Terdzo-OM-006

From Rinchen Terdzö

ཉང་གཏེར་དྲག་དམར་བདེ་འདུས་ཀྱི་སྒྲུབ་ཐབས་དང་དབང་བཀའ་རྡོ་རྗེ་སྤྱི་བླུགས

nyang gter drag dmar bde 'dus kyi sgrub thabs dang dbang bka' rdo rje spyi blugs

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  ཉང་རལ་ཉི་མ་འོད་ཟེར་, རྡོ་རྗེ་གླིང་པ་, པདྨ་གླིང་པ་ (Nyangral Nyima ÖzerDorje LingpaPema Lingpa)
in cycle  གུ་རུ་དྲག་པོ་དམར་པོ་བདེ་གཤེགས་འདུས་པ་ (Gu ru drag po dmar po bde gshegs 'dus pa)
parent cycle  སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 79-93 / Folios 1a1 to 8a6

[edit]

ཨཱོྃ་སྭསྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །གདུལ་དཀའི་འགྲོ་ལ་ཁྲོས་པའི་གར། །ཆེ་མཆོག་ཁྲག་འཐུང་དཔལ་ཆེན་པོར། །བཏུད་ནས་དེ་སྒྲུབ་སྙིང་པོ་བཤད། །འདིར་བླ་མ་དྲག་པོར་སྒྲུབ་པ་གཞུང་ཆེན་བདེ་གཤེགས་འདུས་པ་དང་འབྲེལ་བར་དབང་བསྐུར་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། སྟེགས་བུའི་ཁར་མཎྜལ་སྒོ་རྫོགས་སྤྱི་མཐུན་གྱི་ལྟེ་བར་ཆོས་འབྱུང་ཟླ་གམ་གསུམ་ལྡན་རྩིབས་བཞི་ཐོད་རས་བསྐོར་བ་བྱ། དེའི་དབུས་སུ་མཉྫི་ལ་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བ་བཞག །གཞན་ཡང་བདུད་རྩིའི་ཐོད་པ། རྡོ་རྗེ་དྲིལ་བུ། ལྷ་སོ་སོའི་སྐུའི་ཙཀླི་རྟེན་རྫས་དང་བཅས་པ་དང་། དབང་གི་གཏོར་མ། ཕྱི་མཆོད་ལྔ། ནང་མཆོད་སྨན་གཏོར་རཀྟ། མིག་དར། མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། བགེགས་བསྐྲད། མཚམས་བཅད། བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ བདག་གཞན་གཉིས་མེད་དོན་ཕྱིར་དུ༔ དྲག་པོ་ཁྲོ་རྒྱལ་ཀུན་བསྒྲུབས་ནས༔ སྙིང་པོ་བླ་མེད་མཆིས་པ་དང༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས། དངོས་གཞི་ནི། ཚོགས་ཞིང་རང་ལ་བསྟིམས་པས་ཐ་མལ་གྱི་ལུས་སྦྱངས་འོད་དུ་ཞུ་བའི་དྭངས་མ་ཧཱུྃ་དམར་པོ་འབར་བར་གྱུར། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཧཱུྃ་ལ་ཐིམ། དེ་ལས་ཨེ་ཡཾ་རཾ་ར་སུཾ་ཀེཾ་བྷྲཱུྃ་རྣམས་མཆེད་པ་ལས་ནམ་མཁའ་རླུང་མེ་ཁྲག་མཚོ་ཞིང་གི་ས་གཞི་རུས་པའི་རི་རབ་རྣམས་བརྩེགས་པའི་སྟེང་དུ། བྷནྡྷ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་རྒྱ་ཁྱོན་ཚད་མེད་པའི་ཕྱི་ནས་གསེར་འཁོར་དང་མེ་འཁོར་རྩེ་བསྣོལ་དུ་འཁོར་བའི་རྩིབས་རྩེ་ལས་སྤྲུལ་པའི་ཕོ་ཉ་འཕྲོ་བ། རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་དྲེགས་པ་སྡེ་བརྒྱད་བསྣོལ་བའི་གདན་ལ། ཧཱུྃ་ལས་རང་ཉིད་ཟིལ་གནོན་པདྨ་དྲག་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་ཨག་ཚོམ་མེར་འབར་ཞིང་རལ་པ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