Terdzo-MI-006

From Rinchen Terdzö

ནད་བདག་སྟོབས་ཆེན་གྱི་ཚ་དབལ་འཇོམས་པའི་མན་ངག་ཁྲིགས་སུ་བསྡེབས་པ་ཐུགས་རྗེའི་སྨན་ཆབ་

nad bdag stobs chen gyi tsha dbal 'joms pa'i man ngag khrigs su bsdebs pa thugs rje'i sman chab

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  བྱང་གཏེར་ (Byang gter)
Volume 46 (མི) / Pages 79-99 / Folios 1a1 to 11a3

[edit]

༄༅། །ནད་བདག་སྟོབས་ཆེན་གྱི་ཚ་དབལ་འཇོམས་པའི་མན་ངག་ཁྲིགས་སུ་བསྡེབས་པ་ཐུགས་རྗེའི་སྨན་ཆབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་སཾ་བྷ་བཱ་ཡ། འགྲོ་བ་མ་ལུས་གསོ་བའི་ཐུགས་རྗེའི་རྒྱུན། །ཆད་པ་མེད་པས་དེ་དག་ལུས་སྲོག་ལ། །འཚེ་བའི་རེག་བྱ་འཇོམས་པའི་ཟླ་འོད་ནི། །རབ་ཏུ་བསིལ་བ་པདྨའི་ཞལ་གྱིས་སྐྱོངས། །ཡོངས་སུ་གྲགས་ཤིང་བྱིན་རླབས་གཟི་བརྗིད་ཅན། །བོད་ཁམས་སྐྱོབ་པའི་གསང་མཛོད་ཆེན་པོའི་བཅུད། །ཐུགས་སྒྲུབ་ཆོས་ཚན་ཉེར་ལྔའི་བཅུ་གསུམ་པ། །ནད་བདག་སྟོབས་འཇོམས་ལག་ཁྲིགས་གསལ་བར་བྱ། །དེའང་ཤོག་དྲིལ་ལས། དུས་ཀྱི་ཐ་མ་ཤར་བའི་ཚེ༔ སེམས་ཅན་ལོག་པའི་ལས་སྤྱད་པས༔ ཆོས་སྐྱོང་གཞི་བདག་གྲིབ་ཀྱིས་ཕོག༔ རི་རབ་ནང་དུ་ཞལ་གཟིགས་ནས༔ སྲུང་སྐྱོབ་མི་མཛད་བཀའ་ཆད་གཏོང༔ མཐའ་ཡི་འགོང་པོ་བོད་དུ་ཡོང༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཁྲུགས༔ སྲིད་པའི་ནད་བདག་ཆེན་མོ་གཅིག༔ གཉན་མོ་ཁ་འབར་ཞེས་བྱ་བ༔ རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་དེ༔ རི་རབ་ཟོམ་ལ་རྟེན་བཅས་ནས༔ ཐལ་མོ་བར་སྣང་ཁམས་སུ་རྡེབ༔ ནམ་མཁའ་ནད་ཀྱི་རླངས་པས་སྒྲིབ༔ ས་ནད་མེ་ལྟར་འབར་བ་ཡོང༔ གཉན་ནད་རྒྱུག་འགྱེལ་ནག་པོ་ཡིས༔ འཛམ་བུ་གླིང་པའི་བཞི་གསུམ་འཇོམས༔ སེམས་ཅན་མི་ལུས་ཐོབ་པ་ལ༔ ཕྱི་མ་གར་སྐྱེའི་གདིང་མེད་པར༔ སྲོག་ལུས་འདོར་བ་སྙིང་རེ་རྗེ༔ ཞེས་གསུངས་པ་ལྟར་མི་ཐུབ་ལྔ་པོ་བརྡོལ་པའི་སྙིགས་མའི་དུས་སུ་སེམས་ཅན་རྣམས་ཀྱི་ལྟ་སྤྱོད་ལོག་པའི་རྒྱུས། གཉེན་པོས་མི་ཆོམ་ཞིང་ངོས་མི་ཟིན་པའི་ནད་རིམས་མེ་ལྟར་འབར་བས་འཛམ་བུའི་གླིང་གི་མི་ཕྱུགས་སུམ་གཉིས་ཕྱགས་མས་འདེད་པའི་དུས་འདིར། སྐྱོབ་པའི་ཐབས་ནི། དེ་དུས་ང་ཡི་ཐུགས་རྗེ་ཡིས༔ ཟབ་མོའི་གཏེར་མཛོད་སྒོ་ཕྱེ་ནས༔ བོད་ཀྱི་ནད་རིམས་བཟློག་པར་འགྱུར༔ ཅེས་གསུངས་པ་ལྟར་གུ་རུའི་ཟབ་གཏེར་རྣམས་ལས་སྨན་སྔགས་སྲུང་ཟློག་གི་རིམ་པ་དུ་མ་བྱོན་པ་ཀུན་ལས་ཁྱད་པར་འཕགས་ཤིང་ཀུན་གྱི་ཁུངས་སུ་གྱུར་པ་བྱང་གཏེར་ཐུགས་སྒྲུབ་ཀྱི་ཆོས་ཐེམ་ལས། ས་ནད་གཉན་ནད་འཇོམས་པའི་ཕྱིར༔ ནད་བདག་སྟོབས་འཇོམས་མན་ངག་ཡོད༔ ཅེས་གསུངས་པ་ལ་སྨན་དཔྱད་དང་སྟོབས་འཇོམས་ཀྱི་སྐོར་གཉིས་སུ་ཡོད་པའི། ཕྱི་མ་ལའང་སྲུང་ཟློག་གསད་པའི་མན་ངག་མང་དུ་ཡོད་པ་ལས། འདིར་སྲུང་ཟློག་གི་མན་ངག་ཁ་འཐོར་བ་རྣམས་དྲིལ་ཏེ་ལག་ཏུ་ལེན་པ་ལ། སྒྲུབ་པ་པོ་རབ་སྟོང་ཉིད་སྙིང་རྗེ་ཀློང་དུ་གྱུར་པ། འབྲིང་ཐུགས་སྒྲུབ་ཀྱི་བསྙེན་པ་གྲངས་དུས་རྟགས་གསུམ་གང་རུང་རྫོགས་པ། ཐ་མ་ཡང་གུ་རུའི་ཐུགས་སྒྲུབ་ཞི་དྲག་གང་རུང་གི་བསྙེན་བཟླས་ཚད་དུ་ཕྱིན་པ་ཞིག་གིས། སྦྱོར་བའི་ཆོས་གསུམ། དངོས་གཞིའི་ལས་གསུམ། མཇུག་གི་དོན་གཅིག་སྟེ་ས་བཅད་རྣམ་པ་བདུན་གྱིས་ཉམས་སུ་བསྟར་བ་ལ། དང་པོ་སྦྱོར་བའི་ཆོས་ལ་གསུམ། སེམས་བསྐྱེད། མཁོན་སེལ། དཔང་པོ་གཟུག་པའོ། །དང་པོ་ནི། མན་ངག་རྩ་བ་ལས། དང་པོ་ལས་ཅན་སྐྱེས་བུ་རྣམས༔ ལས་ཀྱི་རྒྱུ་འབྲས་ཉེས་དམིགས་བསམ༔ རང་གི་ལུས་ལ་དཔེ་བླངས་ནས༔ ཕ་རོལ་གཞན་གྱི་དོན་ལ་འབད༔ སྐྱོ་ངལ་མེད་པར་འགྲོ་དོན་མཛོད༔ འཛམ་གླིང་མི་ཡི་སྲོག་བསླུས་པའི༔ བསོད་ནམས་བགྲང་པར་མི་ནུས་སོ༔ དེ་ཕྱིར་སེམས་བསྐྱེད་རྒྱ་ཆེན་བྱ༔ ཅེས་གསུངས་པ་ལྟར་དགེ་སྡིག་རྒྱུ་འབྲས་གོ་ལོག་རྩིང་ཆོས་སུ་མ་སོང་བའི་སྤྱོད་པ་རྣམ་པར་དག་པ་དང་། རིས་སུ་མ་ཆད་པའི་འགྲོ་བ་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་ལྟ་བ་རྣམ་པར་དག་པས་ཐོག་མཐའ་ཀུན་ཏུ་ཟིན་པར་བྱའོ། །གཉིས་པ་མཁོན་སེལ་ནི། དོ་ནུབ་ཆོ་ག་བྱེད་རྒྱུའི་ནངས་པར་ཐོ་རངས་དགེ་སློང་ཁྲིམས་ལྡན་འཛོམས་ན་བཞི་དང་། མ་འཛོམ་ན་གཅིག་གཉིས་ཀྱིས་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་གི་བུམ་ཆོག་དང་འབྲེལ་བའི་ཁྲུས་བྱ་སྟེ། དེའི་ཆོ་གའི་བཅའ་གཞི་རས་བྲིས་སམ་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་མཎྜལ་གྱི་ཁར་བུམ་པ་རྫས་དང་རྒྱན་ལྡན་བཀོད། མཚམས་འཛིན་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། མདུན་དུ་གཏོར་མ་དཀར་ཟླུམ་པད་འདབ་བཞི་པ། འཇིག་རྟེན་པར་ཆ་གསུམ་མམ། ཡང་ན་དཀར་ཟླུམ་མཐེབ་ཀྱུ་བདུན་ཅུ་རྩ་ལྔས་བསྐོར་བ། གཞི་བགེགས་ཀྱི་གཏོར་མ་སོགས་ཀྱང་བཤམས་ལ། སྐྱབས་འགྲོ་སྤྱི་ལྟར། སེམས་བསྐྱེད་སྲུང་འཁོར་རྣམ་དག་སྔོན་གཏོར་བགེགས་བསྐྲད་ཡན་འདིའི་གཏེར་གཞུང་དཀྱུས་བཞིན་བཏང་། སྐབས་འདིར་གོང་གི་བཅས་བཤམ་ནས་བཤད་པ་ལྟར་བུམ་པ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་སོགས་ནས། ནང་བཅུད་རྡོ་རྗེ་རྣམ་འཇོམས་ཀྱི་ལྷར་གྱུར༔ ཞེས་པ་ཡན་ཆད་འདིར་བརྗོད། དེ་ནས། ཧཱུྃ༔ ཆོས་དབྱིངས་ཀློང་ཡངས་ཆེན་པོ་སོགས་བརྗོད་ཅིང་བདག་མདུན་བུམ་པ་ཐ་མི་དད་དུ་བསྐྱེད། བཟླས་པའི་དུས་སུ་གཟུངས་ཐག་འཐེན། འཇིག་རྟེན་པའི་གཏོར་མ་བཏང་ཟིན་པའི་རྗེས། རྗེས་ཆོག་གི་མཆོད་བསྟོད་བཟོད་གསོལ་རྣམས་སྤྱི་ལྟར་བྱ། དེ་རྗེས། ཧཱུྃ༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས༔ ཞེས་སོགས་བྱ། བཛྲ་མུ༔ས། བུམ་པའི་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་ཆུ་ནུས་ལྡན་དུ་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ཞེས་བུམ་ཆུ་བཏུང་། བསྔོ་སྨོན་ཤིས་བརྗོད་བྱ། དེ་ནས་གཞུང་བཞིན་ཁྲུས་ཀྱི་རིམ་པ་ལ་འཇུག་སྟེ་དེའང་རྟེན་ཁྱད་པར་ཅན་དང་། ཆོས་སྡེ་ཡིན་ན་ལྷ་ཁང་མགོན་ཁང་ཚོགས་པ་སོགས་ཐམས་ཅད་ལ་ཁྲུས་གཞུང་བཞིན་བྱ། གལ་ཏེ་ལུགས་འདིའི་ཆོ་ག་བྱེད་མཁན་མ་འབྱོར་ན་རྙིང་མ་བཀའ་གཏེར་གང་ཡང་རུང་བའི་རྣམ་འཇོམས་ཆོ་ག་ཞིག་གི་བུམ་ཁྲུས་བྱས་ཀྱང་རུང་ལ། དེ་ཙམ་ཡང་མ་ཤེས་ན་གསར་མ་ལུགས་ཀྱི་རྣམ་འཇོམས་ཆོ་ག་གང་རུང་བྱས་ཀྱང་ས་བཅད་མ་སྟོང་ཙམ་དུ་འགྱུར་ཞིང་། ལུགས་འདི་ནི་བླ་མེད་ཡིན་པས་སྒྲུབ་མཁན་སྔགས་པ་དམ་གཙང་གིས་ཀྱང་ཆོག་ཅིང་གཙང་སྦྲ་སོགས་མ་འགྲུབ་ཀྱང་རུང་ངོ་། །དེ་དང་འབྲེལ་བའི་རྒྱབ་ཆོས་སུ་སྔགས་པ་དམ་ལྡན་བཞི་ལ་སོགས་པས་ཉམས་ཆག་བཤགས་པའི་ཆོས། མཁའ་འགྲོ་ལ་མེ་མཆོད། ཆོས་སྐྱོང་ལ་སྐོང་གསོལ། སྡེ་བརྒྱད་ཆ་སྙོམས། ཡུལ་གྱི་གཞི་བདག་ལ་བརྔན་མཆོད། ཤེར་ཕྱིན་སོགས་རྒྱལ་བཀའ་གསུང་སྒྲོག་ཅི་འགྲུབ་དང་། གདུགས་དཀར་མདོས་ཆེན། མ་མོའི་ཁྲག་མདོས། ཁྱད་པར་བརྟན་མའི་མདོས་གཏོང་ཞིང་། གཙུག་ཏོར་དཀར་ནག་གི་མདོ་གཟུངས་དང་ལྷ་འདྲེ་བཀའ་ཐང་རྣམས་ཅི་འགྲུབ་བཀླག །གསུམ་པ་དཔང་པོ་གཟུག་པ་ནི། བཀའ་ནན་རབ་བརྗིད་ཀྱི་ཆས་ཞུགས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཆས་སོགས་འཛོམ་ན་ཉེར་བསྡོག་བྱ། མ་འཛོམ་ན་པད་ཞུ། ཕུར་པ་སོགས་དང་། བསང་བརྔན་ཀྱི་ཆས་འདུ་བྱས་ལ་སྔ་དྲོ་ཡང་ཐོག་ཏུ་བྱང་གཏེར་ལྷ་བསང་ཆེ་བའམ། ལྷོ་གཏེར་བདེ་ལེགས་ཀུན་འབྱུང་ལྟ་བུ་བཏང་ནས་བརྔན་གྱི་མཇུག་ཏུ་ཆས་ཞུགས་བཅས། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །པདྨ་འབྱུང་གནས་ཞི་མ་ཁྲོ༔ ཞལ་འཛུམ་སྤྱན་མིག་དྲག་པོར་གཟིགས༔ དབུ་ལ་མཉེན་ཞུ་ཆོས་གོས་དང༔ ཟབ་ཆེན་བེར་དང་ཕོད་ཁ་གསོལ༔ ཕྱག་གཡས་རྡོ་རྗེ་ཕྱར་ཐབས་བསྣམས༔ གཡོན་པས་ཕུར་པ་གཟིར་ཐབས་མཛད༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ འཇིག་རྟེན་ལྷ་འདྲེ་ཐམས་ཅད་བཀུག༔ མདུན་དུ་བཀའ་ཉན་ལས་བྱེད་གྱུར༔ ཅེས་བདག་ཉིད་ཨོ་རྒྱན་སྣང་སྲིད་ཟིལ་གནོན་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཆེ་བཙན་འགྲན་ཟླ་དང་བྲལ་བར་མོས་ལ། ཧཱུྃ༔ སྔོན་གྱི་སྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་པ་ཡི༔ འཛམ་གླིང་བོད་ཀྱི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ ཁ་རག་གསང་བའི་བྲག་ཕུག་ཏུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ གཙང་གི་ཁ་རག་གཡག་མིག་ཏུ༔ འབྲོག་མོ་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ ཁམས་ཀྱི་གླ་བ་རྐང་གཅིག་ཏུ༔ ཐེའུ་རང་ཐམས་ཅད་དམ་ལ་བཏགས༔ ཞུབ་ཀྱི་ལ་ཐོག་བྲག་དམར་དུ༔ དྲི་ཟ་ཕོ་མོ་དམ་ལ་བཏགས༔ བྱང་གི་གནམ་མཚོ་ཕྱུག་མོ་རུ༔ ཕོ་རྒྱུད་ཐམས་ཅད་དམ་ལ་བཏགས༔ ན་མར་རྒོད་གོང་ལྷ་བཙན་དུ༔ བྱང་འབྲོག་ཕོ་མོ་དམ་ལ་བཏགས༔ མལ་གྲོ་ཀུང་གི་རྒྱ་ཚལ་དུ༔ ཀླུ་རིགས་ཐམས་ཅད་དམ་ལ་བཏགས༔ རོང་དོང་ལུང་པ་ནག་པོ་རུ༔ སྲིན་པོ་ཕོ་མོ་དམ་ལ་བཏགས༔ གུ་རུ་ཨོ་རྒྱན་གཤེགས་པའི་ཚེ༔ མང་ཡུལ་བྱེ་མའི་ལ་ཐོག་ཏུ༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ གཡའ་དང་གངས་ཀྱི་རྩེ་མོ་རུ༔ སྨན་བཙུན་ཐམས་ཅད་དམ་ལ་བཏགས༔ པདྨ་འབྱུང་གནས་སྤྱན་སྔ་རུ༔ བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས༔ རང་རྟགས་སྲོག་གི་སྙིང་པོ་ཕུལ༔ མཐའ་ཡི་དམག་དཔུང་ཟློག་པ་དང༔ དབེན་གནས་ཆོས་འཁོར་སྐྱོང་བ་དང༔ གཙུག་ལག་གཉན་པོ་སྲུང་བ་དང༔ དལ་ཡམས་ཐམས་ཅད་ཟློག་པ་དང༔ བོད་ཁམས་སྐྱོང་བའི་གྲོགས་བྱེད་པར༔ ཁས་བླངས་དམ་བཅའ་མ་བྱས་སམ༔ དེ་ཕྱིར་བཀའ་ལས་མ་འདའ་བར༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད༔ འདུ་འདུ་ལྷ་སྲིན་དམ་ལ་འདུས༔ གུམ་གུམ་ཆུམ་ཆུམ་ལས་ལ་ཆུམས༔ གསེར་སྐྱེམས་བཤོས་བཟང་གཙང་མ་འདི༔ བོད་ཀྱི་གཞི་བདག་ཐམས་ཅད་དང༔ འགོ་བའི་ལྷ་ལྔ་མཆོད་ཕྱིར་འབུལ༔ ས་ཕྱོགས་འདི་ཡི་གཞི་བདག་རྣམས༔ ཁྱོད་ཀྱིས་མཐུ་རྩལ་དབྱུང་དགོས་སོ༔ ནུས་མཐུ་ལྡན་པའི་གཞི་བདག་རྣམས༔ རྣལ་འབྱོར་བདག་གི་གྲོགས་མཛོད་ལ༔ ས་ཕྱོགས་འདི་ཡི་ནད་རིམས་ཟློགས༔ དམག་དཔུང་དགྲ་བགེགས་ཐམས་ཅད་ཟློགས༔ ལྟས་ངན་པྲ་ངན་ཐམས་ཅད་ཟློགས༔ བདུད་དང་དམ་སྲི་འགོང་པོ་ཟློགས༔ ནུས་མཐུ་ཆུང་བའི་ལྷ་འདྲེ་རྣམས༔ རང་རང་བསམ་པ་བཟང་པོ་ཡིས༔ ཁྱོད་རང་གནས་པའི་ས་ཕྱོགས་སྲུངས༔ ང་ཡི་བཀའ་ལ་མི་ཉན་པར༔ ལོག་པར་འཁུ་བའི་ལྷ་འདྲེ་རྣམས༔ རྡོ་རྗེ་ཁྲག་འཐུང་ཁྲོས་པ་ཡིས༔ སྡང་མིག་གཟིགས་པས་བརླག་པར་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀྲོ་ཏ་ཧཱུྃ༔ ཡ་མ་ཡ༔ མ་མ་རུ་ལུ༔ མ་ཧཱ་དྷེ་བ་ཨ༔ རུ་དྲ་དྷ༔ མུན་མུ་ཐུན༔ ཤུ་ལ་ཛ༔ རཱ་ཙ་ཙ༔ ཡཀྴ་ཀྵ༔ གྷྲྀ་བ་ཛ༔ རཀྴ་ར༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ ས་ནཱ་ག་ཕུ༔ ས་མ་ཡཱ༔ ཨ་མྲྀཏ་ན་ར་ཀན༔ ཞེས་གྱེར་ཞིང་དམ་བསྒྲགས་ལ་བསང་གཞུང་མཐར་དབྱུང་ངོ་། །གཉིས་པ་དངོས་གཞིའི་སྲུང་ཟློག་གསད་གསུམ་སྟེ། དང་པོ་སྲུང་བའི་འཁོར་ལོ་བྲི་གཞི་དར་རས་རྒྱ་ཤོག་གཙང་མར་མཚལ་ལམ་རྒྱ་སྣག་གིས་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི་ལྟེ་བར་ནྲྀའི་མཐའ་སྐོར་དུ། ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད༔ ཧ་ལ་བྷ་ཡེ་ནད་ཀྱི་བདག་མོ་སརྦ་མཱ་ར་ཡ་རྦད༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ ཡུལ་ལམ་བསྲུང་བྱ་ཆེ་གེ་མོ་འདི་དང་འདི་དག་ཏུ་འགོ་བའི་རིམས་ནད་སྤྱི་དང་ཁྱད་པར་འབྲུམ་པ་དཀར་ནག་བེ་གེ་གག་ལྷོག་གཟེར་གསུམ་གཉན་པརྦ་ཏ་རྒྱུ་གཟེར་བཤལ་ནད་ཉྭ་ལོག་འཁྲུ་སྐྱུག་ཆགས་རིམས་ལ་སོགས་འགོ་བའི་རིམས་ནད་ཐམས་ཅད་སྲུངས་ཤིག༔ སྒྲིབ་ཅིག་རཀྵ་རཀྵ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ་ཧཱུྃ་བཅུའི་བར་དུ། ཨཱོྃ་ཐིམ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དང་སྤེལ་ཚིག་གང་ཤོང་བྲི། དེ་རྒྱབ་རྩིབས་བཞིར་རཾ་དང་། དེའི་ཕྱིའི་མུ་ཁྱུད་ལ་རཾ་བཅུ། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་དང་སྤེལ་ཚིག་གང་ཤོང་བྲི། ཡི་གེ་རྣམས་མགོ་ཕྱིར་བསྟན། དེ་རྒྱབ་མེ་རི་འབར་བའང་བྱ། ལྟེ་བའི་ནྲྀ་དང་སྔགས་ལ་གླ་རྩི་གུ་གུལ་གུར་གུམ་བྱུག །དེའང་ནད་བདག་དང་ནད་མིང་སོགས་ལ་མི་བྱུག །རྩིབས་དང་མུ་ཁྱུད་མེ་རི་སོགས་ལ། ཤུ་དག་བོང་ང་སྤྲུ་ནག་ཕག་ཁྲག་ར་ཁྲག་མུ་ཟི་རྣམས་བྱུག་གོ །དེ་ལྟར་སྟན་ཐོག་གཅིག་ལ་བྲི་བ་དང་། རབ་ཏུ་གནས་པ་བྱ་དགོས། དེ་ནས་ཐུགས་སྒྲུབ་ཀྱི་བདག་བསྐྱེད་བླངས་ལ། ཧཱུྃ་སུམ་བརྒྱའི་མཇུག་ཏུ། རང་ཉིད་དྲག་པོ་རྩལ་དུ་གསལ་བའི་ངང་ནས་འཁོར་ལོ་མི་དམིགས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་བོད་ཁ་བ་ཅན་གྱི་ཡུལ་ཐམས་ཅད་དང་ཁྱད་པར་དམིགས་ཡུལ་གྱི་ཡུལ་ཁམས་མི་ཕྱུག་རྣམས་ཚུད་པ། རྡོ་རྗེའི་ཕྱི་རོལ་དུ་ཐོད་པའི་གུར་ཁང་ཟླུམ་པོ། དེའི་ཕྱི་རོལ་དུ་འཁོར་ལོ་དམར་པོ་རྩིབས་དྲུག་པ། རྩིབས་གཉིས་སྟེང་འོག་ཏུ་ཟུག་པ། རྩིབས་བཞི་རཾ་ལས་མེ་འབར་བ། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བའི་གུར་ཁང་། རྩིབས་བཞི་རཾ་ལས་མེ་འབར་བས་ནད་བདག་རིམས་བདག་ཐམས་ཅད་བསྲེགས་གཏོར་བཀྲུས་པར་བསྒོམས་ནས། ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད༔ ཧ་ལ་བྷ་ཡེ་ནད་ཀྱི་བདག་མོ་སརྦ་མཱ་ར་ཡ་རྦད༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ ཞེས་ཚི་རྟུལ་མ་སུམ་བརྒྱ་སོགས་གང་མང་དང་། ཨཱོྃ་ཐིམ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཉེར་གཅིག །ཡེ་དྷརྨཱ་དང་སུ་པྲ་ཏིཥྛས་བརྟན་བཞུགས་བྱེད་ཅིང་མེ་ཏོག་འཐོར་ནས་ལྟེ་བ་མ་ཉམས་པར་བལྟབས། ས་ལ་མི་བཞག །མཚོན་རྩེ་མི་གཏོད། མི་ལག་མི་འགྲིམ། དེའང་རི་རྩེ་མཁར་རྩེ་རང་གཞན་གང་བསྲུང་བཅས་གསུམ་དུ་གསུངས་པའི་སྔ་མ་གཉིས་ནི་དར་རས་ལ་བྲི་ཞིང་། ཕྱི་མ་ཤོག་བུ་ལ་བྲི། ནད་རིམས་འབྱུང་དོགས་བསྲུང་ན་གོང་གི་དཔང་གཟུག་གི་གཤམ་དུ་རི་མཁར་གྱི་རྩེ་ལ་འཛུགས་ཤིང་བསྲུང་བྱ་རྣམས་ལའང་གདགས། བྱུང་ཟིན་གཅོད་ན་མདོས་བརྫངས་ཚར་བའི་ཕྱི་ཉིན་དཔང་གཟུག་དང་འཁོར་ལོ་འཛུགས་གདགས་མཛད་སྲོལ་ཡོད། གང་ལྟར་ཡང་འཁོར་ལོ་ཡོད་ཕྱིན་ཆད་སྲོད་དང་ཐོ་རངས་ཉིན་གུང་གསུམ་ལ་རབ་གནས་སྐབས་ཀྱི་དམིགས་པ་དེ་བསྒོམས་ལ། ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཱཾ་ཙཀྲི་སད་རྦད་ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད་རིམས་ནད་ཐམས་ཅད་སྲུངས་ཤིག་བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ ཞེས་ཅི་འགྲུབ་བཟླ། གལ་ཏེ་འཁོར་ལོ་བསྲུང་བྱའི་གྲངས་མཉམ་མ་འབྱོར་ན། བསྲུང་བྱའི་གཙོ་བོ་ཞིག་ལ་གདགས་པས་འཐུས་ལ། དེ་བཞིན་ཕྱུགས་ནད་བསྲུང་ན་རྫི་བོའི་མཆན་ཁུང་ངམ། རྟ་ཕྱུགས་ཀྱི་གཙོ་བོ་ཞིག་གི་མཇུག་མར་གདགས། ཡང་མཐིང་ཤོག་ལ་གོང་གི་སྔགས་དེ་གསེར་གྱིས་དབུ་ཅན་དུ་བྲི། སྲུང་སྨན་དྲི་བཟང་ཆོས་སྨན་གྱིས་བྱུག །དབུ་ནས་དྲིལ། བསྒྲུབས་ཤིང་རབ་ཏུ་གནས་པ་སཱཙྪའི་ནང་དུ་བཅུག །རི་མཐོན་པོའི་རྩེ་དང་ཡུལ་གྱི་ཕྱོགས་མཚམས་རྣམས་སུ་ཐོ་བརྩེགས་པའི་ནང་དུ་གཞུག་ལ། ཐོ་རྣམས་ཁྲོ་བཅུར་བསྐྱེད་ཅིང་རབ་ཏུ་གནས། བསྲུང་དགོས་པའི་ས་ཕྱོགས་ངོ་བོ་རྒྱལ་བའི་ཞིང་ཁམས། རྣམ་པ་ལྕགས་ཁང་སྒོ་མེད་གྲུ་བཞི་མེ་དཔུང་འབར་བའི་ནང་དུ་བསྲུང་བྱ་རྣམས་ཚུད་པར་བསམ་ལ་རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས་པའི་མེ་ཏོག་ཕྱོགས་ཐམས་ཅད་དུ་འཐོར་ལ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་ཤིས་བརྗོད་ཀྱི་ཚིགས་སུ་གཅད་པའང་བརྗོད་དོ། །གཉིས་པ་ཟློག་པ་ལ་སྦྱོར་བ་བཅས་བཤམ། དངོས་གཞི་གྱེར་སྨྲང་གཉིས་སོ། །དང་པོ་ནི། མདུན་ནམ་གཡས་གཡོན་སྟེགས་བུ་མཐོ་བར་ཐུགས་སྒྲུབ་བཀའ་སྲུང་དང་བཅས་པའི་གཏོར་མ། སྨན་རཀ །ཕྱི་ནང་གི་མཆོད་པ། ཟོར་གཏོར་དྲག་པོ་རྩལ་ཁྲོ་བོ་བཅུ་དང་བཅས་པ་ལ་དམར་གཏོར་གཙོ་འཁོར་བཅུ་གཅིག་ཁྲག་གིས་བྱུགས་ཤིང་མཚེ་ཡུངས་རྩང་གིས་བརྒྱན་པ། ཡང་ན་རང་ཉིད་ཡི་དམ་གང་ལ་བྱེད་པ་དེ་མཐུན་གྱི་མཆོད་གཏོར་དང་ཟོར་གཏོར། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱ། དེ་དང་ཉེ་བར་རབས་ཆད་ཐོད་པ་དངོས་སམ། མཛོ་དྲིལ་དྲེའུ་གང་རིགས་ཀྱི་ཐོད་པར་གྲི་ཁྲག །དམེ་ཁྲག །ནད་ཁྲག་སོགས་ཁྲག་སྣ་ཚོགས་བླུགས་ལ་བཙན་དུག་ཐང་ཕྲོམ་ཡུངས་དཀར་སོགས་བཏབ། ཐོད་པའི་ཁར་རས་ནག་གིས་བཀབ་པ་ལ་ཚོན་སྐུད་སྣ་ལྔས་དཀྲིས་པ་ཡང་བཤམས། སྤྲོ་ན་མདའ་དང་རྡོ་ཟོར་ཡང་བཤམས་ཤིང་། མི་སྤྲོ་ན་ཁྲག་ཟོར་གྱིས་འཐུས། རང་མདུན་སྟེགས་དམའ་བར་ལྕགས་སླང་ངམ་ཀ་ཊོ་ར་ལྟ་བུའི་ནང་དུ་དམིགས་བྱ་གང་ཡིན་གྱི་ལུས་བཀྲུས་པའི་ཁུ་བས་སྦྲུས་པའི་འབྲུའི་ངར་ཕྱེར་རིན་པོ་ཆེ་བརྡར་བ་བསྲེས་པར། མི་ཕྱུགས་མང་པོའི་ཁ་སྣའི་དབུགས་ཀྱིས་བདུགས་པ་ལས་ནད་བདག་མ་མོ་ཁྲོས་པའི་གཟུགས་ཅན་ཁ་གདངས་ཤིང་འོ་རྐྱལ་རིང་དུ་འཕྱང་བ། ཁྲག་གི་རལ་པ་རྟིང་པར་སླེབ་པ། ལག་གཉིས་ཐལ་མོ་རྡེབ་པའི་རྣམ་པ་ཅན་མཆན་ཁུང་དུ་ནད་རྐྱལ་ཐོགས་ཏེ་ལངས་པ། དེའི་ཕྱོགས་བཞིར་མ་མོ་དེ་བས་ཆུང་བ་རང་འདྲ་བཞིས་བསྐོར། དེ་ཁའི་མདུན་ནམ་ལོགས་ཅི་བདེ་བར་བསྒྲུབ་བྱའི་གླུད་ཆེན་སྐྱེ་མཆེད་ཚང་བ་བཅའ། མ་མོའི་གཟུགས་ཆེ་བ་དང་། གླུད་གཉིས་ཀར་ཡང་། ཞོ་ཤའི་སྙིང་། དུང་གི་རུས་པ། བསེའི་ཤ །མཚལ་གྱི་ཁྲག །རླུང་གི་དབུགས། མེའི་དྲོད། གོ་ལྕགས་ཀྱི་མགོ །རྦ་བྱིའུ་དང་ཟེར་མོའི་སྐྲ། དབང་ལག་གི་ལག་པ། ལུང་ཐང་གི་མིག །ཁབ་ཀྱི་སྣ། འགྲོན་བུའི་སོ། དར་དམར་གྱི་ལྕེ། སྐྱུང་མོའི་རྐང་པ། བལ་ཚོན་སྣ་ལྔའི་གོས། དར་ཟབ་དང་ཡུངས་དཀར་གྱིས་བརྒྱན་པར་བྱ། དེ་དག་གི་མཐའ་སྐོར་དུ་བཤོས་བུ་གྲུ་གསུམ་ནག་པོ་བརྒྱ། ཆངས་བུ་བརྒྱ། མཐེབ་ཀྱུ་བརྒྱ། ངར་གླུད་བརྒྱ། ཤ་སྣ་བརྒྱ། ཁྲག་སྣ་བརྒྱ། ལོ་མ། སྦང་མ། སྒོག་པ། ལ་ཕུག །རུས་པ། ནས་འབྲས་གྲོ་སྲན་མ་བཞི་བཙོས་པའི་ཆན། སྣམ་ཐེར། གོས་དར། རིན་པོ་ཆེ། སྨན་སྣ་སོགས་མ་ཚང་བ་མེད་པར་བཤམ། འགྲུབ་ན་གྱེར་གཞུང་ལས། ཤ་ཁལ་བརྒྱ་དང་རྩ་བརྒྱད་འབུལ༔ ཞེས་སོགས་གསུངས་པ་དང་མཐུན་པའི་སྣ་ཐམས་ཅད་ནས་མི་འདྲ་བ་བརྒྱ་དང་རྩ་བརྒྱད་དམ། དེ་ལྟར་མ་གྲུབ་ན། ལུག་ཤ་ལྟ་བུའི་རིགས་གཅིག་མི་མི་གཅིག་པ་བརྒྱ་དང་བརྒྱད་ལྟ་བུའི་བྱུང་ཁུངས་མི་གཅིག་པའམ། དེ་དག་གི་ལག་འགྲིམས་ཙམ་གྱིས་ཀྱང་རུང་སྟེ་རྫས་རྣམས་ཚོགས་པ་ཤིན་ཏུ་གལ་ཆེ། སྣོད་གཅིག་ཏུ་དམར་གཏོར་གྲུ་གསུམ་ཁྲག་གིས་བྱུགས་པ་གཙོ་འཁོར་ལྔ་ལ་མཐེབ་ཀྱུ་མང་པོས་བསྐོར་བར་དཀར་མངར་གྱིས་བརྒྱན། ནམ་རྒྱང་མདའ་འཕང་བཙུགས། གསེར་སྐྱེམས་དང་བཅས་པ་ཅི་བདེར་བཀོད། མ་མོའི་མདུན་དུ་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བསྒྲིག །རྗེས་སུ་གླུད་རྫས་རྣམས་འཇུག་སྣོད་སྒྱེའུ་སྔོ་དམར། གུལ་ཡུངས་ལྕགས་ཕྱེ་ཟངས་ཕྱེ་ཡུངས་དཀར་ནག་དང་བཅས་པར་བཙན་དུག་གི་ངར་བཏགས་པ་རྣམས་དང་། སློབ་དཔོན་མདུན་དུ་རྡོར་དྲིལ་ཌཱ་རུ་འཐོར་ནས་རོལ་མོའི་ཆས་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་གྱེར་སྨྲང་ནི། སྔོན་འགྲོ་གཟེར་ལྔ་ནས་བརྩམ་སྟེ་གསང་མཚན་ཐུགས་ཀྱི་སྒྲུབ་པའི་ཕྲིན་ལས་གཞུང་བཞིན་གྱེར། ཟོར་གཏོར་དྲག་པོ་རྩལ་ཁྲོ་བཅུས་བསྐོར་བ་བསྐྱེད་བསྟིམ་བྱེད། བཟླས་པ་བརྒྱ་ཉེར་གཅིག་གི་རྗེས་སུ། ནད་ཀྱི་བདག་མོ་རྦད་ཡ༔ མཱ་ར་ཡ་སརྦ་སོད༔ ཡེ་བྷ་ལ་ཧ་རྦད་སད་ཙཀྲི་ཏྲཾ༔ རིམས་ཀྱི་བདག་མོ་ཧྲཱིཿཤི་ཤི་རྨུག་རྟུལ་རྟུལ་ཚི་ཨཱོྃ་མཱ་ར་ཡ་ཟློག༔ ཅེས་ཚི་རྟུལ་མའི་ཟློག་པ་ལ་ནད་བདག་བསྡེབས་པ་སུམ་བརྒྱ་བཟླ་ཞིང་ཐུན་དང་གུ་གུལ་ལ་བསྔགས་སོ། །དེ་རྗེས་ཛཔ྄་བསྐུལ་དོན་བསྟོད་བཀའ་སྲུང་མཆོད་པ། ཚོགས་འཁོར་བྱིན་རླབས་འབུལ་བ་རྩ་གསུམ་སྐོང་གསོ་ཡན་དཀྱུས་བཞིན་བྱ། གལ་ཏེ་ལྷ་གཞུང་ཕྲིན་ལས་གཞན་གཏོང་ནའང་དེའི་འགྲོས་ཀྱིས་ཤེས་པར་བྱའོ། །སྐབས་དེར་གླུད་ཡས་རྣམས་ཆབ་ཀྱིས་བྲན་ལ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས༔ ཡིད་བཞིན་སྤྲིན་ཕུང་མཁའ་ལས་ཆར་འབེབས་པས༔ མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག༔ ཨཱོྃ་ཤུདྡྷེ་བི་ཤུདྡྷེ་ཤོ་དྷ་ན་ཡ་སྭཱ་ཧཱ༔ དེ་ནས་ཆོས་ཉིད་རྣམ་དག་གི་སྔགས་རྒྱ་བྱས་པས་གླུད་ཡས་ཀྱི་རྒྱུ་རྐྱེན་གཙོར་བྱས་པའི་སྣང་སྲིད་སྣོད་བཅུད་ཀྱི་མ་དག་པ་ཐམས་ཅད་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ལན་བདུན་གྱིས་སྦྱང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་སོ་སོའི་གང་མོས་སུ་སྤེལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་ཐལ་སྦྱོར་གྱི་སྔགས་རྒྱ་ལན་བདུན་གྱིས་བདུད་རྩིར་བསྒྱུར། དེ་ནས་མཁའ་འགྲོ་སྤྱན་འདྲེན་པ་ནི། དེའང་སྣང་སྲིད་ཐམས་ཅད་བླ་མ་མཁའ་འགྲོའི་དཀྱིལ་འཁོར་དུ་རྫོགས་པའི་དབུས་སུ་རྟ་ཕག་ཡབ་ཡུམ་ལ། ཡེ་ཤེས་དང་ལས་ལས་གྲུབ་པའི་ཚུལ་འཛིན་པའི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཁའ་ལས་སྤྲིན་རྡོལ་བ་བཞིན་དུ་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངང་ལས། ཀུན་རྫོབ་ཞལ་ཕྱག་གི་རྣམ་པར་ཐོལ་ཐོལ་བཞེངས་པར་བསམ་པ་ཉིད་སྤྱན་འདྲེན་ཡིན་པས་ཐག་རིང་གི་མགྲོན་པོ་ལྟར་འབྱོན་དགོས་པའི་ངེས་པ་མེད་ལ། དེ་ལྟར་བློས་མ་ལྕོགས་ན། གྱེར་ཚིག་དང་མཐུན་པའི་མགྲོན་རྣམས་ཁ་བ་ལྟར་འབབ། རླངས་པ་ལྟར་བརྡོལ། རླུང་ལྟར་འཚུབ་ཅིང་མཆོད་ཡུལ་དུ་གཤེགས་པར་བསམ། ནད་བདག་ཀྱང་ངོ་བོ་རྡོ་རྗེ་ཕག་མོ། རྣམ་པ་ནད་བདག་མ་མོའི་ཚུལ་དུ་སྤྱན་འདྲེན་པ་ཡིན་ལ། དང་པོར་སྣང་སྲིད་མཁའ་འགྲོའི་དཀྱིལ་འཁོར་དུ་བསྒོམས་ནས་སྤྱན་འདྲེན་མཆོད་བསྟོད་བགྱིས་ཏེ། མཐར་རྣམ་རྟོག་གི་རང་གཟུགས་ནད་བདག་མོའི་རྣམ་པར་བསྒྱུར་ནས་ཡས་བསྔོ་བ་དང་། ཟློག་སྒྱུར་གྱི་སྒོ་ནས་མདོས་རྫོངས་བགྱིས་པས་ཆོག་པའི་གནད་གོ་བར་བྱས་ལ་དབྱངས་རོལ། རྐང་གླིང་། ཐོད་རྔ། གཡབ་དར། གསུར་དུད། བཤུགས་པའི་སྒྲ་དང་བཅས་ཏེ་གྱེར་གླུད་རབས་ཀྱི་གཞུང་ལྟར། ཧཱུྃ༔ སྟོང་གསུམ་སྟོང་གི་གཞལ་ཡས་ནས༔ ཞེས་པ་ནས། རྣལ་འབྱོར་དབང་ཕྱུག་དགོངས་པའི་ཕྲིན་ལས་མཛོད༔ ཅེས་པའི་སྤྱན་འདྲེན། བཞུགས་གསོལ། གནད་ནས་བསྐུལ་བ་རྣམས་བྱ། དེ་ནས་སྤོས་དང་མར་མེ་སོགས་སྤར་ཞིང་མཆོད་པ་འབུལ་བ་ནི། ཧཱུྃ༔ སྟོང་གསུམ་སྣང་གསལ་མེ་ཏོག་དང༔ སོགས་ནས། མ་མོ་མཁའ་འགྲོ་མཉེས་གྱུར་ཅིག༔ ནད་ཀྱི་བདག་མོ་མཉེས་གྱུར་ཅིག༔ ཅེས་པའི་བར་སོང་ནས། གོང་གི་སྔགས་ཕྱག་དྲུག་གི་འཕྲོས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་ཐོབ་པར་བྱ་བ་དང་། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་ཡེ་ཤེས་སྐར་མདའི་སྔགས་རྒྱ་ལན་བདུན་གྱིས་ཚིམ་པར་བྱ་བ་དང་། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་དབང་སྒྱུར་འཁོར་ལོའི་སྔགས་རྒྱ་ལན་བདུན་གྱིས་དབང་དུ་བསྡུ་བ་བཅས་བྱ། དེ་རྗེས་རོལ་མོར་བཅས་ཏེ་གླུད་རབས་དངོས་ནི། ཧཱུྃ༔ སྔོན་ནི་སུ་དང་སུ་ཡི་གླུད༔ ཅེས་པ་ནས། ལྟས་ངན་སྣ་ཚོགས་ལངས་པ་ཟློགས༔ ཅེས་པའི་བར་གྱེར་གླུད་ཀྱི་གཞུང་ལྟར་བྱ། སྐབས་འདིར། ཟློག་བྱང་གཞན་ཡང་བྱའོ༔ ཞེས་པའི་དོན་ཕྱག་ལེན་དུ་མདོས་ཆོག་གམ་མན་ངག་ཤོག་དྲིལ་གྱི་ལྔ་པ་ནད་རིམས་ཟློག་པའི་གྱེར་སྐབས་འདིར་སྦྱར་སྲོལ་ཡོད་པས། ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ སོགས་ནས། ཐམས་ཅད་རང་གི་གནས་སུ་དེངས༔ བར་བྱ། དེ་ནས་གྱེར་གྱི་གླུད་རབས་འཕྲོས། ཀྱཻ༔ གླུད་བྱུང་དང་པོ་གང་ནས་བྱུང༔ ཞེས་པ་ནས། མི་བས་གླུད་དགའ་བྱ་བས་སྤུ་དགའ་འོ༔ ཞེས་པ་ཡན་བརྗོད་ལ་གླུད་ཡས་རྣམས་སྒོ་ཕྱོགས་སུ་ཁ་བསྒྱུར་ལ་མདོས་ལམ་འཐེན། སྐབས་འདིར་ཚོགས་ལ་རོལ་ཞིང་ལས་བྱང་གི་ལྷག་མ་གཏོང་། ༼དེ་ནས་རིག་འཛིན་རྩལ་འཆང་ཁ་ཅིག་གི་ཕྱག་སྲོལ་ལྟར་ན། སྐབས་འདིར་ཡས་རྣམས་སྒྱེའུར་བླུག་སྟེ། མ་མོའི་གཟུགས་བརྙན་གྱི་མགོར་རྡོ་རྗེ་བཞག་ནས། བྷྱོ༔ ཁྱོད་ནི་བསྟེན་ཅིང་སྒྲུབ་པའི་ཚེ༔ སོགས་ཀྱིས་དམ་བསྒྲགས་ནས་བདེ་ཡངས་ལྟ་ཕུར་ཕྱིན་ལ། གསེར་སྐྱེམས་བཏེག་པ་སྔོན་དུ་འགྲོ་བས། བྷྱོ༔ སྟོང་གསུམ་སྟོང་གི་འཇིག་རྟེན་སོགས་ཀྱིས་གཤེགས་སྐྱེམས་དྲང་ལ། ལྔ་པ་ནད་རིམས་ཟློག་པའི་གྱེར་གྱི་རྗེས་ཀྱི། བྷྱོ༔ ལྷ་སྲིན་སྡེ་བརྒྱད་སྤྱན་ལམ་དུ༔ ངར་མོ་ཆས་སོ་སོགས་ཀྱི་ཟློག་གཞུང་དང་། བྷྱོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ་ཡི་སོགས་ཀྱི་གཟུ་དཔང་། བྷྱོ༔ དོ་ནུབ་དགྲ་ལ་ཟོར་ཞིག་འཕེན༔ སོགས་ཀྱིས་ཟོར་བསྐུལ་ཏེ་རྫོངས་རྗེས་སུ་ཟོར་འཕང་བར་གསུངས་པ་འཇུག་པ་བདེ་ཞིང་ཤིན་ཏུ་ལེགས་མོད།༽ འདིར་རེ་ཞིག་རྡོ་རྗེ་བྲག་རིག་འཛིན་ཆེན་པོའི་ཕྱག་བཞེས་ཀྱི་རྗེས་སུ་འབྲང་སྟེ། གསེར་སྐྱེམས་སྔོན་དུ་འགྲོ་བས། རྩ་གསུམ་དམ་ཅན་རྒྱ་མཚོ་རྣམས་ལ་གདུང་ཤུགས་དྲག་པོའི་སྒོ་ནས་གཟུ་དཔང་གསོལ་བ་ནི། བྷྱོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ་ཡི་ཚོགས༔ སོགས་ནས། དུས་ལ་བབས་ཀྱིས་ད་ནི་དམ་ལ་འདུས༔ ཞེས་དང་། ཟོར་བསྐུལ་བ་ནི། བྷྱོ༔ དོ་ནུབ་དགྲ་ལ་ཟོར་ཞིག་འཕེན༔ སོགས་ནས། བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཁྲག་ཟོར་གྱི་འཕྱོང་བརྗོད། མ་མོའི་གཟུགས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ལ་ཐུགས་དམ་བསྐུལ་བ་ནི། བྷྱོ༔ ཁྱོད་ནི་བསྟེན་ཅིང་སྒྲུབ་པའི་ཚེ༔ སོགས་ནས། རང་གིས་གསོས་ཏེ་དམ་སྲུངས་ཤིག༔ ཅེས་བརྗོད། གཤེགས་སྐྱེམས་ནི་རིན་པོ་ཆེ་ལ་སོགས་པའི་སྣོད་བཟང་པོར་གསེར་དང་སྦྱར་བའི་སྐྱེམས་བཏེག་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ སོགས་ནས། རྣལ་འབྱོར་བདེན་པའི་བཀའ་ལ་ཉོན༔ ཅེས་པའི་བར་གྱེར་གླུད་ལྟར་བརྗོད། ངར་མི་བཤོས་བུ་མཐེབ་ཀྱུ་ཆངས་བུ་རྣམས་མ་གཏོགས་པའི་ཡས་རྣམས་སྒྱེའུ་སྔོ་དམར་དུ་བླུགས་ལ་ཁ་བཅིང་། ནད་བདག་ངར་མི་བཤོས་བུ་སོགས་གཙང་ཞིང་བརྟན་པའི་སྣོད་དུ་བླུགས་ནས་བཏེག་ལ། གལ་ཏེ་མི་འགྲོ་བར་གཅོད་ན༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་དང༔ ཕོ་ཉ་རྣམས་ཀྱི་བརྟུལ་ཞུགས་ཀྱིས༔ འཁོར་ལོ་རལ་གྲི་རྡོ་རྗེ་དང༔ བེ་ཅོན་དབྱུག་ཏོ་ཞགས་པ་དང༔ ཐོ་བ་ལྕགས་ཀྱུ་འཁྲིགས་པ་ཡི༔ གདུག་པའི་མེ་འོད་ཚྭ་ཚྭ་འཕྲོ༔ ཧཱུྃ༔ ང་ནི་རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་གུར་གྱི་རྭ་བ་ནས༔ ཧཱུྃ་མཛད་ལ་སོགས་ཁྲོ་བོ་བཅུ༔ སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ༔ དཔའ་བོ་དཔའ་མོ་འཇིགས་པའི་ཚོགས༔ འཇིགས་ཚུལ་རྔམས་དང་སྟངས་སྟབས་ཀྱིས༔ གང་ལ་བྱ་བའི་དགྲ་དང་བགེགས༔ གསོ་ཐབས་མེད་པར་བརླག་པར་བྱེད༔ སོང་ཞིག་བྱེར་ཅིག་ནད་བདག་མོ༔ ཤ་ཟ་ཡི་དྭགས་འབྱུང་པོའི་ཚོགས༔ གདུག་ཅིང་རྒོལ་ན་བརླག་པར་བྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་། མི་མོའི་གཟུགས་ནད་བདག་དངོས་སུ་གྱུར་པ་ངར་མི་རྣམས་ཁྲོ་བོའི་ཕོ་ཉ་མཚོན་ཆ་སྣ་ཚོགས་ཐོགས་པས་ནད་བདག་འཁོར་དང་བཅས་པ་དེད་དེ་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་པར་བསམ་ལ། འཕྱར་དར་ལ་སོགས་པས་སྣ་དྲངས་ལ་རྫོངས་རྣམས་བཏེག་པའི་རྗེས་སུ་སྔགས་ཀྱིས་བཏབ་པའི་གུ་གུལ་གྱིས་བདུག །སློབ་དཔོན་གྱིས་དྲག་སྔགས་བཟླ་ཞིང་ཐུན་བྲབ། རོལ་མོའི་སྒྲ་དང་བཅས་ཏེ། གཙང་ཆུ་ལྟ་བུའི་ཀོ་བ་ཐེག་པའི་ཆུ་དང་ཐག་ཉེ་ན་ཆུ་འགྲམ་གྱི་བར་དུ་རོལ་མོ་དང་བཅས་ཏེ་བསྐྱལ། ནད་བདག་གླུད་ཡས་དང་བཅས་པ་ཀོ་བར་བརྫངས། གསེར་སྐྱེམས་གང་རིགས་འབུལ་ཞིང་། ལས་གཞུང་གི་ཆད་ཐོ་དམག་ལྟོའི་ཚུལ་དུ་གཏོང་། སླར་ཡང་རིག་པ་ངར་དང་ལྡན་པས་རང་ཉིད་རྡོ་རྗེ་དྲག་པོ་རྩལ་ཁྲོ་བཅུ་ཡབ་ཡུམ་སོགས་ཁྲོ་ཚོགས་ཀྱིས་བསྐོར་བའམ། རྩ་བའི་ཡི་དམ་གང་བྱེད་དེ་རབ་ཏུ་ཁྲོས་ཤིང་སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས་ཏེ་དུག་མཚོན་ནད་ཀྱི་ཆར་འབེབ་པར་བསམ་ལ། ཀོ་བ་ཆུར་བསྐུར་བ་དང་སྦྲགས་ཏེ་ཆད་མདོའི་ཟོར་བསྐུལ་ལམ་སྤྱི་འགྲོའི་ཟློག་ཐུང་བརྗོད་ལ། ཀོ་བའི་རྗེས་སུ་དང་པོར་ཁྲག་ཟོར་འཕང་། དེ་རྗེས་སུ་ཟོར་གཏོར་འཕང་། ཐལ་མོ་བརྡབ། དུལ་མོ་རྟུལ། རྣལ་འབྱོར་པ་རྣམས་ཀྱིས་ཟློག་སྔགས་ཟབ་མོའི་རིགས་དྲག་ཏུ་བརྗོད་ཅིང་། མཱ་ར་ཡའི་དྲག་རྡུང་དང་བསྟུན། སྐྱེས་པ་གོ་མཚོན་ཅན་བརྒྱ་ཕྲག་གིས་བསྭོ་བསྭོའི་སྒྲ་དང་བྷྱོ་གདབ། མདའ་རྡོའི་ཆར་ཀོ་བ་ལ་མ་ཕོག་ཙམ་གྱིས་ནད་བདག་གི་རྒྱབ་ནས་རྡུངས། མེ་མདའ་སོགས་དྲག་པོའི་སྒྲའི་ཚམ་རྔམ་བྱ། ཡུགས་ས་ལ་སོགས་བུད་མེད་ནག་མོ་བརྒྱ་ཕྲག་གིས་དར་ནག་གི་གཡབ་མོ་རྡེབ། དམོད་མོ་དང་འོ་དོད་འབོད། ཆུ་ཐག་རིང་ཐུང་ཇི་ལྟར་ཡང་ནད་བདག་གི་རྫོངས་ཆས་རྣམས་ངེས་པར་གཙང་ཆུ་ལྟ་བུར