Terdzo-SHA-040

From Rinchen Terdzö

ཟབ་པ་སྐོར་བདུན་ལས། ཡང་དག་ཐུགས་ཀྱི་སྙིང་པོའི་སྨིན་བྱེད་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་མཆོག་སྦྱོར་

zab pa skor bdun las/_yang dag thugs kyi snying po'i smin byed bltas chog tu bkod pa ye shes mchog sbyor

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ (Dpal yang dag thugs kyi snying po)
parent cycle  ཟབ་བདུན་མཆོག་ཟབ་ཡང་དག་ (Zab bdun mchog zab yang dag)
Volume 27 (ཤ) / Pages 907-926 / Folios 1a1 to 10b6

[edit]

༄༅། །ཟབ་པ་སྐོར་བདུན་ལས། ཡང་དག་ཐུགས་ཀྱི་སྙིང་པོའི་སྨིན་བྱེད་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་མཆོག་སྦྱོར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། ཕྱག་རྒྱ་མཆོག་གི་བདུད་རྩི་ཡིས། །དུས་གསུམ་རིག་འཛིན་དབུགས་འབྱིན་པ། །མཁའ་མཉམ་རྒྱལ་བའི་དཀྱིལ་འཁོར་པའི། །གསང་བ་གཅིག་གྲུབ་དེ་ལ་འདུད། །ཧེ་རུ་ཀ་དཔལ་ཞལ་གྱི་དྲོད། །མ་ཡལ་དངོས་གྲུབ་རྣམ་པ་གཉིས། །སྒྲུབ་པའི་ཐབས་ཚུལ་ངོ་མཚར་བའི། །སྨིན་བྱེད་ཆོ་ག་རབ་གསལ་བྱ། །རྒྱུད་ལུང་མན་ངག་ཟབ་འདྲིལ་ཁ་ཚང་ལ་ཁྱེར་བདེ་བའི་གསང་བ་རྨད་དུ་བྱུང་བ་ཡང་དག་ཐུགས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། བཅའ་གཞི་དང་། སྒྲུབ་མཆོད་དོ། །དང་པོ་ནི། དེའང་རྩ་དུམ་ལས། རྣལ་འབྱོར་མཆོག་གི་ཡེ་ཤེས་ལ། །དོན་དུ་གཉེར་ན་ཕྱག་རྒྱ་བཙལ། །ཧེ་རུ་ཀ་དང་གཉིས་མེད་པའི། །རྡོ་རྗེ་སློབ་དཔོན་བསྙེན་བྱས་ཏེ། །ཚུལ་བཞིན་དབང་གིས་སྨིན་པར་བྱ། །ཞེས་སོགས་རྒྱུད་ནས་གསུངས་པའི་མཚན་ཉིད་ཅན་གྱི་གནས་དུས་སྟོན་འཁོར་གྲོགས་བཅས་ཚོགས་ནས་སྨིན་སློབ་ཏུ་བྱེད་པ་ནི་དེང་སང་དཀོན་པས་གཟུགས་བརྙན་གྱི་དབང་བསྐུར་བ་ལ། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་ཁྲོ་དཀྱིལ་སྤྱི་འགྲེའི་ནང་དུ་ཟླ་གམ་གཙོ་འཁོར་དགུ་ལ་སོ་སོའི་ཕྱག་རྒྱས་མཚན་པ་བྲིས་པའི་དབུས་སུ་ཁྲིའུ་རིམ་པ་གསུམ་པའི་འོག་མར། རྣམ་བུམ་དྲིའི་ཆུ་དང་ཆང་ལ་སོ་ལྔའི་རྫས་ལྡན་བླུགས་པ་དང་མགུལ་ཆིངས་སྔོན་པོས་སྤྲས་པའི་ཁར་བནྡྷ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བ་ལ་སིནྡྷུ་ར་བརྡལ་བའི་མེ་ལོང་རུ་ལུའི་སྔགས་བྱང་བྲིས་པས་བཀབ། བར་པར་ཟན་ལ་ཐོད་པའི་གཟུགས་བཅོས་པའི་ནང་དུ་མར་མེ་སྨུག་རྩིས་ཁ་བསྒྱུར་བ་དགུ་སྣོད་གཅིག་ཏུ་བཞག །སྟེང་མར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་འཛོམ་ན་ལྷ་དགུའི་ཐོད་སྐུ་གཙོ་བོ་ཞལ་མདུན་བསྟན། འཁོར་རྣམས་གཙོ་བོ་ལ་ཕྱོགས་པ་དང་། ཐམས་ཅད་མ་འཛོམ་ན་གཙོ་བོའི་ཐོད་སྐུ །གཽ་རཱི་མ་བརྒྱད་ཙཀླི་བཀོད་ཀྱང་ཆོག །དེ་སྟེང་དར་གདུགས་མཐིང་ནག་ཕུབ། གཞན་ཡང་དུར་ཁྲོད་དཔལ་ཆས་ཕྱོགས་བསྡུས་ཙཀླི། རིག་ཙཀ །རྒྱབ་ངོས་སུ་དཔལ་གཏོར་རྒྱན་ལྡན་སྐུ་ཙཀ་གཏོར་གདུགས་དང་བཅས་པ། གཡས་ཕྱོགས་སུ་ལས་བུམ་སོ་ལྔའི་བཅུད་ལྡན་ཆིངས་དཀར་ཅན། མདུན་རྒྱབ་གང་བདེར་མཆོད་གཏོར་སྨན་རཀ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྐོང་ཆོག་དང་འབྲེལ་བས་འབྱོར་ན་ཕྱི་ནང་མཆོད་པ་རྣམས་གང་རྒྱས་གྲུབ་ན་ལེགས། སྔོན་གཏོར། ཚོགས་ཆས། གཏེར་སྲུང་གཏོར་འབུལ། མིག་དར། མེ་ཏོག་སོགས་ཉེ་བར་དགོས་པ་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་མཆོད་