Terdzo-NGI-032

From Rinchen Terdzö

གསང་བ་ཐུགས་སྒྲུབ་ཕག་མོ་ལྷ་ལྔའི་བདུད་རྩིའི་སྒྲུབ་ཐབས་གསལ་བྱེད་དང་བཅས་པ་

gsang ba thugs sgrub phag mo lha lnga'i bdud rtsi'i sgrub thabs gsal byed dang bcas pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  ཉང་གཏེར་སྨིན་གླིང་ལུགས་ཁྲོས་མ་ནག་མོ་ (Nyang gter smin gling lugs khros ma nag mo)
Volume 34 (ངི) / Pages 425-434 / Folios 1a1 to 5b4

[edit]

༄༅༔ གསང་བ་ཐུགས་སྒྲུབ་ཕག་མོ་ལྷ་ལྔའི་བདུད་རྩིའི་སྒྲུབ་ཐབས་གསལ་བྱེད་དང་བཅས་པ་བཞུགས་སོ༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་རིག་པའི་སྟོབས་ལྡན་པས༔ སྙིང་པོ་ལྔ་ལ་རྟག་སྤྱད་ན༔ མཁའ་འགྲོ་སྐུ་ལྔའི་གོ་འཕང་ཐོབ༔ སྙིང་པོ་ལྔ་ནི་བདུད་རྩིའི་གཏེར༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ དུར་ཁྲོད་ས་ལ་མཎྜལ་བྱ༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ དཔེ་ཆུང་བཞིན་དུ་བྲི་བར་བྱ༔ མཚན་དང་ལྡན་པའི་ཀ་པཱ་ལར༔ བདུད་རྩི་ལྔ་དང་སྐྱོབས་ལྔ་དང༔ གཞི་ལྔ་གྲོགས་ལྔ་བསྟུན་ཏེ་སྦྲུ༔ དྲི་ཆེན་དྲི་ཆུ་ཤ་ཆེན་དང༔ བྱང་སེམས་པདྨ་རཀྟ་དང༔ བདུད་རྩི་རྩ་བ་ལྔ་ཞེས་བྱ༔ དེ་ལ་སྐྱོབས་ལྔ་བསྟན་པ་ནི༔ སྤོས་ཆེན་དྲི་ཆེན་སྐྱོབས་ཡིན་ཏེ༔ གླ་རྩི་དྲི་ཆུའི་སྐྱོབས་སུ་བཤད༔ ཤིང་ཀུན་ཤ་ཆེན་སྐྱོབས་ཡིན་ཏེ༔ ཅུ་གང་བྱང་ཆུབ་སེམས་ཀྱི་སྐྱོབས༔ གུ་གུལ་རཀྟའི་སྐྱོབས་སུ་བཤད༔ ཀ་ར་དྲི་ཆེན་གཞི་ཡིན་ཏེ༔ མར་ནི་དྲི་ཆུའི་གཞི་ཡིན་ནོ༔ བུ་རམ་ཤ་ཆེན་གཞི་ཡིན་ཏེ༔ འོ་མ་བྱང་ཆུབ་སེམས་ཀྱི་གཞི༔ སྦྲང་ནི་པདྨ་རཀྟའི་གཞི༔ གྲོགས་སུ་ཤ་ཆེན་རྣམ་པ་ལྔ༔ དྲི་ཆེན་གྲོགས་སུ་གླང་ཆེན་ཤ༔ དྲི་ཆུའི་གྲོགས་སུ་མི་ཡི་ཤ༔ ཤ་ཆེན་གྲོགས་སུ་ཁྱི་ཡི་ཤ༔ བྱང་སེམས་གྲོགས་སུ་རྟ་ཡི་ཤ༔ རཀྟའི་གྲོགས་སུ་བ་གླང་ཤ༔ དེ་ལྟར་བདུད་རྩིའི་ཚོགས་སྦྱར་ལ༔ རྩ་བ་ཞོ་རེ་གྲོགས་ཕྱེད་ཚད༔ སྐྱོབས་ནི་དེ་ཡི་སུམ་འགྱུར་ལ༔ གཞི་ནི་དེ་ཡི་བཞི་འགྱུར་རོ༔ ལེགས་པར་སྦྱར་ལ་ཐོད་པ་བཀང༔ མཎྜལ་སྟེང་དུ་ཁྲི་སྟེང་བཞག༔ དར་སྣས་དྲིལ་ལ་སྒྲུབ་པ་བྱ༔ རང་ཉིད་ལྷ་ཡི་རྣལ་འབྱོར་ལ༔ འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབ༔ ཡིག་འབྲུ་རྣམས་ལས་འོད་འཕྲོས་པས༔ བདུད་རྩི་རྣམ་ལྔ་འོད་དུ་ཞུ༔ མཁའ་འགྲོ་སྡེ་ལྔ་འཁོར་བཅས་ཀྱིས༔ ཡེ་ཤེས་བདུད་རྩི་ཆར་དུ་འབེབ༔ རྩ་བའི་སྔགས་ལ་འདི་ཉིད་གདགས༔ ཨོཾ་སརྦ་པཉྩ་ཨ་མྲིཏ་ཧཱུྃ་ཧྲཱིཿཋཱ༔ དེ་ཡི་བསྙེན་པ་བཟླས་པ་ཡིས༔ འོ་མ་ཟངས་སུ་ལུད་པ་ལྟར༔ བདུད་རྩིས་འཇིག་རྟེན་གང་བར་བསམ༔ དྲི་ཞིམ་ཉམས་ནི་དགའ་བ་དང༔ མང་དུ་འཕེལ་ན་འགྲུབ་པ་ཡིན༔ ལྷ་མོའི་སྐུ་ཡང་སྟོན་པར་བྱེད༔ རིལ་བུ་རིལ་མ་ཙམ་བྱས་ལ༔ རྣལ་འབྱོར་པ་ཡིས་རྟག་ཏུ་ཟ༔ གང་ཟོས་ཐོགས་མེད་མཐུ་དང་ལྡན༔ དེ་ཡིས་གྲོལ་བའི་ལམ་ཐོབ་ནས༔ ཚེ་འདིར་བདེ་བ་ཕུན་སུམ་ཚོགས༔ བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབ༔ མཁའ་འགྲོ་རྣམས་ཀྱིས་རྟག་ཏུ་མཆོད༔ མཁའ་འགྲོ་སྐུ་ལྔ་ལྷུན་གྲུབ་པའི༔ ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར༔ དྲི་ཆེན་ཕག་མོའི་དམ་ཚིག་ཡིན༔ བྱང་སེམས་རྡོ་རྗེ་མཁའ་འགྲོ་མ༔ དྲི་ཆུ་རིན་ཆེན་མཁའ་འགྲོ་མ༔ རཀྟ་པདྨ་མཁའ་འགྲོ་མ༔ ཤ་ཆེན་ལས་ཀྱི་མཁའ་འགྲོ་མ༔ སྤྱོད་ཅིང་ཟོས་ན་ཡོན་ཏན་ནི༔ མཁའ་འགྲོ་སྐུ་ལྔའི་གོ་འཕང་ཐོབ༔ དྲི་ཆེན་ཕག་མོ་ཆེན་མོའི་སྐུ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ༔ བྱང་སེམས་རྡོ་རྗེ་མཁའ་འགྲོ་མ༔ ལོངས་སྐུ་མེ་ལོང་ཡེ་ཤེས་ཐོབ༔ དྲི་ཆུ་རིན་ཆེན་སྤྲུལ་པའི་སྐུ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ༔ རཀྟ་པདྨ་ངོ་བོ་ཉིད་ཀྱི་སྐུ༔ སོ་སོར་རྟོག་པའི་ཡེ་ཤེས་ཐོབ༔ ཤ་ཆེན་མངོན་པར་བྱང་ཆུབ་སྐུ༔ བྱ་བ་ནན་ཏན་ཡེ་ཤེས་ཐོབ༔ ཐུན་མོང་དངོས་གྲུབ་ཐུབ་པ་ལྔ༔ དྲི་ཆེན་ཀླུ་དང་མཛེ་ནད་ཐུབ༔ བྱང་སེམས་ལྷ་གདོན་མཁྲིས་པ་ཐུབ༔ རཀྟས་མ་མོ་རྒྱུ་གཟེར་ཐུབ༔ ཤ་ཆེན་རྒྱལ་པོ་ཀླད་གཟེར་ཐུབ༔ དྲི་ཆུས་བདུད་དང་འབྲུམ་ནག་ཐུབ༔ ནད་ལྔ་གདོན་ལྔ་ཞི་བར་བྱེད༔ ཚེ་འདིར་བདེ་བ་ཕུན་སུམ་ཚོགས༔ སྦྱར་དུག་བཙན་དུག་ཤ་དུག་རྣམས༔ དུག་རྣམས་ཐམས་ཅད་བདུད་རྩིར་སྒྱུར༔ སྐྲ་དཀར་གཉེར་མ་མི་འབྱུང་ཞིང༔ ཚེ་ནི་ཉི་ཟླ་ལྟ་བུར་གནས༔ ཚེ་འདིར་མཁའ་འགྲོ་སྡེ་ལྔས་སྐྱོང༔ ཕྱི་མ་སྐུ་ལྔ་ཡེ་ཤེས་ལྔ༔ རྟག་ཏུ་ཡོན་ཏན་ཕུན་སུམ་ཚོགས༔ ཟས་སྐོམ་བདུད་རྩི་ལྔ་ལ་སྤྱོད༔ བདུད་རྩི་ལྔ་ཡི་སྒྲུབ་པ་འདི༔ མཁའ་འགྲོ་སྡེ་ལྔའི་ཡོན་ཏན་གྱི་སྒྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཕག་ལྔའི་བདུད་རྩིའི་སྒྲུབ་ཐབས་སོ།། ༈ །།ན་མོ་གུ་རུ་ཛྙཱ་ན་དྷཱ་ཀི་ནཱི་ཡཻ། ཉང་གཏེར་ཁྲོས་མ་ནག་མོ་ལས་མཁའ་འགྲོ་སྡེ་ལྔའི་ཡོན་ཏན་གྱི་སྒྲུབ་པ་ཕག་ལྔའི་བདུད་རྩི་རིལ་བུ་སྒྲུབ་པའི་ཐབས་འདི་ལ་དོན་གསུམ། གང་བསྒྲུབ་པར་བྱ་བའི་དམ་རྫས། ཇི་ལྟར་སྒྲུབ་པར་བྱེད་པའི་ཐབས། དེ་ལྟར་གྲུབ་པའི་རྫས་བསྟེན་ཚུལ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། གཞུང་ལས། རྩ་བ་བདུད་རྩི་ལྔ་ཞོ་གང་གི་ཚེ་གྲོགས་ཤ་ལྔ་ཞོ་ཕྱེད། སྐྱོབས་ལྔ་ཞོ་གསུམ། གཞི་ལྔ་ཞོ་བཞི་སྦྱར་བའི་རིལ་བུ་བྱ་ཚུལ་ལྔ་ཚན་བཞི་པོ་སྦྱར་ཚད་བཅས་གསལ་བར་བསྟན་པ་ལྟར། དམ་རྫས་རྩ་བ་ལྔ་པོ་གོང་མའི་ལུང་གིས་ཟིན་པའི་རྣལ་འབྱོར་པ་ནུས་པ་ཐོབ་ངེས་པ་སོགས་ཀྱི་ལུས་ལས་བྱུང་བ་ལ་རྒྱུད་དང་མན་ངག་ལས་བཤད་པའི་ལག་ལེན་ཚུལ་བཞིན་སྦྱར་བ་དགོས་ཀྱང་། དེང་སང་དཀྱུས་མཐུན་གྱི་ཕྱག་ལེན་སྔོན་གྱི་གྲུབ་ཐོབ་གོང་མའི་བདུད་རྩི་ལྔ་གཏེར་བྱོན་གཙོས་ཕབས་རྒྱུན་ལས་འབྱུང་བ་རྣམས་ལ་གཞིར་བྱ། དེ་ལྟར་གྱི་ཚེ་རིལ་དུ་བུངས