Terdzo-RA-005

From Rinchen Terdzö

ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བའི་གསལ་བྱེད་ཟབ་པ་ཀུན་དྲིལ་

thugs rje chen po pad+ma sgyu 'phrul drwa ba las/_dbang bzhi rdo rje spyi blugs su bskur ba'i gsal byed zab pa kun dril

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཐུགས་རྗེ་ཆེན་པོ་པདྨ་གར་དབང་སྒྱུ་འཕྲུལ་དྲྭ་བ་ (Thugs rje chen po pad+ma gar dbang sgyu 'phrul drwa ba)
Volume 25 (ར) / Pages 77-88 / Folios 1a1 to 6b6

[edit]

༄༅། །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བའི་གསལ་བྱེད་ཟབ་པ་ཀུན་དྲིལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ནཱིརྟེ་ཤྭ་ར་ཡ། མ་བཅིངས་མ་གྲོལ་མཁའ་མཉམ་འགྲོ །ཡོངས་གྲོལ་དགོངས་པས་དོང་ནས་སྤྲུགས། །གར་དབང་པདྨ་དགྱེས་པའི་ཞལ། །གུས་ཡིད་མེ་ལོང་ངོས་གསལ་མཛོད། །ཟབ་ཆོས་འདིའི་སྨིན་བྱེད་རྣམས་ཀྱི་སྙིང་པོར་གྱུར་པ་འདི་ཉིད་སྒྲུབ་པ་ལ་སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ། དང་པོ་ནི། སྟེགས་བུ་བདུད་རྩིས་ཆག་ཆག་བཏབ་པར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། དེ་སྟེང་ཁྲིའུ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་བཅས་པ་བཤམ། གཡས་སུ་ཐོད་པ་བདུད་རྩིས་བཀང་བ། གཡོན་དུ་རིག་ཙཀ་དང་ཤེལ་རྡོ། རྒྱབ་ཏུ་དབང་གཏོར་བང་རིམ་གྲུ་བཞི་བཞི་བརྩེགས་སྟེང་རིན་ཆེན་འབར་བ་པད་འདབ་བཞི་ལྡན་རྒྱན་གྱིས་སྤྲས་པ། དེའི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་ཕྱི་མཆོད་བསྐོར་བཤམ། ལས་བུམ་དང་ཕྲིན་ལས་ལ་དགོས་པའི་ཚོགས་ཀྱི་ཡོ་བྱད་སོགས་ཚང་བར་བྱའོ། །དབང་དོན་སྒྲུབ་མཆོད་ནི། ཆོས་སྤྱོད་ནས་འབྱུང་བའི་སྐྱབས་སེམས་ཡན་ལག་བདུན་པ་ཚད་མེད་བཞི་བཅས་སྔོན་དུ་བཏང་ནས། ནང་སྒྲུབ་ཕྲིན་ལས་ལྟར་བགེགས་བསྐྲད་ནས་བརྩམ་སྟེ་མཐར་ཆགས་སུ་གཏང་། བདག་མདུན་དབྱེར་མེད་དུ་བསྒོམ། ཛཔ྄་ཁང་ཕྱེས་ནས་སྤྲོ་བསྡུའི་དམིགས་པ་བཅས་ཡིག་བདུན་ཅི་ནུས་བཟླ། གཟུངས་ཐག་བླངས་ཏེ། བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་དུ་ལྷ་ཚོགས་ཐམས་ཅད་གསལ༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་འཕྲོས་པས་གཟུངས་ཐག་བརྒྱུད༔ བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་གྱིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་པའི་ཏིང་འཛིན་གསལ་བས་ཡིག་བདུན་བཟླ། ལས་ཀྱི་བུམ་པར་པད་ཉིའི་སྟེང༔ རྟ་མགྲིན་པདྨ་ཀྲོ་ཏཱིར་བཅས༔ མཉམ་སྦྱོར་ཐོད་དབྱུག་ཐོད་ཁྲག་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་ཀློང་བཞུགས༔ ཐུགས་ཀའི་འོད་ཀྱིས་རྒྱུད་བསྐུལ་ནས༔ སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་སྤྲིན༔ མེ་འབར་ཚྭ་ཚྭ་འཕྲོ་བ་བབས༔ བུམ་པ་ཡོངས་སུ་གང་བ་ཡིས༔ བར་ཆད་བགེགས་འཇོམས་ནུས་ལྡན་གྱུར༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ལས་བྱང་ལྟར་སྟོང་ཚིགས་མཆོད་བསྟོད་འབུལ། ཨོཾ་ཨཱཿཧཱུྃ༔གིས་དུང་ཞལ་གྱི་བདུད་རྩི་བུམ་པ་གཉིས་ཀར་ཕུལ་ལ། ལྷ་རྣམས་བདེ་བ་ཆེན་པོར་ཞུ༔ བུམ་པའི་ཆུ་དང་རོ་གཅིག་གྱུར༔ དེ་ནས་རྒྱས་པར་ལྕོགས་ན་བདག་འཇུག་གི་དབང་ཡོངས་རྫོགས་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ལའང་སྔོན་འགྲོ་འཇུག་པ། དབང་དངོས་གཉིས་ལས་དང་པོ་ནི། སློབ་མ་ལ་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་བསང་སྦྱང་བྱིན་རླབས་བསྔོ་བ་སྤྱི་ལྟར་བྱས་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ་པ་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཀྱི་ཁྱད་པར། དེ་ལ་རྒྱལ་བ་ཀུན་གྱི་ཡབ་གཅིག །རྒྱལ་སྲས་ཡོངས་ཀྱི་ཐུ་བོ། གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་རིམ་པ་ཐེག་རིམ་དང་རྒྱུད་སྡེ་གོང་འོག་ནས་གསུངས་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི། དཔལ་གྱི་བསམ་ཡས་ཨརྻ་པ་ལོའི་གླིང་དུ་གུ་རུ་རིན་པོ་ཆེ་ལ་རྗེ་འབངས་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ཕུལ་ནས། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ནང་ནས་ཚེ་གཅིག་སངས་རྒྱས་འགྲུབ་པའི་གདམས་ངག་ཁ་ཚང་དོན་འདྲིལ༔ སྐུ་གཅིག་བསྒོམས་པས་བདེ་བར་གཤེགས་པ་མ་ལུས་པ་རྣམས་ཀྱི་སྐུ་བསྒོམ་པར་འགྱུར་བ༔ སྙིང་པོ་གཅིག་བཟླས་པས་གསང་སྔགས་ཀྱི་བཟླས་བརྗོད་ཐམས་ཅད་དེ་རུ་འདུས་པ༔ ཏིང་ངེ་འཛིན་གཅིག་བསྒོམས་པས་མན་ངག་མ་ལུས་པའི་དོན་ཐམས་ཅད་རྟོགས་པ༔ དངོས་གྲུབ་ལོ་ཟླ་ཙམ་གྱིས་འགྲུབ་པ༔ བར་ཆད་མེད་ཅིང་སྒྲུབ་པའི་འབྲས་བུ་མཆིས་པའི་ལྷ་སྔགས་མན་ངག་གི་གནད་སྩོལ་བར་གསོལ་བ་བཏབ་པས། དམ་ཆོས་ཀུན་གྱི་སྙིང་པོ་ཐུགས་རྗེ་ཆེན་པོ་པདྨ་གར་དབང་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བའི་རྒྱུད་དང་སྒྲུབ་ཐབས་མན་ངག་ལས་ཚོགས་བཅས་རྫོགས་པར་གནང་བའི་མཐར། འདི་ཉིད་སྟོན་དང་ཉན་དང་སྒྲུབ་པ་དང༔ ཚུལ་བཞིན་བྲི་རྣམས་སྤྱན་རས་གཟིགས་དང་མཚུངས༔ བཀའ་ཡི་གླེགས་བམ་གང་དུ་བཞུགས་པའི་སར༔ དེ་ན་ཐུགས་རྗེ་ཆེན་པོ་བཞུགས་པ་ཡིན༔ འབྲེལ་ཚད་ཐམས་ཅད་ཐར་པའི་གནས་སུ་འདྲེན༔ འདི་ཉིད་སྒྲུབ་པའི་རི་བོ་དེ་དག་ལ༔ སྤྱན་རས་གཟིགས་དབང་དངོས་སུ་བྱོན་ནས་སུ༔ སྒྲུབ་པའི་གནས་ལ་བྱིན་གྱིས་རློབ་པ་དང༔ སྒྲུབ་པ་པོ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ གནས་དེར་བགྲོད་ཚད་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་འདྲེན༔ ཐུགས་རྗེ་ཆེན་པོ་སུ་དང་སུས་བསྒོམ་པ༔ རབ་ནི་གྲུབ་ཐོབ་དེ་རུ་མངོན་སངས་རྒྱས༔ འབྲིང་ནི་ཚེ་གཅིག་དག་གིས་སངས་རྒྱས་འགྲུབ༔ ཐ་མ་བར་དོའི་གནས་ནས་བྱང་ཆུབ་ཐོབ༔ ཅེས་སོགས་ཕན་ཡོན་དང་ཞལ་གདམས་ཤིན་ཏུ་རྒྱས་པར་བཀའ་བསྩལ་ནས་མ་འོངས་པའི་དོན་དུ་གཏེར་དུ་སྦས་པ། དེང་སང་ལུང་ནས་བསྟན་པའི་རྟགས་རྣམས་མངོན་དུ་གྱུར་པ་ན་དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་གླིང་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཐུགས་ཀྱི་ཡོན་ཏན་གནས་མཁའ་འགྲོ་འབུམ་རྫོང་གུ་རུའི་གསང་ཕུག་ཆེན་མོ་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ །བྲམ་ཟེ་པྲ་བྷ་ཧསྟིས་བསྒྲུབས་པའི་དམ་རྫས་མྱང་གྲོལ་དང་ལྷན་ཅིག་སྤྱན་དྲངས་ཏེ་སྐལ་ལྡན་རྣམས་ལ་སྤེལ་བར་མཛད་པ་འདི་ལ་ཕྱི་ནང་གསང་བའི་དབང་སོ་སོར་རྒྱས་པར་བསྐུར་བ་དང་། སྙིང་པོའི་དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བ་གཉིས་ཡོད་པ་ལས་འདིར་ཕྱི་མ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ནི་འཁོར་བའི་གནས་ནས་དྲོངས༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ༔ བདག་ཅག་འཇུག་པར་མཛད་དུ་གསོལ༔ ལན་གསུམ། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླ་མ་སྤྱན་རས་གཟིགས་དཀོན་མཆོག་རྩ་གསུམ་ཀུན་འདུས་ལ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལན་གསུམ། འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་སྲས་དང་བཅས་པས་ཐུགས་ཇི་ལྟར་བསྐྱེད་ཅིང་བསླབ་པ་ལ་བསླབས་པ་དེ་བཞིན་དུ་གཞན་གྱི་དོན་དུ་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ སྔོན་གྱི་རྒྱལ་བ་སོགས་གསུམ། ཚོགས་གསག་ཡན་ལག་བདུན་གྱི་སྒོ་ནས་རྒྱུད་སྦྱོང་བའི་ཚིག་རྗེས་དོན་དྲན་གྱི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་སྤྱན་རས་གཟིགས་སོགས། སོ་ཐར་བྱང་སེམས་སྔགས་ཀྱིས་བསྡུས་པའི་སྡོམ་པ་གསུམ་པོ་ཡང་དག་པར་བླངས་ནས་གཞུང་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ཉི་ཤུ་བརྒྱད་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ སྲོག་གི་ཕྱིར་ཡང་མི་གཏོང་བསྲུང༔ རྡོ་རྗེ་མགོར་བཞག །བདུད་རྩིའི་དམ་ཆུ་སྦྱིན་ལ། དེ་ལྟར་ཡིན་ན་རྡོ་རྗེའི་ཆུས༔ ཉམས་ན་ཕམ་ཞིང་དམྱལ་བར་ལྟུང༔ བསྲུངས་ན་དངོས་གྲུབ་འདིས་ཐོབ་བྱེད༔ དམ་ལས་མི་འདའ་བྲོ་བོར་ཅིག༔ ཁས་བླངས་པའི་དམ་ཚིག་ལས་འདའ་བར་མི་བྱ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ལུས་དང་ངག་གི་གནད་གཅུན། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་ཤིག །སློབ་མ་མི་དམིགས་སྟོང་པའི་ངང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་སྤྱན་རས་གཟིགས་དབང་ཕྱུག༔ དམར་གསལ་ཞལ་གཅིག་ཕྱག་བཞི་པ༔ མཚན་དཔེ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་ཀར་རྡོ་རྗེ་ཐལ་མོ་སྦྱར༔ གཡས་གཡོན་ཤེལ་ཕྲེང་པད་དཀར་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྐྱིལ་ཀྲུང་འོད་འབར་ལྷམ་མེར་གསལ༔ དེ་ཡི་ཐུགས་ཀར་པད་ཟླའི་སྟེང༔ ཧྲཱིཿཡིག་མར་མེ་ལྟར་འབར་བའི༔ འོད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་བསྐུལ༔ དེ་དག་རྣམས་ཀྱི་ཐུགས་ཀ་ནས༔ སྐུ་དང་ཕྱག་མཚན་སྲོག་ཡིག་རྣམས༔ ཁ་བ་བུ་ཡུག་འཚུབ་བཞིན་སྤྲོས༔ བ་སྤུའི་བུ་ག་རྣམས་ནས་ཞུགས༔ ལུས་ཀྱི་ནང་གང་ཧྲཱིཿལ་ཐིམ༔ སྐུ་གསུང་ཐུགས་དང་དབྱེར་མེད་བསམ༔ རྩ་སྔགས་ཡི་གེ་བདུན་པའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ རཱ་རཱ་རཱ་རཱ་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨ་ཧཾ་ཛྷཻཾ༔ ཞེས་བཏགས་པ་དྲག་ཏུ་བཟླ་ཞིང་སྦྱར་སྤོས་རོལ་མོ་མོས་གུས་སྟོབས་ཀྱིས་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་མཛོད། རྡོ་རྗེ་རྒྱ་གྲམ་མགོར་བཀོད་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་སྤྱན་རས་གཟིགས་དབང་ཕྱུག༔ རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ བདེ་བར་གཤེགས་པའི་དཀྱིལ་འཁོར་དུ༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃ༔ གསལ་སྟོང་ཆོས་དབྱིངས་བུམ་པ་རུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཞུ༔ སྣོད་བཅུད་དག་པའི་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག༔ སྔགས་མཐར་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་མགོར་བཞག །བུམ་ཆུ་འཐོར་འཐུང་བྱ། ཆུ་ཡིས་ལུས་གང་སྒྲིབ་པ་དག༔ བདུད་རྩི་གྱེན་དུ་འཁྱིལ་པ་ལས༔ འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར༔ བུམ་པའི་དབང་བསྐུར་ལུས་སྒྲིབ་དག༔ སྣང་སྲིད་ལྷ་རུ་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པ་འོ༔ བླ་མ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ཡུམ་གསང་བ་ཡེ་ཤེས་མཉམ་པར་སྦྱོར་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ནས་ལྗགས་ལ་བསྩལ་བར་མོས་ཤིག །བདུད་རྩི་སྦྱིན་ལ། ཧཱུྃ༔ བླ་མའི་ལྷ་ཚོགས་མཉམ་སྦྱོར་བའི༔ བདེ་སྟོང་བྱང་ཆུབ་སེམས་ཀྱི་རྒྱུན༔ སློབ་མའི་ངག་ལ་བྱིན་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱིས་རྩ་གནས་གང༔ བྱང་སེམས་བདེ་ཆེན་ཡེ་ཤེས་འཕེལ༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྩ་རླུང་ཐིག་ལེ་བསྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ་པ་འོ༔ གཟུགས་དང་ལང་ཚོ་ཕུལ་དུ་བྱུང་བས་སྤྲས་ཤིང་མཚན་ཉིད་དང་ལྡན་པའི་རིག་མ་གསང་བ་ཡེ་ཤེས་ཀྱི་ངོ་བོ་ཅན་པང་དུ་འཁོད་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ བླ་མེད་གསང་བའི་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་རྩལ་ཆེན་བསྐྱེད༔ གསང་བ་ཡུམ་གྱི་དབང་བསྐུར་བས༔ ལྷན་སྐྱེས་བདེ་ཆེན་རྟོགས་པར་ཤོག༔ སྔགས་མཐར་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་ཤེས་གསུམ་དང་ལྡན་པའི་རྣལ་འབྱོར་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་མཐར་སྐྱེས་པའི་མཆོག་བདེ་མི་འགྱུར་བ་ཉམས་སུ་མྱོང་བར་མོས་ཤིག །ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ ཡིད་སྒྲིབ་དག་ནས་བདེ་སྟོང་བསྒོམ༔ འབྲས་བུ་ཆོས་སྐུ་ཐོབ་པ་འོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གིས་དཔེར་མཚོན་ནས་རང་གི་རིག་པ་སྟོང་གསལ་འགག་མེད་སྐུ་དང་ཡེ་ཤེས་གསུམ་ལྡན་གྱི་རང་བཞིན་དུ་ཤེས་པར་མཛོད་ལ་དབྱིངས་ཀ་དག་གི་དགོངས་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཤེལ་རྡོ་བསྟན་ལ། ཧཱུྃ༔ ཡེ་ནས་དག་པའི་ཡེ་ཤེས་ནི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ སྣ་ཚོགས་ཅིར་ཡང་དབྱེར་མི་ཕྱེད༔ མ་ཡེངས་གང་ཤར་འཛིན་མེད་བཞག༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ སྔགས་མཐར། དྷརྨ་དྷཱ་ཏུ་གརྦྷ་ཨ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པའི་དབང་ཐོབ་བག་ཉལ་དག༔ རྫོགས་པ་ཆེན་པོ་བསྒོམ་ལ་དབང༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ༔ རྨ་བྱའི་མདོངས་སྒྲོས་དཔེར་མཚོན་ཏེ་བཞུགས་སྟངས་གསུམ་དང་གཟིགས་སྟངས་ཀྱིས་གནད་གཅུན་པས། སྒྲོན་མ་དྲུག་གི་ལམ་དུ་སྣང་བཞིའི་ཉམས་ཟད་སར་བསྐྱལ་བ་ལྷུན་གྲུབ་ཐོད་རྒལ་གྱི་གསེང་ལམ་དུ་ཞུགས་པར་མོས་ཤིག །རྨ་བྱའི་སྒྲོ་མདོངས་བསྟན་ལ། ཧཱུྃ༔ གནས་ལུགས་དབྱིངས་དང་ཐིག་ལེ་ལས༔ རྩལ་གྱི་དབྱིངས་དང་ཐིག་ལེ་འཆར༔ གཟིགས་སྟངས་གསུམ་གྱིས་གནད་གཅུན་པས༔ ཕྱི་ནང་དབྱེར་མེད་སྣང་བཞི་རྫོགས༔ སྔགས་མཐར། མ་ཧཱ་དྷརྨ་དྷཱ་ཏུ་ཨ་ཏི༔ དེ་རྣམས་ཀྱིས་དབང་བཞི་དངོས་གྲུབ་ནས་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་གཞལ་ཡས་ཁང་གི་ནང་དུ་གཏོར་མ་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་མངོན་སུམ་བཞུགས་པའི་གནས་བཞི་ནས་འབྲུ་བཞི་འོད་ཟེར་དང་བཅས་པ་འཕྲོས། ཁྱེད་རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བྱིན་རླབས་ནོས། དབང་བཞི་ཡོངས་རྫོགས་དུས་གཅིག་ཏུ་ཐོབ་པར་མོས་མཛོད། དཔལ་གཏོར་ཐོགས་ལ། ཧཱུྃ༔ གཏོར་མའི་ངོ་བོ་གཞལ་ཡས་ཁང༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་བཞུགས༔ ངེས་ཚིག་སྐུ་གསུང་ཐུགས་ཀྱི་ངང༔ གཏོར་ཀྱུ་འདོད་ཡོན་མཆོད་སྤྲིན་སྤྲོ༔ ལྷ་རྣམས་ཐམས་ཅད་དགྱེས་པ་བསྐྱེད༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ཡིས༔ སློབ་མའི་ལུས་ངག་ཡིད་གསུམ་སྦྱངས༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་གཏོར་མ་གནས་བཞིར་བཞག་ལ་ཤིས་བརྗོད་ཇི་ལྟར་རིགས་པ་བྱ། གསུམ་པ་རྗེས་རིམ་ནི། དེས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་སྨིན་བྱེད་སྙིང་པོ་དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་གཏེར་སྲུང་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བརྩམ་ལས་བྱང་རྗེས་རིམ་ཚང་བར་གཏང་། དངོས་གྲུབ་ལེན་ཆོག་རྗེས་མཆོད་བསྟོད་མདོར་བསྡུས། ནོངས་བཤགས་སྤྱི་ལྟར་བྱས་ལ། བསྡུ་རིམ། སྨོན་ལམ། བཀྲ་ཤིས་བཅས་བརྗོད་ལ་རྒྱུན་སྤྱོད་བྱའོ། །རྒྱལ་བ་སྤྱི་སྒྲུབ་ཟབ་པའི་ཕུལ། །འདིར་འཇུག་སྣོད་ལྡན་སྨིན་བྱེད་ཀྱི། །བདུད་རྩིའི་ཆུ་ཀླུང་ཕྱོགས་ཀུན་ཏུ། །ཁྱབ་ཅིང་སྐྱེ་དགུའི་ཉེར་འཚོར་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་གསུང་བསྐུལ་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་མདུན་རོལ་གྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་སྐྱེད་ཚལ་གྱིས་མཛེས་པའི་དབེན་ཁྲོད་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).