Terdzo-PA-021

From Rinchen Terdzö

གཏེར་གསར་གུར་དྲག་གི་བསྙེན་ཡིག་ཉུང་གསལ་

gter gsar gur drag gi bsnyen yig nyung gsal

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  སྨིན་གླིང་གུ་རུ་དྲག་དམར་ (Smin gling gu ru drag dmar)
Volume 13 (པ) / Pages 289-298 / Folios 1a1 to 5b5

[edit]

༄༅། །གཏེར་གསར་གུར་དྲག་གི་བསྙེན་ཡིག་ཉུང་གསལ་ཡོད། ། ཞི་ཁྲོ་རིགས་བརྒྱའི་ཁྱབ་བདག་པདྨ་འབྱུང་། །མཁའ་ཁྱབ་འགྲོ་ལ་ཐུགས་རྗེས་ཁྲོས་པའི་གར། ཁྲག་འཐུང་ཐོད་ཕྲེང་རྩལ་དུ་ཡོངས་ཤར་བར། །གུས་པས་བདུད་དོ་བརྩེ་བས་མཆོག་སྦྱིན་མཛོད། །དེ་ཡང་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་གནད་མཐའ་དག་བསྡུ་ན་བསྙེན་སྒྲུབ་ལས་གསུམ་དུ་འདུ་བ་ལས་འདིར་བསྙེན་པའི་རིམ་པ་སྟོན་པ་སྟེ། དེ་ལ་སྔོན་འགྲོ །དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པ་རང་དབང་དུ་གྱུར་པའི་སར་ཕྱག་བདར་བྱས། རང་དང་ཁ་སྤྲོད་དུ་ཡོང་བའི་ཕུག་གི་ཞལ་ཤར་དུ་ཕྱོགས་པར་སྐུ་རྟེན་རབ་གནས་ཅན་བཀྲམ། དེའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་མཉྫི་སོགས་ཀྱི་སྟེགས་ལ་གུར་དྲག་རྩ་བའི་གཏོར་མ་རྒྱན་ལྡན། གཡས་གཡོན་དམའ་བའི་སར་ཆོས་སྲུང་སྤྱི་སྒོས་གཏེར་སྲུང་གི་གཏོར་མ་དང་བཅས་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས་ཕྲེང་ཚར་དུ་བཤམ། དེ་དང་ཞལ་སྤྲོད་ཀྱི་སར་ས་དཀར་རམ་འབྲས་སོགས་ཀྱིས་གཡུ་དྲུང་ཆོས་སྐོར་དུ་བྲིས་པའི་ཁ་ལ་འབོལ་ལྟ་བུའི་སྟན་ནང་ཚངས་ཅན་འདིང་། མཚམས་གཡོག་ཀྱང་གཉིས་གསུམ་ཙམ་ཁྲོལ་ཅན་དུ་བྱེད། ལྷ་རྗེ་སོགས་ཀྱང་དམིགས་འོག་ཏུ་བཅུག །འཚོ་ཆས་ཀྱང་གནས་དེར་འཛོམ་ན་དང་། དེ་མིན་འདི་ནས་ལེན་དམིགས་ཁོང་དུ་ཆུད་པ་བྱེད། ཡི་གེ་དང་ཆས་ཀ་གཏོང་ལེན་བྱེད་པ་སོགས་རྣམ་གཡེང་རྣམས་རྒྱང་བསྲིང་། བསྙེན་པ་མ་གྲོལ་བར་ཐེམ་པ་མི་འདའ་བའི་དམ་འཆའ་བ་གལ་ཆེའོ། །དེ་ཡང་ཡར་ངོ་གང་རུང་གི་ཚེས་བཅུར་དབུ་འཛུགས་པ་ལས། ཉིན་དང་པོའི་དགོང་ཐུན་ལ་བབ་པ་ན་ཐོག་མར་དབང་དྲག་གི་བསྐྱེད་རིམ་སྐད་ཅིག་གིས་གསལ་བཏབ་ནས་བཟླས་པ་བརྒྱ་རྩ་ཙམ་བྱས་རྗེས་ང་རྒྱལ་གསལ་བཞིན་པས་གཞི་བདག་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ། བགེགས་གཏོར་བཏང་ནས་ཕྱིར་བསྐྲད་རྗེས་དྲག་སྔགས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག་པ་སོགས་བགེགས་དང་ཕྲལ་བའི་ཆོ་ག་བུང་བསྐྱེད་ནས་སྒོ་དྲུང་དུ་ཐོ་དཀར་པོ་ཞིག་བརྩིགས་རྒྱལ་ཆེན་བཞིར་མོས། གཏོར་མ་ཕུལ་ལ་བར་གཅོད་སྲུང་བའི་ཕྲིན་ལས་བཅོལ་ལ་ཤིས་པ་བརྗོད་པ་རྣམས་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྔར་བཤམས་པའི་སྟན་ལ་འཁོད། ལས་བྱང་བཞིན་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ཚིག་ཤར་ཙམ་མིན་པའི་སེམས་རྒྱུད་དང་འདྲེ་བར་བྱས་ནས་ཕྲེང་བ་བྱིན་གྱིས་བརླབས། དེ་ནས་གཞུང་གི་ཛཔ྄་དམིགས་གསལ་གདབ། ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱས་ལ་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལངས་སྤྱོད་ལམ་ལ་འཇུག །དེ་ནས་སྲོད་ཐུན་སྔོན་འགྲོ་མདོར་བསྡུས་ཙམ་དང་དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ནས་གཏོར་བསྔོ་དང་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷ་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དང་པོ་ཐོར་ཐུན་ལ་བབས་པ་ན་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། བསམ་གཏན་གྱི་འདུག་སྟངས་ཀྱིས་ལེགས་པར་འདུག་ནས་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་ཞིང་། སྐྱབས་སེམས་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་སྔ་དྲོའི་དགེ་སྦྱོར་གཞན་དགོས་པ་སོགས་བྱེད། གཉིས་པ་སྔ་ཐུན་ནི། སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས། དངོས་གཞི་ཏིང་ངེ་འཛིན་གསུམ་ནས་བཟླས་པའི་བར་སྔར་དང་ཁྱད་མེད་མཆོད་པ་རྣམས་སྔགས་མཆོད་ཙམ་གྱིས་ཀྱང་རུང་། ཐུན་མཚམས་འདིར་གུང་ཚིགས་སོགས་བྱེད། གསུམ་པ་དགོང་ཐུན་ནི་སྔར་གྱི་སྔ་ཐུན་དང་ཁྱད་མེད། བཞི་པ་སྲོད་ཐུན་ནི། གཞན་སྔར་བཞིན་ལས། བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་གང་དགོས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་འགོར་རྒྱས་པ་དང་། རྗེས་རྣམས་སྲོད་ཐུན་གྱི་མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག །དེ་ཡང་སྔགས་ཀྱི་དམིགས་པ་ནི། རང་ཉིད་དབང་དྲག་པདྨའི་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་བཞིན་པ་ལ། ཁྱད་པར་གཙོ་བོའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་གུ་རུ་ཞི་བ་དཀར་དམར། རྡོ་རྗེ་དང་ཐོད་པ་འཛིན་པ། གསང་ཕོད། སྣམ་སྦྱར། མཉེན་ཞུ་སོགས་ཟ་ཧོར་མའི་ཆ་བྱད་ཅན་གྱི་ཐུགས་ཀར་པདྨ་དང་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་ཡིག་དམར་པོ་སྤུས་བྲིས་པ་ཙམ་གྱིས་མཚན་པ། དེའི་མཐར་སྔགས་ཕྲེང་དམར་པོ་ཤིན་ཏུ་ཕྲ་བ་འོད་ཟེར་ཁ་དོག་ལྔར་འབར་ཞིང་འཕྲོ་བར་བསམ། དེ་ལས་སྔགས་སྒྲ་སྒྲོག་བཞིན་པའི་འོད་ཟེར་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་མཆོད། མཐུ་དབང་བྱིན་རླབས་དངོས་གྲུབ་ཀྱི་རྣམ་པར་བསྡུས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། བདེ་ཆེན་གྱི་ཞིང་དུ་བསྒྲལ་བ་སོགས་ཕྲིན་ལས་དཔག་མེད་བསྒྲུབས་ནས། བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ལ་ཁ་བ་བབས་པ་བཞིན་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། དེ་ལས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་གསལ་སྣང་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས། གྲགས་སྟོང་གཞོམ་མེད་སྔགས་ཀྱི་རང་སྒྲ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་དིར་དིར་སྒྲོག་པའི་དམིགས་པ་དང་མ་བྲལ་བའི་ངང་ནས་ཐུན་བཞིའི་རིམ་པ་བཞིན་བཟླས་པ་བྱ་བ་ཤིན་ཏུ་གཅེས་སོ། །དེ་ལྟ་བུའི་རིམ་པས་ཨར་ཙིག་ནིར་ཙིག་ཁོ་ན་བཟླས་པས་མཚན་མ་ཐོབ་པའམ། མ་མཐའ་ཡང་འབུམ་ཕྲག་གསུམ་གྱི་གྲངས་རྫོགས་རྗེས་དམིགས་པ་གཞན་སྔར་བཞིན་ལས། སྔགས་ཀྱི་འོད་ཟེར་སྤྲོ་བསྡུའི་སྐབས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས་པའི་རྗེས་སུ། སླར་ཡང་སྔགས་ཀྱི་འོད་ཟེར་མེའི་ཕྲེང་བ་ཚ་ཞིང་རྩུབ་ལ་དྲག་ཅིང་མྱུར་བ་གནམ་ལྕགས་ཀྱི་ཚྭ་ཚྭ་ལྟར་འུར་སྒྲ་དྲག་པོ་དང་བཅས་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་རྩྭ་སྦུར་མེས་བསྲེགས་པ་བཞིན་སྦྱངས་པའི་དྭངས་་མ། ཨ་ ཡ་ མ་ དུ་ རུ་ ཙ་ ཤ་ ན་ ཞེས་ཡིག་འབྲུ་བརྒྱད་པོའི་རྣམ་པར་དབང་མེད་དུ་བཀུག་ནས་ཧཱུྃ་གི་ཨུ་ལ་བསྟིམས་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཏུ་གྱུར་པར་བསམས་ལ། སྔགས་འབྲུ་བཅུ་གསུམ་པ་རྟགས་མཐོང་གི་བར་དུ་སྔར་གྱི་སྔགས་ལ་སྦྲེལ་ནས་བཟླ་ཞིང་གྲངས་ནི་ཉུང་མཐའ་ཡང་ཁྲི་ཚོ་གཉིས་མེད་ཐབས་མེད། དེའི་རྗེས་སུ་དྭངས་མ་བསྡུ་སྐབས་ཡིག་འབྲུའི་རྣམ་པར་མི་བསྡུ་བ་ཙམ་མ་གཏོགས་གཞན་སྔར་གྱི་དམིགས་པ་དེ་ལྟ་བུས་སྤུ་གྲི་ཆིག་ཤུར་རྟགས་མཐོང་གི་བར་རམ་མ་མཐའ་ཡང་ཁྲི་ཚོ་གཅིག་བཟླའོ། །འཁོར་སྔགས་ཀྱི་ཚེ་ནི། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ལྷ་གང་ཡིན་དེ་ལ་ཕོག་པས་དེ་ཉིད་ཀྱི་ཐུགས་རྒྱུད་བསྐུལ་པས། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ནས་སླར་གཙོ་བོའི་སྐབས་བཞིན་དོན་གཉིས་བྱས། དྭངས་མའི་འོད་ཟེར་བདག་ལ་ཐིམ་པར་བསམ་ཞིང་ཆ་བགོས་ནས་བཟླ་སྟེ། དེ་ཡང་ཐུན་གཅིག་ལ་གཙོ་བོ་ལ་སྟོང་ཕྲག་གཅིག་སོང་ན། འཁོར་རྣམས་ལ་སོ་སོའི་སྔགས་རྣམས་བརྒྱ་རྩ་རེ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་འཁོར་རྣམས་ལ་ཁྲི་ཚོ་གཅིག་གི་གྲངས་ཚང་བར་བྱའོ། །དེ་ནས་ཡང་གསང་དྲིལ་སྒྲུབ་ནི། བདག་སྔར་བཞིན་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བ་ཉིད་ལས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཧཱུྃ་ཡིག་དམར་པོ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པར་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་ལྟར་ཞལ་གྱི་སྒོ་ནས་ཐོགས་པ་མེད་པར་ཐལ་གྱིས་ཐོན་པའི་འོད་ཟེར་གྱིས་མ་དག་པའི་གཉིས་སྣང་བདེན་འཛིན་ཐམས་ཅད་སྦྱངས་ནས་འོད་གསལ་བར་བྱས། སྣང་སྲིད་ཐམས་ཅད་ཧཱུྃ་ཡིག་དམར་པོ་ངར་སྒྲ་སྒྲོག་པས་མེར་མེར་གང་བར་བསམས་ལ་ཧཱུྃ་སུམ་སྦྲེལ་ཐུན་ཆ་གསུམ་དུ་བྱས་པའི་ཆ་གཅིག་ཏུ་བཟླའོ། །དེ་ནས་ཕྱི་རོལ་གྱི་ཧཱུྃ་རྣམས་རང་སྒྲ་སྒྲོག་བཞིན་པར་རང་གི་མགྲིན་པ་ནས་ཞུགས། ཐུགས་ཀའི་ཧཱུྃ་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ལས་གཞན་དུ་མ་གྱུར་པའི་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་ཆ་སུམ་གཅིག་ཏུ་བཟླའོ། །དེ་ནས་སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པར་ཕྱིར་ཐོན་པའི་འོད་ཟེར་གྱིས་ནད་གདོན་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་ཏེ་དག་པར་བསམས་ནས་ཧཱུྃ་སུམ་སྦྲེལ་བཟླ། རྒྱས་པའི་ཚེ་ཧཱུྃ་འོད་གསེར་གྱི་ཁ་དོག་ལྟ་བུའི་སྤྲོ་བསྡུས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ་ཞིང་ཧཱུྃ་བཟླ། དབང་གི་ཚེ་ཧཱུྃ་འོད་དམར་པོ་ལྕགས་ཀྱུ་ལྟ་བུའི་སྤྲོ་བསྡུས་ཁམས་གསུམ་ཐམས་ཅད་དབང་དུ་བྱས་པར་བསམ་ཞིང་ཧཱུྃ་བཟླ། དྲག་པོའི་ཚེ་ཧཱུྃ་འོད་ནག་པོ་ཚ་ཞིང་རྩུབ་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམས་ནས་ཧཱུྃ་བཟླ། འདིར་ཕྲིན་ལས་བཞི་པོ་གང་འདོད་ཁོལ་བུར་ཤེས་པའི་ཕྱིར་བྱས་ཀྱི། བཞི་ཀ་ཕྲུགས་གཅིག་ཏུ་བྱེད་ན་ནི། ཧཱུྃ་ཁ་དོག་བཞི་ཀ་སྤྲོས་ཕྲིན་ལས་བཞི་སྒྲུབ་པར་བསམས་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་སུམ་གཅིག་ཏུ་བཟླའོ། །དེ་ཐམས་ཅད་ལ་གཏེར་གཞུང་གི་ཛཔ྄་བསྐུལ་ཉིད་དམིགས་པ་གསལ་འདེབས་ཀྱི་ཕྱིར་བྱ་ཞིང་། ཐུན་རེ་ལ་ཡང་ཧཱུྃ་དམིགས་སུམ་སྐོར་ཚང་བར་བྱའོ། །སྤྱིར་ཐུན་ཐམས་ཅད་ཀྱི་རྗེས་ལ་ཡིག་བརྒྱ་དང་དབྱངས་གསལ་སྤེལ་ཚིག་ཅན་བཟླ་བ་ཡང་གལ་ཆེའོ། །གསུམ་པ་རྗེས་ནི། དེ་ལྟར་བསྙེན་པ་རྫོགས་ནས་ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་། གཏོར་མ་ཡང་བདག་དང་ཞལ་སྤྲོད་ཀྱི་ཚུལ་གྱི་ལྷར་བསྒོམ། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྔགས་རྣམས་ཀྱི་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་པ་ཡང་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། ལས་བྱང་རྒྱས་པར་བཏང་ནས་བཟླས་པ་བྱ། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་སྐོང་བ་དང་ཚོགས་མཆོད་ནས་བརྟན་སྐྱོང་གི་བར་བྱས་རྗེས། སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་རཀ་གཏོར་མས་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླ། དེ་ནས། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ ཞེས་པས་དངོས་གྲུབ་བསྐུལ་རྗེས། སྒྲུབ་གཏོར་གྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་གཏོར་མ་གནས་གསུམ་དུ་འཇོག་ཅིང་ལྷ་ཞུ་བའི་དམ་རྫས་བདུད་རྩིར་མོས་ནས་ལྕེར་མྱོང་ཞིང་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་བསམ་ལ་མཉམ་གཞག་བྱ། མཇུག་ཆོག་ཤིས་བརྗོད་དང་བཅས་པ་ནི་གཞུང་བཞིན་ནོ། །སྲུང་ཟློག་བསད་པ་སོགས་ཀྱི་མཇུག་བསྡུ་སྤྲོ་ན་ནི་སྐབས་དེ་དང་དེར་ཤེས་ཤིང་མ་བྱས་ཀྱང་མི་འགལ། ཁ་སྐོང་ནི་ཞི་བའི་སྦྱིན་སྲེག་གང་འོས་ལ་ལྷ་སྔགས་འབྱིན་འཇུག་བྱས་ནས་བསྙེན་པའི་བཅུ་ཆའི་གྲངས་ཚང་བར་བྱའོ། །དེ་ནས་ཐོ་འགྲོལ་བ་སོགས་ནི་སྤྱི་ལྟར་ཤེས་སོ། །གཞན་ཡང་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བའི་གནད་མང་དུ་ཡོད་མོད། བསྙེན་ཡིག་སྤྱི་ལ་གོ་བ་ཆགས་པ་ཞིག་གི་དབང་དུ་བྱས་ནས་འདིར་ཁྱད་ཆོས་བྱེ་བྲག་པ་རྣམས་ཉུང་ངུར་བྲིས་པ་ཡིན་ནོ། །དེ་སྐད་སྨྲ་བ་འགྱུར་མེད་རྡོ་རྗེ་སྟེ། །ཆེ་འདོད་གྲགས་རྗེས་འབྲང་རྣམས་མི་མགུ་ཡང་། །དོན་སྤྱོད་སྙིང་ལ་འབབ་པའི་བདུད་རྩི་འདི། །ཟུར་སྟོན་གུ་རུ་རྡོ་རྗེའི་གསུང་ངོར་སྤེལ། །ཞེས་པའང་སྨྲས་སོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).