ཧཱུྃ་དགུ་རཾ་དགུས་མཚན་པ་ཕྱར་ཞིང་། གཡོན་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་སྡིགས་མཛུབ་གྱི་རྩེ་ནས་འགྱེད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་དོར་སྟབས་ཀྱིས་དྲེགས་པའི་གདན་ལ་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཞིང་ལྤགས་ཀྱིས་རྐེད་དཀྲིས་ཤིང་། གླང་ཆེན་གྱི་ཀོ་བའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། གར་དགུའི་ཉམས་རྒྱས་ཤིང་གཟི་བརྗིད་མཐའ་ཡས་པ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ། དུང་ཁང་དུ་འཁོར་ལོའི་ལྟེ་བར་འཇམ་དཔལ་སེར་པོ་རལ་གྲི་དང་སྡིགས་མཛུབ་ཅན་གྱི་སྤྱི་བོར་ཨཱོྃ། མགྲིན་པར་པདྨའི་དབུས་སུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་སྡིགས་མཛུབ་ཅན་གྱི་མགྲིན་པར་ཨཱཿ ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་པུ་རིའི་བུམ་པར་ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་ཅན་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་སྔགས་ཕྲེང་གིས་བསྐོར་བ། ལྟེ་བར་ཆོས་འབྱུང་པད་ཉི་བམ་རོའི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་ཁ་ཊྭཱཾ་འཆང་ཞིང་གཅེར་བུ་གར་སྟབས་ཅན་མཁའ་འགྲོ་རིགས་བཞིས་བསྐོར་བའི་ལྟེ་བར་མས་མཚན་པ། སྤྱི་བོར་བྱ་ཁྱུང་མཐིང་ནག་རྡོ་རྗེའི་མཆུ་སྡེར་དང་མེའི་གཤོག་པ་ཅན་དུག་སྦྲུལ་གཟུང་བ་ཐུགས་ཀར་ཁྲོཾ་གྱིས་མཚན་པ། དེའི་རྭ་བར་དུ་པད་ཟླའི་གདན་ལ་རིགས་བདག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆས་ཅན་མཉམ་གཞག་སྐྱིལ་ཀྲུང་མཛད་པ། དེའི་སྟེང་གི་ནམ་མཁར་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་བཞུགས་པའོ། །གཞན་ཡང་སྤྲུལ་པའི་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་བསམ་མོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་ནས༔ སྟོང་གསུམ་དྲེགས་པ་འདུལ་མཛད་པདྨ་ཐོད་ཕྲེང་རྩལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འགྲོ་བ་སེམས་ཅན་དོན་ལ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཕེཾ་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཧྲིཾ༔ ཞེས་སྤྱན་དྲངས་པས་མདུན་གྱི་ནམ་མཁར་བྱོན་པ་ལ་ཉེར་སྤྱོད་ལྔས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ་མོ། །དེ་ནས་རྒྱན་ལྷའི་ས་བོན་ལྔ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ཐོབ། དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་གྱུར་ནས་འོད་དཔག་མེད་ལ་ཐིམ་པས་གསལ་བརྟན་འབར་བར་གྱུར་ཅིང་། སླར་ཡང་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་སྔགས་ཀྱི་འོད་ཟེར་རང་སྒྲ་སྒྲོག་བཞིན་པ་དང་། མེ་དབལ་མཐིང་