་མང་ལ་རྩ་བ་ལྔ་པོ་གཞུང་གི་སྦྱོར་ཚད་ཙམ་འབྱོར་དཀའ་བས་གང་འཛོམ་དང་། གྲོགས་ཤ་ལྔའང་དེ་མཚུངས་སྔོན་གྱི་ཕབས་རྒྱུན་བསྲེས་ལ་དེ་དག་ཕབས་གཏར་སྦྱར། སྨན་ལྔའི་སྐྱོབས་རྣམས་ལ་དྲིའི་ལས་བྱེད་གཉིས་པོ་ཉུང་ན་ལེགས་ཤིང་གཞན་གསུམ་དང་ཐམས་ཅད་ཀྱི་གཞིའམ་གྲོགས་སུ་ཨ་རུ་ར་སྦྱར་བ་གཞུང་གཞན་རྣམས་སུ་བཤད་ཅིང་ད་ལྟའི་ཕྱག་ལེན་དུའང་མཛད་པ་ལྟར་བུངས་བསྐྱེད། བཅུད་ལྔའི་གཞི་འོས་བསྟུན་སྦྱོར་བ་སྟེ། དེའང་ཐོག་མར་སྨན་རྣམས་ཞིབ་པར་བརྡུང་། ཕབས་གཏའ་རིལ་བུ་སོགས་དང་གོང་མས་བསྒྲུབས་པའི་བདུད་རྩིའི་རྒྱུན་ཡོད་ན་དེ་དག་ལེགས་པར་སྦངས་པའི་ཁུ་བས་སྦྲུ། གཞི་ལྔ་པོའང་བཞུས་ཏེ་བསྲེ། རིལ་བུ་སྤུས་ལེགས་པ་བྱེད་སྐབས་མར་དང་འོ་མ་ཧ་ཅང་མང་བ་མི་ལེགས་པས་ཚོད་ཟིན་པར་བྱས་ལ་བོད་སྲན་རློན་པའི་ཚད་དུ་དྲིལ། རིལ་ཆག་ལེགས་པར་བྱས་ལ་སྐམ་ཐག་ཆོད་པར་བྱ། གཞུང་ལས་གཞི་ལྔ་བཞི་འགྱུར་དུ་སྦྱོར་བ་དང་། རིལ་བུ་རིལ་མ་ཙམ་དྲིལ་བར་གསུངས་པ་ནི་བཅུད་ལེན་རྟག་ཏུ་བསྟེན་པ་ལ་དགོངས་པ་ཡིན་པས་དེང་སང་དམ་རྫས་ཙམ་བྱ་བའི་སྐབས་ནི་གོང་སྨྲོས་ལྟར་ལེགས་སོ། །དེ་ལྟར་སྒྲུབ་རྫས་གྲུབ་པ་ན། གང་དུ་སྒྲུབ་པའི་གནས་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་འཇིགས་ལ་ཟིལ་ཆེ་བའི་དུར་ཁྲོད་དམ། གྲུབ་ཐོབ་རིག་འཛིན་གོང་མའི་སྒྲུབ་གནས་བྱིན་རླབས་ཆགས་ལ་མ་ཉམས་པར་དམར་ཕྱོགས་ཀྱི་ཚེས་བཅུ་གཙོར་གྱུར་པའི་ཌཱ་ཀི་འདུ་བའི་དུས་བཟང་པོར། སྟེགས་བུར་བདུད་རྩི་ལྔས་ཆག་ཆག་གདབ་པ་ལ་དཀྱིལ་འཁོར་གཞུང་གསལ་རས་བྲིས་བཀྲམ་པའི་དབུས་སུ་ཁྲིའུའི་ཁར་ཐོད་པ་མཚན་ལྡན་དུ་བདུད་རྩི་རིལ་བུ་བླུགས་ཤིང་དར་སྣས་བཀབ་ལ་གཟུངས་ཐག་བཏགས། མཆོད་གཏོར་གྱིས་མཐའ་བསྐོར་རོ། །གཉིས་པ་སྒྲུབ་པའི་ཐབས་ལ་གཉིས། རིགས་ལྔར་བསྙེན་པས་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་དུ་སྒྲུབ་པས་བཅུད་བསྡུ་བའོ། །དང་པོ་ནི། སྒྲུབ་ཐབས་རྒྱས་བསྡུས་གཉིས་ལས་ཅུང་ཟད་སྤྲོས་པ་རྒྱས་པའི་དབང་དུ་བྱས་ན། ལས་བྱང་གསར་རྙིང་གང་གི་ལུགས་ལ་བརྟེན་ཀྱང་ཆོག་མོད། སྨིན་ལུགས་མཁའ་སྤྱོད་བདེ་ལམ་ལྟར་ན། ཐོག་མར་བསང་གཏོར་དང་སྔོན་གཏོར་ནས་བརྩམ་སྦྱོར་བའི་ཆོས་བདུན་དང་བླ་མའི་རྣལ་འབྱོར། བདག་བསྐྱེད་བཟླས་པའི་བར་སོང་ནས་བསྙེན་པ་ཅི་འགྲུབ་མཐར། ཐུན་བསྡུ། སླར་ཡང་རང་ཉིད་ཁྲོས་མ་ནག་མོ་རིགས་བཞིའི་མཁའ་འགྲོའི་འཁོར་དང་བཅས་པའི་སྐུར་གྱུར། མདུན་རྟེན། སུམྦྷ་ནིས་བསང་། སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་མདུན་དཀྱིལ་དབུས། །མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་། །ཨ་ལས་པདྨ་བྷཉྫའི་སྣོད། །ཡངས་ཤིང་རྒྱ་ཆེར་གྱུར་པའི་ནང་། །མ་ལས་ཉི་མའི་དཀྱིལ་འཁོར་སྟེང་། །དབུས་སུ་དྲི་ཆེན་གླང་པོའི་ཤ །ཤར་དུ་དྲི་ཆུ་མི་ཡི་ཤ །ལྷོ་རུ་བྱང་སེམས་རྟ་ཡི་ཤ །ནུབ་ཏུ་རཀྟ་བ་ལང་ཤ །བྱང་དུ་ཤ་ཆེན་ཁྱི་ཡི་ཤ །བདུད་རྩི་རླངས་པ་མ་ཡལ་ཞིང་། །ཤ་ལྔ་དྲོད་མ་ཡལ་བར་གསལ། །དེ་སྟེང་ཨ་ལས་ཟླ་དཀྱིལ་སྟེང་། ཨོཾ་དཀར་ཧཱུྃ་སྔོན་སྭཱ་སེར་པོ། །ཨཱཿདམར་ཧཱ་ཡིག་ལྗང་གུ་རྣམས། །རིམ་པར་དབུས་དང་ཕྱོགས་བཞིར་གསལ། །ཡིག་འབྲུ་རྣམས་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་མཆོད་ཐུགས་དམ་བསྐུལ། །འགྲོ་བའི་ཕུང་པོ་དུག་ལྔ་སྦྱངས། །ཚུར་འདུས་འབྲུ་ལྔའི་གཟི་བརྗིད་བསྐྱེད། །དེ་ལས་འོད་ཟེར་དཔག་མེད་འཕྲོས། །ཐོད་པའི་རྫས་ལ་ཕོག་པ་ཡིས། །མ་དག་དངོས་པོ་ཐམས་ཅད་སྦྱངས། །དམ་ཚིག་བདུད་རྩི་ཆེན་པོར་བསྒྱུར། །ནུས་བཅུད་མཆོག་ཏུ་སྤེལ་བར་གྱུར། །ཅེས་དམིགས་ནས་གཟུངས་ཐག་བླངས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་དཔའ་བོ་འབྲུ་ལྔ་ཉུང་མཐར་ཡང་འབུམ་ཐེར་གཅིག་འགྲོ་ངེས་པ་བཟླ། ཐུན་མཐར། དཔའ་བོ་འབྲུ་ལྔ་འོད་དུ་ཞུ། །ཤ་ལྔ་བདུད་རྩི་ལྔ་ལ་ཐིམ། །དེ་རྣམས་འོད་ཞུ་དམ་ཚིག་གི །བདུད་རྩིའི་རྒྱ་མཚོར་འཁྱིལ་བར་གྱུར། །ཅེས་དམིགས། ཐུན་མཚམས་གཏོར་འབུལ་ཕྲིན་བཅོལ་གྱི་བར་བྱས་ལ་གཏོར་མགྲོན་གཤེགས། བསྔོ་སྨོན་དང་ཤིས་བརྗོད་བྱ། ཐུན་གཉིས་པར་མཆོད་པ་བྱིན་རླབས་དང་སྐྱབས་སེམས་ནས་བརྩམ། བདག་མདུན་བསྐྱེད་བཟླས། གཏོར་འབུལ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་སྔར་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའམ་གསུམ་དུ་བཅད་ལ། སྒྲུབ་པ་ཞག་བདུན་བྱེད་ན་འདི་ཞག་གསུམ་བྱེད། ཡུན་རིང་ཐུང་གཞན་ལ་དེས་འགྲེ །འདི་ནི་སྨན་ཁྲོལ་བུར་སྒྲུབ་པ་དང་འདྲ་བར་བཞུ་བཏུལ་གྱིས་བྱིན་གྱིས་བརླབ་པའོ། །གཉིས་པ་དཀྱིལ་འཁོར་དུ་སྒྲུབ་པས་བཅུད་བསྡུ་བ་ནི། དཀྱིལ་འཁོར་དབུས་སུ་བུམ་ཐོད་མེ་ལོང་གསུམ་པོ་བརྩེགས་མར་བཤམ་པ་སོགས་ལས་བྱང་དབུ་ནས་འབྱུང་བ་ཇི་ལྟ་བ་ལ། ཐོད་པའི་ནང་དུ་རིལ་བུ་བླུགས། མཆོད་གཏོར་དང་ཚོགས་མཆོད་ཅི་འབྱོར་གཟབ་སྟེ་བཤམ། ལས་བྱང་གི་སྦྱོར་བའི་ཆོས་བདུན་ནས་གཟུང་། བདག་བསྐྱེད། མདུན་བསྐྱེད་སྒྲུབ་མཆོད་བསྟོད་པ་ཡན་བཏང་ལ་སྤྲོ་བསྡུའི་དམིགས་པ་བཅས་རྩ་བསྙེན་ཇི་ལྟར་འོས་པ་བཟླ། ཁྱད་པར་གྱི་དམིགས་བཟླས་ནི་གཟུངས་ཐག་བླངས་ལ། བདག་མདུན་ལྷ་ཚོགས་ཐུགས་ཀ་ནས། །འོད་འཕྲོས་སངས་རྒྱས་ཞིང་ཀུན་ཁྱབ། །ཡེ་ཤེས་བདུད་རྩི་ཆར་ལྟར་བབས། །ཐོད་པའི་བདུད་རྩི་ལ་ཐིམ་པས། །ཞུ་ཁོལ་གཉིས་སུ་མེད་པར་འདྲེས། །འཕྱུར་ཞིང་ལུད་དེ་སྣང་སྲིད་གང་། །ཐམས་ཅད་བདུད་རྩིའི་དཀྱིལ་འཁོར་ཆེར། །རྣམ་དག་ཡེ་ཤེས་རོལ་པར་གྱུར། །ཅེས་པའི་ཏིང་འཛིན་གསལ་བཏབ་ལ། རྩ་བའི་སྔགས་ཀྱི་ཤམ་དུ། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཏགས་པས་ཐུན་གྱི་དངོས་གཞི་བྱས་ལ་བཟླ། ཐུན་མཐར་གཏོར་འབུལ་དང་གཏོར་མགྲོན་ཡེ་ཤེས་པ་མདུན་རྟེན་ལ་བསྟིམ། དཀྱིལ་འཁོར་