Terdzo-MANGALAM-005

From Rinchen Terdzö

གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་

gsang chen snga 'gyur rdo rje theg pa'i gsung rab zab mo nye brgyud kyi chos sde rin chen gter mdzod chen po'i bzhugs byang dkar chag gsal bar bkod pa 'od gsal rdo rje snying po'i gru gzings

by  དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Dilgo Khyentse Tashi Paljor)
Volume 66 (མངྒ་ལཾ) / Pages 429-628 / Folios 1a1 to 100b6

[edit]

༄༅། །གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །

གསེར་གྱི་མདོག་ཅན་མཚན་དཔེའི་ལང་ཚོས་བྱེ་བ་ཕྲག་བརྒྱའི་ཞིང་ཀུན་གཏམས། །ངོ་མཚར་དམ་ཆོས་ཚངས་པའི་དབྱངས་ཀྱིས་སྲིད་གསུམ་ཆེ་རྒུ་ཟིལ་གྱིས་ནོན། །ཐོགས་མེད་མཁྱེན་བརྩེས་འཁོར་འདས་ཀུན་ཁྱབ་དྲང་སྲོང་རལ་པའི་གཙུག་ཏུ་བཀུར། ཁྱུ་མཆོག་སྟབས་གཤེགས་མི་ཡི་སེང་གེ་རྐང་གཉིས་གཙོ་བོར་ཕྱག་བགྱི་འོ། །མཁྱེན་རབ་ཀློང་ཆེན་ཡངས་པའི་དཀྱིལ་འཁོར་ཤེས་བྱ་མ་ལུས་ཐུགས་སུ་ཆུད། །གྲངས་མེད་རྡུལ་གྱི་ཕྲ་རབ་དག་ལའང་སྣོད་བཅུད་ཞིང་ཁམས་དཔག་མེད་གསལ། །མཉམ་སྦྱོར་དྲི་མ་ནམ་མཁའི་གླང་པོ་དུམ་བུར་གཅོད་པའི་རལ་གྲི་འབར། །ཡེ་ཤེས་ལུས་ཅན་ལྷུན་གྲུབ་རིག་འཛིན་སྨྲ་བའི་སེང་གེ་གཙུག་ན་མཆོད། །བདེ་གཤེགས་ཀུན་གྱི་གསང་བའི་གཉེར་འཛིན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཕུལ། །ལྕང་ལོའི་ཞིང་གང་གནོད་སྦྱིན་རིག་འཛིན་ཚོམ་བུ་རྒྱ་མཚོའི་དེད་དཔོན་ཆེ། །མ་རུངས་འདུལ་ལ་མིག་སྟོང་ལྡན་པའི་རྩེ་བརྒྱའང་འཇོམས་མཛད་རྡོ་རྗེ་འཛིན། །ཧེ་རུ་ཀཿདཔལ་རྡོ་རྗེ་གཞོན་ནུ་གསང་བདག་དཔའ་བོ་རྒྱལ་གྱུར་ཅིག །བསམ་ཡས་བསྐལ་པར་ཐུགས་རྗེའི་ཆུ་གཏེར་སྣ་ཚོགས་ནོར་བུའི་བ་གམ་རྩེན། །གང་གཱའི་ཇི་སྙེད་ཞིང་རྡུལ་ཀུན་ཏུ་སྣ་ཚོགས་གཟུགས་ཀྱི་སྤྱན་རས་གཡོ། །དྲི་མེད་མངོན་གྱུར་འགྲོ་ལ་རྗེས་ཆགས་སྣ་ཚོགས་ལུས་ཅན་སྐྱབས་གཅིག་པུ། །པོ་ཏཱ་ལར་གནས་སེམས་ཉིད་ངལ་གསོ་དོན་ཡོད་ཞགས་པས་ཤིས་པ་སྩོལ། །མཚོ་དབུས་འདབ་སྟོང་བཞད་པ་ལས་འཁྲུངས་མཚན་དཔེ་གསལ་རྫོགས་སྤྲུལ་པའི་སྐུ། །འོད་མཚན་སྟོང་འབར་སྒྱུ་འཕྲུལ་རོལ་མོ་མཁས་གྲུབ་རྒྱ་མཚོའི་གཙུག་ན་མཛེས། །རྒྱལ་ཀུན་གསང་གསུམ་མཁྱེན་རབ་ཡེ་ཤེས་མ་ལུས་སྤུངས་པའི་སྤྱི་དཔལ་ཆེ། །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་དེད་དཔོན་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་ཟུང་འཇུག་ལམ་གྱི་ཤིང་རྟར་བསྔགས། །དབུས་གྱུར་འཆང་གི་འདུལ་འཛིན