ནག་ཐོ་བ་དང་མེ་ཞགས་ཐོགས་པ་ནམ་མཁའ་གང་བར་སྤྲོས་པ་རྣམས་དང་། ཕྱི་རོལ་གྱི་འཁོར་ལོ་རྩེ་བསྣོལ་དྲག་ཏུ་འཁོར་བས་གནོད་བྱེད་ཐམས་ཅད་བསད་བཅད་གཏུབས་ཏེ་ཚར་བཅད། ཁྲོ་བོ་རྣམས་ཕྱི་ནང་ཀུན་ཏུ་གུར་ཐབས་སུ་འཁྲིགས་པའི་དབུས་སུ་བདག་ཉིད་ཆེ་བཙན་འགྲན་ཟླ་བྲལ་བའི་ལྷ་སྐུར་གྱུར་པའི་ལུས་དཀྱིལ་གྱི་ལྷ་རྣམས་ལས་འོད་ཟེར་འཕྲོས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ངག་ཡིད་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་བཏབ་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཨཱོྃ་བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཞེས་རིག་པ་ངར་དང་ལྡན་པས་རྩེ་གཅིག་ཏུ་བཟླ་ཞིང་སྔགས་ཤམ་སྦྲེལ་ལུགས་ནི་གཞན་དུ་བལྟའོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། གཏོར་རྫས་རཾ་ཡཾ་ཁཾ་ཡེ་ཤེས་ཀྱི་མེ་རླུང་ཆུས་བསྲེགས་གཏོར་སྦྱངས། ཡཾ་རཾ་ཀཾ་གསུམ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨ་ལས་ཀ་པཱ་ལའི་སྣོད་དུ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་པས་རང་གི་ཐུགས་ཀའི་འོད་ཟེར་གྱིས་གནོད་བྱེད་ཐམས་ཅད་བཀུག་ནས་གཏོར་མ་ལ་བསྟིམས། དེའི་སྟེང་དུ་ཧཱུྃ་ཨཱཿཨཱོྃ་བརྩེགས་པ། ཧཱུྃ་ཞེས་པས་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨཱོྃ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཉེར་གཅིག་བརྗོད་པས་སྟེང་གི་འབྲུ་གསུམ་ལས་འོད་ཟེར་འཕྲོས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་བྱས་ནས་ཡི་གེ་གསུམ་ཡང་དེ་ལ་འདྲེས་པར་བསམ་མོ། །དེ་ནས་མདུན་གྱི་ནམ་མཁར་པད་ཉི་དྲེགས་པའི་གདན་བཀོད་པ་ལ་གཏོར་མགྲོན་རྣམས། ཧཱུྃ༔ དུར་ཁྲོད་མེ་རི་སོགས་ཀྱིས་སྔར་བཞིན་སྤྱན་དྲངས་ནས་བཞུགས་སུ་གསོལ། ཧཱུྃ། བདག་ཅག་བྱང་ཆུབ་སྒྲུབ་ལ་གེགས་བྱེད་པའི། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པ་སོགས། །འདོད་ཡོན་ལྔ་ལྡན་ཕྱི་ནང་མཆོད་པའི་ཚོགས། །དབང་དྲག་པདྨ་འཁོར་དང་བཅས་ལ་འབུལ། །ཨཱོྃ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ། བསྟོད་པ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ དབང་དྲག་པདྨ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད་ཅིང་རང་གཞུང་་་་ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས༔སོགས་རྗེས་སུ་བཞག་ཡོད།མཆན།ངམ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་ཀྱིས་ཕྲིན་ལས་བཅོལ་ནས། གཏེར་སྲུང་སོགས་ཀྱི་གཏོར་མ་ཡང་གཏོང་ཞིང་། ཚོགས་མཆོད་བྱེད་ནའང་སྐབས་འདིར་བྱའོ། །དེ་ནས་ཐུན་གྱི་མཐར། སྤྲུལ་པའི་ཁྲོ་བོ་རྣམས་འཁོར་ལོ་དང་གུར་ཁང་ལ་བསྡུ། དེ་ཡང་གཞལ་ཡས་ཁང་ནས་གཙོ་བོའི་ཐུགས་སྲོག་ཧཱུྃ་གི་བར་རིམ་བཞིན་བསྡུས་ནས་སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་གཞག །དེ་ནས་ལྷ་སྐུར་ལངས་ཏེ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །སྤྱིར་བསྙེན་ཚད་ནི་དུས་ཟླ་བ་དྲུག །གྲངས་འབུམ་ཕྲག་དྲུག །རྟགས་ནི་ལྷ་འདྲེ་ཐུལ་བ་དང་ཡེ་ཤེས་ལྷའི་རྟགས་ཏེ་ཅི་རིགས་པ་མཐོང་བའོ། །བསྙེན་པ་རྫོགས་ནས་ལས་ཚོགས་གང་ཡང་འགྲུབ་པར་འགྱུར་ཞིང་། རྒྱུན་དུ་ཐུན་བཞིར་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་སུ་བཟླས་པས་བར་ཆད་ཞི་ཉམས་ཆག་སྐོང་སྡེ་བརྒྱད་དབང་དུ་འདུ་བ་སོགས་ཕན་ཡོན་མཐའ་ཡས་སོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི་རྡོ་རྗེ་སྤྱི་བླུགས་སུ་གྲགས་པ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི་སྔར་བཤད་པ་བཞིན་དང་། སྒྲུབ་ཚུལ་བདག་མདུན་དབྱེར་མེད་ཉིད་ལས། ཁྱད་པར་བུམ་པ་ལ་དམིགས་ནས་བཟླས་པ་ཅི་རིགས་པ་དང་། ཏིང་ངེ་འཛིན་གྱིས་དབང་ལེན་པ་རྣམས་བྱའོ། །སློབ་མའི་བྱ་བ་ནི། ཁྲུས་བྱ། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ནས། སྔོན་འགྲོའི་ཆོས་བཤད་ཟླུམ་པོ་བཞི་དབང་གི་སྐབས་སུ་སྨྲོས་པའི་ཟབ་རྒྱས་ཀྱི་གདམས་པ་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་པ་ལས་ཞེས་སོགས་ཅི་རིགས་པའི་མཐར། ཁྱད་པར་གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་འདུལ་ཕྱིར་ཆེ་མཆོག་པདྨ་དྲག་པོའི་སྐུར་བཞེངས་ཏེ་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བཏུལ་ནས་གཙིགས་ལ་ཕབ། དེ་ཉིད་ཀྱི་སྒྲུབ་ཐབས་དང་ལས་རབ་འབྱམས་ཟབ་འདྲིལ་ཁྱད་པར་ཅན་མང་དུ་གསུངས་པ་རྣམས་སྙིགས་དུས་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པ་ལས། འདིར་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་བ་བཅུ་གསུམ་པ་གཏེར་སྟོན་ཆེན་པོ་ཉང་ཉི་མ་འོད་ཟེར་གྱིས་ལྷོ་བྲག་གི་སྲིན་མོ་སྦར་རྗེས་ཅན་ནས་བཏོན་པའི་བླ་མ་དྲག་སྒྲུབ་ཆེ་འབྲིང་ཆུང་གསུམ་ལས་གཞུང་ཆེན་བདེ་གཤེགས་འདུས་པའི་སྐོར་ཏེ། གཏེར་སྟོན་ཉིད་ནས་བརྒྱུད་པའི་ཁྱད་པར་དུ་མ་ལས་དྲིན་ཅན་བླ་མ་དམ་པའི་བར་དུ་རིམ་པར་བརྒྱུད་པ་དང་། རྡོར་གླིང་དང་པད་གླིང་ཟབ་གཏེར་གྱི་གདམས་པའི་ཆུ་བོའང་གཅིག་འདྲེས་སུ་བཞུགས་པ་སྟེ། གང་ལྟར་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་དེ་ཐམས་ཅད་ཀྱང་མཐུ་སྟོབས་ནུས་པའི་བྱིན་རླབས་ཀྱི་དྲོད་ཚད་རྙེད་པ་ཤ་སྟག་བར་མ་ཆད་དུ་བྱོན་པ་ལགས། བརྒྱུད་པ་དེ་དག་ལས་བྱུང་བའི་གདམས་པ་འདི་ཉིད་ཀྱི་དབང་དུ་བྱས་ན། གཞུན་ཆེན་མ་ཡིག་ལས། ཡོན་ཏན་ཐམས་ཅད་འདི་ལ་ཚང༔ རྐྱེན་རྣམས་ཐམས་ཅད་འདི་ཡིས་ཟློག༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ཞེས་གསུངས་པ་ལྟར་ཕན་ཡོན་ཁྱད་པར་ཅན་དེ་ལྟ་བུ་དང་ལྡན་པའི་སྒྲུབ་པའི་ཐབས་དང་འབྲེལ་བའི་དབང་བསྐུར་བ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་སོགས་མཚམས་སྦྱར་ཏེ་མཎྜལ་ཕུལ། མིག་དར་བཅིང་། མེ་ཏོག་གཏད་ལ་གསོལ་བ་གདབ་པ་ནི། ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་འཁོར་བའི་བཙོན་རར་ཚུད༔ ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ༔ བདག་ཅག་གཟུང་འཛིན་ཞགས་པས་བཅིངས༔ ཤེས་རབ་རལ་གྲིས་གཅད་དུ་གསོལ༔ བླ་མ་དྲག་པོ་ཐོད་ཕྲེང་གི༔ དབང་མཆོག་དམ་པ་བསྩལ་དུ་གསོལ༔ ལན་གསུམ། བླ་མས། ཧོ༔ བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲི། སློབ་མས། བདག་ནི་རིག་པའི་བུ་གཅིག་པོ༔ སྔོན་སྦྱངས་ལས་འཕྲོ་སྐལ་ལྡན་ཡིན༔ རྩ་གསུམ་དམ་ཚིག་བདག་གིས་བསྲུང༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ཞེས་བླ་མ་དང་དཀྱིལ་འཁོར་ལ་སྐོར་བ་གསུམ་དང་ཕྱོགས་བཞི་ནས་ཕྱག་བྱས་པར་བསམ་མོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སྡོམ་གཟུང་རྣམས་རྒྱས་བསྡུས་ཅི་རིགས་པ་སྐབས་འདིར་བྱས་ལ། ཡེ་ཤེས་དབབ་པ་ནི། སློབ་མ་སྐད་ཅིག་གིས་དབང་དྲག་འབར་བའི་སྐུར་བསྐྱེད། སྙིང་གར་གཡུང་དྲུང་དམར་པོ་གཡོན་སྐོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་དང་ཡན་ལག་བཞི་ལ་རིགས་བཞིའི་མཁའ་འགྲོ་གསལ་བཏབ། གཡོན་དུ་འཁོར་བས་མཁའ་འགྲོ་རྣམས་བདེ་བའི་གར་བྱེད་པ་ལ་སེམས་གཟུང་། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པར་བསམ་ལ། རྩ་སྔགས་ལ་ཨཱ་བེ་ཤ་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་སྦྱར། ཡེ་ཤེས་ཕེབས་ནས་ཏིཥྛ་བཛྲས་བརྟན་པར་བྱ། ཧོ༔ གུ་རུ་དྲག་པོའི་དཀྱིལ་འཁོར་དུ༔ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་དང་བདག་སྤྲོད་ཅིག༔ ཅེས་མེ་ཏོག་འབུལ། ཆེ་མཆོག་དྲག་པོ་རྩལ་སོགས་རིགས་དང་མཐུན་པའི་མིང་བཏགས་ལ། ཧོ༔ དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ བླ་མ་དྲག་པོའི་ཐུགས་སྲོག་འཛིན༔ དབང་རྟགས་ཅོད་པན་པུ་རུ་རུ༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ན་མོ་པུ་རུ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཅོད་པན་གྱིས་དབང་བསྐུར། ཧོ༔ ཇི་ལྟར་མིག་མཁན་མིག་འབྱེད་ལྟར༔ ཁྱོད་ཀྱི་མ་རིག་ལིང་ཐོག་ཉིད༔ རིག་པའི་ངང་དུ་དེང་ཕྱེ་བས༔ བླ་མ་དྲག་པོའི་དཀྱིལ་འཁོར་ལྟོས༔ ཞེས་དཀྱིལ་འཁོར་དང་ལྷའི་རྣམ་པ་བསྟན་ལ་ངོ་སྤྲད། དབང་གི་དངོས་གཞི་ནི། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཀུན་བཟང་གཞལ་ཡས་ཁང༔ བུམ་རྫས་རང་གསལ་དྲག་པོ་ཐོད་ཕྲེང་རྩལ༔ དབང་བཞི་ཐོབ་ནས་སྒྲིབ་བཞི་དག་པའི་དོན༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཞེས་བརྗོད་ཅིང་བུམ་ཆུ་བླུད། ཐོད་པ་མགྲིན་པར་བཞག་ལ། ཧོ༔ དུས་གསུམ་དོན་མཛད་པདྨ་འབྱུང་གནས་སྐུ༔ དད་མོས་ཅན་ལ་སྤྱི་གཙུག་མངོན་སུམ་འབྱོན༔ པདྨ་ལྟར་གསལ་དྲི་མེད་སྤྲུལ་པའི་སྐུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཞེས་བདུད་རྩི་བླུད། རྡོར་དྲིལ་སྙིང་གར་བཞག་སྟེ། ཧཱུྃ༔ རང་ལུས་ཕུང་པོ་ལྷ་དང་ལྷ་མོའི་ངང༔ ཐོད་ཕྲེང་རྩལ་མཆོག་ལོངས་སྤྱོད་རིགས་ལྔའི་སྐུ༔ དུག་ལྔ་གནས་དག་ཡེ་ཤེས་ལྔར་གསལ་བ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་དྲག་པོ་རྩལ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ དཔྲལ་བར་འཇམ་དཔལ་གྱི་སྐུ་དང་པུསྟི་བཞག་སྟེ། ཧཱུྃ༔ བདེ་གཤེགས་སྐུ་མཆོག་འཕགས་པ་འཇམ་དཔལ་ཏེ༔ རྨོངས་པའི་བློ་སེལ་དུག་ལྔའི་བདུད་ལས་གྲོལ༔ ཆོས་སྒོ་ཀུན་ལ་རང་སྒོ་འབྱེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་མུཾ་ཝཱ་གཱི་ཤྭ་རཿཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ མགྲིན་པར་ཕུར་བུ་དང་རྟ་མགྲིན་གྱི་སྐུ་རྟེན་བཞག་སྟེ། ཧཱུྃ༔ བདེ་གཤེགས་གསུང་མཆོག་རྟ་མགྲིན་དབང་གི་རྒྱལ༔ རྒྱལ་འགོང་དྲེགས་པ་སྡེ་བརྒྱད་ཟིལ་གྱིས་གནོན༔ ཕྲིན་ལས་གང་ལ་ཐོགས་པ་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱཿཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ སྙིང་གར་རྡོ་རྗེ་དང་ཕྱག་རྡོར་གྱི་སྐུ་བཞག་སྟེ། ཧཱུྃ༔ བདེ་གཤེགས་ཐུགས་མཆོག་ཕྱག་ན་རྡོ་རྗེའི་མཐུས༔ ཀླུ་དང་ས་བདག་གཟའ་རྣམས་ཟིལ་གྱིས་གནོན༔ ནུས་རྩལ་གང་ལ་ཐོགས་པ་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ གསང་བར་ལས་བུམ་དང་མེ་དབལ་གྱི་སྐུ་བཞག་སྟེ། ཧོ༔ བདེ་གཤེགས་ཕྲིན་ལས་ཡཀྴ་མེ་དབལ་སྐུ༔ གདོན་བགེགས་གནོད་བྱེད་མ་ལུས་རྡུལ་དུ་རློག༔ སྣང་སྲིད་དབང་སྡུད་དྲེགས་པ་ཚར་གཅོད་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་བཛྲ་ཡཀྴ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ སྤྱི་བོ་དང་དཔུང་པ་གཉིས་པུས་མོ་གཉིས་ཏེ་གནས་ལྔར་ཁྱུང་ལྔ་བཞག་སྟེ། ཧོ༔ བདེ་གཤེགས་ཕྲིན་ལས་བྱ་ཁྱུང་ག་རུ་ཌ༔ མཁའ་ལྡིང་རྒྱལ་པོ་དྲག་པོ་ཐོད་ཕྲེང་བྲན༔ སྣ་ཚོགས་ཕྲིན་ལས་རེ་བ་སྐོང་བའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཁྲོཾ་ག་རུ་ཌ༔ བཛྲ་ག་རུ་ཌ༔ རཏྣ་ག་རུ་ཌ༔ པདྨ་ག་རུ་ཌ༔ ཀརྨ་ག་རུ་ཌཿཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཚེ་གཏོར་རམ་སྣང་མཐའི་སྐུ་སྤྱི་བོར་བཞག་སྟེ། ཧོ༔ ཚེ་དཔག་མེད་པ་བདེ་གཤེགས་གསུང༔ འཆི་མེད་ལྕགས་སྲོག་རྡོ་རྗེ་འདྲ༔ མི་ཤིགས་ཨཱ་ཡུའི་དབང་མཆོག་སྟེ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་བཛྲ་ཨཱ་ཡུ་ཤེ་བྷྲཱུྃ་ཧྲཱིཿཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ གཙོ་བོའི་སྐུ་དང་བགྲང་ཕྲེང་གཏད་ལ། ཧོ༔ བསྐྱེད་རིམ་གསལ་ལ་དྲན་འཛིན་ཞིག༔ སྔགས་བཟླས་ཆུ་བོའི་གཞུང་དང་མཚུངས༔ གསལ་སྟོང་གྲགས་སྟོང་ལྷ་སྔགས་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ སྐབས་འདིར་མངོན་རྟོགས་ལྟར་སྒོམ་ལུང་འབོགས་པ་ནི། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སོགས་ནས། ཀློང་ན་བཞུགས་པར་གསལ་ཐོབས་ཤིག །སློབ་དཔོན་ཡང་དེ་ལྟར་གསལ་བའི་གཉིས་ཀའི་ཐུགས་ཀློང་ཕྱག་རྡོར་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་དང་། སློབ་དཔོན་གྱི་ཐུགས་ཀར་ཧཱུྃ་གི་མཐར་སྔགས་ཕྲེང་བཀོད་པ་ལས་སྔགས་ཕྲེང་གཉིས་པ་ཐོན། ཞལ་གྱི་སྒོ་ནས་བྱུང་སྟེ་སློབ་མའི་ཁར་ཞུགས། སྙིང་གའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྱིས། ཞེས་བྱས་ལ་སྔགས་ཀྱི་བཟླས་ལུང་བྱིན། ཐོད་རྔ་དང་ཐོད་ཁྲག་གཏད་ལ། ཧོ༔ སྣང་བ་དབང་སྡུད་ཌཱ་མ་རུ༔ དངོས་གྲུབ་འབྱུང་བའི་ཐོད་ཁྲག་འདི༔ མཁའ་འགྲོ་དཔའ་བོའི་སྲོག་གི་རྟེན༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ དེང་ནས་ཁྱོད་ཀྱིས་བསྙེན་སྒྲུབ་དང་ཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་བརྗོད། དེ་ནས་གཏོར་མ་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སློབ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་སུ་བཅུག་ལ། ཧཱུྃ༔ འགྲོ་བ་འདྲེན་མཛད་དྲག་པོ་ཐོད་ཕྲེང་སྐུ༔ ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་དྲངས༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་དད་ལྡན་ཀུན་ལ་འབེབས༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བ་ལིནྟ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཞེས་གནས་གསུམ་དུ་བཞག་སྟེ་དབང་བསྐུར་བའི་མཐར་གཏོར་མའི་ལྷ་སློབ་མ་ལ་བསྟིམས་ནས་སེམས་སྤྲོས་བྲལ་ལ་བློ་གནས་སུ་འཇུག་གོ །རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་སོགས་བྱ་ཞིང་། རྗེས་ཆོག་གཏོར་འབུལ། མཆོད་བསྟོད། བཟོད་གསོལ། གཤེགས་བསྡུ། སྨོན་ལམ་ཤིས་བརྗོད་རྣམས་བྱའོ།། །། ༄༅། །པད་གླིང་གཏེར་མའི་དྲག་པོ་ལ་འདི་དང་མི་འདྲ་བའི་ཁྱད་པར་ནི། དཀྱིལ་འཁོར་ལྟེ་བ་ཆོས་འབྱུང་ཟླ་གམ་ཐོད་ར་རྩིབས་བཞི་རྩིབས་བཅུའི་རིམ་པ་ཅན་སྒོ་ཕན་ཆད་དང་དབང་རྫས་སོགས་བཤམ་གཞན་སྔར་དང་འདྲ་བ་ལས། ཆོ་གའི་སྔོན་འགྲོ་དང་། དངོས་གཞིའི་གདན་བསྐྱེད་པ་ཡན་གོང་བཞིན་གྱི་སྟེང་དུ་རང་རིག་ཧཱུྃ་དམར་པོ་དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཟིལ་གནོན་པདྨ་དྲག་པོ་རྩ་ཞལ་དང་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གཡས་དཀར་གཡོན་ལྗང་བ། ཕྱག་གཡས་གསུམ་གྲི་གུག་རྡོ་རྗེ་རལ་གྲི་གཡོན་གསུམ་བྷནྡྷ་ཁ་ཊྭཱཾ་སྡིག་པ། རྡོ་རྗེའི་གཤོག་པ་ཅན་ཡུམ་ཕག་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ། སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གསེར་གྱི་མཆོད་རྟེན་གྱི་བུམ་པར་ཉི་མའི་གདན་ལ་ཧཱུྃ་ཡིག་དམར་པོ་སྔགས་ཕྲེང་གིས་བསྐོར་བ། རྩ་སྔགས་ལན་བདུན་བརྗོད་པས་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཅས་པ་མཆོད་ཅིང་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་བ་བདག་གི་གནས་ལྔར་ཐིམ། གཡས་ཞལ་གྱི་སྟེང་དུ་གུ་རུ་ཞི་བ། དབུས་ཞལ་ལ་འོད་དཔག་མེད། གཡོན་ཞལ་ལ་ཐོད་ཕྲེང་ཡབ་ཡུམ། དཔྲལ་བའི་འཇམ་དཔལ་འཁོར་ལོ་དང་ཐོད་དབྱུག །མགྲིན་པའི་རྟ་མགྲིན་རྡོར་དབྱུག་དང་སྦྲུལ་ཞགས། ཐུགས་ཀར་མཆོད་རྟེན་གྱི་དབུས་སུ་ཕྱག་རྡོར་རྡོར་སྡིག་ཅན་གྱི་ཐུགས་ཀར་པདྨའི་སྟེང་དུ་རྡོ་རྗེའི་ལྟེ་བར་པད་ཉི་ལ་ས་བོན་ཧཱུྃ་དམར་ལ་སྔགས་ཕྲེང་རྣམས་ཀྱིས་བསྐོར་བ། ལྟེ་བར་སངས་རྒྱས་མཁའ་འགྲོ་མཐིང་ག་གྲི་ཐོད་ཁ་ཊྭཱཾ་ཅན་ལ་རང་འདྲའི་འཁོར་རིགས་བཞིས་བསྐོར་བ། གསང་གནས་སུ་ཧཱ་ལས་མེ་དབལ་སྨུག་ནག་མེ་ཡི་ཐོ་བ་དང་མེ་ཞགས། སྤྱི་བོ་དང་དཔུང་པ་གཉིས་པུས་མོ་གཉིས་རྣམས་སུ་ཁྱུང་ལྔ། གཙོ་རྐྱང་དུ་བྱེད་ན་དེ་ཙམ་དང་། འཁོར་ཅན་དུ་བྱེད་ན། རྩིབས་བཞི་ལ་རིགས་བཞིའི་དྲག་པོ། རྩིབས་བཅུ་ལ་ཁྲོ་བོ་བཅུ། གྲུ་ཆད་ཀྱི་གྲ་བཞིར་སྲས་མཆོག་ཀཱི་ལ་ཡ་རིགས་བཞི། སྒོ་བཞིར་སྒོ་སྐྱོང་བཞི་རྣམས་བསྐྱེད་པ་སྟེ། གང་གི་ཚེ་ཡང་སྤྲུལ་པའི་ཁྲོ་ཚོགས་བསྐྱེད་པ། ཡེ་ཤེས་པ་དགུག་བསྟིམ། བཟླས་དམིགས་གསལ་འདེབས་པ་རྣམས་བྱས་ནས། སྔགས་ཚིག་ནི་བྷ་ག་ཝ་ཏེའི་མཐར་ཧཱུྃ་ཧཱུྃ་ཨཱ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པ་བཟླ། འདིར་དམིགས་སུ་མ་སྨྲོས་པ་རྣམས་འདོན་སྒོམ་ཐམས་ཅད་སྔར་བཞིན་ཏེ། ཐུན་བར་གཏོར་མ་སོགས་ཀྱང་འཇུག་པ་བདེ་ཕྱིར་དེ་བཞིན་དུ་བྱ་ཞིང་། དབང་ནི་ཚིག་དོན་གཉིས་ཀ་སྔ་མ་དང་འདྲ་མཚུངས་སུ་ཡོད་པ་ལས་ཁྱད་པར་སྔོན་འགྲོ་སྒོ་སྲུང་ཞུས་ལན་སོགས་ནི་དབང་བཀའ་དཀྱུས་མ་ལ་མི་དགོས་ཤིང་། བགེགས་བསྐྲད་སྲུང་འཁོར་གྱི་རྗེས་སུ་སྲུང་སྐུད་གདགས། ཕྱག་རྡོར་དང་མེ་དབལ་གྱི་དབང་གི་བར་དུ་མཁའ་འགྲོའི་ཌཱར་ཐོད་ཀྱི་དབང་་་ཌཱ་རུ་དང་ཐོད་ཁྲག་ལྟེ་བར་བཞག་སྟེ། ཧོ༔ སྣང་བ་དབང་སྡུད་ཌཱ་མ་རུ༔ དངོས་གྲུབ་ཀུན་འབྱུང་ཐོད་ཁྲག་འདི༔ མཁའ་འགྲོ་དཔའ་བོའི་སྲོག་རྟེན་དབང༔ སྐལ་ལྡན་བུ་ཡིས་མཆོག་ཐོག་ཤོག༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་བྷི་ཥིཉྩ་མཱཾ༔༽ འཇུག་པ་དང་བྱིན་འབེབ་མཐོང་བ་སྟོན་པ་སོགས་ལ་མངོན་རྟོགས་ཀྱི་བསྒྱུར་ཁ་ཙམ་ལས་གཞན་ཐམས་ཅད་གོང་བཞིན་བྱས་པས་དགོས་པ་འགྲུབ་བོ། །སྔ་འ༵གྱུར་ཟབ་གཏེར་འཁྲུལ་མེ༵ད་གཞུང་། །མཚོ་སྐྱེས་རྡོ༵་རྗེ༵་དྲག་སྒྲུབ་བཅུད། །ཉང་དང་རྡོར་གླིང་པད་གླིང་གི །གདམས་པའི་གནད་ལ་འཇུག་བདེའི་སྐྱེས། །ཉང་ལུགས་དྲག་པོ་བདེ་འདུས་དང་རྡོར་གླིང་པད་གླིང་གི་དྲག་སྒྲུབ་རྣམས་ཐུན་མོང་དུ་སྦྱོར་ཚུལ་གྱི་ལེའུ་ཚན་ནོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).