Terdzo-MI-024

From Rinchen Terdzö

བྱང་གཏེར་ཐུགས་སྒྲུབ་ལས། ལས་ཀྱི་བྱ་ཁྱུང་ནག་པོའི་ཆོས་སྐོར་

byang gter thugs sgrub las/_las kyi bya khyung nag po'i chos skor

by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ལས་ཀྱི་བྱ་ཁྱུང་ནག་པོའི་ཆོས་སྐོར་ (Las kyi bya khyung nag po'i chos skor)
parent cycle  བྱང་གཏེར་ (Byang gter)
Volume 46 (མི) / Pages 313-328 / Folios 1a1 to 8b1

[edit]

༄༅། །བྱང་གཏེར་ཐུགས་སྒྲུབ་ལས། ལས་ཀྱི་བྱ་ཁྱུང་ནག་པོའི་ཆོས་སྐོར་བཞུགས་སོ། ། ལས་ཀྱི་བྱ་ཁྱུང་བྱུང་ཚུལ་ལོ་རྒྱུས་བཞུགས་སོ༔ རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ སྲོག་གཅོད་གདུག་པ་གཉན་གྱི་ནད༔ རྒྱལ་ཁམས་ཀུན་ཏུ་དར་བ་འོང༔ སྲོག་ཆགས་ཐམས་ཅད་དམྱལ་ཐག་གཅོད༔ འཇིག་རྟེན་ཁམས་འདི་མུན་པར་འགྱུར༔ དེ་ཡང་གཅིག་ཏུ་མ་ངེས་ཏེ༔ རྐྱེན་རྣམས་ཐམས་ཅད་འདི་ཡིས་བྱེད༔ ལ་ལར་མཚོན་འཁྲུག་ཁྲག་ལྟར་ཁོལ༔ ལ་ལར་རིམས་ནད་ཆར་ལྟར་འབབ༔ ལ་ལར་ལྷོག་རྒོད་སྤྲིན་ལྟར་གཏིབས༔ མི་མཐུན་ནད་རྣམས་བསམ་མི་ཁྱབ༔ ཐམས་ཅད་ས་འོག་གདོན་གྱི་རྐྱེན༔ བསྟན་པ་འཇིག་ལ་ཐུག་པའི་དུས༔ སྙིགས་མའི་དུས་སུ་འབྱུང་བར་འགྱུར༔ དེ་ལ་སྙིང་རྗེ་ཆེར་གཟིགས་ནས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཐུགས་ཁྲོས་ཐུགས་རྗེའི་སྤྲུལ་པ་བཀྱེ༔ ཐུགས་ཀའི་ཡི་གེ་ཁྲོཾ་ལས་ནི༔ བྱ་ཁྱུང་ནག་པོ་འཇིགས་པའི་གཟུགས༔ སྤྱན་གསུམ་ལྕགས་ཀྱི་རྭ་དང་ལྡན༔ སྡེར་གཤོག་ལྕགས་ཀྱུའི་ཚུལ་དུ་བཀུག༔ སྐུ་མདོག་ཧ་ལའི་མདོག་ལྟར་ནག༔ སྟང་ཟིལ་མདོག་ལྟར་གནག་ཅིང་འཚེར༔ རྡོ་རྗེའི་མཆུ་ཡིས་ཀླུ་གཉན་ཟ༔ དེ་ལྟ་བུར་ནི་སྐུ་སྤྲུལ་ནས༔ གདུག་པ་གཉན་གྱི་གྲོང་ཁྱེར་བཅོམ༔ རི་རབ་རྐེད་ལ་བརྟེན་བྱས་ནས༔ འགྲོ་བ་ཀུན་གྱི་དོན་མཛད་ཕྱིར༔ གསང་སྔགས་ཀྱི་ནི་ལེ་འུ་གསུངས༔ སྔགས་ཀྱི་ལྡེ་མིག་ཐེམ་བྱང་རྣམས༔ ལང་ཀའི་ཡུལ་གྱི་ཤར་ཕྱོགས་ངོས༔ རི་བོ་མ་ལ་ཡ་ཡི་རྩེར༔ གནམ་ལྕགས་ཆར་དུ་འབབ་པའི་གནས༔ ཡ་མཚན་ངོ་མཚར་ཆེན་པོ་དེར༔ གསང་བའི་བདག་པོ་དངོས་སུ་བྱོན༔ འཇིགས་པའི་ཁྱུང་ནག་ཕྱག་ཏུ་བསྣམས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ སྔགས་དང་ཕྱག་རྒྱས་གོ་ཕྱེ་ནས༔ བཀྲ་ཤིས་ཟླ་གམ་ཕུག་ཏུ་སྦས༔ མ་འོངས་དོན་དུ་སྨོན་ལམ་བཏབ༔ བཀའ་སྲུང་སྡེ་བརྒྱད་ཀུན་ལ་བཅོལ༔ གཏད་དོ་བཅོལ་ལོ་ཐུབ་པར་གྱིས༔ ཞེས་གསུངས་སོ༔ ལས་ཀྱི་ཁྱུང་ནག་བྱུང་ཚུལ་ལོ་རྒྱུས་སྐྱེ་རྒྱུད་བསྟན་པ་རྫོགས་སོ༔ ༈ རྡོ་རྗེ་ཁྱུང་གི་ལོ་རྒྱུས་བཞུགས་སོ༔ གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་དེས༔ དཔལ་ཆེན་པོས་བྱིན་གྱིས་བརླབས་པའི་གནས་ཆེན་པོ་བརྒྱད་དུ༔ བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དུ་གཤེགས་པའི་ཚེ༔ ལྷོ་ནུབ་ལངྐའི་ཡུལ་དུ་དྲག་པོའི་སྤྱོད་པ་མཐར་འདོན་དུ་གཤེགས་པ་ལ༔ རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བྱོན་ནས་ནམ་མཁའ་བར་སྣང་འཇའ་ཚོན་གྱི་གུར་དུ་སོང༔ གནམ་ལྕགས་རྡོ་རྗེའི་ཆར་དུ་འབབ༔ སྟེང་འོག་གི་ལྷ་སྲིན་ཐམས་ཅད་འདུས་ཏེ་ཕྱོགས་སྐྱོང་ཆེན་པོ་བཅུ་པོ་མན་ཆད་བཀའ་ཉན་ཅིང་གསུང་སྡོད་དོ༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་ནི་འཇིགས་ཤིང་སྐྲག༔ གདུག་པ་ཅན་གྱི་ལྷ་སྲིན་མ་རུངས་པ་ཐམས་ཅད་མགོ་འགས་པ་དང༔ སྙིང་ཕྱུང་བ་དང་སྙིང་ཁྲག་ཐང་ལ་འབོ་བ་དང༔ ལུས་ཐམས་ཅད་ཐལ་བའི་རྡུལ་དུ་སོང་ནས༔ བརླགས་པ་དང་སྟོང་པ་མང་པོ་གཟིགས་སོ༔ དེའི་ཚེ་གསང་བའི་བདག་པོ་ཉིད་ལ༔ གུས་པས་ཕྱག་འཚལ་ཏེ་གསོལ་བ་བཏབ་པས༔ གསང་བའི་བདག་པོས་ཁྲོ་བོ་ཡཀྴའི་གདོང་ཅན་ཞེས་བྱ་བ་ཕྲིན་ལས་ཀྱི་ལྷ་རུ་བསྔགས་ཏེ༔ ཨོ་རྒྱན་པདྨའི་སྤྱན་སྔར་བཏང་བས༔ བརྗིད་པའི་དར་དཔྱང་གིས་བཏེག་ནས་གསང་བའི་བདག་པོའི་དྲུང་དུ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་འཁྱེར་ཏེ༔ ཕྱག་ན་རྡོ་རྗེའི་དྲུང་དུ་པདྨ་འདབ་མ་བཞི་པའི་སྟེང་དུ་བཞག་གོ༔ དེའི་ཚེ་ཡེ་ཤེས་ཀྱི་ལྷ་མཁའ་འགྲོ་སེང་གེའི་གདོང་ཅན་གྱིས༔ སྐྱོན་སེལ་གྱི་ཐོད་པ་བདུད་རྩིས་བཀང་བ་ཕྱག་ཏུ་གཏད༔ གསང་བའི་བདག་པོས་དངོས་སུ་དབང་བསྐུར༔ བཀྲ་ཤིས་ཟླ་གམ་ཕུག་ཏུ་ལས་ཀྱི་ཁྱུང་ནག་པོའི་སྒྲུབ་ཐབས་ཡོད་ཀྱི་ཐོན་ཅིག༔ ཅེས་ལུང་བསྟན་པ་ལྟར་ཟབ་མོའི་གཏེར་སྤྱན་དྲངས་པའི་རྩ་བའི་མན་ངག་དེ་ལ་བརྟེན་ནས༔ རྡོ་རྗེ་ཁྱུང་གི་སྒྲུབ་ཐབས་བརྒྱ་རྩ་མཛད་དེ༔ མ་འོངས་པའི་དོན་དུ་གནས་ཆེན་པོ་བརྒྱད་དང༔ བོད་ཁ་བ་ཅན་གྱི་ཡུལ་དུ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཁྱུང་གི་སྒོམ་རིམ་དང་རྩ་བའི་སྔགས་བྱང་གི་ཐེམ་བཞུགས་སོ༔ གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ རིན་ཆེན་འབྱུང་བ་ལྔ་ཡི་སྟེང༔ ཀླུ་གཉན་བྱེ་བ་ལྔ་གནས་པ༔ ལས་ཀྱི་ཁྱུང་གིས་མནན་ཏེ་བཞུགས༔ དེ་ཡིས་གདུག་པ་ཟིལ་མནན་ནས༔ སྲིད་གསུམ་ཐམས་ཅད་བདེ་བར་བྱས༔ དེ་ཕྱིར་ལས་ཀྱི་ཁྱུང་ཆེན་འདི༔ གསང་བའི་བདག་པོའི་སྤྲུལ་པ་ཡིན༔ སྐྱེ་འགྲོ་ཀུན་གྱི་སྲོག་འཛིན་ཡིན༔ དེ་ཕྱིར་ཨོ་རྒྱན་པདྨ་ངས༔ ལས་ཀྱི་ཁྱུང་ལ་ཕྱག་འཚལ་ནས༔ གདུག་པ་འདུལ་བའི་སྒྲུབ་ཐབས་འདི༔ ཕྱི་རབས་དོན་དུ་ཡི་གེར་བཀོད༔ ཕྱིན་ཆད་རྣལ་འབྱོར་སྒྲུབ་པོ་རྣམས༔ གདུག་པའི་དྲག་སྔགས་སྒྲུབ་འདོད་ན༔ ཡི་གེ་ཧཱུྃ་དང་ཁྲོཾ་ལས་ནི༔ འོད་འཕྲོས་ས་བོན་ཞུ་བ་ལས༔ སྤྲུལ་པའི་ལས་ཀྱི་བྱ་ཁྱུང་དེ༔ མདོག་ནག་ཁྲོ་བོའི་ཞལ་གདངས་པ༔ གནམ་ལྕགས་འབར་བའི་མཆུ་བཀུག་ནས༔ ཀླུ་གཉན་ས་བདག་ཟས་སུ་ཟ༔ གནམ་ལྕགས་འབར་བའི་རྭ་གདེངས་ནས༔ བསྐལ་པའི་མེ་འབར་འུར་སྒྲ་འབྱིན༔ སྤྱི་གཙུག་ནོར་བུ་འབར་བས་བརྒྱན༔ ཉི་ཟླ་ལྟ་བུའི་སྤྱན་གཟིགས་ནས༔ ཁམས་གསུམ་མ་ལུས་དུས་གཅིག་གསོལ༔ ཞལ་གྱི་སྐན་སྒྲ་སྡེབ་པ་ཡིས༔ ཀླུ་གཉན་བརྒྱལ་ཞིང་འགེམས་པར་འགྱུར༔ ལྗགས་ནས་མེ་འབར་གདུག་པ་སྲེག༔ ཤངས་ནས་རླུང་ནག་འཚུབས་པ་ཡིས༔ སྲིད་པའི་ལྷ་སྲིན་འཚུབས་ཀྱིས་སྡུད༔ གནམ་ལྕགས་རལ་གྲིའི་གཤོག་པ་རྡེབ༔ མེ་དཔུང་འབར་བའི་རལ་པ་གཏིབས༔ སྟེང་གི་ལྷ་སྲིན་གདུག་པ་སྒྲོལ༔ ལྕགས་ཀྱི་སྡེར་མོ་ཐུར་དུ་གདེངས༔ ཀླུ་གཉན་ས་བདག་འུབ་ཀྱིས་སྡུད༔ ཐམས་ཅད་མ་ལུས་ཟས་སུ་ཟ༔ ཁ་ནས་ཁྲོ་ཆུའི་ཚྭ་ཚྭ་འཕྲོས༔ འཇིག་རྟེན་ཀུན་ཏུ་འཐོར་བར་བསམ༔ དེ་ལྟར་གསལ་བའི་ངང་ཉིད་ལས༔ དྲག་པོའི་སྔགས་འདི་བཟླས་པར་བྱ༔ ཨོཾ་དྲུང་དྲུང་དུར་དུར༔ ཆེམ་ཆེམ༔ ཁཾ་ཁཾ༔ སོད་སོད༔ རྦད་རྦད་སྭཱ་ཧཱ༔ དེ་ལྟར་དྲག་ཏུ་བཟླས་པ་ཡིས༔ བྱ་ཁྱུང་གཤོགས་པ་བརྡབས་བྱས་ནས༔ ལྷོག་པ་ཟས་སུ་ཟ་བར་བསྒོམ༔ དེ་ཡི་ཏིང་འཛིན་སྟོབས་བསྐྱེད་པས༔ གདུག་པ་གཉན་གྱི་སྟོབས་ཟད་དེ༔ སེམས་ཅན་ཐམས་ཅད་བདེ་བར་འགྱུར༔ འབུམ་ཕྲག་གསུམ་དུ་སྔགས་བཟླས་པས༔ གདུག་པ་གཉན་གྱི་གཉེན་པོར་འགྱུར༔ དེ་ནས་ལས་ཚོགས་སྣ་ཚོགས་བྱ༔ ལྷོག་རྒོད་དྲག་པོ་འདུལ་བ་ལ༔ སྡུད་པའི་སྔགས་དང་སྤུར་བའི་སྔགས༔ གསོད་པའི་སྔགས་ལ་ནན་ཏན་བསྐྱེད༔ ནད་རིམས་ཆར་ལྟར་ལང་པའི་དུས༔ སྲུང་དང་ཟློག་དང་གསད་པ་དང༔ གཅུན་པའི་སྔགས་ལ་ནན་ཏན་གྱིས༔ སྤྱིར་དུ་ལས་ཀྱི་ཁྱུང་ནག་འདིས༔ གཉན་གྱི་རིགས་རྣམས་ཐལ་བར་རློག༔ ཀླུ་དང་ས་བདག་ཟས་སུ་ཟ༔ འཇིག་རྟེན་ལྷ་མིའི་མགོན་སྐྱབས་བྱེད༔ སྲོག་ཆགས་ཀུན་ལ་ཕན་པར་འགྱུར༔ དེ་ཕྱིར་སྒྲུབ་ཐབས་གང་བྱེད་ཀྱང༔ ལས་ཀྱི་ཁྱུང་ལ་ཕྲིན་ལས་བཅོལ༔ ཅེས་གསུངས་སོ༔ ཁྱུང་གི་སྒོམ་རིམ་དང་རྩ་བའི་སྔགས་ཀྱི་ཐེམ་བྱང་བསྟན་པ་རྫོགས་སོ༔ ༈ ལས་ཀྱི་བྱ་ཁྱུང་ནག་པོའི་སྨན་དང༔ གཉན་ལྷོག་རིམས་སྲུང་གསོད་པའི་མན་ངག་བཅས་བཞུགས་སོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཚར་བའི་དུས་སུ༔ རབ་གནས་མངའ་གསོལ་ཚར་བའི་རྗེས་ལ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་བཀའ་བསྩལ་པ༔ འགྲོ་བ་སེམས་ཅན་གྱི་དོན་དུ༔ མན་ངག་གི་ཆོས་གནད་ཟབ་མོ་བཤད་ཀྱིས༔ རྒྱལ་པོ་ཆེན་པོ་གསོན་ཅིག༔ ད་ལྟ་དུས་བཟང་སྤྱོད་པ་བཟང༔ ནད་མེད་འབྲུ་དང་ལོངས་སྤྱོད་རྒྱས༔ སེམས་ཅན་སྐྱིད་པའི་དུས་སུ༔ དམ་པའི་ཆོས་ལ་སྤྱོད་ན༔ རང་དབང་རང་གིས་ཐོབ་པ་གདའ་ཏེ༔ བསྐལ་པ་དཔག་ཏུ་མེད་པ་ནས༔ གཟུང་འཛིན་ལ་གོམས་པའི་སྟོབས་ཀྱིས༔ བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ཉུང་བར་གདའ༔ མ་འོངས་པའི་དུས་སུ་རྐྱེན་དང་བར་གཅོད་མང་དུ་འགྲོ༔ ཚེ་ཚད་དྲུག་ཅུ་ཁ་རལ་ནས་བསྐལ་པའི་ཆ་མི་སྙོམ༔ འབྱུང་བཞི་སོ་སོར་འཁྲུག༔ ནད་རིམས་དར༔ སྡེ་པ་ནང་འཁྲུག༔ གྲི་ཐབས་སྣ་དགུ་དར༔ བོད་རྣམས་སྡུག་བསྔལ་གྱིས་ཉམ་ཐག་པ་གཅིག་འོང༔ དེའི་རྒྱུ་རྐྱེན་ནི་མང་པོ་ཡོད་དེ༔ ཕལ་ཆེར་འོག་གདོན་གཉན་རིམས་དར་ནས༔ རྐྱེན་རྣམས་ཐམས་ཅད་དེ་རང་གིས་བྱེད་དོ༔ ཁྱད་པར་ནད་རིམས་དང་གཉན་ནད་ཀྱིས་འཛམ་བུ་གླིང་ཕལ་ཆེར་བརླག་པར་འགྱུར༔ གཉན་རྒོད་དུ་ལངས་ན་ལྷོག་རྒོད་ཅེས་བྱ་སྟེ༔ སེམས་ཅན་གྱི་སྲོག་ཧུར་ཐུམས་སུ་བརླག་པར་བྱེད་དོ༔ རིམས་ཀྱིས་འཇུག་ན་རིམས་ནད་ཅེས་བྱ་སྟེ༔ ཚ་གྲང་གི་ནད་བསྡེབས་ནས་རིམ་གྱིས་མེ་མཆེད་པ་ལྟར་ཕལ་ཆེར་འཇོམས༔ དུས་དེ་ལྟ་བུ་ཤར་ཙ་ན༔ སྐྱེས་བུ་བདག་གཞན་གྱི་དོན་ལ་བརྩོན་པ་རྣམས་ཀྱིས་དང་པོ་ཕྱག་ན་རྡོ་རྗེའི་གྲངས་བསྙེན་ཐེམས་པར་བྱ༔ དེ་ནས་ལས་ཀྱི་ཁྱུང་ནག་པོ་ཆོས་སྐྱོང་བཀའ་སྲུང་གི་ཚུལ་དུ་བསྒྲུབ་པར་བྱ་སྟེ༔ རྩ་བའི་སྔགས་དང་ལས་སྔགས་སོ་སོར་བགྲངས༔ རྟགས་ཚད་ཚང་བར་བྱས་ན༔ ལུས་ལྕགས་ཀྱི་སྡོང་པོ་ལྟར་འགྱུར་ཏེ༔ བདག་ལ་ནད་རིམས་གང་གིས་ཀྱང་མི་ཚུགས་པར་འགྱུར་བས༔ གཞན་གྱི་དོན་ལ་བརྩོན་པར་བྱ༔ གལ་ཏེ་དྲག་སྔགས་ཀྱི་བསྙེན་པ་ཚད་དུ་མ་སོང་ན༔ དུག་སྦྲུལ་ལག་གིས་བཟུང་བ་དང་འདྲ་སྟེ༔ རང་གཞན་གཉིས་ཀ་ཕུང་བར་བྱེད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ ཁྱུང་གི་སྒྲུབ་པ་བྱེད་པའི་མི་དེ༔ ཀླུ་གཉན་ས་བདག་གི་སྟེང་ན་གཉའ་གནོན་པའི་རྒྱལ་པོ་དང་འདྲ་སྟེ༔ རྒྱལ་པོ་འབངས་ལ་ནོན་ཆུང་བ་ལ༔ འབངས་ཀྱིས་གྱེན་ལོག་བྱུང་ན་རྒྱལ་ཁམས་ཀུན་འཁྲུགས་ཏེ་ཕུང་བར་འགྱུར་རོ༔ དེ་བཞིན་དུ་སྔགས་མཁན་ནུས་པ་ཆུང་བ་ལ༔ གཉན་གྱིས་བརྒལ་ཏེ་ཤི་ན༔ གཉན་རྒོད་མགོ་ལངས་ཏེ་ཕུང་བར་འགྱུར་རོ༔ དེ་ཕྱིར་དང་པོ་སྔགས་ལ་ནན་ཏན་བྱ༔ དེ་ནས་སྔགས་དང་སྨན་སྦྲེལ་ཏེ༔ གཉན་རིགས་ལྷོག་པའི་འཇིགས་པ་མེད་དོ༔ དེ་ཕྱིར་འདི་ལ་ནན་ཏན་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ལྷོག་རིམ་གསོད་པར་འདོད་པས་དཔའ་བོ་དགུའི་གོ་ཆ་བགོ་སྟེ༔ སྨན་གྱི་རྒྱལ་པོ་གསུམ་ལ༔ སྨན་ཆེན་དང་གཅིག༔ འཛིན་པ་དང་གཉིས༔ ཨ་རུ་ར་དང་གསུམ༔ དེ་ལ་བློན་པོ་དྲུག་དགོས་ཏེ༔ གླ་རྩི་ཤིང་ཀུན་དངུལ་ཆུ་གསུམ༔ གུ་གུལ་མིང་ཅན་སྟག་ཤ་གསུམ༔ དེ་ལྟར་དགུ་པོ་ཚང་བར་བསགས་ལ༔ རིལ་བུ་བྲ་བའི་རིལ་མ་ཙམ་བྱས་ལ༔ ཁྱུང་གི་རྩ་བའི་སྔགས་དང་ལས་སྔགས་རྫོགས་པར་བཏབ་སྟེ༔ རིལ་བུ་ཁྱུང་དུ་སོང་བར་བསམ༔ རང་ལྷོག་པའམ་རིམས་ཀྱི་ཁྲོད་དུ་འགྲོ་བའི་དུས་སུ༔ སྔགས་བཟླས་ཏེ་རིལ་བུ་རེ་རེ་མིད་པས༔ སྲ་བའི་གོ་གྱོན་པ་ཞེས་བྱ་སྟེ༔ ནད་རིམས་ཀྱིས་ཚུགས་པར་མི་འགྱུར་རོ༔ ནད་དང་རིམས་ཕོག་པའི་རིགས༔ གཉན་གྱི་རིགས་བག་ཤས་ཆེ་བ་ལ༔ རིལ་བུ་རེ་ལ་སྔགས་ཉེར་གཅིག་བཏབ་སྟེ༔ གསུམ་བདུན་བཅོ་ལྔའི་བར་དུ་གཏང་ན༔ གཉན་ཐམས་ཅད་གསོད་པར་འགྱུར་རོ༔ འདི་ཉིད་རྡོ་རྗེ་ཕ་ལམ་གྱི་སྦྱོར་བ་ཞེས་བྱ་སྟེ༔ ཚུར་ལ་མི་ཚུགས་ཕར་ལ་འཇོམས༔ འདི་ལ་མ་འོངས་པའི་དུས་སུ༔ འགྲོ་དོན་ལ་བརྩོན་པའི་གང་ཟག་གིས༔ བརྩོན་འགྲུས་དང་ནན་ཏན་བསྐྱེད་ལ་འབད་པར་བྱའོ༔ གཉན་ངོས་གཟུང་བ་ནི༔ སྤྱིར་རྟགས་མང་དུ་ཡོད་ནའང༔ ཁྱད་པར་གྱི་རྟགས་པ༔ ཁྱུང་གི་སྲོག་སྔགས་མང་དུ་བཟླས་ཏེ༔ སྔགས་ཆུ་ཁོང་ནང་དུ་གཏང༔ ཕྱིར་བྲབས་པས༔ ནད་པའི་མདོག་འགྱུར་ཏེ༔ མིག་དམར་བ་སྤུ་ལང༔ རྩ་གྲིམས༔ དབུགས་མི་སྙོམ༔ མཐེའུ་ཆུང༔ སྲོག་རྩ་དྲག་ཏུ་འཕར་བའམ༔ ཡང་ན་སྐྲངས་པའམ༔ ཆུ་བུར་དང༔ རྨ་ལ་སོགས་པ་འབྱུང་ངོ༔ དེ་ལ་བཅོས་ཐབས་རྒོད་གཡུང་གཉིས་ལས༔ ཚ་བ་དྲག་པོས་བསད་དེ་རྒོད་ཀྱིས་བཅོས༔ གྲང་བ་སྐྱེས་ན་གཡུང་གིས་བཅོས༔ དང་པོ་དཔའ་བོ་གསུམ་པ་སྦྱིན༔ ར་དུག་ཐུན་གཅིག༔ ཐར་ནུ་ཐུན་ལྔ༔ ཨ་རུ་ར་ཐུན་ལྔ་སྦྱར་ཏེ་རིལ་བུ་བྲ་བའི་རིལ་མ་ཙམ་བྱས་ལ་ཐུན་ལྔའམ་བདུན་བྱིན་པས་གསོད་པར་འགྱུར༔ ལྷོག་བརྒལ་དུ་བྱུང་ན༔ ནག་པོ་གསུམ་གྱིས་ཕྱི་ནས་བསྡམ་ཏེ༔ ཁྱི་དང་མི་དང་མཛོའམ༔ བའི་ལྕི་བ་དྲོན་མོ་བསྲེས་ལ་བྱུག༔ སྣ་མེས་བཀག་སྟེ་སྐྲངས་པའི་སྣ་གང་རེང་ལ་མེས་བསྐོར༔ གཟེར་ནས་ན་ན༔ དེ་ལ་མཚོན་ཆ་བརྒྱད་སྦྱར་ཏེ༔ ཐར་ནུ་ཐུན་གཅིག༔ ཆུ་རྩ་ཐུན་གསུམ༔ ཉ་ཤ་ཐུན་གསུམ༔ སྟག་ཤ་ཐུན་བཞི༔ བཙན་དུག་ཐུན་ཕྱེད༔ འཛིན་པ་ཐུན་ཕྱེད༔ ལྷོག་དུག་པ་ཐུན་བཞི༔ གླ་རྩི་ཐུན་གཅིག་དྲི་ཆུ་ལ་སྦྱར་ལ་གཏང༔ ནད་སོས་པ་དང༔ ཆུ་རྩ༔ བྲག་ཞུན༔ རྟ་བོན༔ ཁྱི་ལུད༔ ཤུ་དག་རྣམས་སྦྱར་ཏེ་བཀུས༔ རུ་ཐུང་དང༔ དྲུག་མགོ་གཏར་ཏེ་ནད་དབྱུང་ངོ༔ ཕྱི་རུ་གཟེར་བྱུང་ན༔ ལུམ་དང༔ བདུག་གིས་བདུག་སྟེ༔ ཕག་པ་དང་སྤྱང་ཀི་ཁྱི་གསུམ་གྱི་བྲུན༔ ཤུ་དག་བ་ལྕི༔ ཤིང་གི་ལོ་མ༔ སྐྱེས་པའི་དྲི་ཆུ་ལ་བཙོས༔ གང་གཟེར་བའི་གནས་སུ་བདུག༔ ནང་དུ་འཁར་ན༔ ལྟོ་ནས་སྦྱང་སྟེ༔ དུར་བྱིད༔ ཐར་ནུ༔ ཨ་རུ་མཆུ་སྙུང་གསུམ་གྱི་སྦྱོང་བྱ༔ ཟས་བཅོས་ལ༔ བ་ཤ་ཕག་ཤ་སོགས་ཟ༔ ཆང་སྐྱུར་དང༔ དཀར་མངར་དང༔ དྲོད་སྤང༔ ཡང་གཉེན་པོའི་སྨན་ལྔ་གཏང་སྟེ༔ གླ་རྩི༔ བོང་ང༔ ཤུ་དག༔ གུ་གུལ༔ ཨ་རུ་ར་རྣམས་སྦྱར་ལ་གཏང༔ ཕྱི་ནས་སྨན་ལྔས་བསྡམ་སྟེ༔ ཆུ་རྩ༔ བྲག་ཞུན༔ རྟ་བོན༔ ཁྱི་ལུད༔ ཤུ་དག་དང་ལྔས་བསྡམ་མོ༔ ཁོལ་བུར་ན་ན༔ ལུམ་བྱ་སྟེ༔ སྤང་སྤོས༔ སྤུ་ཤེལ་ཙེ༔ ཀླུ་བདུད་དཀར་པོ༔ ལྷོག་དུག་ནག་པོ་རྣམས་བ་ཞོ་ལ་སྦྱར་དྲོད་ལ་གྲང་མོའི་ལུམ་བྱ༔ ཚ་གྲང་བསིལ་དྲོད་སྦྱར༔ གུ་གུལ༔ ག་པུར༔ ཅུ་གང༔ ཧོང་ལེན་རྣམས་གཏོང་ངོ༔ ཁོང་དུ་ཤོར་ན་ཕྱི་རུ་དབྱུང་སྟེ༔ ཁྱུང་གི་སྔགས་རྒོད་ཁོང་དུ་བཏང༔ སྔགས་ཀྱི་ཐད་སྐྲང་འོང་སྟེ་ཕྱི་རུ་དབྱུང་ངོ༔ ཡུན་དུ་འགོར་ན་རྩ་ནས་སྦྱང་སྟེ༔ ཧ་ཤིག་ཐུན་ཕྱེད༔ རྒྱ་ཚྭ་ཐུན་ཕྱེད༔ དུར་བྱིད་ཐུན་ལྔ༔ གུར་གུམ༔ གླ་རྩི་ཁ་ཚར་བཏབ་སྟེ་སྦྱང་ངོ༔ ལུས་ཟུངས་ཞན་ན་གསོ་བའི་ཆོ་ག་བྱ་སྟེ༔ ཤ་གསར་པ་བཙོས་ནས་གཏང་ན་ཉེས་པ་མེད་དོ༔ ཆུ་བུར་བྱུང་ན་ཚས་ཀྱིས་བསྡམས་ཏེ༔ གཉན་དུག་པ༔ དངུལ་ཆུའི་གཡའ༔ གླ་རྩི༔ བུ་རམ༔ ཡང་ན་བའི་འོ་མ་དང་བསྲེས་ཏེ་བྱུགས་ལ༔ གཉན་པོའི་སྔགས་ཀྱིས་གསད་པར་བྱའོ༔ སྤྱིར་བསྙེན་པ་རང་གལ་ཆེ་སྟེ༔ བྱ་ཁྱུང་ནག་པོའི་མཚམས་ཕྱིན་ཅི་མ་ལོག་པར་བསྒོམ་པར་བྱའོ༔ དེ་ཡན་ཆད་ནད་བྱུང་ན་གསོ་བའི་ཐབས་སོ༔ ད་ཡུལ་ཁམས་སུ་ལྷོག་བརྒལ་ཆེན་པོ་བྱུང་བ་དང༔ རིམས་ཆེན་པོ་བྱུང་ན་སྲུང་བའི་ཆོ་ག་ནི༔ རང་ཉིད་ལས་ཀྱི་བྱ་ཁྱུང་ནག་པོར་གསལ་བར་བསྒོམས་ལ༔ རྩ་སྔགས་དང་ལས་སྔགས་བཟླས་ཏེ༔ གུ་གུལ༔ རྒྱ་ཚིལ༔ མུ་ཟི༔ སྒོག་སྐྱ༔ བཙན་དུག༔ སྤྲུ་ནག༔ ཤིང་ཀུན༔ ཤུ་དག་བརྒྱད་ཀྱི་དུད་པས་བདུག་ཅིང༔ བྱ་ཁྱུང་གི་དམིགས་པ་གསལ་བཏབ་ལ༔ སྤུར་སྔགས་ཀྱིས་འདེད་པར་བྱ་སྟེ༔ གཉན་མ་ལུས་པ་ས་ཕྱོགས་གཞན་དུ་འཕང་ལ་བཏང་ངོ༔ དེ་ནས་སྲུང་ཁང་ཐོས་བསྐོར་ཏེ༔ ལས་ཀྱི་ཁྱུང་ནག་པོར་བསྒོམས༔ དེས་སྲུང་བར་བསམ་མོ༔ དེ་ལྟར་ཁྱུང་གི་དྲག་སྔགས་ཚང་ཞིང་ནུས་པ་ཚད་དུ་ཕྱིན་ན༔ ནད་རིམས་དང༔ ལྷོག་པ་དང་སེམས་ཅན་གྱི་སྲོག་ལ་གནོད་པ་བྱེད་པ་ཐམས་ཅད་སྲུང་བ་དང༔ ཟློག་པ་དང༔ གསད་པར་ནུས་སོ༔ ཡང་ལྷོག་རིམས་ཡུན་རིང་དུ་བྱུང་སྟེ༔ སྔགས་དང་སྨན་ཡུན་དུ་བཏང་ཡང་ཕན་སྟོབས་མ་བྱུང་ན༔ བུ་རམ་རིལ་མ་ཙམ་གཅིག་ཆུ་ལ་སྦྱངས་ཏེ༔ ལྟོ་རུ་བཏང་ནས་དེའི་རྗེས་སུ་བཤལ་དང་སྔགས་ཆུ་གཏང་ན་ཆོམ་མོ༔ ཡུང་བ་ཞིབ་མོར་བཏགས་པ་དང༔ གླ་རྩི༔ ཉ་ཤ༔ བོང་ཤ་རྣམས་སྦྱིན་ནོ༔ ཡང་གྲམ་པ་ཞེས་བྱ་བ༔ གདོང་པ་ལ་ཆུ་བུར་ཡོང༔ ཧམ་པ་ཆགས་སོ༔ དེ་བྱུང་ན་སྦྱོང་བ་ནི༔ ལུས་སྟོབས་དང་སྦྱར་ཏེ༔ དུར་བྱིད་ཀྱི་འཇམ་ཁྲུས་སམ༔ ཐར་ནུའི་རྩུབ་བཤལ་གཏོང༔ དེ་ནས་གཉེན་པོའི་སྔགས་ཆུ་གཏོང༔ དེས་ནི་གཉན་ནད་ཐམས་ཅད་ངེས་པར་སོས་སོ༔ ཞེས་གསུངས་སོ༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་འོག་གི་ན་བཟའ་སྐུ་ལ་གསོལ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་སྐོར་གྱི་རྒྱན་ཕུལ་ནས་གུས་པས་བསྟོད་པ་དང་གསོལ་བ་བཏབ་སྟེ༔ གུ་རུ་ཨོ་རྒྱན་དུ་གཤེགས་པ་ལ༔ ཇོ་མོ་མཚོ་རྒྱལ་གྱིས་ཟང་ཟང་ལྷ་བྲག་ཏུ་སྦས་སོ༔ བཀའ་སྲུང་རྡོ་རྗེ་ལེགས་པ་དང་བརྟན་མ་བཅུ་གཉིས་ལ་བཅོལ་ལོ༔ ལས་ཀྱི་ཁྱུང་ནག་པོའི་སྔགས་སྨན་དང་བསྡེབས་ཏེ༔ གཉན་ལྷོག་རིམས་ནད་སྲུང་བ་དང་གསོད་པའི་མན་ངག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བའི་སྐེད་བསེ་སྒྲོམ་སྨུག་པོའི་ནང་། ལྷོ་གསེར་མཛོད་སེར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། ༄༅༔ ཁྱུང་ནག་པོའི་སྒྲུབ་ཐབས་དང་གཏོར་བསྐུལ་བཞུགས་སོ༔ དཔལ་རྡོ་རྗེ་ཁྱུང་ནག་ལ་ཕྱག་འཚལ་ལོ༔ ལས་ཀྱི་བྱ་ཁྱུང་ནག་པོ་བསྒྲུབ་པར་འདོད་པས་དྲག་པོའི་གནས་སུ་མཆོད་གཏོར་བཤམས་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས༔ སྟོང་པའི་ངང་ལས་རང་གི་སེམས་ཁྲོཾ་མཐིང་ནག་གཅིག་བསམ༔ དེ་ལས་བདག་ཉིད་ལས་ཀྱི་བྱ་ཁྱུང་ནག་པོ་མགོ་དགུ་པ༔ ཕྱག་གཉིས་པ༔ ཀླུ་རྒྱལ་མང་པོ་གདན་དུ་བཏིང་བ༔ ཀླུ་ཕྲན་མང་པོ་ཟས་སུ་ཟ་བ༔ སྐུ་ལུས་ལས་གནམ་ལྕགས་ཀྱི་མེ་འབར་བ༔ ཡེ་ཤེས་འབར་བའི་གཤོག་པ་ཅན༔ ཉི་ཟླ་འབར་བའི་སྤྱན་མིག་ཅན༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་ཅན༔ དེ་ལྟ་བུ་རུ་བསྒོམས་པ་ལ༔ དེ་ནས་སྔགས་འདི་དྲག་ཏུ་བཟླས་སོ༔ ཨོཾ་དྲུང་དྲུང་དུར་དུར་ཆེམ་ཆེམ་ཁཾ་ཁཾ་སོད་སོད་རྦད་རྦད་སྭཱ་ཧཱ༔ འདིས་ནི་གཉན་དང་ནད་རིགས་ཀུན་ལ་ཕན་ནོ༔ དེ་ནས་གཏོར་མ་ཕུལ་ནས་དྲག་ཏུ་བསྐུལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལས་ཀྱི་ཁྱུང་ནག་འཇིགས་པ་ལ༔ ཁྱུང་རུ་མི་མངོན་དབྱིངས་སུ་གསིགས༔ ཉི་ཟླ་འབར་བའི་སྤྱན་མིག་ཅན༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་ཅན༔ སྤྱི་གཙུག་ནོར་བུ་འབར་བས་བརྒྱན༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྐུ་ལུས་གནམ་ལྕགས་འབར་བ་ལ༔ གནམ་ལྕགས་རལ་གྲིའི་གཤོག་སྒྲོ་འདེབས༔ ཉི་ཟླ་འབར་བའི་སྤྱན་མིག་གིས༔ ལོག་འདྲེན་ཐམས་ཅད་སྐྲག་པར་མཛད༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་གྱིས༔ གདུག་པ་ཅན་རྣམས་འཇོམས་པར་མཛད༔ ཀླུ་རྒྱལ་མང་པོ་གདན་དུ་བཏིང༔ ཀླུ་བྲན་མང་པོ་ཟས་སུ་ཟ༔ ཧཱུྃ་ཕཊ་ཀྲིཾ་ཀྲོང་སྒྲ་སྒྲོག་ཅིང༔ ཀླུ་རྣམས་འདུལ་ལ་ཕྱག་འཚལ་ལོ༔ ཕུལ་བའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ དམ་ལས་མ་འདའ་ཕྲིན་ལས་མཛོད༔ ཅེས་བསྟོད་ཅིང་བསྐུལ་ལོ༔ འདིས་ནི་ས་བདག་ཀླུ་གཉན་གྱི་ནད་ཐམས་ཅད་ཞི་བར་བྱེད་ཅིང་ཚར་གཅོད་པར་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་བསྙེན་སྒྲུབ་ལས་གསུམ་ཀ་ཆིག་སྒྲིལ་སྔགས་རྒོད་ཡིན་ནོ༔ བྱང་ཟང་ཟང་ལྷ་བྲག་གི་ལྷོ་གསེར་མཛོད་སེར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).