Terdzo-PHI-044

From Rinchen Terdzö

འགོ་བའི་ལྷ་ལྔའི་གསོལ་མཆོད་བསང་དང་བཅས་པ་ཡར་ངོའི་ཟླ་རྒྱས་

'go ba'i lha lnga'i gsol mchod bsang dang bcas pa yar ngo'i zla rgyas

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གྲྭ་པ་མངོན་ཤེས་ (Drapa Ngönshe)
in cycle  འགོ་བའི་ལྷ་ལྔས་སྐྱོབ་པའི་གདམས་པ་ ('go ba'i lha lngas skyob pa'i gdams pa)
Volume 44 (ཕི) / Pages 491-506 / Folios 1a1 to 8b6

[edit]

༄༅། །འགོ་བའི་ལྷ་ལྔའི་གསོལ་མཆོད་བསང་དང་བཅས་པ་ཡར་ངོའི་ཟླ་རྒྱས་ཞེས་བྱ་བ་བཞུགས་སོ། ། རྩ་བ་གསུམ་ལ་ཕྱག་འཚལ་ལོ། །ལུས་དང་གྲིབ་མ་ལྟར་ལྷན་ཅིག་སྐྱེས་པའི་འགོ་བའི་ལྷ་ལྔ་དར་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡིན་ཡང་བསམ་དོན་ཡིད་བཞིན་འགྲུབ་ཅིང་བར་ཆད་མི་འབྱུང་བ་དང་། གུད་ན་བྱ་བ་ལམ་དུ་མི་འགྲོ་ཞིང་བར་ཆད་མང་བས་རབ་རྟེན་བཅའ་ཞིང་གཡང་སྐྱབས་ལྟར་གཏར་གཟུང་། དེ་མི་འགྲུབ་ནའང་རྒྱུན་གྱི་གསོལ་མཆོད་ཙམ་འགྲུབ་ན་ཤིན་ཏུ་བཟང་། དེ་ལ་རྟེན་དང་འཁོར་ལོའི་བཅའ་གཞི་གསོལ་མཆོད་སོགས་རྒྱས་པ་གྲྭ་མངོན་དང་ཆོས་དབང་སོགས་ཀྱི་གཏེར་ཁ། ལྔ་པའི་ཆོག་སྒྲིག་སོགས་ལས་གསལ་ཞིང་། འདིར་ལག་ལེན་སྟབས་བདེར་འགོད་ན། དགྲ་བླ་སྤྱིའི་རྟེན་ཡིན་པས་མདུང་དར་ལ་ལྷ་ལྔའི་སྐུ་བྲིས་པ་དང་སྟག་གཟིག་དར་སྣ་འགྲོན་བུ་མེ་ལོང་རྔ་ཚོས་ཁྲབ་བྱང་སོགས་བཏགས་པ་ཡོད་ན་ལེགས། རྒྱུན་གསོལ་ཙམ་ལ་མེད་ཀྱང་ཆོག །མཆོད་གཏོར་ནི་སྣོད་གཙང་མར། བཤོས་ཟླུམ། འབྲང་རྒྱས་རྩེ་རྒྱལ། གཡག་ལུག་ར་གསུམ་བཅས་ཐམས་ཅད་དཀར་པོ། དགྲ་བླ་ལ་དམར་གཏོར་ཟུར་གསུམ་བཅས་བཞག །དར་ཟབ་རིན་ཆེན་འབྲུ་སྣ་སོགས་བླུགས། ཇ་ཆང་འོ་ཕུད་ཕྱེ་མར་སོགས་མཆོད་རྫས་གང་འབྱོར་བཤམ། མཆོད་གཏོར་མི་འཛོམ་པའི་རྒྱུན་གསོལ་ལ་ནི་ཕྱེ་མར་གསེར་སྐྱེམས་ཙམ་གྱིས་ཀྱང་འཐུས་སོ། །བདག་ཉིད་ཡི་དམ་གང་རུང་གསལ་བཏབ་ལ། མཆོད་རྫས་ལ་ཆབ་བྲན། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾཿ མཚན་འཛིན་གྱི་དྲི་མ་སྟོང་པར་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་གཏོར་རྣམས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་མཁོ་དགུའི་ལོངས་སྤྱོད་ཅི་འདོད་འཆར་བ། མི་ཟད་པའི་གཏེར་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ཕྱག་རྒྱ་བཅས་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། དེ་ནས་རྟེན་དང་མཆོད་གཏོར་ཡོད་ན་བསྐྱེད་ཆོག་འདི་འདོན། དེ་དག་མེད་པ་དང་དཀྱུས་ཙམ་ལ་བསྐྱེད་ཆོག་དོར་ནས་སྤྱན་འདྲེན་ལ་འཇུག་པས་ཆོག་གོ །བསྐྱེད་ཆོག་ནི། བསང་སྦྱང་། སྟོང་པའི་ངང་ལས། རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་པད་ཟླའི་གདན་ལྔ་གྲལ་ཐབས་སུ་བསྒྲིགས་པའི་དང་པོ་ལ། ཛྙཱ་ལས་མ་ལྷ་མོ་བཙུན་དར་མ་དཀར་དམར་མཛེས་འཛུམ་དར་དཀར་སྔོན་གྱི་གོས་དང་རིན་པོ་ཆེའི་རྩེ་བྲན་དང་མགུལ་གཡུ་སོགས་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། མདའ་དར་དང་མེ་ལོང་ཐོགས་ནས་ཤ་བ་ཡུ་མོ་ལ་འཆིབ་པ། མ་སྲུ་དྲུ་གུ་དང་འཕང་ལོ་ཐོགས་པ་དང་ན་ཆུང་དང་ཤ་བའི་ཚོགས་ཀྱི་སྤྲུལ་པ་མང་པོ་སྟོན་པ། དེ་དང་ལྷན་ཅིག་པར་ཞང་ལྷ་སྐྱེས་པ་དར་མ་དཀར་པོ་མཛེས་བརྗིད་ཁྲབ་རྨོག་འཁོར་གསུམ་ཅན། མདུང་དར་དང་རིན་པོ་ཆེའི་སྒྲོམ་བུ་ཐོགས་ཤིང་ཞང་བློན་དང་བྱ་ཆེན་གོ་བོའི་སྤྲུལ་པ་སྟོན་པ། གདན་གཉིས་པར་ན་ལས་སྲོག་ལྷ་དཀར་པོ་ཤེལ་གྱི་ཁྲབ་རྨོག་སྟག་རལ་གཟིག་ཤུབས་བཅིངས་ཤིང་སྭག་ལྷྭམ་མནབས་པ། མདུང་ཞགས་དང་ཚེ་བུམ་ཐོགས་ཤིང་རྟ་མཆོག་ངང་པ་ལ་འཆིབ་པ། མི་དཀར་རྟ་དཀར་མང་པོ་སྤྲུལ་པ་དང་ཆབས་ཅིག་ལྷན་ཅིག་སྐྱེས་པའི་ཕྲག་ལྷ་མི་དཀར་དུང་གི་གོ་མཚོན་དར་དང་རིན་པོ་ཆེའི་རྒྱན་ཅན། མདུང་དར་དང་རྒྱལ་མཚན་ཐོགས་ནས་ཁྱུང་ཆེན་ལ་འཆིབ་ཅིང་མི་དཀར་མང་པོ་སྤྲུལ་པ། གདན་གསུམ་པར་ཨ་ལས་ཕོ་ལྷ་དཀར་པོ་ལང་ཚོ་དར་ལ་བབས་པ་དར་སྔོན་གྱི་བེར་དང་ཐོར་ཅོག་དར་གྱིས་བཅིངས་པ། སྭག་ལྷྭམ་དང་རིན་པོ་ཆེའི་རྒྱན་ཅན་ནོར་བུ་དང་རིན་པོ་ཆེའི་གང་བའི་གཞོང་པ་ཐོགས་ནས་རྟ་མཆོག་ངང་དཀར་ལ་འཆིབ་པ། སྐྱེས་པ་གོ་ཁྲབ་ཅན་དང་ཕ་སྤུན་མང་པོར་སྤྲུལ་པ་དང་ལྷན་ཅིག་དབང་ཐང་སྤེལ་བའི་ལྷ་དང་སྲིད་པའི་ཕ་མཚུན་དགྲ་བླའི་ཚོགས་རྣམས་རྒྱན་གོས་བཀྲག་མདངས་གཟི་བརྗིད་འོད་དུ་འབར་བ། གདན་བཞི་པར་ཡུ་ལས་ཡུལ་ལྷ་དཀར་པོ་དར་བེར་གོ་ཁྲབ་འཁོར་གསུམ་དཔའ་བའི་ཆས་ཅན་དར་མདུང་མདའ་གཞུ་ཐོགས་ནས་རྟ་དཀར་ལ་འཆིབ་པ། ཡུལ་གྱི་གཙོ་རྗེ་མཛའ་བཤེས་གཡག་དཀར་ལུག་ཁྱུའི་སྤྲུལ་པ་སྟོན་པ་དང་ལྷན་ཅིག །ཁྱིམ་ལྷ་ཕུག་ལྷ་ཐབ་ལྷ་ཞིང་ལྷ་ཕྱུགས་ལྷ་མཁར་གྱི་རྩེ་ལྷ་རྣམས་རྒྱན་གོས་སྣ་ཚོགས་ཀྱིས་སྤྲས་པ། གདན་ལྔ་པར་ཤེ་ལས་དགྲ་ལྷ་དཀར་པོ་དཔའ་བརྗིད་དུང་རྨོག་བསེ་ཁྲབ་འཁོར་གསུམ་དར་བེར་རིན་པོ་ཆེའི་རྒྱན་དང་སྭག་ལྷྭམ་མནབས་པ། གཡས་རལ་གྲི་དང་གཡོན་མདུང་ཞགས་བསྣམས་ནས་དུང་རྟ་རླུང་གི་ཤུགས་ཅན་ལ་འཆིབ་པ། དགེ་བཤེས་མི་དཀར་ཞུབས་ཅན་ཁྲ་སྤྱང་གཡག་རྒོད་མང་པོར་སྤྲུལ་པ་དང་ལྷན་ཅིག་ཕ་མེས་དགུ་བརྒྱུད་ནས་བསྟེན་བསྒྲུབས་མཆོད་པའི་ལྷ་དང་སྲུང་མའི་ཚོགས་རྣམས་དགྱེས་འཛུམ་གཟི་བརྗིད་དང་བཅས་ཏེ་འཁོད་པ། གཞན་ཡང་སྟེང་འོག་ཕྱོགས་མཚམས་མཐའ་སྐོར་ཀུན་ཏུ་མགོན་སྐྱབས་སྡོངས་གྲོགས་བྱེད་པའི་ལྷ་དང་སྲུང་མ་གཉན་པོ་རྣམས་སྤྲུལ་པ་དུ་མ་དང་བཅས་ཏེ་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་དང་། རང་གི་ཐུགས་སྲོག་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་ཁ་འཛིན་རྒྱབ་རྟེན་སྡོངས་གྲོགས་བྱེད་པའི་ལྷ་སྲུང་གཉན་པོ་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་བསྐྱེད་ལ་སྤྱན་དྲང་བ་ནི། སྤོས་དང་རོལ་མོ་འཁྲོལ་ལ། ཀྱེ། འགོ་བའི་ལྷ་ལྔ་སྤྱན་འདྲེན་ནོ། །དགྱེས་རྫས་ཚོགས་ཀྱིས་མཆོད་ལགས་ན། །བདག་ལ་སྲུང་ཞིང་སྐྱོབ་པའི་ཕྱིར། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །སྲོག་ལྷ་འཛིན་པོ་སྤྱན་འདྲེན་ནོ། །སྙིང་གི་དཀྱིལ་ནས་གཤེགས་སུ་གསོལ། །སྤྲུལ་པ་མི་དཀར་མང་པོར་སྤྲུལ། །ར་སྐྱེས་ཁམ་པས་མཆོད་ལགས་ན། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །དགྲ་བླ་གཉན་པོ་སྤྱན་འདྲེན་ནོ། །ཕྲག་པ་གཡས་ནས་གཤེགས་སུ་གསོལ། །སྤྲུལ་པ་མི་དཀར་ཞུབས་ཅན་སྤྲུལ། །མཆོད་པ་བཤོས་བུ་གཙང་མས་མཆོད། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །ཕོ་ལྷ་གཉན་པོ་སྤྱན་འདྲེན་ནོ། །མཆན་ཁུང་གཡས་ནས་གཤེགས་སུ་གསོལ། །སྤྲུལ་པ་ཕ་སྤུན་དར་མར་སྤྲུལ། །མཆོད་པ་བསང་ལུག་གཙང་མས་མཆོད། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །མ་ལྷ་གཉན་མོ་སྤྱན་འདྲེན་ནོ། །མཆན་ཁུང་གཡོན་ནས་གཤེགས་སུ་གསོལ། །སྤྲུལ་པ་ན་ཆུང་མང་པོར་སྤྲུལ། །མཆོད་པ་སྨན་ལེབ་གཙང་མས་མཆོད། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །ཡུལ་ལྷ་གཉན་པོ་སྤྱན་འདྲེན་ནོ། །སྤྱི་བོའི་གཙུག་ནས་གཤེགས་སུ་གསོལ། །མཆོད་པ་གཡག་དཀར་དག་གིས་མཆོད། །སྤྲུལ་པ་ཡུལ་གྱི་གཙོ་རྗེར་སྤྲུལ། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །གཞན་ཡང་མགོན་སྐྱབས་བྱེད་པའི་ལྷ། །ཆོས་ལ་དགའ་བའི་ཆོས་སྐྱོང་དང་། །བོན་ལ་དགའ་བའི་བོན་སྐྱོང་དང་། །ཕ་མེས་རྒྱུད་ཀྱི་སྲུང་མ་དང་། །མི་བུ་གདུང་དྲུག་དགྲ་བླ་དང་། །གཞི་བྱེས་ལྷ་དང་ཡུལ་ལྷ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དར་དང་རིན་ཆེན་གདན་ཁྲི་ལ། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །སྤོས་ཆབ་བམ་ཆུ་གཙང་འཐོར་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡངས་པ་ཡི། །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས། །ཡེ་ཤེས་མཁའ་ལ་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །མཆོད་པ་ནི། ཀྱེ། སྔོན་ནས་ལས་ཀྱིས་འབྲེལ་པའི་ལྷ། །ད་ལྟ་མི་འབྲལ་གྲོགས་མཛད་པའི། །བརྩེ་གདུང་མགོན་བྱེད་ཁྱེད་རྣམས་ལ། །རྒྱ་ཇ་ངད་ལྡན་འོ་མའི་མཚོ། །རོ་ལྡན་ཆང་དང་གཙང་མའི་ཆབ། །མགུལ་གྱི་སྐྱེམས་དང་ཁྲུས་སུ་འབུལ། །དར་རས་གོས་བཟང་ལྷབ་ལྷུབ་བེར། །སྟག་གཟིག་གཡང་ལུག་ཁྲབ་རྨོག་དང་། །རིན་ཆེན་ནོར་བུའི་དོ་ཤལ་དང་། །ལྷ་རྫས་མེ་ཏོག་ཕྲེང་བ་རྣམས། །སྐུ་ལ་མཛེས་པའི་རྒྱན་དུ་འབུལ། །ཕྱེ་མར་འབྲང་རྒྱས་འབྲུ་ཡི་ཟན། །དཀར་གསུམ་མངར་གསུམ་ཤིང་ཏོག་དང་། །དོན་ཤ་ལ་སོགས་བཟའ་བཅའི་རིགས། །སྟོབས་རྩལ་སྐྱེད་ཕྱིར་ལྗགས་ལ་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མཆོག་རེག་འཇམ་ཅི་མཆིས་པ། །དབང་པོ་སྒོ་ལྔ་ཚིམ་ཕྱིར་འབུལ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་གཏེར་གྱི་བུམ། །ངོ་མཚར་སྲིད་ན་ཆེ་བའི་ནོར། །ཡིད་སྤྲུལ་དགྱེས་པ་སྐྱེད་ཕྱིར་འབུལ། ཁྱུང་འབྲུག་སེང་གསུམ་འདབ་ཆགས་དང་། །གཅན་གཟན་རི་དྭགས་གཡུང་དྭགས་རིགས། །རྩི་བཅུད་སྨན་དང་རིན་ཆེན་མཛོད། །ཇ་མར་ལོ་ཏོག་འབྲུ་སྣ་ཚོགས། །ཡུལ་མཁར་ཁྱིམ་དང་བཞོན་པ་ཁལ། །མདའ་མདུང་རལ་གྲི་མཚོན་ཆ་སོགས། །ཐུགས་ལ་དགྱེས་རྒུའི་སྤྱན་གཟིགས་དང་། །འཛད་པ་མེད་པའི་དཀོར་ནོར་སོགས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ནི། །ཇི་སྙེད་བློ་ཡིས་བླངས་ཏེ་འབུལ། ཁྱད་པར་ལྷ་ལྔ་དགྱེས་པའི་རྟེན། །དངོས་སུ་གང་འབྱོར་གཙང་མར་བཤམས། །མ་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ། །གཞན་ལ་ཅི་མཆིས་བློས་བླངས་ཏེ། །མོས་ཤིང་གུས་པས་འབུལ་ལགས་ན། །དགྱེས་པར་དགོངས་ཏེ་བཞེས་ནས་ཀྱང་། །ཇི་ལྟར་ཚོགས་པའི་རྟེན་རྣམས་དང་། ཁྱད་པར་རང་ལུས་གནས་རྟེན་ལ། །འབྲལ་མེད་རྟག་པར་བཞུགས་ནས་ཀྱང་། །མགོན་སྐྱབས་སྡོངས་གྲོགས་མཛད་དུ་གསོལ། །བསྟོད་པ་ནི། ཀྱེ། བསམ་རྒུ་ཡིད་བཞིན་འཇོ་བའི་དཔག་བསམ་ཤིང་། །འགོ་བའི་ལྷ་ལྔ་གྲོགས་འཁོར་སྡེ་དཔུང་བཅས། །ངོ་མཚར་རྨད་བྱུང་ཆེ་བའི་ཡོན་ཏན་ལ། །དད་མོས་ངག་གི་གླིང་བུས་བསྟོད་དབྱངས་འབུལ། །མ་ལྷ་མཛེས་འཛུམ་དར་དང་རིན་ཆེན་སྤྲས། །མདའ་དར་མེ་ལོང་ཐོགས་ནས་ཤ་བ་འཆིབ། །ཞང་ལྷ་སྐྱེས་བུ་བཞིན་བཟང་ཞང་བློན་བཅས། །མ་སྲུ་སྨན་བཙུན་ཤ་བར་སྤྲུལ་ལ་བསྟོད། །སྲོག་ལྷ་དཀར་པོ་ཤེལ་གྱི་གོ་ཞུབ་ཅན། །མདུང་ཞགས་བུམ་པ་བསྣམས་ཤིང་རྟ་མཆོག་ཞོན། །ལྷན་སྐྱེས་ཕྲག་ལྷ་རིན་ཆེན་དར་གོས་ཅན། །སྤྲུལ་པ་མི་དཀར་རྟ་དཀར་བཅས་ལ་བསྟོད། །ཕོ་ལྷ་དཀར་གསལ་ཐོར་ཚུགས་དར་བེར་གསོལ། །ནོར་བུ་རིན་ཆེན་གཞོང་ཐོགས་རྟ་དཀར་འཆིབ། །ཕ་མཚུན་དགྲ་བླ་དབང་ཐང་ལྷ་འཁོར་བཅས། །ཕ་སྤུན་སྐྱེས་པ་ཞུབ་ཅན་སྤྲུལ་ལ་བསྟོད། །ཡུལ་ལྷ་དུང་མདོག་གོ་ཁྲབ་འཁོར་གསུམ་བརྗིད