་ཁྲོད་ན་གྲགས་པའི་བ་དན་རླུང་ལྟར་གསལ། །མཐུ་སྟོབས་དབང་ཕྱུག་ལག་ན་རྡོ་རྗེ་བསིལ་ལྗོངས་སྐྱེ་རྒུའི་གཉེན་གྱུར་གང་། །ངུར་སྨྲིག་འཛིན་པའི་ཁྱུ་མཆོག་དམ་པ་མཁན་ཆེན་ཞི་འཚོ་སྙིང་ནས་དྲན། །མཁྱེན་རབ་མངའ་བདག་འཇམ་དཔལ་གཞོན་ནུ་བསམ་བཞིན་ཆོས་སྐྱོང་རྒྱལ་པོའི་ཚུལ། ཁོར་ཡུག་གངས་རིས་བསྐོར་བའི་ལྗོངས་འདིར་ཆུ་སྲིན་རྒྱལ་མཚན་ལྷག་མར་བྱས། །རྒྱ་མཚོའི་གོས་ཅན་ཡོངས་ལ་དབང་བསྒྱུར་གསེར་གྱི་འཁོར་ལོ་རྩིབས་སྟོང་བཀྲ། ཁྲི་སྲོང་ཚངས་པ་ལྷ་ཡི་མེ་ཏོག་ས་གསུམ་སྐྱེ་རྒུའི་བླ་ན་བརྗིད། །གངས་རིའི་ཁྲོད་འདིར་རྡོ་རྗེ་རྩེ་མོའི་དབྱར་སྐྱེས་རྔ་གསང་བསྒྲགས་པའི་མོད། །རིང་ནས་ངན་གོམས་མཐར་འཛིན་ལྟ་བར་ལོག་སྲེད་ཅན་རྣམས་གཤེད་དུ་གྱུར། །ལས་འཕྲོ་ལྡན་ལ་མཆོག་ཏུ་ཤིས་པའི་སྣང་བ་དམ་པ་ཅི་དགར་འགྱེད། །པདྨའི་ཞལ་སྐྱིན་བཀའ་བབས་རིམ་བྱོན་གཏེར་སྟོན་ཚོགས་རྣམས་ཕྱག་གི་གནས། །མི་བཟད་དུས་འདིར་བཀའ་བབས་བདུན་གྱི་ཤིང་རྟར་རབ་གསལ་མདོ་སྔགས་གླིང་། །བོད་ཁམས་མཐའ་དབུས་ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་པའི་དཔལ། །མཛོད་ཆེན་རྣམ་ལྔའི་ཤིང་རྟ་འདྲེན་མཛད་སྐྱོབ་པ་བློ་གྲོས་མཐའ་ཡས་ཞབས། །རིགས་གསུམ་སེམས་དཔར་གྲགས་པ་རྣམ་གསལ་ས་བླའི་ཞིང་ཀུན་ཁྱབ་པར་འགེངས། །དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མའི་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་གཡོ། །དངོས་གྲུབ་འདོད་འཇོ་ཡི་དམ་ལྷ་ཚོགས་གར་དགུ་འབར་བའི་ལང་ཚོ་ངོམས། །རྣམ་བཞིའི་ཕྲིན་ལས་ཕྱོགས་ཀྱི་འཁོར་ལོར་རྟག་ཏུ་སྤེལ་མཁས་ཌཱཀྐིའི་ཚོགས། །གསང་ཆེན་ཆོས་ཀྱི་བྱུང་བ་བརྗོད་ལ་འཛུམ་ཞལ་དགྱེས་པའི་གེ་སར་སྤྲོས། །འཕགས་བོད་རིག་འཛིན་ཞབས་སེན་ཆུ་སྐྱེས་རྡུལ་བྲལ་སྤྱི་བོའི་གཙུག་ན་བཀུར། །དམ་ཚིག་བདུད་རྩི་མུ་ཏིག་ཞུན་མའི་ཆུ་རྒྱུན་ལྗགས་ཀྱི་དབང་པོར་སིམ། །བཀའ་གསང་གཉན་པོའི་ཐ་ཚིག་ལ་གནས་ཡེ་ཤེས་སྤྱན་ལྡན་སྲུང་མའི་ཚོགས། །ཟབ་གཏེར་ཆོས་ཀྱི་དགའ་སྟོན་བཀྱེ་ལ་གསང་གསུམ་དག་པས་གནང་བ་སྩོལ། །དེ་ལ་འདིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཟབ་མོ། ཞི་སྒོ་གཉིས་སུ་མེད་པའི་བགྲོད་པ་མཐར་ཐུག་པ། གསུང་རབ་ཐམས་ཅད་ཀྱི་ཡང་བཅུད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་མཛོད་དམ་པ། རྣལ་འབྱོར་རིག་པ་འཛིན་པ་ཡོངས་ཀྱི་ཉེ་ལམ་སྙིང་པོར་གྱུར་པའི་ཟབ་གཏེར་གྱི་ཆོས་མཛོད་ཆེན་མོ་འདི་ཉིད་སླར་ཡང་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གཙུག་ལག་ཁང་ཆེན་པོར་ཐབས་དང་ཤེས་རབ་ཀྱི་ཡིག་འབྲུ། ཟུང་འཇུག་དབྱངས་གསལ་རྟེན་འབྱུང་གི་འཁོར་ལོ། འཕྲུལ་ཡིག་མི་བཟད་པའི་ཕྱི་མོར་བསྐྲུན་པའི་ཚུལ་བཤད་པ་ལ། ༈ ཐོག་མར་དགེ་བ་ཆོས་ཚུལ་སྤྱི་ཡི་ཆིངས་ཡོངས་འདུས་ཐེག་མཆོག་སྙིང་པོའི་གྲུ་གཟིངས་བཤད་པ། བར་དུ་དགེ་བ་བཀའ་གཏེར་ཆོས་ཀྱི་ཆིངས་སྔ་འགྱུར་རིག་འཛིན་ཚོམ་བུའི་གྲུ་གཟིངས་བཤད་པ། མཐའ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་ཆིངས་ཡོངས་འདུས་རྡོ་རྗེ་རྩེ་མོའི་གྲུ་གཟིངས་བསྟན་པ་དང་གསུམ་ལས། དང་པོ་ལ་འཇིག་རྟེན་གྱི་ཞིང་ཁམས་བསྟན་པ་དང་། རྫོགས་པའི་སངས་རྒྱས་རྣམས་ཇི་ལྟར་བྱོན་པའི་ཚུལ་བཤད་པ་གཉིས་ལས། དང་པོ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་མི་མཇེད་ཀྱི་འཇིག་རྟེན་བཤད་པ། ཁྱད་པར་ཛམྦུའི་གླིང་གི་ཞིང་བཤད་པའོ། །དང་པོ་ནི། དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་བའམ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་དྲི་ཞིམ་སྨན་གྱི་རྒྱ་མཚོ་ཆེན་པོ་གནས་པའི་ནང་པདྨའི་སྡོང་པོ་ཟེའུ་འབྲུ་དཔག་ཏུ་མེད་པ་ལ་བརྟེན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཀྱི་མཚམས་སྦྱོར་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་སྟེ་རྡུལ་ཕྲ་རབ་གཅིག་གི་ནང་ན་གནས་པར་གསུངས་སོ། །ཕལ་པོ་ཆེ་ལས། བཅོམ་ལྡན་འདས་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་ཕྱག་ན་རྡུལ་ཤིན་ཏུ་ཕྲ་བའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེའི་ནང་ན་རྣམ་པར་ཤེས་པའི་ཁམས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེའི་སྟེང་ན་ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ནམ་མཁའི་དབྱིངས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེའི་སྟེང་ན་མེའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ཆུའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་སའི་ཁམས་རྒྱ་མཚོ་བཅུའི་རྡུལ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་མེ་ཏོག་མཚན་མ་མེད་པ་ལས་སྐྱེས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་གནས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་ལ་རབ་ཏུ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱའོ། །ཞེས་དང་། འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་ཞིང་། དེ་ལྟ་བུ་བསམ་གྱིས་མི་ཁྱབ་པའི་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡིན་ལ། དེ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