྐུ་འགག་པ་མེད་པར་ངོ་འཕྲོད། ཐ་མ་འགྲོ་ས་ལ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་དུའང་འགྲོ་ས་མ་རྙེད། འགྲོ་མཁན་གྱི་སེམས་གང་ཡང་མ་གྲུབ་པ་འགགས་པའི་རྒྱུས་སྟོང་པས་རིག་སྟོང་འགྲོ་འོང་བྲལ་བ་སྤྲུལ་པའི་སྐུར་ངོ་འཕྲོད་པ་ཡིན་ནོ། །གཉིས་པ་ནང་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱོང་བ་ནི། ཆོས་སྲུང་ལ་གཏོར་མ་བཏང་ནས། བགེགས་མི་འཇུག་པ་དང་། ཚོགས་བརྒྱད་ཡུལ་ལ་མི་འཕྲོ་བར་བྱ་བའི་ཕྱིར་ཡི་གེ་བརྒྱད་ཀྱིས་རྒྱས་གདབ་དགོས་ཏེ། བླ་མས་ཁ་ཤར་དུ་ཕྱོགས་པས་སྡིགས་མཛུབ་མཛད་པའི་མདུན་དུ་སློབ་བུ་རྣམས་ལངས་ཏེ་ཐལ་མོ་སྙིང་གར་སྦྱར། སློབ་མའི་སྤྱི་གཙུག་ཏུ་ཧཱུྃ་མཐིང་ནག་ཅིག་བསྒོམ། མགྲིན་པ་དྲྭ་བ་ཅན་གྱི་རྩ་ལས་བྱུང་སྟེ་ལུས་གང་བར་བསམ། རྐང་མཐིལ་དུ་ཡཾ་ལྗང་གུ། ལྟེ་བར་རཾ་དམར་པོ། མགྲིན་པར་ཁཾ་དུད་ཁ། དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུཾ་སེར་པོ། པུས་མོ་གཡས་པ་ལ་ཧ་དཀར་པོ། སླར་ཡང་རྐང་མཐིལ་དུ་ཕཊ྄ཿསྔོ་ནག་དཔོན་སློབ་གཉིས་ཀས་བསམ་ལ། དཔོན་སློབ་གཉིས་ཀས་ངར་དང་ལྡན་པས་དབུགས་ཐོག་རེ་ལ་ཕཊཿཉེར་གཅིག་རེ་དྲག་ཏུ་བརྗོད་ལ་བསྲུང་བར་བྱའོ། །རུ་ཤན་དབྱེ་བ་དངོས་ལ། རང་གི་ལུས་ཀྱི་སྤྱི་བོར་ཨ་དཀར་པོ། མགྲིན་པར་སུཾ་སེར་པོ། སྙིང་ཀར་ནྲྀ་སྔོ་སྐྱ། ལྟེ་བར་ཏྲི་དམར་ནག །གསང་གནས་པྲེ་ལྗང་ནག །རྐང་མཐིལ་དུ་དུ་དུད་ཁ་རྣམས་ལ་རིགས་དྲུག་སོ་སོར་འཕེན་པའི་བག་ཆགས་རྣམས་འདུས་ཏེ་ཐིམ་པར་བསམ། དེ་ནས་སྤྱི་མགྲིན་སྙིང་ག་གསུམ་དུ་སྐུ་གསུང་ཐུགས་ཀྱི་ཡི་གེ་ཨཱོྃ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་ལས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟ་བུ་འཕྲོས་ནས་ས་བོན་དྲུག་ཐུལ་གྱིས་བསྲེགས། ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ཡང་འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་གནས་ཐམས་ཅད་དུ་ཁྱབ་པས་སོ་སོའི་སྡིག་སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ཤིང་སྦྱངས། རྒྱལ་བ་རྣམས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་བསྒོམས་ལ་འབྲུ་གསུམ་དབྱངས་དང་བཅས་པའམ་མེད་ཀྱང་རུང་བས། རབ་རྟགས་མཚན་མ་བྱུང་བར་དང་། ཐ་མའང་འབུམ་ཕྲག་བདུན་བཟླའོ།། །།གཉིས་པ་དངོས་གཞི་ལ་བཞི། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་གཏང་བ་དང་། སྒོ་གསུམ་གྱི་གནད་གཟིར་བ་དང་། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། སྣང་བཞིའི་ཉམས་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། ལུས་ཀྱི་ཕྱི་སྤྱོད་འགྲོས། ནང་ཕྱག་བསྐོར་སོགས་བོར་ལ། གསང་བ་དབེན་པ་ལ་བརྟེན། ངག་གི་ཕྱི་འཁྲུལ་གཏམ། ནང་ཆོས་སྤྱོད་རྣམས་བོར་ལ། གསང་བ་སྨྲ་བཅད་བྱ། ཡིད་ཀྱི་ཕྱི་རྟོག་དཔྱོད། ནང་ཐོས་བསམ་གང་ཡང་མི་བྱ་བར། གསང་བ་རྩོལ་མེད་དུ་བཞག་གོ །གཉིས་པ་སྒོ་གསུམ་གྱི་གནད་གཟིར་བ་ལ་ལུས་ངག་ཡིད་གསུམ་ལས། དང་པོ་ལུས་ཀྱི་གནད་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། སྟན་འབོལ་བའི་གདན་གྱི་སྟེང་དུ་ཁྱི་ཚུགས་མོར་འདུག་ལ། རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྒྲད་ལ། ལག་མཐིལ་ས་ལ་བཙུག་སྟེ་མཐེ་བོང་བཅིངས། རོ་སྟོད་སེངྒེ་ལྟ་བུར་གཟེངས་བསྟོད་ལ། མཇིང་པ་ཡིད་ཙམ་གྱེན་དུ་བསྟོད་ཅིང་སྨིན་ཕྲག་གི་ནམ་མཁའ་ལ་མིག་མི་འགུལ་བར་བལྟས་ནས་ཉི་མའི་འོག་ཏུ་གྲུ་གང་ཙམ་ཕབ་པའི་མཁའ་ལ། ཆོས་སྐུའི་གཟིགས་སྟངས་གྱེན་ལ་མི་འགུལ་བར་བལྟས་པས་ཐིག་ལེ་འཆར་བའི་ཚེ་འགྲོ་འོང་གི་རྗེས་སུ་མི་འབྲངས་བར་ཡི་གེ་ཨཱོྃ་ལ་འབེན་བྱ། དེ་ནས་ཐིག་ལེ་ཇེ་ཉེ་ཇེ་ཉེར་ཁྲིད་ལ། འདོམ་གང་ཐད་སོར་ཨཱཿལ་འབེན་བྱ། དེ་ནས་རང་མདུན་དུ་ཧཱུྃ་ཡིག་ལ་གཏད་དེ་དལ་བུར་སྦྱང་བར་བྱ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་སྟེ། སྟན་ལ་ཁ་སྦུབ་སྟེ། པུས་མོ་གཉིས་སྦྱར། གྲུ་མོ་གཉིས་ས་ལ་བཙུག་སྟེ། ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན་ལ་སོར་མོ་འགྲམ་པ་ལ་སྦྱར། སྒལ་པ་བསྲངས་ཏེ། ལོངས་སྐུའི་གཟིགས་སྟངས་མིག་ནམ་མཁར་ཟུར་གྱིས་ཧྲིལ་པོར་བལྟས་ནས། གོང་གི་ཆོས་སྐུའི་འདུག་སྟངས་སྐབས་ལྟར་དང་པོ་ཨཱོྃ་དང་། དེ་ནས་མར་ཁྲིད་དེ་ཨཱཿ དེ་ནས་རྒྱུན་དུ་རང་གི་མདུན་དུ་ཁྲིད་ལ་ཧཱུྃ་ཡིག་ལ་འབེན་བྱ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་སྟེ། སྟན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཤིབ་སྟེ་ཙོག་པུར་འདུག་ལ། ལག་པ་གཉིས་མཁལ་ཁུང་ངམ། པུས་མོར་འཁྱུད། སྒལ་ཚིགས་བསྲང་སྟེ། སྤྲུལ་སྐུའི་གཟིགས་སྟངས་མིག་ཟིམ་བུས་བར་སྣང་ལ་གཏད་དེ། འབྲུ་གསུམ་ལ་འབེན་བྱ་བ་ནི་གོང་ལྟར་རོ། །འདི་དག་ཉིན་གཅིག་ཏུ་ཉམས་སུ་བླངས་ན། སྔ་དྲོ་ཆོས་སྐུ། ཉིན་གུང་ལོངས་སྐུ། ཕྱི་དྲོ་སྤྲུལ་སྐུའི་འདུག་སྟངས་གསུམ་གྱིས་གཅུན་པའམ། ཡང་ན་རང་ལ་གང་ཕན་གྱི་འདུག་སྟངས་གཙོ་བོར་བྱ་བར་གསུངས་སོ། །གཉིས་པ་ངག་གནད་ནི། ངག་མི་སྨྲ་བར་རིམ་བཞིན་དུ་བསླབ་སྟེ་མཐར་ལྐུགས་པ་ལྟར་འདུག་གོ །གསུམ་པ་སེམས་གནད་ནི། རླུང་རང་བབས་སུ་གཏང་། སེམས་མིག་དང་ལྷན་ཅིག་གཏད་པ་ལས་ཡེངས་སུ་མི་འཇུག་གོ །གསུམ་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལའང་། འཆར་བྱེད་སྒོའི་གནད། འཆར་གཞི་ཡུལ་གྱི་གནད། ཇི་ལྟར་འཆར་བ་རླུང་རིག་གི་གནད་དོ། །དང་པོ་ནི། མིག་བཟློག་ཕབ་ཟུར་གྱིས་བལྟ་བ་ཡིན་ཏེ། སྒྲོན་མ་འབར་བ་ལས། འཆར་བའི་སྒོ་ནི་མིག་གཉིས་རང་། །ཞེས་སོ། །དེ་ཡང་རྩ་གནས་རྣམས་སུ་སྒྲོན་མ་བཞིའི་འཆར་གཞི་འོད་དང་ཐིག་ལེར་བཞུགས་པའི་རང་མདངས་རྩ་དར་དཀར་སྐུད་པ་ལྟ་བུའི་ལམ་ནས་བརྒྱུད་དེ་མིག་ལ་རྒྱ་སྐར་གྱི་ཉི་ཞུར་ལྟར་སྣང་ངོ་། །ཀློང་གསལ་ལས། ཡེ་ཤེས་སྙིང་གི་དཀྱིལ་ན་གནས། །དར་དཀར་སྐུད་པ་ལྟ་བུ་ཡི། །རྩ་ཡི་ལམ་ནས་སྣང་བར་བྱེད། །ཅེས་སོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་དབེན་པའི་སར་བྱའོ། །གསུམ་པ་ཇི་ལྟར་འཆར་བ་ལས་རླུང་གི་གནད་ནི། སྣ་ནས་མི་གཏང་བར་ཁ་ནས་དལ་བུས་རྒྱུར་བཅུག་ལ་ཕྱིར་འཛིན་ཅུང་ཟད་བྱའོ། །རིག་པའི་གནད་ནི། མི་ཡེངས་པར་ལྟ་སྟངས་བྱེད་བཞིན་བལྟས་པས་ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ཁྱིམ་ཟེར་ཐག་ལྟ་བུ། ཐིག་ལེ་སྟོང་སྒྲོན་ཀོ་མོག་ཏུ་རྡོ་བསྐྱུར་བ་ལྟ་བུ། དེ་དག་གི་སྟེང་དང་བར་རྣམས་སུ་རིག་པ་རང་བྱུང་གི་སྒྲོན་མའམ་རྡོ་རྗེ་ལུ་གུ་རྒྱུད་ལྕགས་ཐག་བརྒྱངས་པའམ་སྤུ་ཉག་གཅུས་པ་ལྟ་བུ་འོང་སྟེ། གང་ལྟར་བྱུང་རུང་སྣང་ཙམ་ལས་བཟོ་བཅོས་མེད་པར་ཁྲེགས་ཆོད་ཀྱི་དོན་ལ་མཉམ་པར་བཞག་པས། ཕྱི་ནང་གི་དབྱིངས་དང་རིག་པ་ངོ་བོ་གཅིག་ཏུ་འགྱུར་རོ། །དེ་ལྟར་ཤེས་པས་རང་གྲོལ་ཆེན་པོར་སྣང་བ་ཆོས་ཉིད་དུ་གྲོལ་ལོ། །འདི་དུས་ཚེ་དུས་བྱས་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་ནས་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་བོ། །དེ་དག་ཀྱང་ད་ལྟ་མངོན་སུམ་དུ་རྫོགས་པར་མི་མཐོང་བ་ལས་ལྷུན་གྲུབ་ཆེན་པོའི་སྣང་བ་ཡིན་ཏེ། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པའི་རྟགས་སུ་ལུ་གུ་རྒྱུད་དུ་འཆར་བའོ། །དེ་ཉིད་ངོ་སྤྲོད་པ་ལ་ལུས་ངག་ཡིད་གསུམ་དང་སྐུ་གསུམ་དང་དཀོན་མཆོག་གསུམ་དུ་ངོ་སྤྲོད་པ་དང་། འོད་ལྔ་དང་ཐིག་ལེ་ལུ་གུ་རྒྱུད་དུ་སྣང་བ་རྣམས་སྐུ་ལྔ། ཡེ་ཤེས་ལྔ། རིགས་ལྔ། འོད་ལྔ། རླུང་ལྔ། ཤེས་རབ་ལྔ། མཁའ་འགྲོ་ལྔ་རྣམས་ཡེ་ནས་མ་བྱས་པའི་རང་ཤར་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བར་ངོ་སྤྲོད་པའི་ཚུལ་ནི་ཁྲིད་ཡིག་ཆེན་མོ་ལས་ཤེས་པར་བྱའོ། །དེ་ཉིད་རྣལ་འབྱོར་བཞིས་ཉམས་སུ་ལེན་ཚུལ་ནི། ཐལ་འགྱུར་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་བསྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་དུ་བློ་འདྲེས་པའོ། །ཞེས་པས། ལྟ་སྒོམ་སྤྱོད་འབྲས་བཞིའི་ཉམས་སུ་ལེན་ཚུལ་ལ། དང་པོ་ནི། ཕྱིའི་ཡུལ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ། ནང་འཛིན་རྟོག་ཐམས་ཅད་བར་སྣང་ན་བུན་ལྟ་བུར་རང་ཡལ་དུ་འགྲོ་བ། གསང་བ་འོད་གསལ་ཡང་བློ་འདས་ཀྱི་ངང་དུ་འཇོག་པའི་འཛིན་པ་ཙམ་ཡང་མེད་པར། གཉེན་པོ་མ་བརྟེན། འཁྲུལ་པ་མ་སྤང་། ཐམས་ཅད་རང་ས་ནས་གྲོལ་བར་ཤེས་པའོ། །གཉིས་པ་བསྒོམ་པ་ཉམས་སུ་ལེན་ཚུལ་ལ། སྤྲོས་བཅས་དང་སྤྲོས་མེད་དོ། །དང་པོ་ཐུན་བཞིའི་རྣལ་འབྱོར་བྱ་བ་སྟེ། སྔ་དྲོ། ཕྱི་དྲོ། སྲོད། ཐོ་རངས་སོ། །དེ་ཡང་ཉི་རྩེ་མ་བཏང་བར་ཁ་ཐོན་དང་དཔེ་བལྟས། ཉི་ཤར་ནས་གུང་བར་ཐོད་རྒལ། གུང་ལ་ཕྱག་བསྐོར། ཕྱི་དྲོ་ཐོད་རྒལ། དགོང་མོ་གཏོར་བསྔོ། སྲོད་ཐུན་ཆ་གསུམ་དུ་བགོས་པའི་དང་པོ་ལ་མི་རྟག་པ། བར་པ་ལ་སྲུང་འཁོར་དང་བསྐྱེད་རིམ་བཟླས་པ། གུང་ལ་གཉིད་ལོག །ཐོ་རངས་དང་པོ་བླ་མའི་རྣལ་འབྱོར། བར་མ་ཁྲེགས་ཆོད། ཐ་མ་གཏུམ་མོ་བསྒོམ། དེ་ཐམས་ཅད་ཀྱི་དུས་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་དམ་པ་གསུམ་གྱིས་ཟིན་པ་ཞིག་གལ་ཆེའོ། །ཀློང་གསལ་ལས། དགེ་སྦྱོར་སྲང་དུ་གཞུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་སོ། །གཉིས་པ་སྤྲོས་མེད་ཀྱི་གང་ཟག་གིས་ཉིན་མཚན་ཁ་སྦྱོར་དུ་ཁྲེགས་ཆོད་ཐོད་རྒལ་གཉིས་ལས་མི་འདའ་སྟེ། གླང་སེང་དྲང་སྲོང་གསུམ་པོའི་འདུག་སྟངས་གང་བདེ་དང་ལྟ་སྟངས་སེང་གེ་ལྟར་གྱེན་ལ། གླང་ལྟར་ཐུར་དུ། རི་བོང་ལྟར་ཐད་ཀར་ཧད་པོར། མདའ་བསྲང་བ་ལྟར་ཟུར་ལ་བལྟས་ཏེ། མི་གསལ་ན་མིག་གཉིས་མཉམ་པར་ཟིམ་བུར་བྱས་ཏེ་བལྟ་བ་གནད་ཡིན་ནོ། །སྒྲོན་སྣང་ལས། སེང་གེ་གླང་དང་རི་བོང་དང་། །མདའ་བསྲང་ལྟ་བུའི་ལྟ་སྟངས་བཞི། །ཉིན་དུས་རྣལ་འབྱོར་པ་ཡིས་བལྟ། །ཞེས་སོ། །སྲོད་ལ་དབང་པོ་གནས་སུ་བསྡུ་བ་ཞེས། ལྟེ་བར་པདྨ་དམར་པོ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་གསལ་ཚ་བ་ལས་མེ་འབར་བ་དབུ་མར་བརྒྱུད། གྱེན་དུ་སོང་སྤྱི་བོའི་ཧཾ་ལ་ཕོག །ཐིག་ལེ་ཐིགས་པས་མེའི་གསོས་བྱས་ཏེ། ལྟེ་བའི་རྩ་འཁོར་གང་བར་འབར་བས་སྒྲིབ་གཉིས་བསྲེག །བདེ་བ་རྒྱས་པའི་བདེ་སྟོང་གི་ངང་ལ་བཞག །གུང་ལ་ཤེས་བྱ་བུམ་པར་གཞུག་པ་ནི། སྙིང་ནང་དང་ཚངས་བུག་ཏུ་ཨ་དཀར་པོ་རེ་གསལ་བའི་དབུ་མའི་ནང་། དེ་གཉིས་བར་ལ་ཨ་དཀར་ཕྲ་མོ་ཕྲེང་བ་བརྒྱུས་པ་ལྟ་བུ་སྙིང་གར་གཅིག་ཐིམ་གཉིས་ཐིམ་བསམ། རྩའི་ནང་དུ་འོད་ཟེར་རྒྱ་སྐར་ཉི་ཞུར་ལྟར་བསམ་ནས་གཉིད་ལོག་པ་དང་། གཉིད་འོད་གསལ་གྱི་སྦུབས་སུ་སྦ་བ་ཞེས་བྱའོ། །ཐོ་རངས་རིག་པ་རང་གསལ་དུ་གཏང་བ་ནི། ལང་དུས་ཧ་ཞེས་བརྗོད། དབུགས་རིང་བ་གསུམ་བུས། སེང་གེའི་འདུག་སྟངས་ཀྱིས་སྙིང་གའི་ཨ་ལས་དེ་འདྲ་བ་གཅིག་སྤྱི་གཙུག་གཞུ་གང་གི་ནམ་མཁར་མཆེད་དེ་ལིང་ལིང་འདུག་པ་ལ་སེམས་གཏད་དེ་མི་ཡེངས་པར་བྱ། སྲོད་ལ་དྲང་སྲོང་། གུང་ལ་གླང་པོ། ཐོ་རངས་ཆོས་སྐུའི་འདུག་སྟངས་ཀྱིས་བསྒོམ་མོ། །གསུམ་པ་སྤྱོད་པ་ཉམས་སུ་བླང་ཚུལ། ལས་དང་པོ་པའི་སྤྱོད་པ་ཆོས་སྤྱོད་བཅུ། བར་དུ་རྣལ་འབྱོར་གྱི་སྤྱོད་པ། འཁོར་འདས་རུ་ཤན་དབྱེ་བ། བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་སོགས་བོགས་འདོན་པའི་ཐབས་སྣ་ཚོགས་ལ་བརྩོན་པའོ། །བཞི་པ་འབྲས་བུ་ཉམས་སུ་བླང་ཚུལ་ནི། རིག་པ་གང་ཤར་གྱི་སྟེང་དུ་བཞག་པས་བརྟན་པ་ཐོབ་པའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པ་ཤེས་པར་གྱིས་ཤིག །ཅེས་སོ། །བཞི་པ་སྣང་བཞིའི་ཉམས་རྣམས་ཇི་ལྟར་འཆར་ཚུལ་ནི། དབྱིངས་ཐིག་ལེ་རིག་པ་རྣམས་འཆར་ཞིང་། ཕྱི་ནང་གི་རིག་པ་ལ་བརྟན་ཆ་ཅུང་ཟད་ཅིག་ཐོབ་པ་ནི་ཆོས་ཉིད་མངོན་སུམ། དབྱིངས་རིག་གི་རྒྱན་རྫོགས་ནས་སྐུ་གཅིག་ཤར་བ་ཚུན་ཉམས་གོང་འཕེལ། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཇི་རིགས་རྒྱ་ཆེར་སྣང་བ་འཕེལ་བ་རིག་པ་ཚད་ཕེབས། འཕེལ་སྣང་དང་འཁྲུལ་སྣང་ཐམས་ཅད་ཟད་པ་ཆོས་ཉིད་ཟད་པ་ཆེན་པོ་སྟེ། ཡང་དག་དོན་གྱི་སངས་རྒྱས་མྱ་ངན་ལས་འདས་པ་ཆེན་པོར་གྱུར་པ་ཞེས་བྱའོ། །དེ་ལྟར་གྱུར་པའི་ཚད་རྨི་ལམ་གྱིས་གཟུང་བ། རྟགས་སྒོ་གསུམ་ལ་འཆར་བ་སོགས་ཀྱིས་ངེས་པ་ལས། འཆར་སྒོ་ཁོ་ན་ལའང་ངེས་པ་མེད་དེ། དེའི་ཚུལ་ནི་གཞན་དང་འདྲའོ།། །།བཞི་པ་མཐའ་རྟེན་གྱི་མན་ངག་ལ་བཞི་ལས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་སྐུ་གསུམ་གྱི་འདུག་སྟངས་ལས་མི་འགུལ། མིག་གཟིགས་སྟངས་གསུམ་ལས་མི་འགུལ། ཡིད་དབྱིངས་རིག་བསྲེ་བ་ལས་མ་འདས་པའོ། །སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། ཕྱི་སྣང་བ་སྡོད་པས་རྐྱེན་སྣང་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་བྲལ། གསང་བ་རླུང་སེམས་སྡོད་པས་རྟོག་པ་སྐྱེ་མི་སྲིད་དོ། །ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་རང་དབང་ཐོབ་པས་རྐྱེན་སྣང་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་རང་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་རླུང་སེམས་ལ་རང་དབང་ཐོབ་པས། འཁྲུལ་རྟོག་རང་ག་མ་སྐྱེ་མི་སྲིད་དོ། །གདིང་བཞིའི་གྲོལ་ཚད་བསྟན་པ་ནི། ཡར་སངས་རྒྱས་ཀྱི་ཡོན་ཏན་བཤད་ཀྱང་ཐོབ་ཀྱི་རེ་བ། མ་ཐོབ་ཀྱི་དོགས་པ་མེད་དེ་རང་གིས་སངས་རྒྱས་ཀྱི་ས་ཟིན། མར་འཁོར་བའི་སྡུག་བསྔལ་བཤད་ཀྱང་འཁོར་གྱི་དོགས་པ། མི་འཁོར་གྱི་རེ་བ་གཉིས་མེད་དེ་ཡིད་འཁྲུལ་རྟོག་ལས་གྲོལ་བའོ། །དེ་ཡང་ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་སོ། །དེ་ལྟར་དབང་པོ་དང་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས་ནི་སྣང་བཞིའི་ཉམས་རྣམས་མཐར་ཕྱིན་ཏེ། ཚེ་འདི་ཉིད་ལ་ལྷག་མེད་དུ་འཚང་རྒྱ་བ་དང་། དེ་ལྟར་མ་བྱུང་ཡང་འདའ་ཁའི་དུས་སུ་བླ་མའི་བྱིན་རླབས་དང་། རང་གིས་གདམས་པ་ཉམས་སུ་བླངས་པས་འཁྲུལ་པ་རང་སྣང་དུ་ཤེས་ཏེ། འོད་ལྔའི་སྣམ་བུའི་སྣེ་ལ་རྡོ་རྗེ་སེམས་དཔའ་རྒྱན་ཆ་ལུགས་མ་འདྲེས་པར་མཐོང་ལ་དེ་ཉིད་ལྷུན་གྲུབ་ཆེན་པོའི་སྣང་བར་ཤེས་ནས་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་པ་ལ་རྡོར་སེམས་ཁོང་སེང་གི་ལམ་ཞེས་བྱའོ། །དེ་ཉིད་གསལ་འདེབས་པའི་ཚིག་ནི་གདམས་པ་འདི་ཉིད་ཀྱི་དབང་རབ་ཚེ་འདིར་གྲོལ་བྱེད་འདའ་ཁའི་མན་ངག་ཟབ་མོ་ལས་བླང་ངོ་།། ༈ །།རྩ་བའི་ས་བཅད་གཉིས་པ་དབང་འབྲིང་བར་དོར་གྲོལ་བའི་མན་ངག་ལའང་། དང་པོ་འཆི་ཁ་བར་དོ་ལ་གྲོལ་བའི་གདམས་ངག་རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུ་ནི། འཆི་ལྟས་ཉེ་རིང་གང་བྱུང་དུས་འཆི་བསླུ་ལ་འབད། མི་བཟློག་པའི་ཚེ། རབ་གངས་ཁྲོད་རི་རྩེ། འབྲིང་རྒྱུས་མེད་པའི་ས། ཐ་མ་དབེན་པའི་སར་བསྡད་ལ། དཀོན་མཆོག་མཆོད་པ། ཆོས་སྲུང་ལ་གཏོར་མ་ཕུལ། འབྱུང་པོ་རྣམས་ལ་འདོད་ཡོན་བསྔོ་བར་བྱ། དེ་ནས་མྱུར་དུ་འཆི་བའི་ལྟས་ས་ཁམས་ཐིམ་པས་ལུས་ཀྱི་བག་བཞི་ལྷུང་། ལྡང་མི་ནུས། ཆུ་ཐིམ་པས་ཁ་སྣའི་ཆུ་སྐེམ། མེ་ཐིམ་པས་ལུས་ཀྱི་དྲོད་སྡུད། བྱད་ཀྱི་བཀྲག་ཤོར། རླུང་ཐིམ་པས་ཕྱི་དབུགས་རྒོད། ཤེས་པ་མི་གསལ། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། ཁམས་འཆུགས་པས་སྣང་མཆེད་ཐོབ་གསུམ་དཀར་ལམ་དམར་ལམ་ནག་ལམ་རིམ་པར་འཆར། འདི་དུས་ཙབ་ཙུབ་ཀྱི་བློ་སྣ་མི་མང་བར་ཁྲེགས་ཆོད་དང་ཐོད་རྒལ་གྱི་མཉམ་གཞག་ལས་མི་གཡོ་བར་བྱ། འདུག་ཚུགས་ཇི་ལྟར་བྱས་ཡོད་ཀྱང་མི་བཅོས་ཏེ། ཐུགས་དམ་གསལ་འདེབས་པ་ཙོག་པུར་འདུག་ནས། རྣ་བར་སྨྱུག་མའམ་ཤོག་གུའི་སྦུབས་ནས། རིགས་ཀྱི་བུ་ཅི་ལའང་མ་ཆགས་ཤིག །ཆོས་ཉིད་ཀྱི་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་འཆར་གྱི། དེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །བདེ་བར་གཤེགས་ཤིག །ཅེས་ལན་གསུམ་དང་། རྡོ་རྗེ་སྙིང་པོའི་དབང་འབྲིང་གི་ངོ་སྤྲོད་གདབ་པས་གཞིའི་འོད་གསལ་ཉེར་ཐོབ་ཕྱག་རྒྱ་ཆེན་པོ་སྟོན་གནམ་གཡའ་དང་བྲལ་བ་ལྟ་བུ་དེ་ངོས་ཟིན་ན། གཞིའི་འོད་གསལ་དང་ལམ་གྱི་འོད་གསལ་གཉིས་ཆུ་སྣ་རྒྱ་མཚོར་འདྲེས་པའམ། མ་དང་བུ་འཕྲད་པ་ལྟར་ཡིད་ཆེས་ནས་དེ་ངང་དུ་ཡུན་རིང་ཐུང་མ་ངེས་པ་རེ་ལ་གནས་ནས་ཡར་གྱི་ཟང་ཐལ་ཆེན་པོར་བར་དོ་མེད་པར་གྲོལ་ལོ། །ཡང་རང་གི་མིག་གཉིས་ནས་འོད་ཟེར་དཀར་དམར་སྐས་བཙུགས་པ་འདྲ་བ་སྣང་བ་དེ་རང་གི་རིག་མདངས་སུ་ཤེས་ནའང་གྲོལ་བར་གསུངས་སོ། །དེར་མ་གྲོལ་ན་ལྷུན་གྲུབ་ཆེན་པོའི་རང་མདངས་འཆར་ཏེ། ཁྲོ་བོའི་དཀྱིལ་འཁོར་སྣང་། ཆོས་ཉིད་ཀྱི་རང་སྒྲ་གྲགས། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས། རིགས་ལྔའི་ཚོམ་བུ་རྣམས་ཀྱི་ཐུགས་ཀ་དང་རང་གི་སྙིང་ཁ་གཉིས་འོད་ཀྱི་ཟེར་ཐག་གིས་འབྲེལ་བ་རྣམས་སྣང་ནས་དོན་གྲུབ་བར་རིམ་བཞིན་བསམ་གཏན་གྱི་ཞག་རེར་འཆར་རོ། །དེ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ། དཀར་སེར་དམར་མཐིང་སྣམ་བུ་བརྩེགས་པ། རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ་བཅས་འཆར། ལྗང་གུ་ནི་བྱ་གྲུབ་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་དག་ལ་དུས་གསུམ་གནད་ཀྱི་གདམས་ངག་གིས་ངོ་ཤེས་བརྟན་པ་ཐོབ་ན། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པ་ཞེས། དེ་རང་ཉིད་སྐད་ཅིག་མ་ལ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནམ་མཁའ་གཡའ་དག་པ་ལྟ་བུ་ལ། འོད་ལྔའི་མུ་ཁྱུད་ཀྱིས་ཁྱབ་པའི་ཡར་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འོད་ཟླུམ་ན་རིགས་དྲུག་འཁྲུལ་སྣང་ཤར་སྟེ། ལྷུན་གྲུབ་སྒོ་བརྒྱད་དུ་རལ་བའི་ཚེ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་གིས་དག་པ་ཡེ་ཤེས་ཀྱི་སྒོ་ནས་གྲོལ་ཏེ། སླར་ཐིམ་ལུགས་བརྒྱད་ཀྱི་མཐར་དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པས་སེང་གེས་གངས་ལྟར་ཀ་དག་གི་རང་ས་ཟིན་པ་ཡིན་ནོ། །འདིའི་སྐབས་རྡོ་རྗེ་སྙིང་པོའི་དབང་མཐའ་ཆོས་ཉིད་བར་དོའི་ངོ་སྤྲོད་གདབ་བོ། །དེ་ལ་མ་གྲོལ་ན་སྲིད་པ་བར་དོ་འཆར་ཏེ། མ་ངེས་པའི་རྟགས་དྲུག །འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་སོགས་རྟགས་མཚན་རྣམས་ཀྱིས་ཤི་བར་ཤེས་ནས་ལུས་ཚོལ་ཏེ། དེ་དུས་ཆགས་པ་སྐྱེ་ཡུལ་དང་རང་གཉིས་ཀ །རབ་བླ་མ་དང་འབྲིང་ཡི་དམ་ཡབ་ཡུམ་དུ་མོས་ལ་བཟློག །ཐ་མས་སྐྱབས་འགྲོས་བཟློག་པར་བྱ་སྟེ་རིགས་དྲུག་ཏུ་སྐྱེ་བའི་རྟགས་སུ། ལྷ་ལ་ལྷ་ཁང་རིན་པོ་ཆེའི་ཁང་བརྩེགས། ལྷ་མིན་ལ་མགལ་མེའི་འཁོར་ལོ་དང་ཆར་བབ་དཀྱིལ། བྱོལ་སོང་སྤྱིལ་པོ་ཕུག་བན་བུན། ཡི་དྭགས་གྲོག་པོ་ཕུག་རྡུགས་སྡོང་དུམ། དམྱལ་བ་མུན་ཁང་ས་དོང་ལྕགས་ཁང་ངོ་། །མི་ལུས་ཙམ་པོ་མུན་ནག་སྨུག་པ། སྐྱེ་བོ་མང་པོའི་དབུས། མི་ལུས་རིན་ཆེན་ནི་ཁྲི་གདན་རྒྱལ་པོ། རྡོར་དྲིལ་ཆོས་པར་སྐྱེ་བའི་སྔ་ལྟས་ཡིན་པས་ངན་པ་དགག་ལ་བཟང་པོར་བསྐྱེད་རིམ་བཅས་འཇུག་པར་བྱའོ། །སྐབས་འདིར་རང་གཞུང་ལྟར་སྐྱེ་བོ་རང་ག་བའི་སྲིད་པ་བར་དོའི་ངོ་སྤྲོད་གདབ་བོ།། ༈ །།རྩ་བའི་ས་བཅད་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བའི་གདམས་པ་ལའང་། ད་ལྟ་མངོན་སུམ་གྱི་དོན་ལ་གོམས་འདྲིས་རྫོགས་ནས་བརྩོན་འགྲུས་ཞན་པས་ཚད་ལ་མ་ཕེབ་པ་རྣམས་ཆོས་ཉིད་དང་སྲིད་པའི་བར་དོ་རྨི་ལམ་ཙམ་དུ་འགྲིམ་ནས་བར་དོའི་ལས་ཟད་དེ། རྨི་ལམ་སད་པ་ལྟར་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་སྐུའི་ཞིང་ཁམས་ཤིག་ཏུ་བརྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱ་ནས་སྦྱང་བགྲོད་མཐར་ཕྱིན་པར་འགྱུར་རོ། །དེ་སྐད་དུ་ཨ་ཏི་བཀོད་པ་ཆེན་པོ་ལས། གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདིང་དུ་མ་གྱུར་ཀྱང་། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སུ་སྐྱེས་ནས་མངལ་གྱི་རྒྱ་དང་བྲལ། །ཞེས་དང་། དེ་ནི་དབུགས་ཕྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ནས་ངེས་པའི་སར་གྲོལ་ལོ། །ཞེས་གསུངས་སོ།། ༈ །།དེ་དག་ལ་སྤྱིར་རྩིས་ཆེ་བ་བཀའ་རྒྱས་གདབ་པ་ནི། ལོ་གསུམ་མམ་བདུན་ལ་བརྟགས་པའི་སློབ་བུ་སྣོད་ལྡན་མ་གཏོགས་མི་སྟོན་པ་བླ་མའི་བཀའ་རྒྱ། གསང་ཐུབ་ཀྱི་ནུས་པ་ཐོན་ངེས་མ་གཏོགས་རླུང་ཕྱོགས་ཙམ་མི་སྒྲོག་པ་ཡི་དམ་གྱི་གཏད་རྒྱ། སྣོད་བཅུད་དུས་གནད་འཆུགས་ན་སྤྱིར་ཡེ་ཤེས་ཌཱ་ཀི་དང་། ཁྱད་པར་ཏིང་འཛིན་དྲོད་ཉུལ་གྱི་ཌཱ་ཀི་འཁྲུགས་པས་མི་རུང་བ་དུ་མ་སྟེར་བ་མཁའ་འགྲོའི་དམ་ཚིག་གི་རྒྱ། གོང་གི་གདམས་ངག་གསུམ་པོ་ཚུལ་དང་མི་མཐུན་ན་ཆོས་སྐྱོང་གཉེར་གཏད་དང་འགལ་བས་འཁྲུགས་ཤིང་འཁུ་ལྡོག་འབྱུང་བས་ཆོས་སྐྱོང་གཉེར་གཏད་ཀྱི་རྒྱ་བཞིའི་ཐེམ་ནས་དྲངས་ཏེ་གསུངས་པའི་ཆོས་འདི་དུས་བཟང་ལ་ཚོགས་ཀྱི་འཁོར་ལོས་བསྐངས་ཏེ་དབེན་པའི་རི་ཁྲོད་དུ་ཉམས་སུ་བླང་ན། རབ་སྐད་ཅིག་གསུམ་མམ། བདུན་ཕྲག་གསུམ། འབྲིང་ཟླ་བ་གསུམ། ཐ་མ་ཟླ་བ་དྲུག་ནས་བདེན་པ་མཐོང་བར་འགྱུར་རོ།། ༈ །།སྤྱི་དོན་གསུམ་པ་འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ་དོན་གཉིས་ཕུན་སུམ་ཚོགས་པར་བསྟན་པ་ནི། དེ་ལྟར་བསྒོམས་པས་བརྟན་པ་ཐོབ་པ་དང་། གོང་བགྲོད་ཀྱི་ཡོན་ཏན་གྱི་ངོས་ནས་ས་བཅུ་དང་ལམ་ལྔ་རིམ་པར་བགྲོད་དེ། རིག་འཛིན་རྣམ་བཞིའི་གོ་འཕང་ལ་སྦྱོར་ནས། མཐར་ཐུག་གི་འབྲས་བུ་གཞིའི་ཆོས་ཉིད་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་གནས་འགྱུར་གྱི་ཚུལ་དུ་རྫོགས་པ་སྐུ་གསུམ་དང་ཡེ་ཤེས་ལྔའམ། ཇི་ལྟ་ཇི་སྙེད་མཁྱེན་པ་དང་ལྡན་པས། གདུལ་བྱའི་ཆུ་སྣོད་མ་འགགས་བར་དུ་འདུལ་བྱེད་ཀྱི་ཟླ་སྣང་འགག་པ་མེད་པར་གང་ལ་གང་འདུལ་གྱི་ཕྲིན་ལས་རྒྱུན་མི་འཆད་པར་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ།། །།གྲོལ་བ་བཞི་ལྡན་བསགས་པ་རབ་ཀྱི་ཆོས། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེ་མཐར་ཐུག་པ། །འདི་ལ་མོས་པ་ཡིད་བྱེད་ཙམ་གྱིས་ཀྱང་། །སྲིད་པའི་འཁྲུལ་འཁོར་རྨང་ནས་འཇིག་པར་འགྱུར། །དེ་ཕྱིར་དད་པ་ཁོ་ནས་བརྒྱུད་པའི་གསུང་། །རྩ་བར་བཀོད་ནས་རྣམ་གསལ་བགྱིས་འདིས་ཀྱང་། །བདག་གཞན་འབྲེལ་བཅས་འཁྲུལ་སྣང་གཞི་ཐོག་གྲོལ། །ཀུན་བཟང་དགོངས་པའི་རྩལ་ཆེན་རྫོགས་གྱུར་ཅིག །ཅེས་པ་འདིའང་ཁྲིད་རྒྱུན་སྤེལ་བ་ཙམ་ལ་ཕན་ཐོགས་པའི་ཆེད་དུ་བརྒྱུད་པ་གོང་མའི་གསུང་ལས་གཅེས་གནད་ཟབ་བཏུས་ཀྱི་ཚུལ་དུ་རིག་པ་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་སྒྲུབ་པའི་ཁང་པར་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).