་ཀོ་བའི་ཆས་ལ་བརྟེན་ནས་བརྫང་དགོས་པས། ཐག་རིང་ན་ནད་བདག་དཀོར་ཆ་དང་བཅས་པ་སོང་རྗེས་སུ་རྣལ་འབྱོར་པ་རྣམས་ཀྱིས་ས་ཡུལ་ཅི་བདེ་བའི་བར་དུ་སྐྱེལ་ཏེ་ཟོར་འཕང་བ་སོགས་བྱ། བསྲུང་བྱ་རྣམས་རྡོ་རྗེའི་ར་གུར་སོགས་ཁྲོ་མཚོན་མེ་དཔུང་གི་གུར་གྱིས་བཅིངས་པར་བསམ་ཞིང་འཁོར་གསུམ་མི་དམིགས་པའི་རྒྱས་གདབ། ཐམས་ཅད་ཀྱིས་ཕྱི་མིག་མི་བལྟ། སློབ་དཔོན་གྱིས་རྟིང་མནན་ཏེ་ལྡོག་པའི་སྒྲུབ་ཁང་གི་ཕྱིར་མེ་ཆུའི་རྒྱས་འདེབས་བྱ། ཟོར་གཏོར་གྱི་སྣོད་འབྲུ་དང་ཆང་ཕུད་ཀྱིས་བཤལ་པའི་ཆུས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབས་ལ་རྟ་བྲོ་རྡུང་། ནང་དུ་ལོགས་ནས་ཚེ་འགུགས་ཤིང་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་ནས་བཀྲ་ཤིས་བར་རྗེས་ཀྱི་བྱ་བ་རྣམས་མཐའ་རྒྱས་སུ་བགྱིད་ཅིང་། ནད་རིམས་བྱུང་ཟིན་གཅོད་ན་དཔང་གཟུག་དང་སྲུང་འཁོར་བཀྲམ་པ་སོགས་གོང་དུ་སྨྲོས་པ་ལྟར་ལག་ཏུ་བསྟར་རོ། །གསུམ་པ་གསད་པ་ནི། གལ་ཏེ་སྲུང་ཟློག་གི་ཆོ་ག་བྱས་པས་ནད་རིམས་རྩུབ་ཅིང་ཐུར་སོང་ན་གནད་ལ་དབབ་ཅིང་ཐུན་བྲབ། ནད་བདག་གསད་པའི་མན་ངག་གཞུང་ལྟར་ལག་ཏུ་བླང་བར་བྱའོ། །ས་བཅད་བདུན་པ་དེ་དག་གི་མཇུག་གི་ཆོས་གཅིག་ནི། གཞུང་ལས། རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ནད་དང་སྡུག་བསྔལ་རྐྱེན་རྣམས་ཀུན༔ ངེས་པར་གཏན་ལ་དབབ་པའི་ཚེ༔ རྒྱུ་རྐྱེན་སྙིང་པོ་མ་གྲུབ་པས༔ སྡུག་བསྔལ་བྱ་བྱེད་འཛིན་པ་དོར༔ ཐམས་ཅད་དག་པའི་ཞིང་ཡིན་པས༔ མཉམ་པ་ཉིད་དུ་ཐག་བཅད་ལ༔ བཅོས་མེད་ངང་ལ་དར་གཅིག་བཞག༔ དེ་ཡིས་རྒྱལ་ཁམས་བདེ་སྐྱིད་ལྡན༔ བྱང་ཆུབ་སེམས་ལྡན་སྐྱེས་བུ་ཡིས༔ འགྲོ་དོན་ཕྱོགས་རིས་མེད་པར་མཛོད༔ ཅེས་གསུངས་པའི་དོན་ལྟར་བདག་འཛིན་གྱི་རྩ་བ་གཞི་མེད་རྩ་བྲལ་འཁོར་འདས་རོ་མཉམ་དག་པ་རབ་འབྱམས་མ་བཅོས་ལྷུན་གྲུབ་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ །འདི་ལྟ་བུའི་ལས་བརྩམ་པ་ལ། དམ་ཚིག་ལ་སེལ་མེད་པ། ཡི་དམ་ཀྱི་བསྙེན་པ་ཐེམས་པ། རྫས་ཚོགས་ཤིང་ལག་ལེན་མ་འཁྲུལ་པ། བྱང་ཆུབ་ཀྱི་སེམས་དང་ལྟ་བའི་རྒྱས་ཐེབས་པ། ཐེ་ཚོམ་གྱི་སྙེམས་འཕྲིག་མེད་པ། གསག་སྦྱོང་གི་དཔུང་བསྐྱེད་པ་སྟེ་གཅེས་པའི་གནད་དྲུག་དང་ལྡན་ན་འདོད་དོན་འགྲུབ་པར་འགྱུར་བའང་གོ་དགོས་སོ།། །། ༈ ཞར་བྱུང་ནད་རིམས་ཕྲ་མོ་ཟློག་ན། རྩ་བའི་ས་བཅད་ལྔ་པའི་འཕྲོས་དོན་ལས་གསུངས་པ་ལྟར། ཟླ་བ་མར་ངོའི་ཐེབས་དང་བསྟུན། ནས་ཚིགས་ཀྱི་ཕྱེ་ལ་ནད་བདག་གཙོ་འཁོར་ལྔ་བཟོས་ལ་གླུད་རྫས་སྣ་ཚོགས་ཀྱིས་བསྐོར་ཏེ། ཐུགས་སྒྲུབ་ཀྱི་ཕྲིན་ལས་གཞུང་བསྲང་། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། མན་ངག་ཤོག་དྲིལ་ནས་གསུངས་པའི། ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ ཞེས་པ་ནས། གདུག་ཅིང་རྒོལ་ན་བརླག་པར་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པའི་བར་བརྗོད་ཅིང་གྱེར་གླུད་རབས་ཆེན་མོ་གཏང་མི་དགོས། བཅས་རྣམས་འབྱོར་ན་ཀོ་བ་དང་། མ་འབྱོར་ན་ཐེབས་དང་བསྟུན་ཏེ་རྒྱང་རིང་པོར་བསྐྱལ། མཚམས་གཅོད་སྲུང་འཁོར་སོགས་བྱས་པས་འགྲུབ་ཅིང་འཇུག་བདེ་བའི་གནད་དམ་པ་གཞུང་དོན་མན་ངག་གིས་གཏན་ལ་ཕབ་པའོ། །མ་མོ་ཁྲོས་པའི་ཚ་དབལ་མི་བཟད་པས། །ཉམ་ཐག་སྙིགས་མའི་འགྲོ་བ་སྐྱོབ་པ་ལ། །ཟླ་བ་བདུད་རྩི་ལྟ་བུར་རབ་བསིལ་བ། །ཨོ་རྒྱན་སངས་རྒྱས་གཉིས་པའི་དྲིན་ལས་ཤར། །བྱས་པ་འདི་ཡང་དོན་དང་ལྡན་གྱུར་ཏེ། །འཇིག་རྟེན་ཀུན་ཏུ་ནད་ཀྱི་དུ་རུཥྐ། །མིང་ཡང་མི་གྲགས་སྐྱེ་དགུའི་ལུས་དང་སྲོག །འགྱུར་མེད་བདེ་ཆེན་རྡོ་རྗེར་འཚོ་གྱུར་ཅིག །ཅེས་པ་འདི་ཡང་རང་འདྲའི་རྨོངས་པ་རྣམས་ཀྱིས་ལག་ཏུ་བླང་བདེ་བའི་ཆེད་དུ། རྩ་བའི་གཞུང་དང་བདུད་འཇོམས་ཡང་སྲིད་༧པདྨ་ཕྲིན་ལས་ཀྱི་གསུང་རབ་སྦས་དོན་ཀུན་གསལ་སོར་བཞག་ལ། ༧ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་རྒྱུན་གྱི་གནད་ཟབ་མོ་སོགས་ལེགས་ཆས་བརྒྱན་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).