་གནས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་གང་ན་བཞུགས་པ་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཡིན་ལ། དེའི་ནང་ན་ཡོད་པའི་དུམ་བུ་ཐམས་ཅད་ནི་སྤྲུལ་པ་སྐུའི་གནས་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་ཐེག་དམན་པས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཞེས་དང་། ཐེག་ཆེན་པས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཞེས་དང་། རེ་འགར་འཇིག་རྟེན་གྱི་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཞེས་དང་། རེ་འགར་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བར་ཡང་གསུངས་སོ། །དེ་ལྟར་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་རང་སྣང་བ་དག་ཆོས་སྐུའི་དུས་སུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་དང་། ལོངས་སྐུའི་དུས་སུ་ཚངས་པ་རྔ་སྒྲའི་ཞིང་ཁམས་དང་། སྤྲུལ་སྐུའི་དུས་སུ་ཚངས་ཆེན་གྱི་བསྐལ་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་ཆེན་པོའི་ནང་གི་དུམ་བུ་ཐམས་ཅད་དང་། སྐུའི་བ་སྤུའི་ཁུང་བུ་རེ་རེ་ནའང་སྤྲུལ་སྐུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་མང་པོ་འབྱམས་སུ་ཀླས་པ། ལ་ལ་ནི་ནམ་མཁའི་དབྱིངས་ཀྱི་གནས་ལ་གནས་པ། ལ་ལ་ནི་རིན་པོ་ཆེའི་འོད་ཀྱི་རྒྱ་མཚོ་ལ་གནས་པ། ལ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་ལ་གནས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྟེ། ཕལ་པོ་ཆེ་ལས། དབྱིབས་ཀྱི་རྣམ་པར་ཕྱེ་བ་སྣ་ཚོགས་ཏེ། །ཕྱོགས་རྣམས་ཀུན་ནས་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ནང་གྲུ་བཞིར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་སུ་ཀླས་པ་དེ་དག་ཏུ་སངས་རྒྱས་འབྱུང་བའི་ཚུལ་དང་སེམས་ཅན་གྱི་མོས་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཉིད་དེ། ལ་ལ་ནི་ཆོས་ཀྱི་དབྱིངས་ཐམས་ཅད་གཟུགས་ཀྱི་སྐུས་གང་བར་སྟོན་པའོ། །ལ་ལ་ནི་སྐུ་ཚེ་རིང་པོར་སྟོན་པ་དང་། ལ་ལ་ནི་ཐུང་ངུར་སྟོན་པ་དང་། ལ་ལ་ཞིང་མང་པོ་སྦྱངས་པ་དང་། ལ་ལ་ཞིང་ཉུང་ངུ་སྦྱངས་པ་དང་། ཞིང་ལ་ལ་བཟང་པོར་སྣང་བ་དང་། ལ་ལ་ངན་པར་སྣང་བ་དང་། ལ་ལར་ཐེག་པ་མང་པོ་སྟོན་པ་དང་། ལ་ལར་ཐེག་པ་གཅིག་ཏུ་སྟོན་པ་དང་། ལ་ལས་སེམས་ཅན་ཧ་ཅང་མི་མང་བ་འདུལ་བ་དང་། ལ་ལས་སྐད་ཅིག་གཅིག་ལའང་གདུལ་བྱ་མཐའ་ཡས་པ་འདུལ་བར་སྟོན་པ་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་དུ་ཤེས་པར་བྱ་དགོས་ཀྱི། བྱིས་པ་སོ་སོ་སྐྱེ་བོའི་བློ་ལས་རིང་དུ་འདས་པའི་ཕྱིར་མཐའ་གཅིག་ཏུ་ཞེན་པར་བགྱིར་མི་གཏུབ་པ་ཉིད་དེ། ཇི་སྐད་དུ། སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་ཁམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་གསུངས་པ་ལྟར་རོ། ༈ །གཉིས་པ་བྱེ་བྲག་མི་མཇེད་ཀྱི་འཇིག་རྟེན་བཤད་པ་ནི། རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་ལ་གནས་པའི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཁོར་ཡུག་ཆེན་པོའི་ནང་ན་སྤོས་ཆུའི་རྒྱ་མཚོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྒྱ་མཚོའི་རྡུལ་སྙེད་ཀྱི་དབུས་སུ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ལྔ་ཚན་ལྔར་ཕྱེ་བ་ལས་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང་ཐུགས་ཀྱི་ཐུགས་དཔལ་གྱི་བེའུར་བཅུ་གསུམ་པ་མི་མཇེད་འཇིག་རྟེན་འདི་ཉིད་གནས་སོ། །དེ་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་ནི། མི་མཇེད་འཇིག་རྟེན་འདིའི་འོག་ན་དཔལ་འབྱུང་བ་འོད་ཟེར་ཀུན་ནས་སྣང་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་དྲི་མེད་མར་མེ་ཞེས་བྱ་བ་བཞུགས་སོ། །དེ་ནས་རིམ་པར་སྟེང་ནས་སྟེང་དུ་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་དྲི་མེད་ཀྱི་ཞིང་ཁམས་པདྨོ་དཔལ་གྱིས་བརྒྱན་པ། སངས་རྒྱས་རྡོ་རྗེ་འོད་ཟེར་གྱི་ཞིང་རིན་པོ་ཆེའི་རྒྱན་སྣང་བ་དང་། སངས་རྒྱས་འོད་ཟེར་དགའ་བའི་སྟོབས་ཀྱི་ཞིང་མེ་ཏོག་སིལ་མ་བཀྲམ་པ། སངས་རྒྱས་དབང་པོའི་དཔལ་གྱི་ཞིང་དགེ་བ་སྣ་ཚོགས་པ། སངས་རྒྱས་གྲགས་པ་དབང་ཕྱུག་གི་ཞིང་མེ་ཏོག་ཤིན་ཏུ་རྒྱས་པ། སངས་རྒྱས་ཡེ་ཤེས་རྒྱ་མཚོའི་ཞིང་ཡང་དག་པར་འབྱུང་བའི་གཟི་བརྗིད། སངས་རྒྱས་གཟི་བརྗིད་ཐུབ་མེད་ཀྱི་ཞིང་སྒྲ་དབྱངས་སྒྲོག་པ། སངས་རྒྱས་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་ཞིང་རྡོ་རྗེ་རྒྱལ་མཚན། སངས་རྒྱས་ཆོས་ཉིད་ཚད་མེད་པའི་ཞིང་རྣམ་པར་སྣང་བ། སངས་རྒྱས་ཚངས་པའི་རྒྱལ་པོའི་ཞིང་སྣང་བའི་མདོག་ཅེས་བྱ་བ། སངས་རྒྱས་འོད་ཟེར་བཀོད་པའི་ཞིང་རྣམ་སྣང་དང་བ་ཞེས་བྱ་བ་རྣམས་བརྩེགས་མར་གནས་སོ། །བཅུ་གསུམ་པ་སངས་རྒྱས་སྟོང་རྩ་གཉིས་ཀྱི་ཞིང་མི་མཇེད་ཀྱི་འཇིག་རྟེན་འདི་ཉིད་དེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདུལ་ཞིང་དུ་བསྔགས་པར་མཛད་དོ། །མི་མཇེད་ཀྱི་སྟེང་དང་སྟེང་དུ་རིམ་པར་སངས་རྒྱས་ཉི་མ་དྲི་མེད་སྤྱན་གྱི་ཞིང་འོད་འཕྲོ་སྣང་བ་དