Terdzo-OM-035

From Rinchen Terdzö

རྣམ་འཇོམས་སངས་རྒྱས་གསང་བའི་ལུགས་ཀྱི་སྒྲུབ་ཐབས་དང་ཁྲུས་ཀྱི་ཆོ་ག་

rnam 'joms sangs rgyas gsang ba'i lugs kyi sgrub thabs dang khrus kyi cho ga

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  སྔ་འགྱུར་བཀའ་མ་ (Snga 'gyur bka' ma)
parent cycle  སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 417-428 / Folios 1a1 to 6b3

[edit]

ན་མོ་བཛྲ་དྷཱ་ར་ཡ། མཐུ་སྟོབས་རྡོ་རྗེས་བདུད་སྡེའི་དཔུང་ཚོགས་ཀུན། །རྣམ་པར་འཇོམས་མཛད་གང་དེར་ཕྱག་བཙལ་ནས། །དེ་ཡི་སྒྲུབ་ཐབས་སྔགས་ཀྱི་ཕྲིན་ལས་ཚུལ། །ཉུང་ངུར་བསྡུས་ཏེ་གཞན་ཕན་བློ་ཡིས་བརྗོད། །ཇི་སྐད་དུ། སྔོན་དུ་རྡོ་རྗེའི་ནུས་ལྡན་བསྙེན། །དེ་ནས་རྡོ་རྗེའི་ལས་ལ་སྦྱར། །འདི་ནི་བསྡུས་པར་གྱུར་པ་སྟེ། །ལྷ་གཅིག་བུམ་པ་གཅིག་པ་ནི། །འབྱོར་པ་ཆུང་བས་ཤེས་བྱ་ཞེས། །བླ་མས་གསུངས་པས་དེ་བསྟན་བྱ། །ཞེས་བཤད་པའི་དོན་བཞིན་སྒྲུབ་པ་ལ། སྦྱོར་བ་ཡོ་བྱད་བཅའ་བ། དངོས་གཞི་སྒྲུབ་པའི་རིམ་པ། རྗེས་ལས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི། དབེན་ཞིང་མཐུན་པའི་གནས་སུ་དུས་དགེ་བ་ལ། སྟེགས་བུའམ་གཞི་གཙང་མ་བ་བྱུང་དང་དྲི་བཟང་གི་ཆུས་བྱུགས། རས་བྲིས་སམ་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པ་བྲིས་པའི་མཐར་མེ་ཏོག་གི་སིལ་མ་དགྲམ། དེའི་དབུས་སུ་གསེར་རམ་དངུལ་ལམ་ཟངས་ལ་སོགས་པའི་བུམ་པ་མཚན་ཉིད་དང་ལྡན་པ་གཙང་མར། ཐུན་མོང་གི་རྫས་ལྔ་ཚན་ལྔ་དང་། ཁྱད་པར་གྱི་རྫས། ཤེལ། རྡོ་རྗེ་ཕ་ལམ། མུ་ཏིག་མིག་མེད། མེ་ཏོག་སྔོན་པོ་རྣམས་བཅུག །དྲི་བཟང་པོའི་ཆུས་བཀང་། ཁ་ཚར་མ་ཉམས་པའི་རས་དཀར་པོ་དཔྲོག་གསུམ་པས་མགུལ་དཀྲིས། ལོ་མ་མེ་ཏོག་དང་བཅས་པའི་འོ་མ་ཅན་གྱི་ཤིང་དང་། རྨ་བྱའི་སྒྲོ་བདུན་ཀུ་ཤ་དཱུརྦ་ལོ་མ་དང་བཅས་པས་ཁ་བརྒྱན། ཡུངས་དཀར་གྱིས་གང་བའི་ཕོར་བུ་གཟུངས་ཐག་རྡོ་རྗེ་དང་བཅས་པ་སྟེང་དུ་བཀོད། མཐའ་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་། མཆོད་གཏོར་ཆ་གསུམ་དང་བཅས་པའང་བཤམ། རང་གི་མདུན་དུ་རྡོར་དྲིལ་མེ་ཏོག་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་རིམ་པ་ལ་ཐུན་མོང་གི་སྔོན་འགྲོ། བདག་བསྐྱེད་པ། བུམ་པ་སྒྲུབ་མཆོད་གསུམ་ལས་དང་པོ་ནི། ཁྲུས་སྔོན་དུ་འགྲོ་བས་གཙང་སྦྲའི་སྤྱོད་ལམ་ལ་གནས་བཞིན་དུ་སྟན་བདེ་བར་འཁོད་ནས། སྐྱབས་སེམས་དང་མཆོད་གཏོར་བྱིན་རླབས་སྤྱི་ལྟར་བྱས་ལ། ཧཱུྃ་བཛྲ་དྷྲིཀ྄ །རང་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྐུར་གྱུར་པའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་ཐམས་ཅད་རིང་དུ་བསྐྲད་པར་མོས་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་སོགས་ཉེ་སྙིང་ཚར་གཅིག་བརྗོད། སླར་ཡང་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་རྡོ་རྗེའི་སྤྲིན་དུ་འཁྲིགས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་གུར་གྱིས་ཁྱབ་པར་མོས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཕྱི་མ་ནས་བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊཿཀྱི་བར་གྱི་སྙིང་པོ་ཉིད་བརྗོད་པས་མཚམས་གཅད། དེ་ནས་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞི་སྒོམ་ཞིང་། དེས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྟོང་ཉིད་ལ་བློ་བཞག་གོ །གཉིས་པ་བདག་སྐྱེད་ནི། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་བཻ་ཌཱུརྻའི་བྲག་དང་རྡོ་རྗེའི་གདན་གྱི་སྟེང་དུ་རང་ཉིད་ཕྱག་ན་རྡོ་རྗེའི་སྐུར་གྱུར་པའི། མདུན་གྱི་ནམ་མཁར་སེང་ཁྲི་རྡོ་རྗེའི་གདན་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གསེར་མདོག་མཚན་དཔེས་བརྒྱན་པ་ས་གནོན་མཉམ་གཞག་གི་ཕྱག་རྒྱ་ཅན་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། བདག་གིས་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སངས་རྒྱས་ཀྱི་མཐུས་བདག་གི་ལུས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་གྱུར། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ལྷའོ། །དེ་ལས་ཧཱུྃ་སྔོན་པོ་གཟུངས་ཀྱི་ཡི་གེ་དང་བཅས་པ་ཟླ་བ་ལ་གནས་པར་གྱུར། ཡི་གེའི་ལྷའོ། །གཟུངས་ཀྱི་སྒྲ་དང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་སྒྲའི་ལྷའོ། །དེའི་མོད་ལ་ཕྱོགས་བཅུའི་རྒྱལ་བ་རྣམས་འདུས་ཏེ་གཟུངས་ཀྱི་ཡི་གེ་ལ་ཐིམ་པས་ཟླ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། རལ་པ་དམར་སེར་འབར་བ། གཡས་རྡོ་རྗེ་གསོར་ཞིང་གཡོན་སྡིགས་མཛུབ་མཛད་པ། སྟག་ཤམ་དང་སྦྲུལ་གྱི་རྒྱན་ཅན། གཡོན་བརྐྱང་བའི་སྟབས་ཀྱིས་རྡོ་རྗེའི་གདན་ལ་གནས་པར་གྱུར་པ་གཟུགས་ཀྱི་ལྷའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས། སྙིང་ག །མགྲིན་པ། སྤྱི་བོ། དཔུང་པ་གཉིས་རྣམས་སུ་རེག་བཞིན་པས། ཨོཾ་བཛྲ་ཛྭ་ལ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་པ་ཕྱག་རྒྱའི་ལྷའོ། །དེ་ནས་རང་ཉིད་ལྷའི་སྐུ་མདོག་ཕྱག་མཚན་ཐམས་ཅད་ཡང་ཡང་གསལ་གདབ་པ་ནི་མཚན་མའི་ལྷའོ། །དེ་དག་ནི་སྟོང་པ་ཉིད་ལ་སོགས་པའི་ལྷ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བའི་དོན་ནོ། །གསུམ་པ་བུམ་པ་སྒྲུབ་མཆོད་ནི། མདུན་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ཡིད་བཞིན་གྱི་རྒྱ་མཚོ་བདུད་རྩིའི་ཆུས་གང་བའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སྡོང་བུ་གེ་སར་དང་བཅས་པའི་ལྟེ་བར་ཟླ་བའི་གདན་ལ་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྒེག་ཅིང་ཁྲོ་བའི་ཉམས་ཅན་རལ་པའི་ཅོད་པན་གྱིས་མཛེས་པ། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཕྱོགས་གསུམ་པ་ཐུགས་ཀར་གསོར་ཞིང་། གཡོན་དཀུར་བརྟེན་ནས་འགྱིང་བ། དར་སྔོན་པོའི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅན། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་རོལ་པའོ། །དེའི་མདུན་གྱི་འདབ་མར་ཟླ་བའི་གདན་ལ་མཱ་མ་ཀཱི་སྔོན་མོ་ཨུཏྤལ་འཛིན་ཅིང་འཛུམ་པའི་ཞལ་གྱིས་གཙོ་བོ་ལ་གཟིགས་པ། དབང་ལྡན་དུ་རྡོ་རྗེ་གཏུམ་པོ་ནག་པོ་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པ། མེར་རྡོ་རྗེ་ཕུར་བུ་སྔོ་དམར་གཡས་ཕུར་བུ། སྲིན་པོར་རྡོ་རྗེ་བེ་ཅོན་སྔོ་ནག་གཡས་བེ་ཅོན། རླུང་དུ་རྡོ་རྗེ་ཐོ་བ་སྔོ་སྐྱ་གཡས་རྡོ་རྗེའི་ཐོ་བ་འཛིན་པ། ཐམས་ཅད་ཀྱང་གཡོན་སྡིགས་མཛུབ་སྒྲེང་ཞིང་རལ་པ་དམར་སེར་འབར་བ། རབ་ཏུ་འཇིགས་པའི་འགྱིང་བག་དང་ལྡན་པ། གཡོན་བརྐྱང་བའི་དོར་སྟབས་ཅན། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་འཆང་བ། གཙོ་འཁོར་ཐམས་ཅད་ཀྱང་མི་བསྐྱོད་པའི་ཅོད་པན་དང་ལྡན་པའོ། །ཞེས་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲང་བ་ནི། རང་དང་བུམ་པའི་ལྷའི་གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་རིག་སྔགས་རྒྱལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། སྙིང་ག་ནས་བདུད་རྩི་འཁྱིལ་པ་སྤྲོས་པས་ཕྱི་འབྲང་གི་བགེགས་བསྐྲད་ནས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ། རྣམ་འཇོམས་རྩ་བའི་རྒྱ་རྡོ་རྗེ་རྩེ་ལྔ་པའི་ཚུལ་དུ་བཅས་ལ། ཨོཾ་བཛྲ་ཛྭ་ལ་ནཱ་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས་པའི་ལྷ་རྣམས་བུམ་པའི་ལྷ་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་དམ་ཚིག་བརྟན་པར་བྱས་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་སོགས་ཤབྡའི་བར་དུ་སྦྱར་བས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད། དེ་ནས་ཕྲེང་བ་བླངས་ཏེ། ཨོཾ་བཛྲ་ཨ་ཙིནྡྷཱ་ཡ་སྭཱ་ཧཱ། ཞེས་བདུན་བཟླས་པས་ཕྲེང་བ་བསྒྲུབས་ནས། བུམ་ལྷའི་གཙོ་བོའི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཡིག་འབྲུ་ལ་ཐིམ་པར་མོས་ལ། འདི་སྐད་བདག་གིས་ཐོས་པ་སོགས་ནས། རབ་ཏུ་སྨྲས་སོའི་བར་ཚར་གཅིག་གི་རྗེས་སུ་སྔགས་ཚན་གསུམ་པོ་ཅི་ནུས་སུ་བཟླ་བ་ལས། ཐོག་མར་གསུམ་ཀ་སྦྲགས་ཏེ་ཚར་གཅིག་ངེས་པར་འདོན། དེ་ནས་རང་གི་མོས་པ་དང་སྦྱར་ནས་བཟླ་བ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་དང་པོ་ནས་ཛྭ་ལཱ་ཡ་སྭཱ་ཧཱའི་བར་རྩ་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ་ཕྱི་མ་ནས་བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊཿཀྱི་བར་སྙིང་པོ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ་མན་ཆད་ཉེ་སྙིང་ངོ་། །ཞེས་པ་རྣམས་རིམ་པ་བཞིན་ཅི་ནུས་སུ་བཟླས་ནས། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་སོང་བ་བུམ་པའི་ལྷའི་ཐུགས་ཀར་ཐིམ་པས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བསྩལ་བས་བུམ་པ་གང་བར་བསམ་ཞིང་། གཡས་པས་ཕྲེང་བ་བགྲང་ཞིང་གཡོན་པས་གཟུངས་ཐག་ལ་འཇུས་ཏེ་གཟུངས་རིང་དང་སྙིང་པོ་ཉེ་སྙིང་བཅས་པ་རྣམས་སྐྱོན་དང་བྲལ་བར་ཅི་ནུས་སུ་བཟླ་ཞིང་། ཐུན་མཐར་ཉམས་པ་སྐོང་བའི་ཡིག་བརྒྱ་ཡང་བཟླས་ལ་ཐུན་མཚམས་ལ་འཇུག་གོ །དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིར་བྱས་པའི་ཐུན་བཞི་པའི་མཐར་བུམ་པའི་ལྷ་ལ་སྔར་བཞིན་མཆོད་བསྟོད་བྱས་ནས། གཏོར་མ་འབུལ་བ་ནི། གཏོར་མ་དང་པོ་བྱིན་གྱིས་བརླབས། ཉེ་སྙིང་གི་མཐར་ཨ་ཀཱ་རོ་བཏགས་པ་བདུན་གྱིས་ཕུལ་ནས་འདོད་དོན་གསོལ།་་་མཆོད་སྦྱིན་གཏོར་མ་སོགས་སྤྱི་ལྟར།མཆན། འཇིག་རྟེན་པའི་གཏོར་མ་ཆ་གསུམ་གྱི་ཆོ་གས་གཏང་ལ། མཐར་བུམ་པའི་ཡེ་ཤེས་པ་ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་པས་གཤེགས་ཤིང་། དམ་ཚིག་པ་བདག་ལ་བསྟིམ། བདག་ཉིད་ལས་ཀྱི་ཁྲོ་བོའི་སྐུར་ལངས་ལ་སྤྱོད་ལམ་བསྐྱང་ངོ་། །རིམ་པ་དེ་ལྟ་བུས་སྔགས་གསུམ་པོ་གང་ཡང་རུང་བ་གཅིག་འབུམ་དུ་བཟླ་བ་ནི་གྲངས་བསྙེན་དང་། ལྷ་ལ་མཐོང་རེག་གི་མཚན་མ་དང་ཡི་དམ་གྱི་རྟེན་བཞད་པར་མཐོང་བ་སོགས་ནི་མཚན་མའི་བསྙེན་པའོ།། ༈ །།གསུམ་པ་རྗེས་ལས་ཀྱི་རིམ་པ་ལ་དང་པོར་བྱ་བ་དང་། ཁྲུས་ཀྱི་ཆོ་ག །རྗེས་སུ་བྱ་བ་དང་གསུམ་ལས། དང་པོ་ནི། གང་ལ་བྱ་བ་དེའི་ཆེད་དུ་བུམ་པ་བཤམ་པ་དང་། བདག་བུམ་གྱི་སྒྲུབ་མཆོད་གཞན་རྣམས་སྔར་དང་འདྲ་བ་ལས། ཁྱད་པར་སྔགས་ཕྲེང་གི་འོད་ཟེར་བསྒྲུབ་བྱ་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་བསམ་ཞིང་སྔགས་ཚན་གསུམ་པོ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ཏེ། ནད་ཞི་བར་འདོད་ན་སརྦ་ཛྭ་རེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་པ་དང་། གདོན་ཞི་བར་འདོད་ན་སརྦ་དུཥྚཱཾ། ཚེ་རྒྱས་པར་འདོད་ན་ཨཱ་ཡུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་སྦྱར་བ་བཟླས་ནས། བུམ་པའི་ལྷ་ལ་མཆོད་བསྟོད་དང་། འདས་པ་དང་འཇིག་རྟེན་པའི་གཏོར་མ་འབུལ་བ་རྣམས་སྔར་བཞིན་བྱའོ། །གཉིས་པ་ཁྲུས་ཆོག་ནི། བསྒྲུབ་བྱ་དེ་དང་པོར་ཤུ་ཏི་དང་ཉེ་ཤིང་སོགས་འདག་རྫས་སྦྱར་བའི་ཆུས་ཁྲུས་བྱས། ཕྱི་ནང་གི་གཙང་སྦྲ་དང་ལྡན་པས། གོས་གསར་པ་བགོས། ལྷ་དང་སྔགས་འཆང་ལ་ཕྱག་འཚལ་ཏེ་མདུན་དུ་འཁོད་པ་ལ། ཐོག་མར་སྦྱོང་བ་གསུམ་གྱི་ཆོ་གས་བགེགས་སྦྱོང་བ་སྤྱི་ལྟར་ལས། བདེན་སྟོབས་བརྗོད་པའི་སྐབས་སུ། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་བྱིན་རླབས་ཀྱིས་བསྒྲུབ་བྱ་ཆེ་གེ་མོ་ལ་གནོད་ཅིང་བར་དུ་གཅོད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག་སོགས་བརྗོད་ཅིང་། གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་གྱིས་བྲབ། སྙིང་པོ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀཏེ་ཧཱུྃ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་ལན་བདུན་བརྗོད་པས་བགེགས་བསྐྲད་ཅིང་གཞོམ་པར་བྱའོ། །སྡིག་པ་སྦྱང་བ་ནི། བསྒྲུབ་བྱ་གུ་གུལ་གྱིས་བདུག་ཅིང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྣ་སྒོར་སྡིག་པའི་གཟུགས་ཀྱིས་ཐོན་པ་ཏིལ་ལ་ཐིམ་པ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམ་ཞིང་། ཨོཾ་བཛྲ་དྷ་མ་དྷ་མ་ཧཱུྃ་སྥོ་ཊ་ཡ་བྷསྨིཾ་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་ཏེ་མཐེབ་སྲིན་གྱིས་ཏིལ་བླངས་ནས་བསྒྲུབ་བྱ་ལ་བསྐོར་ཏེ་མེ་ལ་བསྲེག་ཅིང་ཐལ་བ་ཆུ་ལ་བླུག་ནས་ཕྱིར་དོར། ཁྲུས་བྱ་བ་ནི། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་མཆོད་ཅིང་བསྟོད་ནས། སྤྱན་དྲངས་པའི་ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུའི་ཁུང་བུ་ནས་དུད་ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཐོན་ནས། ལུས་དུང་དཀར་པོ་རྡུལ་ཕྱིས་པ་ལྟར་སྦྱངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས་པར་མོས་ལ། གཟུངས་རྣམས་ཚར་གཅིག་བརྗོད་པའི་མཐར། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་སོགས་ཀྱི་མཇུག་ཏུ་ཉེ་སྙིང་གི་མཐར། སརྦ་པཱ་པཾ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་པཱ་པཾ་གྱི་གནས་སུ། བིགྷྣཱན། བྱཱ་དྷི། ཨུ་པ་དྲ་བེ། ཨ་ཀཱ་ལ་མྲྀ་ཏྱུ། གྲ་ཧེ། ཛྭ་རེ། དུར་སྭཔྣེ། དུརྣི་མིཏྟེ། ཙིཏྟ་བྱ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་ལ་བཀྲུ་ཞིང་། བོད་སྐད་དུ་བྱེད་ན་རིམ་པ་བཞིན། སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག །དེ་བཞིན་དུ། བགེགས་ཐམས་ཅད། ནད་ཐམས་ཅད། ཉེ་བར་འཚེ་བ་ཐམས་ཅད། དུས་མ་ཡིན་པར་འཆི་བ་ཐམས་ཅད། གདོན་ཐམས་ཅད། རིམས་ཐམས་ཅད། རྨི་ལམ་ངན་པ་ཐམས་ཅད། མཚན་མ་ངན་པ་ཐམས་ཅད། སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་སོགས་དང་། གཞན་ཡང་གྲིབ་དང་མི་གཙང་བ་དང་། བྱུར་དང་སྐལ་པ་ངན་པ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཅེས་བརྗོད་ཅིང་ཁྲུས་བྱའོ། །གལ་ཏེ་དངོས་སུ་བཀྲུར་མི་རུང་ན་གཟུགས་བརྙན་བྲིས་པ་དང་མེ་ལོང་དུ་ཤར་བ་ལ་ཡང་བཀྲུར་རུང་ངོ་། །དེ་ནས་བྱབས་པ་ནི། ཁྲུས་ཆུ་ཅུང་ཟད་ཁར་འཛིན་དུ་བཅུག་ལ། སྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བླངས་ནས་མདུན་དུ་བྱབས་པར་བསམ་ལ། རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པས་སྤྱི་བོ་ནས་རྐང་པའི་བར་དུ་བྱབ་ཅིང་ཉེ་སྙིང་གི་མཐར་སརྦ་པཱ་པཾ་སོགས་ལ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་སོགས་བཏགས་པས་བྱབས་པའི་མཐར་ཁའི་ཆུ་སྐྱུགས་པ་དང་ལྷན་ཅིག །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སོང་བར་བསམ་ལ་ཕྱིར་དོར། དེ་ནས་བསྲུང་བ་བྱ་བ་ནི། བསྒྲུབ་བྱའི་མགོ་བོར་རྡོ་རྗེ་བཞག་ལ། ཉེ་སྙིང་གི་མཐར་སརྦ་པཱ་པཾ་བྷྱཿསོགས་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཏགས་པས་བསྲུངས་ནས། ཨོཾ་བཛྲ་རཀྵ་རཀྵ་སརྦ་བུདྡྷ་ཨ་དྷིཥྛཱ་ན་མ་ཙི་བརྟ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་གོ་ཆའི་རྒྱས་མགོ་བོ་དང་། དཔུང་པ་གཉིས། སྙིང་ག །མགྲིན་པ་རྣམས་སུ་རེག་པས་ལུས་རྡོ་རྗེའི་གོ་ཆས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །གཞན་ཡང་སྲུང་བའི་འཁོར་ལོ་དང་སྲད་བུ་ལ་སོགས་པས་ཀྱང་བསྲུང་ཞིང་། སླར་ཡང་སྤྱི་བོར་རྡོ་རྗེ་བཞག་ལ། ཁྲོ་རྒྱལ་འཁོར་དང་བཅས་པའི་བྱིན་རླབས་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ཀུན་ང་ཡིས་བསྲུངས་ཟིན་གྱིས། །འདི་ལ་སུ་ཡང་གནོད་པར་མ་བྱེད་ཅིག །ཅེས་བསྲུང་ངོ་། །དེ་ནས་བསྒྲུབ་བྱ་ལག་གི་རྡོ་རྗེ་ལ་འཛིན་དུ་བཅུག་ནས། ཞི་བ་དང་དགའ་བའི་སེམས་ཀྱིས་ལོངས་ཤིག །ཅེས་བརྗོད་ལ་དེས་ཀྱང་ནད་གདོན་ཐམས་ཅད་ལས་ཐར་པའི་བསམ་པས་ལངས་ནས། སླར་ཡང་བཀྲ་ཤིས་པའི་སྟན་ལ་འཁོད་པ་ལ། བཀྲ་ཤིས་པའི་རྫས་བརྒྱད་སྦྱིན་པའམ། བསྡུ་ན་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིག་ཅི་རིགས་བརྗོད་པའི་མཐར་སྐྱེས་བུ་འདི་དག་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །དེ་ནས་ཕན་ཡོན་བསྒྲག་པ་ནི། དེ་ལྟར་བགྱིས་པས་ཉི་ཟླ་གཟའ་ལས་གྲོལ་བ་བཞིན་དུ་བསྒྲུབ་བྱ་ནད་གདོན་སོགས་ལས་རྣམ་པར་ཐར་པ་ཉིད་དེ་ཞེས་བྱ་བའི་དབང་དུ་བྱས་ནས། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་བཤད་པས་སྤྲོ་བ་བསྐྱེད་ཅིང་། དེས་ཀྱང་ཡིད་ཆེས་པའི་དད་པས་བཀའ་དྲིན་དྲན་པར་བྱའོ། །གསུམ་པ་རྗེས་བྱ་ནི། སླར་བུམ་པའི་ལྷ་ལ་མཆོད་བསྟོད་བྱས་ནས། ཡིག་བརྒྱ་མང་དུ་བཟླས་པའི་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་ནོངས་པ་བཤགས་ནས། བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ནས་ལས་ཀྱི་ཁྲོ་བོའི་སྐུར་ལྡང་། སྨོན་ལམ་ཤིས་བརྗོད་བྱ་ཞིང་ཡོ་བྱད་རྣམས་བསྡུའོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་གཙོ། །བདུད་སྡེའི་དཔུང་རྣམས་འཇོམས་མཛད་ལྷའི། །སྒྲུབ་ཐབས་ཁྲུས་ཀྱི་ཆོ་གར་བཅས། །བརྗོད་འདིས་འགྲོ་ལ་ཕན་གྱུར་ཅིག །རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཁྲུས་ཀྱི་ཆོ་ག་དང་བཅས་པ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི་དགེ་སློང་འཚོ་བྱེད་གཞན་ཕན་མཆོག་སྦྱིན་དང་། མདོ་ཁམས་པ་ངེས་དོན་བསྟན་འཛིན་གྱིས་བསྐུལ་བ་ལས་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སློབ་དཔོན་སངས་རྒྱས་གསང་བའི་མན་ངག་གི་སྙིང་པོ་ཉུང་ངུར་བསྡུས་ཏེ་བཀོད་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).