Terdzo-PI-048

From Rinchen Terdzö

རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་གཞུང་་་བར་འཕྱོང་།གཤེགས་གསོལ་དང་། མདོས་ཆིངས་རིན་ཕྲེང་སྨད་ཀྱི་ལས་འཕྱོང་བཅས་

rgyal mdos dkar po drug mdos kyi gzhung bar 'phyong /gshegs gsol dang /_mdos chings rin phreng smad kyi las 'phyong bcas

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  ཉང་གཏེར་རྒྱལ་མདོས་ (Nyang gter rgyal mdos)
Volume 43 (པི) / Pages 833-867 / Folios 1a1 to 18a6

[edit]

༄༅། །རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་གཞུང་་་བར་འཕྱོང་།གཤེགས་གསོལ་དང་། མདོས་ཆིངས་རིན་ཕྲེང་སྨད་ཀྱི་ལས་འཕྱོང་བཅས་བཞུགས་པའི་དབུ་ཕྱོགས་ལགས་སོ། ། དབང་ཆེན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ མདོས་ཀྱི་མདུན་བསྐྱེད་དང་མཆོད་པ་བྱིན་རླབས་སྤྱན་འདྲེན་སོགས་གྲུབ་ནས༔ ཡས་སྟགས་གྱེར་བ་ནི་འདི་སྐད་དོ༔ ཀྱེ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ དུང་གི་རི་རབ་ལྡེམ་པ་ན༔ ལྷོ་སྤྲིན་གཏིབས་པའི་གུར་ཁང་དུ༔ འཇའ་ཚོན་འཁྲིགས་པའི་གཞལ་ཡས་སུ༔ ཤེལ་མཁར་དཀར་པོ་ལྡེམས་སེ་ལྡེམ༔ སྤྱན་གཟིགས་ལོངས་སྤྱོད་པུ་རུ་རུ༔ སྒྲ་སྙན་མང་པོ་སི་ལི་ལི༔ ལྷ་མི་ཁྲོམ་ཚོགས་དཔུངས་སེ་དཔུང༔ འཛམ་གླིང་དཀོར་གྱི་བདག་པོ་བཞུགས༔ ཆག་གང་ཙམ་གྱིས་གནམ་མི་སླེབ༔ ཁྲུ་གང་ཙམ་གྱིས་ས་མི་ནོན༔ དེ་ཡི་རྨིང་གཞི་ལྕགས་ལས་བྱས༔ ལྕགས་གཞི་ནག་པོ་ལ༔ འཛེག་ཏེ་སྤྲེལ་མི་འཛེག༔ ལོགས་བཞི་ཤེལ་ལས་བྱས༔ ཤེལ་ལོགས་དཀར་པོ་ལ༔ འཁྱུག་ཏེ་སྦྲུལ་མི་འཁྲིལ༔ ཟུར་བཞི་གཡུ་ལས་བྱས༔ གཡུ་ཟུར་སྔོན་པོ་ལ༔ གཉན་ཏེ་བདུད་མི་གདའ༔ ལྕོག་བཞི་གསེར་ལས་བྱས༔ གསེར་ལྕོག་སེར་པོ་ལ༔ འཚུབ་སྟེ་རླུང་མི་འཕྱོ༔ བད་བཞི་མཐིང་ལ་བྱས༔ མཐིང་བད་སྔོན་པོ་ལ༔ མཐོ་སྟེ་རྒོད་མི་ལྡིང༔ སྒོ་བཞི་དུང་ལས་བྱས༔ དུང་སྒོ་དཀར་པོ་ལ༔ གཏུམ་སྟེ་བཙན་མི་རྒྱུག༔ འཁོར་ཡུག་ལྕགས་ལས་བྱས༔ ལྕགས་རི་དཀར་པོ་ལ༔ དམག་དཔུང་གི་མི་འཇིགས༔ ཀྱེ༔ དེ་འདྲའི་མཁར་གྱི་ཤར་ཕྱོགས་ནས༔ རྟ་དཀར་རྔོག་དམར་དེ༔ འཚེར་དང་ཙེ་རེ་རེ༔ སྐུ་མཁར་ལྷོ་ཕྱོགས་ནས༔ ར་དཀར་རུ་དམར་དེ༔ འབའ་དང་ཏི་རི་རི༔ སྐུ་མཁར་ནུབ་ཕྱོགས་ནས༔ བྱ་དཀར་ཟེ་དམར་དེ༔ ཟེར་དང་ཀྱུ་རུ་རུ༔ སྐུ་མཁར་བྱང་ཕྱོགས་ནས༔ ཁྱི་དཀར་སྣ་དམར་དེ༔ ཟུག་དང་ལྷངས་སེ་ལྷང༔ སྐུ་མཁར་སྒོ་བཞི་ནས༔ སྤྲེལ་དཀར་ངོ་དམར་དེ༔ རྩེ་དང་ལྷངས་སེ་ལྷང༔ སྐུ་མཁར་ཟུར་བཞི་ལ༔ མི་དཀར་ཐོད་དམར་དེ༔ གར་དང་འཁྱུགས་སེ་འཁྱུག༔ སྐུ་མཁར་བར་མཚམས་ལ༔ ལྗོན་ཤིང་བསིལ་གྲིབ་དང༔ ཁྲུས་ཀྱི་རྫིང་བུ་དང༔ མེ་ཏོག་ལྡུམ་ར་དང༔ གཡུ་ཡི་ཆུ་མིག་དང༔ དུང་གི་མཆོད་རྟེན་དང༔ གསེར་གྱི་ལྷ་ཁང་དང༔ ངོ་མཚར་ལྟས་མོས་བསྐོར་བའོ༔ ཀྱཻ༔ དེ་འདྲའི་མངའ་བདག་ཆེན་པོ་ནི༔ ཚངས་པ་དུང་གི་ཐོར་ཚུགས་ཅན༔ པེ་དཀར་དགྲ་བླ་ཆེན་པོ་དེ༔ ཡབ་ལ་དེ་ནི་མཚན་གསོལ་བ༔ གནམ་ལྷ་དེ་ནི་དཀར་པོ་ལགས༔ ཡུམ་ལ་དེ་ནི་མཚན་གསོལ་བ༔ ཀླུ་མོ་དབྱིངས་ཕྱུག་ནོར་འཛིན་མ༔ དེ་གཉིས་བཤོས་ཤིང་འཁྲུངས་པའི་སྲས༔ རྒྱུ་ནི་ཉིན་མཚན་མེད་པར་རྒྱུ༔ ཉིན་མོ་ཉི་མའི་ཟེར་ལ་རྒྱུ༔ མཚན་མོ་མུན་པའི་སྨག་ལ་རྒྱུ༔ རེས་འགའ་གྲིབ་སོ་རྟ་ལ་ཞོན༔ མོ་བཙུན་གཞོན་ནུའི་རྨི་ལམ་དུ༔ སྐྱེས་ཕྲན་གཞོན་ནུར་སྤྲུལ་ཞིང་རྒྱུ༔ སྐྱེས་པ་དར་མའི་རྨི་ལམ་དུ༔ མོ་བཙུན་བཟང་མོར་སྤྲུལ་ཞིང་རྒྱུ༔ སྐྱེས་པ་དར་མའི་སྲོག་ལ་རྒོལ༔ མོ་བཙུན་ཕངས་པའི་སྲིད་ཀྱང་འཕྲོག༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ཁྱོད་ལ་དེ་རིང་མདོས་འབུལ་ལོ༔ ཁྱོད་ལ་དེ་རིང་ཡས་འབུལ་ལོ༔ ཁྱོད་ལ་དེ་རིང་གླུད་འབུལ་ལོ༔ གཏོ་གླུད་ཡས་སྟགས་འདི་བཞེས་ལ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཀྱཻ༔ ཁྱེད་ཀྱི་དེ་ནི་བཙུན་མོ་བ༔ འབྲོག་ཟ་དེ་ནི་ལྷ་ལྕམ་མ༔ ཕོ་གྱོང་བཟའ་ཡི་རྒྱལ་མོ་མཚོ༔ གཙང་བཟའ་དེ་ནི་སྣ་ཡོན་མ༔ མོ་བཙུན་གཞོན་ནུ་འཁོར་དང་བཅས༔ དེ་རིང་མདོས་དང་ཡས་འབུལ་ལོ༔ མི་ནོར་གཉིས་ཀྱི་གླུད་བཞེས་ཤིག༔ ཀྱཻ༔ ཡབ་གཅིག་གནམ་ལྷ་དཀར་པོ་ལ༔ ཡུམ་གཅིག་ཀླུ་མོ་ནོར་འཛིན་མ༔ ཕྱི་བློན་ནང་བློན་ཕྱག་ཚང་དང༔ ཤན་པ་བཞད་པའི་ཚོགས་བཅས་ལ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ བཞད་དང་ཤགས་ཁ་མ་རྒྱབ་ཅིག༔ ཀྱཻ༔ སྤྲུལ་པ་དམ་ཅན་རྒྱལ་པོ་ལ༔ སྐུ་ཡི་རྒྱལ་པོ་ཉི་སང་པད༔ ཡུམ་ཆེན་འབར་མ་གློག་ཕྲེང་མ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ ཡོན་ཏན་རྒྱལ་པོ་ཀྱེ་ཏེ་རེ༔ གཡུ་ཕྲེང་རྒྱལ་མོ་ཡུམ་དང་བཅས༔ དེ་རིང་མདོས་དང་ཡས་འབུལ་ལོ༔ གསུང་གི་རྒྱལ་པོ་ལ་བསེ་དང༔ བཙུན་མོ་ཟངས་ཀྱི་ཕྲེང་བ་ཅན༔ དེ་རིང་མདོས་དང་ཡས་འབུལ་ལོ༔ ཕྲིན་ལས་རྒྱལ་པོ་སྤྱི་རིང་ཁྲི༔ བཙུན་མོ་དེ་ནི་པད་ཕྲེང་མ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ སྨན་དང་བློན་པོ་ལས་བྱེད་དང༔ རང་རང་འཁོར་གཡོག་བཅས་པ་ལ༔ དེ་རིང་མདོས་དང་གླུད་འབུལ་ལོ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཁྱེད་ཀྱི་ཕྱག་བརྙན་འཁོར་སྲུང་བ༔ དཀར་མོ་སྤྱན་གཅིག་ཡམ་ཤུད་དམར༔ བྱེ་བ་ཁུ་ལེ་ལག་དགུ་པ༔ ཤན་པ་སྐྱེས་བུ་ཕྱི་སྲུང་དང༔ རུ་འདྲེན་བཞི་དང་འཁོར་གཡོག་བཅས༔ སྤྲུལ་པའི་ཚོགས་དང་བཅས་པ་ལ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ མི་ནོར་གཉིས་ཀྱི་གླུད་དུ་འབུལ༔ གནོད་པའི་བསམ་ངན་ཞི་བར་མཛོད༔ ཀྱཻ༔ སྲིད་པའི་རྒྱལ་པོ་རྫུ་འཕྲུལ་ཅན༔ སྐྱེས་བུ་འཚོགས་དང་སྤྲུལ་པའི་ཚེ༔ མི་ནི་དཀར་པོ་ལྡེམས་སེ་ལྡེམ༔ རྟ་ནི་དཀར་པོ་ཁྲིགས་སེ་ཁྲིག༔ འོད་དཀར་དེ་ནི་ལྷབས་སེ་ལྷབ༔ སྐྱོགས་དཀར་དེ་ནི་ཏ་ལ་ལ༔ སྡེར་དཀར་དེ་ནི་ཁྲིགས་སེ་ཁྲིག༔ དར་ཟབ་དེ་ནི་མེ་རེ་རེ༔ གོ་ཁྲབ་དེ་ནི་ཉི་ལི་ལི༔ མདའ་མདུང་དེ་ནི་པུ་རུ་རུ༔ རྒྱན་ཆ་དེ་ནི་ན་ར་ར༔ ཁྱེད་ཀྱི་ཆོ་དང་འབྲང་སྨྲོས་པ༔ བབ་ས་གང་གི་ཡུལ་དུ་བབས༔ བབ་ས་རྒྱ་གར་ཡུལ་དུ་བབས༔ རྒྱ་གར་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཤེལ་གིང་དཀར་པོ་ལགས༔ དེ་ནས་ཌཱ་ཀིའི་ཡུལ་དུ་བབས༔ ཌཱ་ཀིའི་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཆེན་པོ་ན་ཞེས་བྱ༔ དེ་ནས་མར་པའི་ཡུལ་དུ་བབས༔ མར་པའི་སྐད་དུ་མཚན་གསོལ་བ༔ གཡའ་སྤང་མཚམས་ཀྱི་སྐྱེས་གཅིག་པོ༔ དེ་ནས་སྲིན་པོའི་ཡུལ་དུ་བབས༔ སྲིན་པོའི་སྐད་དུ་མཚན་གསོལ་བ༔ གླང་གི་རཱ་ཙ་ཞེས་ཀྱང་བྱ༔ དེ་ནས་མེ་ཉག་ཡུལ་དུ་བབས༔ མེ་ཉག་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཟླ་བ་ཞེས་ཀྱང་བྱ༔ དེ་ནས་བལ་པོའི་ཡུལ་དུ་བབས༔ བལ་པོའི་སྐད་དུ་མཚན་གསོལ་བ༔ ས་ཡི་རཱ་ཙ་ཞེས་ཀྱང་བྱ༔ དེ་ནས་རྒྱ་ནག་ཡུལ་དུ་བབས༔ རྒྱ་ནག་སྐད་དུ་མཚན་གསོལ་བ༔ འདུ་ན་རཱ་ཙ་ཧ་ཞེས་བྱ༔ དེ་ནས་ཧོར་གྱི་ཡུལ་དུ་བབས༔ ཧོར་གྱི་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཤིང་བྱ་དཀར་པོ་ཞེས་ཀྱང་བྱ༔ དེ་ནས་བོད་ཡུལ་དབུས་སུ་བབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་དཀོར་སྲུང་མངའ་གསོལ་ཕྱིར༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་དབྱིངས་ཀྱི་དབང་བསྐུར་ནས༔ དམ་ཚིག་བསྲུང་བར་ཁས་བླངས་ནས༔ དཔལ་གྱི་བསམ་ཡས་དཀོར་སྲུང་བསྐོས༔ ཁྱེད་ལ་མདོས་དང་ཡས་འབུལ་ལོ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཕྱག་ཏུ་དེ་ནི་གསེར་འབུལ་ལོ༔ མགུལ་དུ་དེ་ནི་སྐྱེམས་དྲང་ངོ༔ ཚེ་ལ་བར་ཆད་མ་བྱེད་ཅིག༔ སྲོག་ལ་ཧུར་ཐུམས་མ་བྱེད་ཅིག༔ གློ་བུར་ཡེ་འདྲོག་མ་གཏང་ཞིག༔ བརྒྱལ་ནད་སྨྱོ་འབོག་མ་གཏང་ཞིག༔ མིག་ནད་ལིང་ཏོག་མ་གཏང་ཞིག༔ སོ་ནད་སྲིན་བུ་མ་གཏང་ཞིག༔ ཨོག་ནད་གག་པ་མ་གཏང་ཞིག༔ མི་ལ་ན་ཚ་མ་གཏང་ཞིག༔ ནོར་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་སེར་བ་མ་གཏང་ཞིག༔ ཞོ་ཆང་སྐྱུར་ལ་མ་གཏང་ཞིག༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཀྱེ༔ ཁྱེད་ལ་བཙུན་མོ་བརྒྱ་མངའ་ཡང༔ ནང་གི་ཐུགས་སུ་བྱུང་བ་ནི༔ ཤར་གྱི་དཀར་མོ་སྤྱན་གཅིག་མ༔ ཉིན་མོ་དེ་ནི་ལྕམ་དང་འབྲེལ༔ མཚན་མོ་དེ་ནི་སྟོང་དང་བསྟེན༔ ཁྱོད་ལ་མདོས་དང་ཡས་འབུལ་ལོ༔ མི་དང་ནོར་གྱི་གླུད་བཞེས་ཤིག༔ ཀྱཻ༔ ཁྱེད་ལ་བློན་པོ་སྟོང་མངའ་ཡང༔ ཕྱག་བརྙན་རཱ་ཙ་དམར་པོ་འདི༔ ཉི་མ་བྱང་ཤར་ཕ་ཀི་ན༔ མཆོང་མཁར་སྨུག་པོའི་ནང་ཤེད་ནས༔ ཡམ་ཤུད་དམར་པོ་ཞེས་ཀྱང་བྱ༔ ཡབ་ནི་གནོད་སྦྱིན་ཀུ་བེ་ར༔ ཡུམ་ནི་ཨེ་ཀ་ཛཱ་ཏི་མ༔ དེ་གཉིས་བཤོས་པའི་རྫུ་འཕྲུལ་ལས༔ བཙན་འགོང་དམར་པོ་གཅིག་ཏུ་བྱུང༔ ར་ལྤགས་ཁམ་པའི་ཐུལ་པ་གསོལ༔ གླང་ལྤགས་སྐྱ་བོའི་གོ་ལག་ཅན༔ གཡུ་ཡི་སྐུ་རག་སྔོན་པོ་ལ༔ གསེར་གྱི་དྲིལ་ཆུང་སི་ལི་ལི༔ ཕྱག་ན་རྒྱ་སཏྭ་ཧབ་ཆེན་བསྣམས༔ གཡུ་བྲན་མང་པོ་ལུས་ལ་བརྒྱན༔ ཐམས་ཅད་ཡིད་ལ་སྒྱུར་བྱེད་པ༔ ཁྱེད་ནི་ཆས་ཤིང་སྤྲུལ་པའི་ཚེ༔ མི་ནི་དམར་པོ་སྤྱན་གཅིག་གིས༔ གཡག་རྒོད་ཁམ་པ་ཆིབས་སུ་འཆིབ༔ ཟངས་ཞགས་དམར་པོ་གླད་ན་གཡུག༔ སྟོང་ཁམས་ཀུན་གྱི་བླ་སྲོག་ཟ༔ ལན་གཅིག་གནམ་ལ་ཐུག་ཙམ་ན༔ སད་དང་སེར་བ་གཏོང་བར་བྱེད༔ ལན་གཅིག་ས་ལ་ཉུལ་ཙམ་ན༔ བཙའ་དང་འབུ་སྲིན་གཏོང་བར་བྱེད༔ ཁྱོད་ལ་མདོས་དང་ཡས་འབུལ་ལོ༔ མི་དང་ནོར་གྱི་གླུད་འབུལ་ལོ༔ བསམ་ངན་གདུག་རྩུབ་ཞི་བར་མཛོད༔ ཀྱཻ༔ ཁྱེད་ཀྱི་བཙུན་མོ་དགྱེས་པའི་ཡུམ༔ ནང་གི་ཐུགས་སུ་བྱུང་བ་ནི༔ ཤར་གྱི་དམར་མོ་མིག་གཅིག་མ༔ སྟག་ལ་ཞོན་ནས་དྲེད་མོ་ཁྲིད༔ གཡས་ན་སྟག་སྨན་མཆོང་ཞིང་རྒྱུག༔ གཡོན་ན་སྦྲུལ་ནག་ཁྲིད་ཅིང་རྒྱུག༔ ཉིན་མོ་དེ་ནི་ལྕམ་དང་འབྲེལ༔ མཚན་མོ་དེ་ནི་སྟོང་དང་སྡེབ༔ སྲིད་པའི་རྒྱལ་མོ་རྫུ་འཕྲུལ་ཅན༔ ཁྱེད་ཀྱི་ཕྱག་ཏུ་གླུད་འབུལ་ལོ༔ མགུལ་དུ་བདུད་རྩི་སྐྱེམས་དྲང་ངོ༔ མདོས་དང་ཡས་དང་གླུད་བཞེས་ཤིག༔ མི་ལ་ན་ཚ་མ་གཏང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་མ་གཏང་ཞིག༔ གནོད་སེམས་གདུག་རྩུབ་ཞི་བར་མཛོད༔ གཞན་ཡང་མདོས་ཀྱི་བདག་པོ་དང༔ ཤར་གྱི་སྐྱ་མ་སྐྱ་དྲངས་དང༔ འབྱུང་པོ་ཁུ་ལེ་ལག་དགུ་དང༔ སྲིད་པའི་གནམ་ཐིལ་དཀར་པོ་དང༔ གདུག་པའི་ས་ཐིལ་ནག་པོ་དང༔ གནོད་སྦྱིན་ལྷོག་པ་སྤུན་དགུ་དང༔ ཡ་ཚ་དཀར་པོ་ལ་སོགས་པ༔ ཡབ་ཡུམ་ལྕམ་དྲལ་སྲས་དང་བཅས༔ གར་གིང་སྔགས་པ་མོ་བཙུན་དང༔ དགེ་སློང་མོན་པ་ཨ་ཙ་ར༔ ཉན་ཐོས་བྱིས་པ་འབག་སེང་བཅས༔ དཔོན་གཡོག་འཁོར་དང་བཅས་པ་ལ༔ ཕྱག་ཏུ་དེ་ནི་གླུད་འབུལ་ལོ༔ མགུལ་དུ་དེ་ནི་སྐྱེམས་འདྲེན་ནོ༔ མི་ལ་ན་ཚ་མ་གཏང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་མ་གཏང་ཞིག༔ ཚེ་ལ་བར་ཆད་མ་གཏང་ཞིག༔ སྲོག་ལ་ཧུར་ཐུམས་མ་གཏང་ཞིག༔ གློ་བུར་ཡེ་འདྲོག་མ་གཏང་ཞིག༔ བརྒྱལ་ནད་སྨྱོ་འབོག་མ་གཏང་ཞིག༔ ཞོ་ཆང་སྐྱུར་ལ་མ་གཏང་ཞིག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ ཡོ་བ་སྲོངས་ལ་ཆད་པ་མཐུད༔ གས་པ་སྦྱོར་ལ་རལ་བ་དྲུབས༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་འབྲུ་རིགས་ཕྱེ་མར་ཟས་ཕུད་ཆང་ཕུད་ལ་སོགས་མཆོད་ལ༔ བཀའ་བསྒོ་བ་ནི༔ ཀྱེ༔ རྒྱལ་པོ་ཆེན་པོ་འཁོར་དང་བཅས༔ མདོས་འདི་འབུལ་བ་ཕྱིན་ཆད་ནས༔ གདུག་སེམས་སྦྱོར་བ་ངན་པ་ཡི༔ ཞང་བློན་དྲ་མར་མ་བརྫུ་ཞིག༔ བུ་ཆུང་མཛེས་པར་མ་བརྫུ་ཞིག༔ མོ་བཙུན་བག་མར་མ་བརྫུ་ཞིག༔ སྐྱེས་པ་དར་མར་མ་བརྫུ་ཞིག༔ བོན་པོ་དབལ་རུ་ཅན་དུ་མ་བརྫུ་ཞིག༔ རྟ་དཀར་གསེར་སྒ་ཅན་དུ་མ་བརྫུ་ཞིག༔ སྔོན་པོ་གཡུ་སྒ་ཅན་དུ་མ་བརྫུ་ཞིག༔ སེར་པོ་གསེར་སྲབ་ཅན་དུ་མ་བརྫུ་ཞིག༔ དམར་པོ་གཟིག་དོམ་ཅན་དུ་མ་བརྫུ་ཞིག༔ ནག་མོ་དུང་རྨེད་ཅན་དུ་མ་བརྫུ་ཞིག༔ བྱ་དཀར་ཟངས་གཙུག་ཅན་དུ་མ་བརྫུ་ཞིག༔ བྱི་ལ་སྣལ་གཙུག་ཅན་དུ་མ་བརྫུ་ཞིག༔ ཁྱི་དཀར་དུང་ལག་ཅན་དུ་མ་བརྫུ་ཞིག༔ སྤྲེལ་དམར་ལྕགས་སྣ་ཅན་དུ་མ་བརྫུ་ཞིག༔ སྤེན་མ་ཤིང་གིས་ཁྱུང་མི་ཁྱོག༔ མི་ལ་ན་ཚ་མ་གཏང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་མ་གཏང་ཞིག༔ བསམ་ངན་སྦྱོར་རྩུབ་མ་གཏང་ཞིག༔ ཁ་ཡིས་གདུག་པ་མ་སྨྲ་ཞིག༔ ལག་གིས་གདུག་པ་མ་བསྙབ་ཅིག༔ ཞབས་ཀྱིས་གདུག་པ་མ་འདོར་ཅིག༔ སེམས་ཀྱིས་གདུག་པ་མ་འཆང་ཞིག༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་གཤེགས་ཞུ་བྱ་ཞིང་རྫོངས་འདེབས་པ་ནི༔ ཀྱེ༔ ད་ནི་རྒྱལ་པོ་བཞུད་རེ་རན༔ ད་ནི་རྒྱལ་བློན་བསྐྱོད་རེ་རན༔ ཡོན་བདག་འབུལ་བས་མ་ལྡོགས་ཤིག༔ བསམ་ཡས་དཔལ་གྱི་ཕོ་བྲང་ནས༔ ལྷ་བྲན་མང་པོས་སྒྲ་དང་འབོད༔ སྐྱེས་ཕྲན་མང་པོས་གླུ་དང་འབོད༔ ན་ཆུང་མང་པོས་བྲོ་དང་འབོད༔ གར་གིང་མང་པོས་འཆམ་དང་འབོད༔ བཙན་བཙུན་མང་པོས་གཡང་དང་འབོད༔ རོལ་མོ་མང་པོས་སྦིར་དང་འབོད༔ རྒྱལ་པོའི་མངའ་ཐང་དེ་ན་ཆེ༔ རྒྱལ་པོ་བཞུགས་ཡུལ་དེ་ན་གཙང༔ རྒྱལ་པོའི་དཀོར་ནོར་དེ་ན་མང༔ རྒྱལ་པོའི་སྡེ་ཚོགས་དེ་ན་ཆེ༔ ད་ནི་རྒྱལ་པོ་ད་བཞུད་འཚལ༔ དཔལ་གྱི་བསམ་ཡས་དཀོར་སྲུང་མཛོད༔ རྒྱལ་པོའི་ཆས་བཟང་དེ་ན་བཟང༔ བཙུན་མོ་བཞིན་བཟང་དེ་ན་བཟང༔ རྒྱལ་བུ་མཛེས་སྡུག་དེ་ན་སྡུག༔ འཁོར་འབངས་བཀའ་བློན་དེ་ན་མང༔ མངའ་འོག་མི་འཚོགས་དེ་ན་མང༔ རྒྱལ་པོའི་གསོལ་ཐང་དེ་ན་ཆེ༔ རྒྱལ་པོ་ད་བཞུད་ད་རེ་རན༔ སྐུ་ཡི་སྤྱོད་པ་དེ་རུ་སྤྱོད༔ གསུང་གི་གད་མོ་དེ་རུ་དགོད༔ ཐུགས་ཀྱི་དགོངས་པ་དེ་རུ་གཏོད༔ ཕྱག་གི་གསེར་རྡོར་དེ་རུ་ཕོངས༔ ཞབས་ཀྱི་གདན་སྐྱོད་དེ་རུ་སྐྱོད༔ ཆིབས་ཀྱི་ཁ་ལོ་དེ་རུ་སྒྱུར༔ གཟིགས་པའི་ལྟས་མོ་དེ་རུ་མཛོད༔ བསམ་ཡས་དཀོར་གྱི་སྲུང་མར་གཤེགས༔ རྒྱལ་པོ་འདི་རུ་ཡུན་མ་རིང༔ རྒྱལ་པོ་འདི་རུ་ཡུན་རིང་ན༔ རྒྱལ་པོ་འབངས་སུ་འབེབ་ཉེན་ཡོད༔ བྱ་རྒོད་དོང་དུ་ལྷུང་ཉེན་ཡོད༔ སེང་གེ་གངས་དང་བྲལ་ཉེན་ཡོད༔ དེ་བས་མི་ཡུལ་སྐྱིད་ཐིང་ན༔ བཞུགས་ཡུན་མ་རིང་ད་གཤེགས་འཚལ༔ སྤྱན་གཟིགས་གླིང་བཞི་གླིང་ཕྲན་བརྒྱད༔ ལྷ་ཁང་མཆོད་རྟེན་ལྕགས་རིས་བསྐོར༔ སྲོག་བདག་པེ་དཀར་འཁོར་བཅས་ལ༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འབུལ༔ གདུགས་དང་རྒྱལ་མཚན་བ་དན་དང༔ བླ་རེ་འཕན་དང་རོལ་མོར་བཅས༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འབུལ༔ དུང་དང་སིལ་སྙན་རྡོར་དྲིལ་དང༔ སྦུབ་ཆོལ་རྔ་གཤང་ཕེག་རྡོབ་སོགས༔ དཀོར་ཆ་རྣམ་པ་སྣ་ཚོགས་བཅས༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འདེབས༔ རྟ་དཀར་བང་མགྱོགས་དང༔ ར་དཀར་འབའ་སྐྱེན་དང༔ བྱ་དཀར་སྒྲོ་བཟང་དང༔ ཁྱི་དཀར་རྒྱུག་སྐྱེན་དང༔ སྤྲེལ་དཀར་འཛེག་སྐྱེན་དང༔ མི་དཀར་འཛུམ་སྐྱེན་དང༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འདེབས༔ ཆང་ཕུད་གསེར་སྐྱེམས་གཡུ་སྔོན་དང༔ མདའ་དར་ནམ་མཁའ་བལ་ཚོན་དང༔ དར་ཟབ་སྟག་གཟིག་རས་མོ་དང༔ ཕྱེ་མར་དཔལ་བཤོས་ཤ་ཡིས་བརྒྱན༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འདེབས༔ རྒྱལ་པོ་ད་ནི་བཞུད་དོ་ད་གཤེགས་རན༔ འདི་རུ་བཞུགས་པ་ཡུན་མ་རིང༔ ཕོ་བཙོག་ལག་པ་གཡས་པས་མནོལ༔ མོ་བཙོག་ལག་པ་གཡོན་ནས་མནོལ༔ རྒྱལ་པོ་མནོལ་བས་སྐྱ་གཡང་ཤེས༔ དེ་བས་རྒྱལ་པོ་ད་གཤེགས་འཚལ༔ མི་བཟུང་ཁྲམ་ལ་མ་བཏབ་ཅིག༔ རྟ་བཟུང་ཞགས་པས་མ་བཏབ་ཅིག༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་སྐྱིན་སྲོག་གླུད་མདོས་བཞེས་ལ༔ ཚེ་སྲོག་ཉམས་པ་བརྟན་པར་མཛོད༔ བཀྲག་མདངས་ཉམས་པ་སོས་པར་མཛོད༔ སྔོན་གྱི་སློབ་དཔོན་བཀའ་མ་བཅག༔ ད་ལྟ་སྔགས་འཆང་དམ་མ་བཀྲལ༔ ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན༔ ལན་ཆགས་བུ་ལོན་བྱང་བར་གྱིས༔ ཤ་མཁོན་ཉེས་ཆེན་དག་པར་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མགོ་ནད་ཞྭ་ལྟར་ཕུད་ལ་སོང༔ རྐང་ནད་ལྷྭམ་ལྟར་ཕུད་ལ་སོང༔ རྒྱབ་ནད་ཁུར་ལྟར་ཁུར་ལ་སོང༔ རྐང་ནད་སྒྲོག་ལྟར་ཁྲོལ་ལ་སོང༔ བསྡམས་པ་ཀློད་ལ་ད་གཤེགས་འཚལ༔ བཅིངས་པ་ལྷོད་ལ་ད་གཤེགས་འཚལ༔ མནན་པ་ཁྱོགས་ལ་ད་གཤེགས་འཚལ༔ བཟུང་པ་ཐོངས་ལ་ད་གཤེགས་འཚལ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཤེལ་གྱི་གུར་ཁང་འོད་དུ་འབར༔ རྒྱལ་པོ་ད་གཤེགས་དེ་རུ་བྱོན༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཁྱོད་ཀྱི་འཁོར་དང་ཡང་གཡོག་བཅས༔ རྒྱལ་པོས་གདན་བསྐྱོད་དེ་རུ་སྐྱོད༔ ཆིབས་ཀྱི་ཁ་ལོ་དེ་རུ་སྒྱུར༔ ཆང་འདྲེ་ཆང་རྐུན་དེ་རུ་སོང༔ བདོ་བ་ཞོ་རྐུན་དེ་རུ་སོང༔ འབག་སེང་གར་མཁན་དེ་རུ་འཆམ༔ རུ་འདྲེན་སྡེ་བཞིའི་ལམ་ཁ་དེ་རུ་སྒྱུར༔ སྤྲ་དང་སྤྲེའུའི་རྩེད་མོ་དེ་རུ་རྩེས༔ རྒྱལ་པོའི་ནད་ཁ་དེ་རུ་སྤོས༔ རྒྱལ་པོའི་ཡམས་ཁ་དེ་རུ་སྒྱུར༔ རྒྱལ་པོའི་རིམས་ཁ་དེ་རུ་སྒྱུར༔ བརྒྱལ་ནད་སྨྱོ་འབོག་དེ་རུ་སྤོས༔ རྒྱལ་པོ་རང་གི་ཡུལ་དུ་ཆེ༔ ན་བཟའ་རང་གི་ཡུལ་དུ་བཙུན༔ དེ་ནས་ད་ནི་གཤེགས་སོ་ཤ་ར་ར༔ བཞུད་དོ་དེ་ནི་སི་ལི་ལི༔ བྱོན་ནོ་དེ་ནི་དཔུངས་སེ་དཔུང༔ ཐེ་སེ་དེ་ནི་ཡེ་རེ་རེ༔ གཤེགས་པའི་གཤེགས་ཤུལ་དཀར་བར་མཛོད༔ བསམ་ཡས་དཀོར་གྱི་སྲུང་མ་མཛོད༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ སྔགས་འཆང་བདག་གི་བཀའ་བཞིན་མཛོད༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ གདུག་རྩུབ་བསམ་ངན་ཞི་བར་མཛོད༔ ཅེས་བརྗོད་ལ་སྒོ་དབྱེ་དང་ལམ་བསྟན་སོགས་བྱེད་ལ་ལྷ་ཁང་འདྲེ་ཅན་དུ་བསྐྱལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ མངའ་བདག་ཉང་རིན་པོ་ཆེས་བསམ་ཡས་བྱང་ཆུབ་གླིང་ནས་གདན་དྲངས་པ་རྫོགས་སོ། །མངྒ་ལཾ།། །། ༁ྃ༔ མདོས་ཆིངས་རིན་ཆེན་ཕྲེང་བ་ལས༔ མདོས་ཀྱི་སྨད་ལས་བཅུ་དྲུག་བཞུགས༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ མདོས་ཆིངས་རིན་ཆེན་ཕྲེང་བ་ལས༔ མདོས་ཀྱི་སྨད་ལས་བཅུ་དྲུག་བསྟན་པ་ནི༔ གྱེར་གྱི་གཞུང་གྲུབ་ནས་མདོས་གཏང་བ་དང་གཅིག༔ ཁ་བསྒྱུར་བ་དང་གཉིས༔ དབང་བསྐུར་བ་དང་གསུམ༔ རྫོངས་འདེབས་པ་དང་བཞི༔ གཡང་ལེན་པ་དང་ལྔ༔ བཀའ་བསྒོ་བ་དང་དྲུག༔ ཁལ་འགེལ་བ་དང་བདུན༔ ཁྲམ་བསྒྱུར་བ་དང་བརྒྱད༔ སྒོ་དབྱེ་བ་དང་དགུ༔ ཡུལ་བཙལ་བ་དང་བཅུ༔ ལམ་བསྟན་པ་དང་བཅུ་གཅིག༔ ཞིག་ས་བསྟན་པ་དང་བཅུ་གཉིས༔ གྲུབ་གནས་བསྟན་པ་དང་བཅུ་གསུམ༔ སྐོས་འདེབས་པ་དང་བཅུ་བཞི༔ གླུད་བསྔོ་བ་དང་བཅོ་ལྔ༔ མདོས་བསྐྱལ་བ་དང་བཅུ་དྲུག་ལས༔ དང་པོ་མདོས་གཏང་བ་ནི༔ ཀྱེ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ངས་ནི་དེ་རིང་མདོས་ཤིག་གཏང༔ ངས་ནི་དེ་རིང་ཡས་ཤིག་གྱེར༔ དེ་རིང་མདོས་དང་ཡས་གཏོང་ངོ༔ སྲིད་པའི་མདོས་ཆེན་བཤམས་པ་ནི༔ ཕྱི་ལྟར་དར་དང་ཟབ་ལས་བྱས༔ ནང་ལྟར་གསེར་དང་དངུལ་ལས་བྱས༔ ཁོང་བཅུད་སྙིང་པོ་ལྔ་ལས་བྱས༔ རྒྱན་ཆ་གཡུ་དང་བྱེ་རུའི་བྱས༔ བུ་ག་འབྱུང་བ་ལྔ་ལས་བྱས༔ རི་མོ་མཚལ་དང་རམ་གྱིས་བྱས༔ བྱིན་རླབས་སྔགས་དང་ཕྱག་རྒྱས་སྤེལ༔ ཏིང་འཛིན་ཡེ་ཤེས་ལྔ་ཡིས་སྦྱངས༔ རྒྱལ་བ་རིགས་ལྔས་བྱིན་གྱིས་བརླབས༔ ལྷ་མོ་ལྔ་ཡི་ཁྲུས་ཀྱིས་སྦྱངས༔ འབྲུ་སྣ་ལྔ་ཡི་ཕྲ་ཡིས་བརྒྱན༔ ཕུང་པོ་ལྔ་ཡི་བཀྲག་མདངས་ལྡན༔ དབང་པོ་ལྔ་ཡི་འོད་ཟེར་འཕྲོ༔ རྣམ་ཤེས་བརྒྱད་ཀྱི་གོ་ཆ་གོན༔ རྟེན་འབྲེལ་བཅུ་གཉིས་སྐུ་ལ་རྫོགས༔ ལུས་དང་ཡན་ལག་རིན་པོ་ཆེ༔ བཀྲག་མདངས་ལྡན་པའི་མདོས་དང་ཡས༔ སྣང་སྲིད་ལྷ་འདྲེ་རྣམས་ལ་འབུལ༔ ངར་གླུད་སྐུ་ཡི་གླུད་དུ་འབུལ༔ གསེར་སྐྱེམས་གསུང་གི་གླུད་དུ་འབུལ༔ ནམ་མཁའ་སེམས་ཀྱི་གླུད་དུ་འབུལ༔ རྒྱང་བུ་ཐུགས་ཀྱི་གླུད་དུ་འབུལ༔ སྲོག་ཆགས་སྲོག་གི་གླུད་དུ་འབུལ༔ ཁྲག་ཆགས་ཁྲག་གི་གླུད་དུ་འབུལ༔ རུས་ཆགས་རུས་པའི་གླུད་དུ་འབུལ༔ མདའ་བཀྲ་ཕོ་ཡི་གླུད་དུ་འབུལ༔ འཕང་བཀྲ་མོ་ཡི་གླུད་དུ་འབུལ༔ ཕོ་ཐང་ཕོ་ཡི་གླུད་དུ་འབུལ༔ མོ་ཐང་མོ་ཡི་གླུད་དུ་འབུལ༔ གྲི་མཁར་ཕོ་ཡི་གླུད་དུ་འབུལ༔ མདུང་འཁོར་མོ་ཡི་གླུད་དུ་འབུལ༔ དར་ཟབ་གོས་ཀྱི་གླུད་དུ་འབུལ༔ བལ་ཚོན་རྒྱན་གྱི་གླུད་དུ་འབུལ༔ ཤིང་རིས་ཡུལ་གྱི་གླུད་དུ་འབུལ༔ སྤོ་ཚེ་མཁར་གྱི་གླུད་དུ་འབུལ༔ གཟུགས་རྣམས་གཟུགས་ཀྱི་གླུད་དུ་འབུལ༔ དཀོར་རྣམས་དཀོར་གྱི་གླུད་དུ་འབུལ༔ ཆག་ཆེ་ཉམ་ང་མདོས་ཀྱིས་ཟློགས༔ གཏོ་ཡས་གནས་སུ་ཐེངས་པར་མཛོད༔ དེ་ནས་གཉིས་པ་ཁ་བསྒྱུར་བ་ནི༔ ཀྱེ༔ སྒྱུར་རོ་རྒྱལ་པོ་དགོངས་སུ་གསོལ༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ ཤེལ་གྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ ཤེལ་གྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ཏེ་བྱ་མ་རྒྱུག༔ དེ་ན་མི་བཟང་དཔུང་རེ་བཟང༔ དེ་ན་རྟ་བཟང་ཁྱུ་རེ་ཆེ༔ དེ་ན་འཁོར་བཟང་ཉམས་རེ་དགའ༔ དེ་ན་སྨྲ་མཁས་ངག་རེ་སྙན༔ དེ་ན་ལོངས་སྤྱོད་ནོར་གྱིས་ཕྱུག༔ སྡེ་བརྒྱད་ཞབས་སྐྱོད་དེ་རུ་སྐྱོད༔ སྣང་སྲིད་ཕོ་བྲང་དེ་རུ་ཆོགས༔ ཀུ་རེ་ཀྱལ་ཁ་དེ་ན་མཛོད༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ཕ་བི་ན༔ གསེར་གྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ གསེར་གྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ཏེ་བྱ་མ་རྒྱུག༔ དེ་ན་མི་བཟང་དཔུང་རེ་ཆེ༔ དེ་ན་རྟ་བཟང་ཁྱུ་རེ་ཆེ༔ དེ་ན་འཁོར་བཟང་དཔུང་རེ་བཟང༔ དེ་ན་གསེར་དངུལ་ནོར་རེ་ཕྱུག༔ དེ་ན་ལོངས་སྤྱོད་ཐབས་རེ་དྲོ༔ དེ་ལ་གཏོ་མཁན་ལྟ་བ་མཛེས༔ ཡ་བདུད་ཕོ་བྲང་དེ་རུ་སྐྱོད༔ མ་བདུད་ཕོ་བྲང་དེ་རུ་སྤོས༔ སྐྱོད་ཅིག་རྒྱུགས་ཤིག་ད་རྒྱུགས་ཤིག༔ འདི་ནས་དེར་སོང་དེ་རུ་བཞུད༔ ཀྱེ༔ ཉི་མ་ནུབ་ཕྱོགས་ཕ་བི་ན༔ ཟངས་ཀྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ ཟངས་ཀྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ཏེ་བྱ་མ་རྒྱུག༔ དེ་ན་མི་བཟང་དཔུང་རེ་བཟང༔ དེ་ན་རྟ་བཟང་ཁྱུ་རེ་མགྱོགས༔ གཏོ་ཡས་ཁ་ལོ་དེ་རུ་སྒྱུར༔ སྣང་སྲིད་ཕོ་བྲང་དེ་རུ་ཐོབས༔ ཀུ་རེ་ཀྱལ་ཁ་དེ་རུ་མཛོད༔ ཀྱེ༔ ཉི་མ་བྱང་ཕྱོགས་ཕ་བི་ན༔ གཡུ་ཡི་མི་ཕོ་ཆེ་བ་རེ༔ ངག་རེ་སྙན་ཏེ་ཚངས་པའི་དབྱངས༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ གཡུ་ཡི་རྟ་ཕོ་གོ་ཆ་བཙན༔ འགྲོ་རེ་མཁས་ཏེ་ལང་མ་ལིང༔ དེ་ན་མི་བཟང་རྟ་ནོར་ཕྱུག༔ དེ་ན་ནོར་བཟང་ལོངས་སྤྱོད་ཕྱུག༔ དེ་ན་འཁོར་བཟང་དཔུང་དང་བཅས༔ སྣང་སྲིད་ཕོ་བྲང་དེ་རུ་སྐྱོད༔ བཙན་བདུད་རྟ་རྒྱུག་དེ་ན་རྒྱུགས༔ སྨན་གྱི་བྲོ་བརྡུང་དེ་རུ་རྡུངས༔ བརྟན་མའི་གླུ་ལེན་དེ་རུ་ལོངས༔ ཞབས་ཀྱིས་འདོར་དྲུག་དེ་རུ་སྤོས༔ ཕྱག་གི་སོར་རྡོ་དེ་རུ་ཕོངས༔ སྐྱོད་ཅིག་རྒྱུགས་ཤིག་དེ་རུ་རྒྱུགས༔ ཀུ་རེ་ཀྱལ་ཁ་དེ་རུ་མཛོད༔ འདི་ན་འདུག་པའི་གནས་མ་མཆིས༔ མདོས་ཀྱི་ཁ་ལོ་དེ་རུ་སྒྱུར༔ དེ་ནས་གསུམ་པ་དབང་བསྐུར་བ་ནི༔ ཀྱེ༔ དེ་རིང་སྲིད་པའི་ཉི་མ་ལ༔ སྲིད་པ་བཀའ་ཡི་མདོས་ཆེན་བཤམས༔ འབྱུང་བ་ལྔ་ཡི་ཟློག་མདོས་དེ༔ མཐོ་བ་རྣམས་ལ་དཔེ་ལེན་པ༔ སྟོན་པ་ཤཱཀྱ་ཐུབ་པ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ སྲིད་པའི་མདོས་ཆེན་འདི་འཕྲོས་པས༔ གང་ལ་ཐོགས་མེད་རྒྱུག་པའི་མདོས༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ རིན་ཆེན་སྣ་ལྔའི་ཁྱེར་མདོས་འདི༔ མཛེས་ཤིང་ཡིད་དུ་འོང་བའི་མདོས༔ འཕགས་པ་འཇམ་དཔལ་གཞོན་ནུ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ དྲེགས་པ་སྟོབས་ལྡན་ཟློག་པའི་མདོས༔ དྲེགས་ཟློག་བྱེད་པའི་མདོས་འདི་ལ༔ ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ སྣང་སྲིད་དགྱེས་པ་སྐོང་བའི་མདོས༔ གླིང་བཞི་སྲིད་པའི་ཁྱེར་མདོས་ལ༔ དབང་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ འདོད་ཡོན་ལྔ་ཡི་མཆོད་མདོས་ལ༔ ལྷ་མོ་ལྔ་ཡིས་དབང་བསྐུར་རོ༔ བཀྲག་དང་ལྡན་པའི་ནམ་མཁའ་ལ༔ ཉི་མ་ཟླ་བས་དབང་བསྐུར་རོ༔ བལ་ཚོན་སྤོ་ཚེ་ཤིང་རིས་ལ༔ སྤྲིན་དང་འཇའ་ཡིས་དབང་བསྐུར་རོ༔ ཁ་དོག་ལྡན་པའི་ནམ་མཁའ་ལ༔ འོད་དང་ཟེར་གྱིས་དབང་བསྐུར་རོ༔ ཟློག་བྱེད་སྲིད་པའི་མདོས་འདི་ལ༔ མཁའ་ལྡིང་རྒྱལ་པོས་དབང་བསྐུར་རོ༔ དྲག་པོ་ཟློག་བྱེད་མདོས་འདི་ལ༔ རྫུ་འཕྲུལ་མཐུ་ཡིས་དབང་བསྐུར་རོ༔ སྤྱན་གཟིགས་ཡས་སྟགས་སྣ་ཚོགས་ལ༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ༔ སྔོན་མོ་སྲིད་པའི་འཕེལ་ནས་འདི༔ འབྱུང་བ་ལྔ་ཡི་ཕོ་ཉ་སྟེ༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ མཚེ་དང་ཡུངས་དཀར་སྒོང་བུ་འདི༔ དྲག་པོ་སྔགས་ཀྱི་ཕོ་ཉ་ཡིན༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ རྫུ་འཕྲུལ་མཐུ་ཡིས་དབང་བསྐུར་རོ༔ དྲག་པོ་སྔགས་ཀྱིས་དབང་བསྐུར་རོ༔ གནམ་ལྕགས་ཐོག་གིས་དབང་བསྐུར་རོ༔ བསྐལ་པའི་མེ་ཡིས་དབང་བསྐུར་རོ༔ སྔགས་འཆང་བདག་གི་བཀའ་མ་བཅག༔ ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན༔ མདོས་ཡས་བདག་པོས་འདི་ལོངས་ཤིག༔ དེ་ནས་བཞི་པ་རྫོངས་འདེབས་པ་ནི༔ ཀྱེ༔ དེ་རིང་སྲིད་པའི་མདོས་ཆེན་ལ༔ ཡས་དང་གླུད་ཀྱི་རྫོངས་འདེབས་སོ༔ མདོས་བདག་འཁོར་བཅས་སྙན་གསོན་ཅིག༔ ཁྱུང་དང་འབྲུག་སེང་ལྷ་ཡི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ དར་ཟབ་གོས་ཅན་མི་ཡི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ ནམ་མཁའ་བལ་ཚོན་དྲི་ཟའི་ཡས༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ གླང་དང་མ་ཧེ་རྒྱལ་པོའི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ རྟ་མཆོག་གོ་ཁྲབ་དཔའ་བའི་གོ༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ ཉ་སྦལ་སྡོམ་སྡིག་ཀླུ་ཡི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ རྒོད་དང་ཁྲ་གླག་འབྱུང་པོའི་དཀོར༔ དེ་རིང་མདོས་ལ་རྫོངས༴ སྲེག་པ་གོང་འཇོལ་སྒབ་འདྲེའི་ཡས༔ དེ་རིང་མདོས་ལ་རྫོངས༴ འུག་པ་སྲིན་བྱ་སྲིན་པོའི་དཀོར༔ དེ་རིང་མདོས་ལ་རྫོངས༴ ཤ་དགོ་གཙོད་རུ་བཙན་སྲིའི་རྫས༔ དེ་རིང་མདོས་ལ་རྫོངས༴ རྒྱ་གནའ་གླང་རུ་མཁོན་འདྲེའི་རྫས༔ དེ་རིང་མདོས་ལ་རྫོངས༴ རྩ་སྐྱ་རེ་ལྕག་ཐེའུ་རང་རྫས༔ དེ་རིང་མདོས་ལ་རྫོངས༴ མི་རྟ་ཁྱི་རུས་ཡུལ་འདྲེའི་རྫས༔ དེ་རིང་མདོས་ལ་རྫོངས༴ རི་བོང་རྔ་དྲེད་ཆུང་སྲིའི་རྫས༔ དེ་རིང་མདོས་ལ་རྫོངས༴ མཛོ་འགལ་དྲེལ་གསུམ་རབས་ཆད་རྫས༔ དེ་རིང་མདོས་ལ་རྫོངས༴ ཤ་མོང་རམ་རུག་མོ་འདྲེའི་རྫས༔ དེ་རིང་མདོས་ལ་རྫོངས༴ བྲ་འབར་གྲོ་མ་མི་ཁའི་རྫས༔ དེ་རིང་མདོས་ལ་རྫོངས༴ ཚྭ་གཡེར་ཙོང་སྒོག་མི་ཁའི་རྫས༔ དེ་རིང་མདོས་ལ་རྫོངས༴ མཆིག་གུ་ཐི་གུ་མི་ཁའི་རྫས༔ དེ་རིང་མདོས་ལ་རྫོངས༴ རྐྱལ་གྲོད་ཟོ་སྟོང་འགོང་པོའི་རྫས༔ དེ་རིང་མདོས་ལ་རྫོངས༴ ཐག་ཆ་ཕུར་སྐོར་འགབ་འདྲེའི་ནོར༔ དེ་རིང་མདོས་ལ་རྫོངས༴ མཛོ་གླང་གཡག་རུ་དགྲ་བོའི་དཀོར༔ དེ་རིང་མདོས་ལ་རྫོངས༴ འགྲོ་བར་དེ་ནི་རྫོངས་འདེབས་སོ༔ བྱེ་བར་དེ་ནི་བརྔན་བྱིན་ནོ༔ རྐྱེན་ངན་ཟློག་པའི་ལས་མཛོད་ཅིག༔ དེ་ནས་ལྔ་པ་གཡང་ལེན་པ་ནི་འདི་སྐད་དོ༔ ཀྱེ༔ དེ་རིང་སྲིད་པའི་མདོས་གཏོང་ན༔ མི་ཡི་དམུ་ཐག་བཟུང་བ་དང༔ ནོར་གྱི་གོད་ཁ་གཅོད་པའི་ཕྱིར༔ སྣང་སྲིད་ལྷ་འདྲེ་འཁོར་དང་བཅས༔ མདོས་འདི་ཤར་གྱི་ཕྱོགས་སུ་གཏོང༔ ཤར་ཕྱོགས་དྲི་ཟ་ཕོ་མོ་ཡིས༔ མི་ཡི་བླ་སྲོག་བཟུང་པ་ཐོངས༔ ནོར་གྱི་ཕྱྭ་ཉམས་གཡང་སྐྱིལ་ཅིག༔ མདོས་འདི་ལྷོ་ཡི་ཕྱོགས་སུ་གཏོང༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་ཡིས༔ མི་ཡི་ཚེ་དང་སྲོག་ཉམས་སླུས༔ ནོར་གྱི་དཔལ་དང་གཡང་ཁུག་ཅིག༔ མདོས་འདི་ནུབ་ཀྱི་ཕྱོགས་སུ་གཏོང༔ ནུབ་ཕྱོགས་ཀླུ་དབང་ཕོ་མོ་ཡིས༔ མི་ཡི་བླ་སྲོག་བཟུང་པ་ཐོངས༔ ནོར་གྱི་ཕྱྭ་ཉམས་གཡང་སྒོ་བྲུབས༔ མདོས་འདི་བྱང་གི་ཕྱོགས་སུ་གཏོང༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོ་ཡིས༔ མི་བླ་གཉན་པོ་ཚུར་ལ་ཐོངས༔ ནོར་གཡང་སྒོ་དགུའི་སྒོ་སྡོམས་ཤིག༔ མདོས་འདི་ཤར་ལྷོ་མཚམས་སུ་གཏོང༔ ཤར་ལྷོ་མེ་ལྷ་ཕོ་མོ་ཡིས༔ མི་བླ་བཟུང་པ་ཚུར་ལ་ཐོངས༔ ནོར་གྱི་གོད་འདྲེའི་རྒྱུན་ལམ་ཆོད༔ མདོས་འདི་ལྷོ་ནུབ་མཚམས་སུ་གཏོང༔ ལྷོ་ནུབ་སྲིན་པོ་ཕོ་མོ་ཡིས༔ མི་ཡི་བླ་དང་སྲོག་ཐོངས་ཤིག༔ ནོར་གྱི་ཕྱྭ་དང་གཡང་ཁུག་ཅིག༔ མདོས་འདི་ནུབ་བྱང་མཚམས་སུ་གཏོང༔ ནུབ་བྱང་རླུང་ལྷ་ཕོ་མོ་ཡིས༔ མི་ཡི་ཚེ་དང་གླུད་བརྗེ་འཚལ༔ ནོར་གྱི་ཕྱྭ་དང་གཡང་སྩོལ་ཅིག༔ མདོས་འདི་བྱང་ཤར་མཚམས་སུ་གཏོང༔ བྱང་ཤར་དབང་ལྡན་ཕོ་མོ་ཡིས༔ མི་ཡི་སྲོག་དང་གླུད་བརྗེ་འཚལ༔ ནོར་གྱི་གོད་སྲི་ཁ་ཁོག་ཅིག༔ དེ་རིང་སྟོབས་ཆེན་མདོས་གཏོང་ན༔ མི་ཡི་དམུ་དག་ཚུར་ལ་ཁུག༔ ཕྱུགས་ཀྱི་སྣ་དགུ་ཚུར་ལ་ལེན༔ མཁར་གྱི་རྩེ་བླ་མ་འདྲོགས་ཤིག༔ དབུས་ཀྱི་ཀ་བ་མ་རྒུ་ཞིག༔ སྒོ་ཡི་སྟག་གཡག་མ་ལང་ཞིག༔ ལྷས་ཀྱི་ནོར་ལྷ་མ་འདྲོགས་ཤིག༔ ཕྱྭ་དང་གཡང་ལེན་ཚུར་ལ་ལེན༔ དེ་ནས་དྲུག་པ་བཀའ་བསྒོ་བ་ནི༔ ཀྱེ༔ ཡས་ཆེན་མདོས་འདི་གཏོང་བས་ན༔ སྣང་སྲིད་འཁོར་དང་བཅས་པ་རྣམས༔ དཔུང་དང་བཅས་པ་ད་སྐྱོད་འཚལ༔ དུངས་ཅན་ཟན་གྱིས་འགྲངས་པ་ལྟར༔ སློབ་དཔོན་བེར་གྱོན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ་ཞིག༔ དགེ་སློང་ཞབས་རྗེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ་ཞིག༔ དགེ་བཤེས་ཕྲེང་ཐོགས་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བཙུན་ཆུང་ཐལ་རྡེབ་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྡེ་པ་དར་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བློན་པོ་དུང་ཐོད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ དམག་མི་ཁྲབ་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ མོ་བཙུན་རྒྱལ་མོ་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བག་མ་རྒྱན་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བུ་མོ་བྱད་ལེགས་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྔགས་པ་ཐེབས་ཆེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྐྱེས་པ་མདའ་འཕེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བུད་མེད་ཆུ་ཁུར་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བྱིས་པ་ཤྭ་འཕེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བོན་པོ་ཁྱུང་རུ་ཅན་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ རྔོན་པ་ཁྱི་ཁྲིད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ ཟོག་པོ་སྤྲེལ་ཁྲིད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ དམེ་ཕོ་ཁྲབ་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྒོམ་པ་རྔ་ཁུར་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ ཡུག་ས་སྐྲ་བཤད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ ཁྲོམ་ཆེན་མང་པོ་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྲ་བའི་གོ་དང་རི་གཟར་རྦབ༔ སྟག་གཟིག་ཁྱུང་འབྲུག་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ་ཞིག༔ ཐམས་ཅད་རླུང་ནག་འཚུབ་མ་རུ༔ སྤྲུལ་ནས་དགྲ་ཡུལ་ཁེངས་པར་གྱིས༔ མགོ་གསུམ་གྱི་བཀའ་བསྒོ་ཚར་རོ༔ དེ་ནས་བདུན་པ་མགོ་གསུམ་གྱི་ཁལ་འགེལ་བ་ནི༔ ཀྱེ༔ སྣང་སྲིད་ལྷ་འདྲེ་གཉན་པོ་ལ༔ མདོས་དང་དེ་ནི་ཡས་འབུལ་ན༔ མདོས་ཀྱི་དཔུང་ཁྱེར་ཁལ་འགེལ་འཚལ༔ སྟོབས་ཆེན་གླང་པོ་མདོས་ཀྱི་ཁལ༔ ལྟག་པ་གཡས་སུ་ཕོ་མདོས་བཀལ༔ ལྟག་པ་གཡོན་དུ་མོ་མདོས་བཀལ༔ སྤྱི་བོའི་གཙུག་ཏུ་ཆུང་མདོས་བཀལ༔ སོག་པའི་སྟེང་དུ་ལྷ་མདོས་བཀལ༔ འབྲོང་བུ་དར་མ་མདོས་ཀྱི་ཁལ༔ རུ་ཁྱེར་གཡས་པར་ཕོ་མདོས་བཀལ༔ རུ་ཁྱེར་གཡོན་པར་མོ་མདོས་བཀལ༔ སྤྱི་བོའི་གཙུག་ན་ཆུང་མདོས་བཀལ༔ ལྟག་པར་བདུད་ཀྱི་ཁྲམ་མདོས་བཀལ༔ མཛོ་ཕོ་རུ་རིང་མདོས་ཀྱི་ཁལ༔ སོག་པ་གཡས་པར་ཕོ་མདོས་བཀལ༔ སོག་པ་གཡོན་པར་མོ་མདོས་བཀལ༔ རྒྱབ་ཏུ་གླིང་བཞི་སྤྱི་མདོས་བཀལ༔ མ་ཧེ་སྔོན་པོ་མདོས་ཀྱི་ཁལ༔ རྭ་རྩེ་གཡས་ལ་ཕོ་མདོས་བཀལ༔ རྭ་རྩེ་གཡོན་ལ་མོ་མདོས་བཀལ༔ སོག་པའི་དཀྱིལ་དུ་ཆུང་མདོས་བཀལ༔ གྱི་ལིང་རྟ་ཕོ་མདོས་ཀྱི་ཁལ༔ དཔུང་པ་གཡས་ལ་ཕོ་མདོས་བཀལ༔ དཔུང་པ་གཡོན་ལ་མོ་མདོས་བཀལ༔ སོག་པའི་དཀྱིལ་དུ་ཆུང་མདོས་བཀལ༔ གཡག་པོ་ཤེལ་ཅན་མདོས་ཀྱི་ཁལ༔ དཔུང་པ་གཡས་ལ་ཕོ་མདོས་བཀལ༔ དཔུང་པ་གཡོན་ལ་མོ་མདོས་བཀལ༔ རྒྱབ་ལ་སྲིད་པའི་མདོས་ཆེན་བཀལ༔ འཕོངས་ལ་མི་ནོར་གླུད་མདོས་བཀལ༔ ལག་པ་གཉིས་ཀྱིས་སྔ་ལམ་ཕྱེས༔ རྐང་པ་གཉིས་ཀྱིས་ཕྱི་ལམ་ཆོད༔ དཔྲལ་བས་གླིང་བཞིའི་གོ་རིམ་ཕྱེས༔ སྤྱན་གྱིས་སྟོང་ཁམས་འཇིག་རྟེན་གཟིགས༔ ཞལ་གྱིས་གདོན་ལ་ཤགས་ཐོབས་ཤིག༔ ཆད་པ་གདོན་ངན་ལས་ལྟར་ཆོམས༔ མཇུག་མས་ཐིལ་རང་ཕྱགས་མས་ཐོབས༔ མདོས་འདི་གནས་སུ་ཕྱིན་པར་མཛོད༔ དེ་ནས་བརྒྱད་པ་ཁྲམ་ཁ་སྒྱུར་བ་ནི་འདི་སྐད་དོ༔ ཀྱེ༔ ང་ནི་སྲིད་པའི་སྔགས་འཆང་སྟེ༔ དེ་རིང་སྲིད་པའི་མདོས་གཏོང་ན༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་འཚེ་བསམ་སྦྱོར་ངན་པ་ཡི༔ རྒྱལ་པོ་ལོ་ཡི་ཁྲམ་ཁ་ཟློགས༔ བློན་པོ་ཟླ་བའི་མདུན་ཁྲམ་ཟློག༔ བདུད་སྡེ་ཞག་གི་དམག་ཚོགས་ཟློག༔ དུས་ཚོད་མཚོན་གྱི་དམོད་དུག་ཟློག༔ འབྱུང་བ་ལྔ་ཡི་འཁྲུག་འདྲེ་ཟློག༔ སྨེ་བ་དགུ་ཡི་འདུན་བབས་ཟློག༔ སྤར་ཁ་བརྒྱད་ཀྱི་དམོད་ཁ་ཟློག༔ དྲུག་ཅུ་ལོ་ཡི་ཀག་བབས་ཟློག༔ ལྷ་ཡི་ཁྲམ་ཁ་བབས་པ་སྒྱུར༔ ཀླུ་ཡི་དུག་ནད་ལངས་པ་ཟློག༔ རྒྱལ་པོས་སྨྱོ་འབོག་བཏང་བ་ཟློག༔ བདུད་ཀྱིས་ཞགས་པ་གཡུག་པ་ཟློག༔ བཙན་གྱིས་མདའ་ཁ་འཕེན་པ་ཟློག༔ གཟའ་ཡིས་ཀིང་ཀང་འགྱེད་པ་ཟློག༔ གནོད་སྦྱིན་ནད་རྐྱལ་རྦད་པ་ཟློག༔ མ་མོས་ཁྲག་ནད་བཏང་བ་ཟློག༔ འབྱུང་པོས་ཆོ་འཕྲུལ་འགྱེད་པ་ཟློག༔ གཤིན་རྗེའི་ཁྲམ་ཁ་བབས་པ་ཟློག༔ ཐེའུ་རང་ཚེ་ལ་རྐུ་བ་ཟློག༔ དྲི་ཟས་རིམས་ནད་རྦད་པ་ཟློག༔ གྲུལ་བུམ་སྲོག་ལ་འཇབ་པ་ཟློག༔ དམུ་ཡིས་ཐན་ངན་འབེབས་པ་ཟློག༔ ཡས་ཀྱི་བདུད་ཁ་གཡོས་པ་ཟློག༔ མས་ཀྱི་སྲི་འདྲེ་ལངས་པ་ཟློག༔ སྐྱེས་པའི་སྲོག་ལ་འཇབ་པ་ཟློག༔ བུད་མེད་སྲིད་ལ་རྐུ་བ་ཟློག༔ བྱིས་པའི་བདུད་དུ་བབས་པ་ཟློག༔ མོ་ངན་སོག་སྡིགས་གཏོ་ཡིས་ཟློག༔ ལྟས་ངན་བདུད་བབས་མདོས་ཀྱིས་ཟློག༔ གཏོ་ཡིས་མི་ཟློག་གང་ཡང་མེད༔ མདོས་ཀྱིས་མི་སྒྱུར་གང་ཡང་མེད༔ ཡས་ཀྱིས་མི་ཁོག་གང་ཡང་མེད༔ དེ་རིང་ཟློག་སྒྱུར་དུས་ལ་བབ༔ ཁྲམ་ཁ་སྒྱུར་ལ་ཤོ་ཁ་ཟློགས༔ དེ་ནས་དགུ་པ་སྒོ་དབྱེ་བ་ནི༔ ཀྱེ༔ སྣང་སྲིད་ལྷ་འདྲེ་གཉན་པོ་རྣམས༔ མདོས་དང་ཡས་གཏོང་སྒོ་དབྱེ་འཚལ༔ ཤར་གྱི་སྒོ་བ་དེ༔ དུང་དང་ཉལ་པོ་ཡིན༔ རྭ་བཅུ་ཟངས་སེ་ཟང༔ ལྷོ་ཡི་སྒོ་བ་དེ༔ སྤྲ་ནི་འཐིང་པོ་ཡིན༔ སྤྲ་སྐད་ཙེ་རེ་རེ༔ ནུབ་ཀྱི་སྒོ་བ་དེ༔ གཡུ་འབྲུག་སྔོན་མོ་ཡིན༔ གློག་དམར་ཁྱུགས་སེ་ཁྱུག༔ བྱང་གི་སྒོ་བ་དེ༔ སྨྲ་མཁན་ནེ་ཚོ་ཡིན༔ སྨྲ་མཁས་ས་ལ་ལ༔ ཤར་ལྷོའི་སྒོ་བ་དེ༔ གསེར་སྦྲུལ་སེར་པོ་ཡིན༔ དུང་མཚམས་རུགས་སེ་རུག༔ ལྷོ་ནུབ་སྒོ་བ་དེ༔ ཁུ་བྱུག་སྔོན་མོ་ཡིན༔ གསུང་སྐད་ལྷངས་སེ་ལྷང༔ ནུབ་བྱང་སྒོ་བ་དེ༔ རྒྱ་སྟག་ཁྲ་བོ་ཡིན༔ རི་མོ་ཡ་ལ་ལ༔ བྱང་ཤར་སྒོ་བ་དེ༔ གཟིག་མོ་དར་མ་ཡིན༔ ཐིག་ལེ་ཤིགས་སེ་ཤིག༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས༔ བྱང་ཤར་ལྕགས་སྒོ་ནག་པོ་ཕྱེས༔ གཏོ་སྒོ་མདོས་སྒོ་ཕྱེ་རེ་རན༔ ཡས་སྒོ་བདུད་སྒོ་ད་ཕྱེ་འཚལ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེ་འཚལ༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག༔ སྒོ་བ་རྣམས་ཀྱི་གཡས་ཕྱོགས་ན༔ དུང་གི་རྟ་ཕོ་ཙེ་རེ་རེ༔ སྒོ་བ་རྣམས་ཀྱི་གཡོན་ཕྱོགས་སུ༔ དུང་གི་སྨན་ཕྲན་ཟུ་ལུ་ལུ༔ ཡས་གཤེགས་དེ་ནི་ད་རེ་རན༔ གླུད་འགྲོ་དེ་ནི་ད་རེ་རན༔ མདོས་ཀྱི་སྒོ་དབྱེ་ད་གཤེགས་འཚལ༔ དེ་ནས་བཅུ་པ་ཡུལ་བཙལ་བ་ནི༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཤེལ་གྱི་སྐུ་མཁར་ལྡེམས་སེ་ལྡེམ༔ དར་གྱི་འཕན་གདུགས་པུ་རུ་རུ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོ་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ འཁོར་དང་ལོངས་སྤྱོད་དེ་ན་མང༔ སྔགས་འཆང་བདག་གི་མངའ་རིས་ཏེ༔ སྲིད་པའི་མདོས་ཀྱི་ལམ་ཡིན་པས༔ སྣང་སྲིད་ཕོ་བྲང་དེ་ན་ཐོབས༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ མཐིང་གི་སྐུ་མཁར་ལྡེམས་སེ་ལྡེམ༔ དར་གྱི་འཕན་གདུགས་པུ་རུ་རུ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོའི་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ འཁོར་དང་བུ་རྟ་དེ་ན་རགས༔ གཏོ་མཁན་བདག་གི་མངའ་རིས་ཏེ༔ སྲིད་པའི་མདོས་ཀྱི་ཡུལ་ཡིན་པས༔ ཡས་གླུད་བསགས་པའི་ཕོ་བྲང་མཛོད༔ ཀྱེ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ཟངས་མཁར་དམར་པོ་ལྡེམས་སེ་ལྡེམ༔ རྒྱལ་མཚན་བ་དན་ལྷུབས་སེ་ལྷུབ༔ མུ་ཏིག་པད་ཕྲེང་ན་ར་ར༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོའི་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ མངའ་རིས་ལོངས་སྤྱོད་དེ་ན་ཆེ༔ སྔགས་འཆང་བདག་གི་དཀོར་ཆ་དེ༔ དེ་རིང་སྣང་སྲིད་བགེགས་ལ་ཕོག༔ ཡས་གླུད་བསགས་པའི་སྐུ་མཁར་མཛོད༔ ཀྱེ༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ གཡུ་ཡི་སྐུ་མཁར་ལྡེམས་སེ་ལྡེམ༔ པ་དྲ་གད་རྒྱངས་ཤིགས་སེ་ཤིག༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོའི་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ དཀོར་ནོར་མངའ་རིས་དེ་ན་མང༔ འདོད་ཡོན་ལྟད་མོ་དེ་ན་ཆེ༔ གཏོ་མཁན་བདག་གི་མངའ་རིས་ཏེ༔ དེ་རིང་སྲིད་པའི་མདོས་ལ་ཕོག༔ ཡས་གླུད་བསགས་པའི་ཕོ་བྲང་མཛོད༔ དེ་ན་གཤེགས་པའི་རྟ་རྒྱུག་མཛོད༔ དེ་ན་དགྱེས་པའི་གླུ་གར་མཛོད༔ ཡས་གླུད་གནས་སུ་ཐེངས་པར་མཛོད༔ དེ་ནས་བཅུ་གཅིག་པ་ལམ་བསྟན་པ་ནི༔ ཀྱེ༔ དེ་རིང་མདོས་ཀྱི་ལམ་བསྟན་འཚལ༔ སྣང་སྲིད་ཡས་ཀྱི་བདག་པོ་རྣམས༔ མདོས་ལམ་དགུང་སྔོན་དབྱིངས་ན་བསྟན༔ དགུ་ཚིགས་སྐྱ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ཆུ་བོའི་གཞུང་དུ་བསྟན༔ གཙང་ཆབ་གཞུང་རིང་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་གངས་རིའི་རྩེ་ལ་བསྟན༔ གངས་བུད་ཐད་གཏོང་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་སྟོང་ལམ་གཞུང་ལ་བསྟན༔ སྟོང་ལམ་སྐྱ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་རྒྱ་ལམ་སྲང་ལ་བསྟན༔ སྦ་ཟམ་ལྡེམ་པ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ལྕགས་ཟམ་ལྡེམ་ལ་བསྟན༔ ལྕགས་ཟམ་ལྡེམ་པ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ཉིན་རི་དཀར་ལ་བསྟན༔ སྟོང་ལམ་སྐྱ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་སྲིབ་རི་ནག་ལ་བསྟན༔ ནག་ལམ་མུན་པ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་རི་གསུམ་རྩེ་ལ་བསྟན༔ བྲག་རི་སུལ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ལུང་གསུམ་མདོ་རུ་བསྟན༔ ཆུ་མིག་གཞུང་རིང་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ཆོས་ཀྱི་དབྱིངས་སུ་བསྟན༔ ཡེ་ཤེས་རོལ་པ་མདོས་ཀྱི་ལམ༔ གཉིས་མེད་དག་པའི་ལམ་དུ་སོང༔ མ་བཅོས་རང་གྲོལ་གནས་གྱུར་ཅིག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བཅུ་གཉིས་པ་ཞིག་ས་བསྟན་པ་ནི༔ ཀྱེ༔ སྣང་སྲིད་འཁོར་དང་བཅས་པ་རྣམས༔ སྔགས་འཆང་སྨྲས་ལ་སྙན་གསོན་དང༔ སྟོང་གསུམ་སེམས་ཅན་མི་རྟག་ལ༔ རིགས་དྲུག་སེམས་ཅན་ལུས་སེམས་འབྲལ༔ དེ་བས་མདོས་ཀྱང་མི་རྟག་རྒྱུ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གསོན་དང་སྣང་སྲིད་མདོས་ཀྱི་ཚོགས༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ དཔག་བསམ་ཤིང་གི་སྡོང་པོ་ལ༔ ལོ་མ་མེ་ཏོག་འབྲས་བུ་ལྡན༔ སྐྱི་སེར་རླུང་གིས་དུམ་བུར་བཏང༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ བསྐལ་པ་དུས་ཀྱི་མེ་དཔུང་ལ༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཆུ་རླབས་ཟིལ་པ་ཆེ་ནས་གསོད༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ཁྲོ་ཞུན་ལྡན་པའི་ཕ་ཝཾ་ལ༔ སྲ་བརྟན་དཀར་གསལ་འོད་དང་ལྡན༔ འབར་བ་མེ་ཡིས་ཆུ་རུ་བསྐོལ༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ རྒྱ་མཚོ་ཆེན་པོ་ཡན་ལག་བརྒྱད༔ རྦ་རླབས་ལྦུ་བ་འཛུམ་དང་ལྡན༔ ཡེ་ཤེས་ཉི་མས་སྐམ་པ་ནི༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་དབུས་ཕྱོགས་ཕ་ཀི་ན༔ གསེར་གྱི་རི་རབ་ལྷུན་པོ་ལ༔ རི་བདུན་རོལ་པའི་མཚོ་ཡིས་བསྐོར༔ འབྱུང་བ་འཁྲུགས་པས་འཇིག་ཅིང་སྟོངས༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཁྱི་སྤྲང་ལོང་བའི་ལྟོ་ཡང་རུང༔ མཛེ་ཕོ་དམེ་ཡུག་ལྟོ་ཡང་རུང༔ མགྲོན་དང་བྱིས་པའི་ལྟོ་ཡང་རུང༔ ཞིག་ཅིང་གྲུག་པའི་མདོས་ཡིན་པས༔ རུ་མ་ང་ལ་ཕྲག་མ་དོག༔ ཡས་གླུད་དཔུང་དང་བཅས་ཏེ་གཤེགས༔ དེ་ནས་བཅུ་གསུམ་པ་གྲུབ་གནས་བསྟན་པ་ནི༔ ཀྱེ༔ གསོན་དང་སྣང་སྲིད་ལྷ་འདྲེ་རྣམས༔ དགོངས་དང་མདོས་དང་ཡས་ཀྱི་བདག༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཤེལ་གུར་དཀར་པོའི་ནང༔ ཁམས་གསུམ་བདག་པོ་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པས་གཞུ་བདུང་ཞིང༔ མདའ་སྒྲ་ཤ་ར་ར༔ བུད་མེད་བལ་འཁལ་མ༔ ཞུད་སྒྲ་སྒ་ར་ར༔ མོ་བཙུན་གླུ་ལེན་མ༔ གསུང་སྙན་ཀྱུ་རུ་རུ༔ བྱིས་པ་རྩེ་རྒྱུག་པ༔ རྒྱུག་དང་བྲིངས་སེ་བྲིང༔ མདོས་ལ་འབོད་ཏང་ཏང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ན༔ གསེར་གུར་སེར་པོ་ན༔ སྲིན་པོ་འདུལ་མཛད་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པས་མདའ་འཕེན་པ༔ མདའ་སྒྲ་ས་ལ་ལ༔ བུད་མེད་བལ་འཁལ་བ༔ ཞུད་སྒྲ་སྒ་ར་ར༔ སྨན་ཕྲན་གླུ་ལེན་པ༔ གསུང་སྙན་ཀྱུ་རུ་རུ༔ བྱིས་པ་རྩེ་ཞིང་རྒྱུག༔ འདུར་འགྲོས་ལྷངས་སེ་ལྷང༔ མདོས་ལ་འབོད་ཏང་ཏང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཀྱེ༔ ཉི་མ་ནུབ་ཕྱོགས་ན༔ མཆོང་གུར་སྨུག་པོའི་ནང༔ རྡོ་རྗེ་མཆུ་ཡོན་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པ་མདའ་འཕེན་པ༔ མདའ་སྒྲ་ས་ལ་ལ༔ བུད་མེད་བལ་འཁལ་མ༔ ཞུད་སྒྲ་སྒ་ར་ར༔ སྨན་ཤར་ཐོད་ཅན་གྱིས༔ གླུ་ལེན་ཀྱུ་རུ་རུ༔ བྱིས་པ་ཆུང་ཅན་གྱིས༔ རྩེ་རྒྱུག་པྲིངས་སེ་པྲིང༔ མདོས་ལ་འབོད་ཏང་ཏང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཀྱེ༔ ཉི་མ་བྱང་ཕྱོགས་ན༔ གཡུ་གུར་སྔོན་པོའི་ནང༔ བྱི་ནཱ་ཡ་ཀ་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པས་མདའ་འཕེན་པ༔ མདའ་སྒྲ་ས་ལ་ལ༔ བུད་མེད་བལ་འཁལ་བ༔ ཞུད་སྒྲ་སྒ་ར་ར༔ སྨན་བཙུན་གླུ་ལེན་པོ༔ གསུང་སྙན་ཀྱུ་རུ་རུ༔ བྱིས་པ་རྩེ་ཞིང་རྒྱུག༔ འདུར་འགྲོས་ལྷངས་སེ་ལྷང༔ མདོས་ལ་འབོད་ཏོང་ཏོང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཡ་བདུད་དེ་རུ་སྐྱོད༔ མ་བདུད་དེ་རུ་ཕྱོགས༔ བཙན་ཏྲ་དེ་རུ་ཐོངས༔ སྨན་ཕྲན་དེ་རུ་ཐོབས༔ ཞབས་བྲོ་དེ་རུ་རྡུངས༔ ཕྱག་རྡོ་དེ་རུ་ཕོངས༔ ཀུ་རེ་དེ་རུ་མཛོད༔ ཀྱལ་ཁ་དེ་རུ་རྩོད༔ དེ་ནས་བཅུ་བཞི་པ་སྐོས་འདེབས་པ་ནི༔ ཀྱེ༔ དེ་རིང་སྲིད་པའི་མདོས་གཏོང་ན༔ མི་དང་སྣང་སྲིད་མདོས་མཚམས་ཆོད༔ འཛམ་གླིང་སྐོས་ཀྱི་བདག་པོ་སྟེ༔ སྐོས་རྗེ་གཉན་པོ་སྐོས་ལ་བྱོན༔ ཆགས་ཤིང་ཐོགས་ལ་སྐྱེམས་ལ་བྱོན༔ དེ་རིང་མདོས་ལ་སྐོས་འདེབས་འཚལ༔ མདོས་འདི་ཉི་མ་ཤར་དུ་རྫོང༔ དྲི་ཟ་འབུམ་འབུམ་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ ཁྲོ་རྒྱལ་རྡོ་རྗེ་འཛིན་གྱིས་ས་མཚམས་ཆོད༔ མདོས་འདི་ཉི་མ་ལྷོ་རུ་རྫོང༔ གྲུལ་བུམ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ གཤིན་རྗེའི་རྒྱལ་པོས་ས་མཚམས་ཆོད༔ མདོས་འདི་ཉི་མ་ནུབ་ཏུ་རྫོང༔ ཀླུ་དབང་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ རྟ་མགྲིན་རྒྱལ་པོས་ས་མཚམས་ཆོད༔ མདོས་འདི་ཉི་མ་བྱང་དུ་རྫོང༔ གནོད་སྦྱིན་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ བདུད་རྩི་འཁྱིལ་བས་ས་མཚམས་ཆོད༔ མདོས་འདི་ཤར་ལྷོ་མཚམས་སུ་རྫོང༔ མེ་ལྷ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་དུང་ཁྲབ་ཅན༔ སྲིད་པའི་སྐོས་ཐོབས་ས་མཚམས་ཆོད༔ མདོས་འདི་ལྷོ་ནུབ་མཚམས་སུ་རྫོང༔ སྲིན་པོ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་གསེར་ཆ་ཅན༔ སྲིད་པའི་སྐོས་ཐོབས་མཚམས་ཆོད་ཅིག༔ མདོས་འདི་ནུབ་བྱང་མཚམས་སུ་རྫོང༔ རླུང་ལྷ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་ཟངས་གཟུགས་ཅན༔ སྲིད་པའི་སྐོས་ཐོབས་ས་མཚམས་ཆོད༔ མདོས་འདི་བྱང་ཤར་མཚམས་སུ་རྫོང༔ དབང་ལྡན་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་གཡུ་ཤུབས་ཅན༔ སྲིད་པའི་སྐོས་ཐོབས་ས་མཚམས་ཆོད༔ སྲིད་པའི་མདོས་ཆེན་འདི་བརྫངས་པས༔ ཕྱིན་ཆད་འདི་རུ་མ་གནོད་ཅིག༔ དེ་ནས་བཅོ་ལྔ་པ་གླུད་བསྔོ་བ་ནི༔ ཀྱེ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ སེམས་ཀྱི་གླུད་འདི་མཁའ་ལ་འཇལ༔ ནམ་མཁར་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ དབུགས་ཀྱི་གླུད་འདི་རླུང་ལ་འཇལ༔ རླུང་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཁྲག་གི་གླུད་འདི་ཆུ་ལ་འཇལ༔ ཆུ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་བཟུང་པ་ད་ཐོངས་ཤིག༔ ཤ་ཡི་གླུད་འདི་ས་ལ་འཇལ༔ ས་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ཚུར་ལ་ཐོངས༔ དྲོད་ཀྱི་གླུད་འདི་མེ་ལ་འཇལ༔ མེ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ རུས་པའི་གླུད་འདི་རྡོ་ལ་འཇལ༔ རྡོ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ད་ཐོངས་ཤིག༔ ཕུང་པོའི་གླུད་འདི་རི་ལ་འཇལ༔ རི་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ད་ཐོངས་ཤིག༔ ལྤགས་པའི་གླུད་འདི་ཐང་ལ་འཇལ༔ ཐང་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ སྐྲ་ཡི་གླུད་འདི་ཤིང་ལ་འཇལ༔ ནགས་ཚལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་མདོས་བཞེས༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ད་ཐོངས་ཤིག༔ བ་སྤུའི་གླུད་འདི་རྩ་ལ་འཇལ༔ རྩ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ བསྒོས་པའི་བཀའ་བདེན་བདེན་ཚིག་བདར༔ བཀའ་ལ་ཉོན་ཅིག་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་བཅུ་དྲུག་པ་མདོས་བསྐྱལ༔ རོལ་མོ་རྣམས་དྲག་ཏུ་ལྡིར༔ ཆོས་རྒྱལ་ཁྲི་སྲོང་གི་སྤྲུལ་པ་ཉང་གི་ཉི་མ་འོད་ཟེར་གྱིས་བསམ་ཡས་བྱང་ཆུབ་གླིང་ནས་བཏོན་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).