པ་ལ་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། རས་བྲིས་དང་རྟེན་ལ་བརྟན་བཞུགས། བསྔོ་སྨོན་ཤིས་བརྗོད་བྱས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །སླར་ཡང་མཆོད་ཁ་གསོ། མཆོད་པ་བྱིན་རླབས་ཕྱིན་ཆད་བཤད་མ་ཐག་པའི་ཕྲིན་ལས་བཟླས་པ་ཆ་ཚང་བ་རེ་བཏང་ལ་ཐུན་དུ་གཅད། སྲོད་ཐུན་ལ་གཏོར་འབུལ་རྗེས་སུ་ཚོགས་མཆོད་འབུལ། ལྷག་མ་བཙོན་འཛིན་སོགས་སྒྲུབ་པའི་ཕྱག་ལེན་སྤྱི་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་སྒྲུབ་པའི་ཞག་དུས་ཀྱི་གྲངས་ཐེམས་པའི་ནངས་མོར། ཕྲིན་ལས་བཟླས་པ་དང་བཅས་སྔར་ལྟར་ལ་བུམ་བཟླས་ཀྱང་བསྣན། གཏོར་འབུལ་རྗེས་སུ་བདག་འཇུག་རྒྱས་བསྡུས་གང་རུང་བྱ་ཞིང་བུམ་ཐོད་ཀྱི་བཅུད་བླང་པས་དངོས་གྲུབ་ལེན་ཆོག་དང་དོན་གཅིག་ཏུ་འགྱུར། དེ་ནས་ཚོགས་མཆོད་དང་ཕག་ལྔའི་མེ་མཆོད་ཀྱང་རྒྱས་པར་བྱ། ཚོགས་ལ་རོལ་ཞིང་ལྷག་གཏོར་ཕྱི་རོལ་དུ་གཏང་། གཏོར་མ་བསྐྱང་། རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གཞུང་ལྟར་བྱས་པས་འགྲུབ་བོ། །གསུམ་པ་སྒྲུབ་རྫས་བརྟེན་ཚུལ་དང་ཕན་ཡོན་ནི། དེ་ལྟར་ཚུལ་བཞིན་བསྒྲུབས་པའི་རིལ་བུ་དེ་ཉིད་རབ་ཐུན་དྲུག །འབྲིང་ཐུན་བཞི། ཐ་མ་ཐུན་གསུམ། མི་འགྲུབ་ན་ནངས་མོར་རེ་རེ་ཅི་ནས་བསྟེན་པའི་ཕན་ཡོན་ཀྱང་། གནས་སྐབས་སུ་གདོན་ལྔ་སྲུང་། ནད་ལྔ་སེལ། དུག་བདུད་རྩིར་སྒྱུར། ཚེ་རིང་པོར་འཚོ། མཐར་ཐུག་མཁའ་འགྲོ་ལྔ་ཡིས་རྗེས་སུ་བཟུང་ནས་མཁའ་ལ་སྤྱོད་པའི་ཞིང་དུ་བགྲོད་ཅིང་། སྐུ་ལྔ་ཡེ་ཤེས་ལྔའི་གོ་འཕང་བདེ་བླག་ཏུ་འགྲུབ་པ་སོགས་རྩ་བའི་གཞུང་ལས་ཇི་སྐད་གསུངས་པའི་དངོས་གྲུབ་རྣམས་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །ཞེས་རྩ་གཞུང་གི་གསལ་བྱེད་ལག་ལེན་མདོར་བསྡུས་པའི་ཚུལ་དུ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).