ནི། བརྒྱུད་འདེབས་འཕྲོས་ཟབ་བདུན་སྤྱི་འགྲོའི་དཀར་གཏོར་འབུལ། སྐྱབས་སེམས་ཡན་ལག་བདུན་པ་ཁ་བསྒྱུར་ཅན་དང་། བགེགས་གཏོར་བསྔོས་ལ་སྔོན་འགྲོའི་སྤྱི་ཆིངས་མཚམས་གཅོད་ནས་མཆོད་པ་བྱིན་རླབས་བར་བཏང་། ཏིང་འཛིན་རྣམ་གསུམ་གཞུང་འདིའི་སྔགས་དང་སྦྲགས་ལ་བདག་མདུན་དབྱེར་མེད་དུ་བསྐྱེད། སྤྱན་འདྲེན་བཞུགས་ཕྱག་མཆོད་ཕྲེང་རྣམས་ཅུང་ཟད་སྤྲོ་ན་ཟངས་བྱང་མའི་ཡང་དག་ལྟ་བུ་ནས་སབ། བསྟོད་པའི་རྗེས་མདུན་རྟེན་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་ཏིང་འཛིན་འཕྲོ་འདུ་གསལ་བས་བཟླས་པ་ཅི་འགྲུབ་བྱ། བུམ་པ་རང་བྱུང་ཟླ་གམ་དབང་གི་ཕོ་བྲང་དུ་གསལ་བའི་ནང་དུ་དཔལ་ཆེན་ལྷ་དགུ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གསལ་གདབ་ལ་གཟུངས་ཐག་བླངས་ཏེ་བུམ་བཟླས་བྱ། ལས་བུམ་ནང་དུ་པད་ཟླའི་སྟེང་། །རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་ཡུམ་འཁྲིལ་སྐྱིལ་ཀྲུང་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་པའི། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །བདུད་རྩིའི་རྒྱུན་བབས་བུམ་པ་གང་། །དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱུར། །ཅེས་མོས་ལ་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླ། མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་དང་། བུམ་པ་གཉིས་སུ་དུང་ཆུ་མཆོད་ཡོན་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ། ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་དམིགས། དེ་ནས་སྲུང་མ་སྤྱི་དང་། བྱེ་བྲག་ལེགས་ལྡན། དྲེགས་པ་སྡེ་ལྔ་སོགས་ཀྱི་གཏོར་འབུལ་སྐོང་གསོལ་བྱ། ཕྲིན་ལས་མཇུག་གི་སྤྱི་ཆིངས་ལྟར་ཚོགས་བྱིན་བརླབ། སྤྱན་འདྲེན་དང་། དང་པོ་ཕུད་འབུལ་འཕྲོས་སུ་ཉམས་ཆག་སྐོང་བའི་ཆོ་གའི་སྨན་སྐོང་ནས། དངོས་པོ་ཆོས་ཉིད་ཡན་བཏང་། དེ་ནས་བར་པ་བཤགས་པ་དང་སྐོང་ཆོག་མར་མེ་སྨོན་ལམ། ཚོགས་ཐ་མ་བསྒྲལ་བསྟབ་སོང་ནས་སྐོང་ཆོག་གཤམ་གྱི་ཁྲུས་དང་དབང་ལེན་བྱ། སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་གི་ཆོ་ག་ལ། ཟབ་བདུན་དབང་བསྐུར་གཞན་མ་ཐོབ་པས་འདི་ཉིད་ཁོ་ན་དོན་དུ་གཉེར་ན། སྒྱུ་འཕྲུལ་ལྟར་སྟ་གོན་ཡང་བྱ་དགོས་པས་སྐབས་དེར་ནི་དེ་ལྟར་བླང་། འདིར་སྟ་གོན་སྔོན་དུ་སོང་བའི་དབང་དུ་བྱས་ཏེ། སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་སོགས་བྱས་ནས་མཚམས་སྦྱོར་ཁྱད་པར། དེའང་གསང་སྔགས་སྔ་འགྱུར་བ་རྣམས་ལ་ཡོངས་སུ་གྲགས་པའི་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ནང་ཚན། ཐུགས་མཆོག་རྡོ་རྗེའི་རིགས་སུ་སྒྲུབ་པའི་ལུང་དཔལ་ཡང་དག་གྲུབ་པ་གཅིག་པུ་མཁའ་འགྲོ་སྒྱུ་མ་བདེ་བ་མཆོག་གི་རྒྱུད་ཧེ་རུ་ཀ་གལྤོ་ལ་སོགས་པ་ལ་བརྟེན་ནས། ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་ནས་ཟླ་གམ་གཅིག་མའི་བར་གྱི་སྒྲུབ་ཐབས་མན་ངག་རྣམས་ཡང་དག་ཐུགས་ཀྱི་བཀའ་བབས་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་གཙོར་གྱུར་པའི་བཀའ་སྲོལ་ལས་བྱུང་ཞིང་། དེ་དག་ལ་བརྟེན་ནས་འཕགས་བོད་གཉིས་སུ་མཆོག་གི་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་དུ་མ་བྱོན། ཁྱད་པར་སངས་རྒྱས་གཉིས་པ་པདྨཱཀ་ར་ཉིད་ཀྱང་དོན་དུ་རྒྱུད་ཀྱི་བདག་པོ་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མ་མཆིས་ཀྱང་ཚུལ་སྟོན་དུ་ལྷ་མཆོག་འདི་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་པའི་ཚུལ་བསྟན་པ་སྟེ། གཞུང་འདི་ཉིད་ལས་ཀྱང་། ཨོ་རྒྱན་མཁས་པ་པདྨ་བདག༔ ཡང་དག་བསྒྲུབས་པས་དངོས་གྲུབ་ནི༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ གསང་སྔགས་སློབ་དཔོན་མང་ན་ཡང༔ རིག་རྩལ་དབང་ཐོབ་ཁོ་བོ་ཙམ༔ གྲུབ་རྟགས་ཨོ་རྒྱན་ཟ་ཧོར་ཡུལ༔ གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ བྱ་ཁྱུ་མཁའ་ལ་འཕུར་བ་བཞིན༔ ཞག་བདུན་ཁོངས་ནས་ཆོས་ཀྱི་དབྱིངས༔ བདེ་བ་ཆེན་པོའི་ས་ལ་དྲངས༔ དེ་ལྟ་བུ་ཡི་ཡོན་ཏན་ཡང༔ དཔལ་ཆེན་ཡང་དག་འདི་ལས་གྲུབ༔ ཅེས་བསྔགས་པ་དོན་དང་ལྡན་པའི་ཟབ་ཆོས་འདི་ནི། གུ་རུ་རིན་པོ་ཆེ་འཁོར་བཅས་མདོ་ཁམས་ནམ་མཁའ་རྫོང་དུ་ལོ་བདུན་གྱི་བར་དུ་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་ཆོས་འཁོར་ཆེན་མོ་མཛད་པའི་སྐབས་སུ། ལྷ་སྲས་མུ་རུབ་བཙད་པོ་སོགས་ལས་ཅན་དག་པའི་འཁོར་རྣམས་ལ་གནང་ཞིང་ཕྱི་རབས་ཀྱི་དོན་དུ། སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་ཟླ་གམ་དབང་ཆེན་བྲག་དང་དེའི་མདུན་གཡས་དམ་ཅན་སྐུ་མཁར་ལ་གནམ་ལྕགས་ཀྱི་ཕུར་སྒྲོམ་ཚུལ་དུ་སྦས་པ། ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་སྤྱན་དྲངས་པའི་ཐུགས་དམ་ཟབ་པ་སྐོར་བདུན་ལས། མཐར་ཐུག་མཆོག་སྒྲུབ་ཀྱི་ཟབ་པ་དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་མཐུན་བཅས་འབྲུ་གསུམ་གྱིས་གདོང་གཡོགས་ཤིང་ཅོད་པན་སྦྱིན། སའི་ཕྱོགས་འདི་ཟླ་གམ་བདེ་ཆེན་དབང་གི་དཀྱིལ་འཁོར། སློབ་དཔོན་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རང་གཟུགས་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་བཅས་ཐལ་མོ་མེ་ཏོག་གིས་བཀང་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བྱིང་བ་སྐྱབས་མེད་རྣམས་ལ་སྐྱོབས༔ ཡང་དག་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ ཞུགས་པ་ཙམ་གྱིས་དངོས་གྲུབ་ཐོབ༔ བསྐལ་པ་དུ་མར་རྙེད་མི་འགྱུར༔ དེ་ཕྱིར་སྐལ་ལྡན་སྤྲོ་བ་སྐྱེད༔ རྒྱུད་སྦྱོང་བ་ནི། དེ་ལྟར་གནང་བ་ཐོབ་ནས་ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་རྩ་གསུམ་ཆོས་སྲུང་སྤྲིན་གྱི་ཕུང་པོ་ལྟ་བུས་བསྐོར་ཏེ་བཞུགས་པ་ལ། བདག་དང་མཁའ་མཉམ་གྱི་ཡིད་ཅན་མཐའ་དག་སྙིང་པོ་བྱང་ཆུབ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། ཕ་མར་གྱུར་པའི་རིགས་དྲུག་གི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀ་བདེ་བ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ནས་ཟབ་མོའི་ལམ་བསྒོམ་པ་ལ་འཇུག་པར་བགྱིའོ་སྙམ་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ལན་གསུམ། ཚོགས་ཀྱི་ཞིང་མཆོག་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་ཕྱི་ནང་གསང་བའི་མཆོད་སྤྲིན་འབུལ་བ་དང་། ཉེས་བྱས་བཤགས་ཤིང་བསྡོམས་ནས་དགེ་བ་ལ་ཡི་རང་བ་དང་། གསང་ཆེན་ངེས་པའི་ཆོས་འཁོར་བསྐོར་ཞིང་རྟག་བརྟན་ཆེན་པོར་བཞུགས་གསོལ་འདེབས་པ་དང་། འཁོར་གསུམ་དམིགས་པ་མེད་པའི་བསྔོ་བས་རྒྱས་འདེབས་པ་སྟེ་གསག་སྦྱོང་སྤེལ་བའི་བསྒོམ་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ ཧེ་རུ་ཀ་དཔལ་གོ་འཕང་མྱུར་ཐོབ་ཤོག༔ དབང་གི་ཡེ་ཤེས་བརྟན་པའི་སྲོག་དམ་ཚིག་གི་ངེས་གནད་འདྲི་བ་ཡིན་པས་གསན་འཚལ། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ བུ་ཁྱོད་འཇུག་པར་སྤྲོ་ན་ཡང༔ གསང་སྔགས་འདི་ནི་ལམ་འཕྲང་དམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་དྲིས་པའི་དོན་ཚུལ་བཞིན་བསྒྲུབ་པར་དམ་བཅའ་བ་འདིའི་རྗེས་ཟློས། བླ་མེད་རྒྱུད་ལས་གང་བཤད་པ༔ སྲོག་གི་ཕྱིར་ཡང་བསྲུང་བར་བགྱི༔ ཁྱད་པར་རྡོ་རྗེ་སློབ་དཔོན་ནི༔ ཧེ་རུ་ཀ་རུ་བལྟ་བར་བྱ༔ སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག་ལ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ ང་ལ་བརྙས་པར་མ་བྱེད་པར༔ ང་ཡིས་བསྒོ་བའི་བཀའ་ལ་ཉོན༔ སྐད་ཅིག་ལོག་པར་བལྟ་མི་རུང༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ འདའ་ཀ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ དམ་ཆུ་སྦྱིན་ལ། འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ ཉམས་ན་སྙིང་སྲེག་དམྱལ་བར་ལྟུང༔ དམ་བསྲུང་མཆོག་གི་དངོས་གྲུབ་ཐོབ༔ ཡེ་ཤེས་སྐྱེད་པའི་ཆུ་ཡིན་ནོ༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋཿཋཿཋ༔ རྡོ་རྗེའི་ཆུ་ནན་སྙིང་དབུས་སུ་གནས་ཏེ་དམ་ཚིག་མ་བསྲུང་ན་ཡཀྴ་གནོད་སྦྱིན་དུ་གྱུར་ནས་སྙིང་སྲེག་ཅིང་ཐར་པའི་སྲོག་གཅོད་པར་འགྱུར་ལ། བསྲུངས་ན་དཔལ་རྡོ་རྗེ་སེམས་དཔར་གྱུར་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་གྱིས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཐམས་ཅད་དབྱིངས་ཀྱི་རང་བཞིན་གདོད་ནས་མཚན་འཛིན་གྱིས་སྟོང་པའི་ངང་ལས། འགག་མེད་ཡེ་ཤེས་ཀྱི་སྣང་ཆར་ཁྱེད་རང་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་རུ་དྲ་འགྱེལ་བའི་གདན་ལ། རང་གི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་འོད་ཟེར་འཕྲོ་བ། དེ་ལས་སྐད་ཅིག་གིས་ཁྱེད་རང་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་ཐུགས་ཀར་སྟེང་འོག་ཏུ་བསྣམས་པ། ཁྲོས་པའི་ཉམས་ཅན་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཞབས་གཉིས་འདོར་སྟབས་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་བ་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ནམ་མཁའ་གང་བ་འཕྲོས། ཆོས་ཀྱི་དབྱིངས་རབ་འབྱམས་ན་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་མ་ལུས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ཏེ་རྒྱ་མཚོ་ལ་ཆར་ཆེན་པོ་བབས་པ་ལྟར་ཁྱེད་རང་གི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །འབེབ་པའི་རྫས་བདུག །རོལ་མོའི་སྒྲ་སྦྱར། སྤྲོ་ན་སྔོན་འགྲོའི་སྤྱི་ཆིངས་ལྟར་བྱིན་འབེབ་ཀྱང་བརྗོད། རུ་ལུའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པས་བྱིན་དབབ། མཐར་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་ལ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་མོས་ཤིག །ཏིཥྛ་བཛྲ། ཚོམ་བུའི་དཀྱིལ་འཁོར་བཀོད་ལ། བསྐལ་པ་གོང་ནས་འབྲེལ་བ་ཡི༔ བརྟག་པའི་མེ་ཏོག་ལྷ་ལ་འབུལ༔ ཡེ་ཤེས་མཆོག་ཐོབ་ངེས་བྱེད་པས༔ ལྟོས་པ་མེད་པར་དོར་བར་གྱིས༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་འབྲེལ་བའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། པུཥྤེ་སིདྡྷི་ཧོ༔ ཞེས་འདོར་དུ་གཞུག །རིགས་གང་ལ་ཕོག་པ་བརྟགས་ཏེ༔ དབུས་སུ་བབ་ན༔ སྣ་ཚོགས་རང་གྲོལ༔ ཤར་དུ་འོད་གསལ་རང་གྲོལ༔ ལྷོར་སྙིང་པོ་རང་གྲོལ༔ ནུབ་ཏུ་བདེ་བ་རང་གྲོལ༔ བྱང་དུ་རྣམ་རྟོག་རང་གྲོལ་རྣམས་གདགས༔ མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྷ་ཡིས་བྱིན་བརླབས་པའི༔ རིག་པའི་མེ་ཏོག་ཅོད་པན་འདི༔ ཡེ་ཤེས་ལྷ་དང་ངོ་འཕྲད་པའི༔ རིགས་ཀྱི་རྟགས་སུ་འཆང་བར་གྱིས༔ ཞེས་ཅོད་པན་སྤྱི་བོར་བཞག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཐབས་མཁས་རྒྱལ་པོའི་ཡེ་ཤེས་ཀྱིས༔ བདག་གི་མ་རིག་མིག་ཕྱེ་ཞིང༔ སྙིང་པོའི་དཀྱིལ་འཁོར་བསྟན་དུ་གསོལ༔ ཅེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །རིག་པ་ཡེ་ཤེས་ཧེ་རུ་ཀས༔ མ་རིག་མིག་ནི་དབྱེ་བར་མཛད༔ བདེ་ཆེན་ཡེ་ཤེས་མཐོང་བྱའི་ཕྱིར༔ ཁྱོད་ཀྱི་མིག་ནི་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ སློབ་དཔོན་གྱིས་ཐལ་མོ་སྦྱར་ལ། ཧེ་རུ་ཀ་དཔལ་བཙུན་མོར་བཅས༔ ཡབ་ཡུམ་སྲས་སུ་འདོད་པ་ཡི༔ སྐལ་བ་ཅན་འདི་ཐུགས་རྗེས་ཟུངས༔ ཞེས་གསོལ་བ་བཏབ་པས་གཞལ་ཡས་ཁང་གི་སྒོ་རྣམས་ཕྱེས་ཏེ་དཔལ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་ཆེན་པོ་སྐྱེད་ཅིག །དེ་ནས་གཽ་རཱི་དཀར་མོས་ཁྲིད་དེ། བླ་མ་དང་ཧེ་རུ་ཀ་དབྱེར་མེད་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་གཙོ་བོའི་མདུན་དུ་འཁོད་པར་མོས་མཛོད། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས་པས། དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་ཆེན་རྒྱལ་པོ་བླ་མ་རྗེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཁྱོད་ཀྱི་གོ་འཕང་ཐོབ་བྱའི་ཕྱིར༔ དབང་མཆོག་མ་ལུས་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་མཐིང་ཞུན་ལྟ་བུའི་འོད་ཟེར་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ལུས་འོད་དུ་སྦྱངས་ནས་ཧཱུྃ་མཐིང་གར་གྱུར་པ་དེ་ཉིད་ཞལ་དུ་དྲངས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་བབས་པ་འབྲས་བུའི་ཧེ་རུ་ཀ་ཞལ་ཕྱག་ཡོངས་སུ་རྫོགས་ཤིང་ཡུམ་དང་བཅས་པའི་སྐུར་གྱུར་པ་མཁའ་གསང་ནས་བཏོན། མདུན་དུ་འཁོད་པ་ལ། བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་སྩོལ་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ཟླ་གམ་ཕོ་བྲང་ན༔ ཧེ་རུ་ཀ་དཔལ་ལྷ་ཚོགས་བཞུགས༔ བདེ་ཆེན་ཞུ་བའི་བྱང་སེམས་ཆུས༔ དབང་བསྐུར་ལུས་ནི་ལྷར་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། དཀྱིལ་འཁོར་ལྷ་དགུའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་རྩ་འདབ་བརྒྱད་ལ་ཐིམ་པར་མོས་ཤིག །གཙོ་བོ་ཡབ་ཡུམ་གྱི་ཐོད་སྐུས་དབང་བསྐུར་ལ། ཧཱུྃ༔ དབུས་ཀྱི་ཟླ་གམ་ཕོ་བྲང་ན༔ བླ་མེད་དཔལ་ཆེན་ཧེ་རུ་ཀ༔ རང་རིག་བྱང་ཆུབ་སེམས་ལས་བཞེངས༔ ཧེ་རུ་ཀ་ཡི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཙོ་བོའི་ཐུགས་དམ་སྐོང་མཛད་པའི༔ སྟོང་ཉིད་དབྱིངས་ལས་བཞེངས་པ་མོ༔ ཡུམ་ཆེན་བཛྲ་རྣལ་འབྱོར་མ༔ དབྱིངས་ཡེ་ཟུང་འཇུག་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འཁོར་བརྒྱད་རེ་རེ་ནས་དབང་བསྐུར་ལ། ཧཱུྃ༔ སྐུ་ཡི་དབྱིངས་ལས་བཞེངས་པ་ཡི༔ ཤར་གྱི་ཕྱོགས་ནས་གཽ་རཱི་དཀར༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ གཽ་རཱི་དཀར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་དབྱིངས་ལས་བཞེངས་པ་ཡི༔ ནུབ་ཀྱི་ཕྱོགས་ནས་པྲ་མོ་ཧ༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ པྲ་མོ་དམར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་པྲ་མོ་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་དབྱིངས་ལས་བཞེངས་པ་ཡི༔ ཤར་ལྷོའི་ཕྱོགས་ནས་ཙཎྜ་ལཱི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ ཙཎྜ་ལཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དབྱིངས་ལས་བཞེངས་པ་ཡི༔ ལྷོ་ཡི་ཕྱོགས་ནས་ཙཽ་རཱི་མ༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ ཙཽ་རཱི་སེར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཽ་རཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་དབྱིངས་ནས་བཞེངས་པ་ནི༔ བྱང་གི་ཕྱོགས་ནས་བཻ་ཏཱ་ལི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ བཻ་ཏཱ་ལི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་བཻ་ཏཱ་ལི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་དབྱིངས་ལས་བཞེངས་པ་ནི༔ ལྷོ་ནུབ་ཕྱོགས་ནས་པུཀྐ་སི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ པུཀྐ་སི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་པུཀྐ་སི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཟི་བརྗིད་དབྱིངས་ལས་བཞེངས་པ་ནི༔ ནུབ་བྱང་ཕྱོགས་ནས་སྨེ་ཤ་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ སྨེ་ཤ་ནི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དངོས་གྲུབ་དབྱིངས་ནས་བཞེངས་པ་ནི༔ བྱང་ཤར་ཕྱོགས་ནས་གྷསྨ་རཱི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ གྷསྨ་རཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་གྷསྨ་རཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཁྱེད་རང་རྣམས་ཁྲག་འཐུང་ལྷ་དགུའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་དབྱེར་མེད་དུ་གྱུར་པ་ལ་དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཆས་རྣམས་སྦྱིན་ལ། ཧཱུྃ༔ རུ་དྲའི་ཆས་རྣམས་མ་སྤངས་ཡོན་ཏན་དུ༔ ལྷུན་གྱིས་གྲུབ་པ་དཔལ་དང་དུར་ཁྲོད་ཆས༔ བརྒྱན་པས་དཔལ་གྱི་སྐུ་རུ་ལྷུན་གྲུབ་ནས༔ མ་མོ་མཁའ་འགྲོ་དབང་དུ་འདུ་བར་ཤོག༔ རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེ་རྣམས་ཀྱིས་སྐུ་བུམ་པའི་དབང་ཐོབ། གདོས་བཅས་ལུས་ཀྱི་སྒྲིབ་པ་དག །རྩ་ཁམས་ལྷ་སྐུར་སྨིན། སྣང་སྲིད་ལྷའི་དཀྱིལ་འཁོར་དུ་རྫོགས། ཕྱི་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་དང་སྐུ་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་ཧེ་རུ་ཀ་ཡབ་ཡུམ་མཉམ་པར་སྦྱོར་བའི་དྭངས་མ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་སྦྱར་བ་སྔགས་ཕྲེང་གི་རྣམ་པར་ལྕེ་ལ་བཞག་སྟེ་གསང་བའི་དབང་བསྐུར་སྩོལ་བར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན། མེ་ལོང་སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ ཐོད་པ་ཟླ་གམ་གཞལ་ཡས་ཁང༔ ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བཀང༔ སྔགས་ཕྲེང་ངོ་བོ་ཁར་བྱིན་པས༔ རྩ་ཁམས་ཐམས་ཅད་བདེ་བས་ཁྱབ༔ རླུང་ཁམས་སྔགས་སུ་འགྱུར་བར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོ༔ དེས་གསུང་གསང་བའི་དབང་ཐོབ། རྩོལ་བཅས་ངག་གི་སྒྲིབ་པ་དག །རླུང་ཁམས་ཡི་གེར་སྨིན། སྒྲ་གྲགས་སྔགས་ཀྱི་དཀྱིལ་འཁོར་དུ་རྫོགས། ནང་ཞུ་བདེའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་དང་གསུང་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་བའི་རིག་མ་གཏད་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་སྩོལ་བར་མོས་ཤིག །རིག་ཙཀ་གཏད་ལ། འདི་ནི་དགའ་ཆེན་ལྷ་མོ་སྟེ༔ བཞིན་བཟང་འདི་སྤྱོད་བདེ་ཆེན་རྟོགས༔ བདེ་ལ་མ་ཞེན་འཛིན་པ་སྤོངས༔ དབབ་བཟུང་བཟློག་ཁྱབ་ཐབས་མཁས་ཀྱིས༔ གོམས་ན་སྤང་བླང་འཛིན་པ་བྲལ༔ བདེ་སྟོང་ཟུང་འཇུག་རྟོགས་པར་ཤོག༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ་ཧོ༔ ཁྱེད་རང་དཔལ་ཧེ་རུ་ཀ་དང་རིག་མ་བཛྲ་རྣལ་འབྱོར་མ། མཁའ་གསང་རྡོ་རྗེ་དང་པདྨ། མི་འགྱུར་བའི་བདེ་ཆེན་དོན་དུ་གཉེར་བའི་འདུ་ཤེས་གསུམ་དང་ལྡན་པས་འདོད་ཆགས་ཆེན་པོའི་སྒྱུ་རྩལ་བསྐྱེད་དེ་སྙོམས་པར་ཞུགས་པས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་། ལྷན་སྐྱེས་དཔེའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྟོག་བཅས་སེམས་ཀྱི་སྒྲིབ་པ་དག །ཐིག་ལེ་འོད་གསལ་དུ་སྨིན། རྟོག་ཚོགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས། གསང་བ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཕྱག་རྒྱའི་རིག་འཛིན་དང་ཐུགས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། ཁྲག་འཐུང་ལྷ་དགུའི་ཡེ་ཤེས་ཀྱི་རང་གཟུགས་སུ་ཤར་བའི་སྣང་གསལ་མར་མེ་དགུ་པོ་ངོ་བོ་སྟོང་ལ་རང་བཞིན་གསལ་བས་མཚོན་ཏེ་རང་རིག་སྣང་སྟོང་ཟུང་འཇུག་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲོད་པ་ཚིག་དབང་རིན་པོ་ཆེ་སྩོལ་བར་མོས་ལ་མཉམ་པར་ཞོག་ཅིག །མར་མེ་དགུ་པོ་སྦར་ཏེ་བསྟན་ཅིང་མགོར་བཞག །ཆོས་ཉིད་དབྱིངས་ལ་ཟླ་གམ་སྟེ༔ ཡེ་ཤེས་ལྷ་དགུའི་མར་མེ་གསལ༔ ངོ་བོ་ཀ་དག་བལྟ་བྱ་བྲལ༔ རང་བཞིན་ལྷུན་གྲུབ་མྱོང་ཞིང་གསལ༔ བྱ་རྩོལ་བྲལ་བའི་དོན་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དྷརྨ་དྷཱ་ཏུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་བཞི་པ་ཚིག་གི་དབང་ཐོབ། འཕོ་བཅས་ཤེས་བྱའི་སྒྲིབ་པ་དག །རིག་པ་ཡེ་ཤེས་ཀྱི་ཐིག་ལེར་སྨིན། ཆོས་ཅན་ཆོས་ཉིད་ཀྱི་དབྱིངས་སུ་རྫོགས། བྱ་བྲལ་འབྲས་བུའི་རྣལ་འབྱོར་བསྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་དང་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་ཤིན་ཏུ་ཟབ་པའི་དབང་བཞི་མཆོག་སྒྲུབ་པའི་སྨིན་བྱེད་ཐུན་མོང་མ་ཡིན་པ་སོང་ནས། ཐུན་མོང་བ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྐྱེད་པ་དང་། བར་གཅོད་གདོན་བགེགས་འདུལ་བ་ལ་བསྔགས་པ་གཏོར་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། བླ་མ་མགོན་པོ་ཧེ་རུ་ཀ༔ ཐུགས་རྗེའི་བརྩེ་བས་བདག་ལ་གཟིགས༔ བདག་གི་ནད་གདོན་བགེགས་ཕྲལ་ཞིང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། གཏོར་སྣོད་དུར་ཁྲོད་འབར་བའི་ཕོ་བྲང་དུ་གཏོར་མ་དཔལ་ཆེན་ཁྲག་འཐུང་དངོས་སུ་གསལ་བའི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་ཞི། བར་ཆད་བདུད་བགེགས་ཚར་བཅད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །དཔལ་གཏོར་གནས་གསུམ་དུ་བཞག་ལ། ཧཱུྃ༔ དཔལ་གྱི་གཏོར་མ་མེ་འབར་ཞིང༔ ནང་དུ་ཁྲག་འཐུང་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ལས་འོད་འཕྲོས་པས༔ སྐལ་ལྡན་ལུས་ངག་ཡིད་ལ་ཐིམ༔ བདུད་བགེགས་ཐམས་ཅད་ཚར་བཅད་དེ༔ སྡིག་སྒྲིབ་ནད་རྣམས་ཞི་བར་མཛོད༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས༔ ཆོས་སྐུ་རང་ངོ་འཕྲོད་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཞེས་པ་ཙམ་མམ་སྤྲོ་ན་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་བསྒོ་སྤྱི་ལྟར་བྱའོ། །ཞར་བྱུང་དུ་ཕྱི་ནང་གསང་བའི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བའི་ཆོ་ག་དང་འབྲེལ་པ་རྣལ་འབྱོར་སྤྱི་ཁྲུས་ཀྱི་དབང་བྱ་བ་ཡིན་པས་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མདངས་ལྟ་བུ་བྱུང་ཁྱེད་རང་རྣམས་ལ་ཕོག་པས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སུ་གྱུར་པ་ཐམས་ཅད་སངས་ཀྱིས་དག་པར་མོས་ལ་སྔགས་དབྱངས་ལྷན་ཅིག་ཏུ་གསུང་བར་ཞུ། རུ་ལུའི་ཛཔ྄་དབྱངས་བདུན་ནམ་ཉེར་གཅིག་ཙམ་བྱ། འོག་མིན་གྱི་དབྱིངས་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བྱོན་ཏེ་དག་བྱེད་རྒྱུན་གྱིས་ཁྲུས་མཛད་པས་རྟོག་སྒྲིབ་ཉམས་ཆག་དག །ལུས་ཤེལ་དཀར་གྱི་བུམ་པ་འོ་མས་གང་བ་ལྟར་གྱུར་པར་མོས་ཤིག །ཡིག་བརྒྱ་བརྗོད་ལ་ལས་བུམ་གྱིས་ཁྲུས་བྱ། ཁ་བཤལ་ཅིང་ཁོང་དུ་བཏང་། གསོལ་འདེབས་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ལ་དབང་བཞི་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་དབང་བཞི་ཆིག་རྫོགས་སུ་སྩོལ་བར་མོས་ཤིག །བུམ་པ་ཐོད་སྐུ་སྔགས་བྱང་ཐོད་པ་མར་མེ་རྣམས་སྣོད་གཅིག་ཏུ་བསྡུས་པ་གནས་བཞིར་བཞག་ལ། ཧཱུྃ༔ ཡེ་ཤེས་ལྷ་ཡིས་བུམ་པ་ཡིས༔ མ་རིག་སྒྲིབ་པའི་ཚོགས་རྣམས་བཀྲུ༔ ཕྱག་རྒྱ་སྐུ་ཡི་དཀྱིལ་འཁོར་གྱིས༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ སྙིང་པོ་སྔགས་ཀྱི་དབང་བསྐུར་བས༔ རྩ་རླུང་སྔགས་སུ་འགྱུར་བར་ཤོག༔ བདུད་རྩི་ཐོད་པའི་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་འཆར་བར་ཤོག༔ སྣང་གསལ་མར་མེའི་དབང་བསྐུར་བས༔ ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད། འདི་གཏེར་གཞུང་ནས་གཅིག་བརྒྱུད་ཤིན་ཏུ་གཉན་པར་གསུངས་པས་གང་རུང་ལ་མི་བསྐུར། འགྲུབ་ཏུ་རུང་ན་སྒྲུབ་པའི་དམ་བཅའ་བྱར་གཞུག །གསུམ་པ་རྗེས་རིམ་ནི། མཚམས་སྦྱོར་སྤྱི་མཐུན་བཅས་དམ་ཚིག་ཁས་བླང་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་ཆོག །གཏོར་སྐྱོང་རྟ་བྲོ་ཡན་བཏང་། གཏང་རག་མཆོད་བསྟོད་འབུལ། ནོངས་བཤགས། མདུན་དཀྱིལ་རྟེན་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཡང་སྤྱི་ཆིངས་ལྟར་བྱའོ། །བདེ་ཆེན་ཡང་དག་གྲུབ་པ་ཡི། །ཕྱག་རྒྱ་མཆོག་ལ་ཚེ་འདིར་སྦྱོར། ཁམས་གསུམ་རྟོག་སྒྲིབ་མ་ལུས་པ། །སྦྱོང་བྱེད་རྡོ་རྗེ་སེམས་མཚུངས་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་སྲས་ཡུམ་དང་བཅས་པས་བཀས་བསྐུལ་གནང་བ་དང་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).