། །དར་མདུང་མདའ་གཞུ་བཀང་ནས་རྟ་དཀར་འཆིབ། །ཡུལ་མཁར་ཁྱིམ་ལྷས་གཞི་བྱེས་ལྷ་རྣམས་དང་། །སྤྲུལ་པ་གཙོ་རྗེ་གཡག་ལུག་སྟོན་ལ་བསྟོད། །དགྲ་བླ་དུང་མི་དུང་རྟ་གོ་ཁྲབ་དང་། །དར་གྱི་གོས་བཀླུབས་རལ་གྲི་མདུང་ཞགས་ཐོགས། །ཕ་མེས་མི་རབས་བསྟེན་པའི་ལྷ་འཁོར་བཅས། །དགེ་བཤེས་མི་དཀར་ཁྲ་སྤྱང་སྤྲུལ་ལ་བསྟོད། །རིག་འཛིན་ལྷ་སྲུང་བན་བོན་སྲུང་མའི་ཚོགས། །སློབ་དཔོན་སྔགས་པ་བོན་དང་བྱ་ཝང་སོགས། །སྤྲུལ་པ་དུ་མར་སྟོན་ཅིང་མཐུ་རྩལ་ལྡན། །མགོན་སྐྱབས་སྡོངས་གྲོགས་མཛད་པ་ཀུན་ལ་བསྟོད། །བསང་སྤྲོ་ན། བསང་རྫས་གསེར་སྐྱེམས་རྣམས་ལ་དམིགས་ཏེ། རཾ་ཡཾ་ཁཾ། མ་དག་པའི་དྲི་མ་སྦྱངས། སྟོང་པའི་ངང་ལས་བསང་མཆོད་གསེར་སྐྱེམས་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བས་མགྲོན་རྣམས་དགྱེས་པ་སྐྱེད་ཅིང་གྲིབ་དང་མི་གཙང་བ་སེལ་བའི་ནུས་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཀྱེ། བཀྲ་ཤིས་དགེ་བའི་གནས་མཆོག་འདིར། །དག་ཅིང་གཙང་མར་སྦྱར་པ་ཡི། །བདུད་རྩི་ཅན་གྱི་རྩི་ཤིང་རྣམས། །འབར་བའི་མེས་བསྲེགས་དུད་པའི་སྤྲིན། །དྲི་ཞིམ་ངད་པས་ཁོར་ཡུག་ཁྱབ། །དབང་པོ་དྲུག་གི་སྤྱོད་ཡུལ་དུ། །ཅི་འདོད་ལོངས་སྤྱོད་ཆར་དུ་འབེབ། །རྣམ་དག་ཡུམ་ལྔའི་དབྱིངས་རོལ་ནས། །འབྱུང་ལྔ་འདུས་པའི་རྟེན་འབྲེལ་ཤར། །ལྷ་སྲུང་གཉན་པོ་དགྱེས་བྱེད་པའི། །ཞི་བ་བསང་མཆོད་ལྷུན་གྱིས་གྲུབ། །འགོ་བའི་ལྷ་ལྔ་སྤྲུལ་འཁོར་བཅས། །འདིར་བྱོན་ངོ་མཚར་བསང་མཆོད་བཞེས། །མི་གཙང་དྲི་མ་ཀུན་བྱང་ཤོག །ཙན་དན་དམར་པོའི་བསང་དུད་ཀྱིས། །མ་ལྷ་བུ་རྫི་འཁོར་བཅས་བསང་། །ཙན་དན་དཀར་པོའི་བསང་དུད་ཀྱིས། །ཞང་ལྷ་ཕ་ཝཾ་འཁོར་བཅས་བསང་། །དྲི་ཡི་རྒྱལ་པོ་ཨ་ག་རུས། །སྲོག་ལྷ་དཀར་པོ་འཁོར་བཅས་བསང་། །ངད་ཀྱི་རྒྱལ་པོ་མཁན་དཀར་གྱིས། །ལྷན་ཅིག་སྐྱེས་དང་ཕྲག་ལྷ་བསང་། །གསེར་ལོ་འབར་བའི་སྟག་པ་ཡིས། །ཕོ་ལྷ་སྐྱེས་གཅིག་འཁོར་བཅས་བསང་། །དུང་ལོ་འབར་བའི་སུར་དཀར་གྱིས། །ཡུལ་ལྷ་གཉན་པོ་འཁོར་བཅས་བསང་། །གཡུ་ལོ་འབར་བའི་ཤུག་པ་ཡིས། །དགྲ་བླ་དར་མ་འཁོར་བཅས་བསང་། །བཟང་ཤིང་སྣ་ཚོགས་དུད་པ་ཡིས། །ཕ་མ་ཡང་མེས་མཚུན་རྣམས་བསང་། །མི་བུ་གདུང་དྲུག་དགྲ་བླ་བསང་། །སྲིད་པ་ཆགས་པའི་ལྷ་རྣམས་བསང་། །མཁར་ལྷ་ཁྱིམ་ལྷ་ནང་ལྷ༴ ཐབ་ལྷ་ཞིང་ལྷ་ཕྱུགས་ལྷ༴ ཚེ་ལྷ་དབང་ལྷ་ལུས་ལྷ༴ མགྲོན་ལྷ་བྱེས་ལྷ་ལམ་ལྷ༴ ཚོང་ལྷ་གྲོགས་ལྷ་ནོར་ལྷ༴ གཞི་བདག་གནས་བདག་ཡུལ་བདག༴ རིག་འཛིན་བན་བོན་སྲུང་མ༴ ཕ་མེས་རྒྱུད་ཀྱི་སྲུང་མ༴ བསྒྲུབས་ཤིང་བསྟེན་པའི་ལྷ་རྣམས༴ མ་བསྒྲུབ་འཁོར་བའི་ལྷ་རྣམས༴ མགོན་སྐྱོབ་བྱེད་པའི་ལྷ་རྣམས་ལ། །ཇ་ཆང་འོ་སྐོལ་ཕུད་རྒོད་དང་། །ཕྱེ་མར་དཀར་གསུམ་ཟས་ཀྱིས་མཆོད། །རིན་ཆེན་དར་ཟབ་འབྲུ་སྣས་བརྔན། །དབུ་འཕང་གཉན་པོ་ཡར་ལ་བསྟོད། །དམེ་རྨུགས་ནལ་དང་ཐབ་གཞོབ་མཁོན། །རོ་གྲིབ་བང་གྲིབ་ཟས་གོས་གྲིབ། །མནའ་གྲིབ་ཡུགས་གྲིབ་དམ་གྲིབ་སོགས། །ཉམས་གྲིབ་དམུ་གབ་མནོལ་ཆགས་ཀྱིས། །ལྷ་སྲུང་གཉན་ལ་བསྒྲིབས་པ་རྣམས། །བསང་ཁྲུས་རྟེན་འབྲེལ་ཟབ་མོའི་མཐུས། །སྐད་ཅིག་ཉིད་ལ་བྱང་གྱུར་ནས། །ལྷ་ཞལ་ཟླ་ལྟར་དཀར་བ་དང་། །མཐུ་རྩལ་གཟི་འོད་རབ་འབར་བས། །ཉིན་མཚན་རྟག་ཏུ་སྲུང་བྱེད་ཤོག །ཚེ་སྲིངས་དཔལ་སྐྱེད་རིགས་རྒྱུད་སྤེལ། ཁ་རྗེ་དབང་ཐང་སྙན་གྲགས་སྐྱེད། །བར་དུ་གཅོད་པ་ཀུན་ལས་སྐྱོབས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །འདོད་པའི་དོན་ཀུན་འགྲུབ་པར་ཤོག །བསང་མཆོད་འདི་མཆོད་ཕྲིན་མི་འདོན་སྐབས་ཁོལ་ཕྱུང་བྱས་ཀྱང་ཆོག་གོ །དེ་ནས་དཔངས་བསྟོད་ནི། ཀྱེ། དགུང་ལ་ཉི་ཟླ་ཤར་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །གངས་ལ་སེང་གེ་འགྱིང་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མཁའ་ལ་ཁྱུང་ཆེན་ལྡིང་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །སྤྲིན་ལ་གཡུ་འབྲུག་ལྡིར་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མཁར་ལ་བ་གམ་བཏགས་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །རྨོག་ཕོར་དར་འཕྲུས་བརྒྱན་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མདུང་ལ་བ་དན་བཏགས་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མདའ་ལ་སྒྲོ་གསུམ་བསྒྲོན་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །ཅང་ཤེས་དར་སྣས་བརྒྱན་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །དཔའ་བོ་གོ་མཚོན་བསར་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །དཀོན་མཆོག་གསུམ་གྱི་བདེན་པ་ཡིས། །ལྷ་ལྔའི་དབུ་འཕང་དགུང་དུ་བསྟོད། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །ལྷ་ལྔའི་བྱིན་ནུས་སྤྲིན་ལྟར་འཁྲིགས། །ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས། །ལྷ་ལྔའི་མཐུ་སྟོབས་གློག་ལྟར་འཁྱུག །ནོར་ལྷ་གཏེར་བདག་བསོད་ནམས་ཀྱིས། །ལྷ་ལྔའི་དཔལ་འབྱོར་མཚོ་ལྟར་འཁྱིལ། །དཔལ་མགོན་ཕྱོགས་སྐྱོང་གཟི་བརྗིད་ཀྱིས། །ལྷ་ལྔའི་གཟི་མདངས་ཉི་ལྟར་འབར། །ཆོས་ཉིད་ཆོས་ཅན་རྟེན་འབྲེལ་མཐུས། །ལྷ་ལྔའི་མཐུ་སྟོབས་གཟི་བརྗིད་རྣམས། །ཡར་ངོའི་ཟླ་ལྟར་གོང་འཕེལ་ཤོག །སྲུང་བཀོད་ནི། ཀྱེ། སྐྱོབ་བྱེད་མགོན་ལྷ་འཁོར་བཅས་ཀྱིས། །བདག་ཅག་མི་ནོར་རིགས་རྒྱུད་ལ། །མི་འབྲལ་རྟག་ཏུ་སྲུང་སྐྱོབ་མཛོད། །མ་ལྷས་མཆན་ཁུང་གཡོན་ནས་སྲུངས། །བུད་མེད་རྣམས་ཀྱི་མ་ལྷ་མཛོད། །བུ་ཆུང་རྣམས་ཀྱི་རྫི་བོ་མཛོད། །མི་གཡང་དངོས་གྲུབ་བདག་ལ་སྩོལ། །ཞང་ལྷས་རྒྱབ་ཀྱི་ཕྱོགས་ནས་སྲུངས། །མཐོན་པོའི་རྩེ་ནས་བྱ་ར་མཛོད། །དམའ་བའི་ཐང་ནས་མེལ་ཚེ་མཛོད། །མི་ནོར་རྣམས་ལ་ཚེ་གཡང་ཕོབ། །བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད། །སྲོག་ལྷས་སྙིང་གི་དཀྱིལ་ནས་སྲུངས། །སྲོག་སྐྱོབས་ཚེ་ཡི་མགོན་དང་སྤྲོད། །མི་འཆི་ཚེ་ཡི་རྫི་བོ་མཛོད། །གྲི་ཁ་མཚོན་ལས་ཐར་བར་མཛོད། །ནད་རིམས་རྐྱེན་ལས་ཐར་བར་མཛོད། །ཕོ་ལྷས་མཆན་ཁུང་གཡས་ནས་སྲུངས། ཁ་ནི་ཟས་འདོད་ཟས་དང་སྤྲོད། །ལག་པ་ནོར་འདོད་ནོར་དང་སྤྲོད། །དགྲ་ཕམ་བདག་རྒྱལ་དགྲ་བླ་མཛོད། །སྐྱེས་ལྷས་ཕྲག་པ་གཡས་ནས་སྲུངས། །སྐྱེས་པ་ཕོ་ཡི་སྲོག་རྫི་མཛོད། །ན་ཆུང་སྨན་གྱི་རྩ་དཀར་ཁྲོལ། །བྱ་ར་མེལ་ཚེ་གཡེལ་མེད་མཛོད། །ཡུལ་ལྷས་སྤྱི་བོའི་གཙུག་ནས་སྲུངས། །དགྲ་འདྲེ་གདོན་གསུམ་ཐལ་བར་རློགས། །རྨོངས་སྡུག་དབུལ་གསུམ་ཕྱིར་ལ་ཕུད། །དགེ་ལེགས་དཔལ་འབྱོར་འདུ་བར་མཛོད། །དགྲ་བླས་ཕྲག་པའི་གོང་ནས་སྲུངས། །གཞི་ལ་སྡོད་ན་མགོན་སྐྱོབ་མཛོད། །བྱེས་སུ་སྔོན་བསུ་རྒྱབ་རྟེན་མཛོད། །དཔའ་བའི་ཤུགས་དང་བཙན་པའི་མཁར། །མགྱོགས་པའི་རྟ་དང་རྣོ་མཚོན་མཛོད། །རིག་འཛིན་བན་བོན་སྲུང་མ་དང་། །མཆོད་བསྟོད་བསྟེན་པའི་ལྷ་རྣམས་ཀྱིས། །སྟེང་འོག་ཕྱོགས་མཚམས་ཀུན་ནས་སྲུངས། །དབུ་འཕང་དགུང་སྔོན་ལས་ཀྱང་མཐོ། །ཚེ་སྲོག་ལྷུན་པོ་བཞིན་དུ་བརྟན། །མངའ་ཐང་འཁོར་ལོས་སྒྱུར་དང་མཉམ། །སྙན་གྲགས་གཡུ་འབྲུག་སྐད་ལས་ཆེ། །འབྱོར་པ་དཔག་བསམ་ཤིང་ལས་ཕྱུག །འཁོར་འབངས་གཟའ་སྐར་ལས་ཀྱང་མང་། །རིགས་རྒྱུད་ཆུ་བོའི་གཞུང་ལྟར་རིང་། །བསམ་རྒུ་ཡིད་བཞིན་ནོར་ལྟར་འགྲུབ། །བདེ་ལེགས་བཀྲ་ཤིས་དཔལ་འབར་མཛོད། །བརྟན་བཞུགས་ཕྲིན་ལས་གསོལ་བ་ནི། ཀྱེ། ལྷ་དང་མི་རུ་མ་འབྲལ་ཅིག །དགུང་དང་ཉི་ཟླ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །གངས་དང་སེང་གེ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ཁྱུང་དང་དཔག་བསམ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ལྷོ་སྤྲིན་གཡུ་འབྲུག་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ཆབ་དང་ཉ་མོ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །གོས་དང་གོང་བ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་མ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ཕ་རོལ་བྱད་མས་ཕྱེས་ན་ཡང་། །ལྷ་ལྔ་མི་དང་མ་འབྲལ་ཅིག །བཙོག་ནལ་མནོལ་གྱིས་གོས་ན་ཡང་། །ལྷ་ལྔ་མི་དང་མ་འབྲལ་ཅིག །མ་རིག་འགལ་འཁྲུལ་གང་ཤོར་ཀྱང་། །ལྷ་ལྔ་མི་དང་མ་འབྲལ་བར། །རྟག་ཏུ་བརྟན་བཞུགས་སྡོངས་གྲོགས་མཛོད། །བདུད་དམག་ཆར་ལྟར་བབས་ན་ཡང་། །ལྷ་ལྔས་ཁང་ཁྱིམ་ལྟར་དུ་སྐྱོབས། །གདོན་བགེགས་དགྲ་ལྟར་གནོད་ན་ཡང་། །ལྷ་ལྔས་ཟིན་ལྟར་སྐྱོབ་པར་མཛོད། །འདྲེ་སྲིན་རྐུན་ལྟར་འཇབ་ན་ཡང་། །ལྷ་ལྔས་ནོར་སྐྱོང་བཞིན་དུ་སྲུངས། །ལྷ་ཡི་འོག་ནས་མི་མ་ཡར། །སྦྲ་ཡི་འོག་ནས་གོད་མ་ལྡངས། །སྲུང་བའི་འོག་ཏུ་གདོན་མ་བཅུག །གཉེན་འོག་ཁ་སྨྲས་མ་གཏང་ཞིག །བདག་ལ་གནོད་པའི་དགྲ་གདོན་བགེགས། །སྲུང་བ་འདི་ལས་མ་འདའ་ཞིག །བཀྲ་ཤིས་གཞུག་ལེགས་གཏའ་འཛུག་གོ །ལོ་བརྒྱ་ཐུབ་པའི་གཏའ་འཛུག་གོ །སྟོན་བརྒྱ་མཐོང་བའི་གཏའ་འཛུག་གོ །གཏའ་འཛུགས་རྟེན་བཅས་རྟག་སྲུངས་ཤིག །བཀྲ་ཤིས་ནད་མེད་བསམ་པ་འགྲུབ་པ་དང་། །ནད་གདོན་འབྱུང་པོ་མ་ལུས་ཞི་བ་དང་། །ཚེ་དང་བསོད་ནམས་དབང་ཐང་རྒྱས་པ་དང་། །རྟག་ཏུ་ཞི་རྒྱས་སྲུང་སྐྱོབ་ཕྲིན་ལས་མཛོད། །རྗེས་ཆོག་ནི། མ་འབྱོར་མ་ཚང་འགལ་འཁྲུལ་གང་མཆིས་རྣམས། །འགྱོད་བཤགས་བཟོད་གསོལ་དག་ཚངས་དབུགས་དབྱུང་སྩོལ། །རྟེན་ལ་བཞུགས་སམ་རང་གནས་ཅི་བདེར་གཤེགས། །མཆོད་བསྟོད་དུས་སུ་སླར་ཡང་འབྱོན་པར་ཞུ། །ཞེས་བརྗོད་ལ་ལྷ་ལྔ་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་རང་གི་ལུས་གནས་རྣམས་སུ་ཐིམ་པར་མོས། མགྲོན་ཐབས་ཀྱི་ལྷ་རྣམས། སརྦ་ལོ་ཀ་སྭ་སྡྱཱ་ནཾ་གཙྪ། ཞེས་རང་གནས་སུ་གཤེགས་པར་མོས་ལ། ལུས་དང་གྲིབ་མ་བཞིན་དུ་ཉིན་མཚན་ཀུན། །འབྲལ་མེད་སྲུང་བ་འགོ་བའི་ལྷ་ལྔ་སོགས། །རིག་འཛིན་བན་བོན་བཀའ་སྐྱོང་ཚོགས་རྣམས་ཀྱིས། །བདེ་སྐྱིད་དཔལ་ལ་སྦྱོར་བའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་གང་ཤེས་བྱའོ། །འདིས་ཀྱང་ཆོས་ལྡན་སྐྱེ་དགུ་རྣམས། །གནས་སྐབས་བདེ་སྐྱིད་དཔལ་གྱིས་འབྱོར། །མཐར་ཐུག་བསམ་དོན་ཆོས་བཞིན་འགྲུབ། །དོན་གཉིས་ནོར་བུའི་གཏེར་ཐོབ་ཤོག །ཅེས་པ་འདིའང་དད་སོགས་དགེ་བའི་བློ་ཅན་དྷརྨ་བརྡྷ་ནས་ཆེད་དུ་བསྐུལ་ངོར། གྲྭ་མངོན་ཆོས་དབང་སོགས་ཀྱི་གཞུང་དང་ཁྱད་པར་ལོ་ཆེན་བཻ་རོའི་དངོས་སློབ་ལྡི་རི་ཆོས་ཀྱི་གྲགས་པའི་གསུང་དང་བསྟུན་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །། ༈ བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་འཛམ་གླིང་ཡོངས་ལ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །མངྒ་ལཾ་ཛ་ཡ་སིདྡྷི་ཨ་ལ་ལ་ཧོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).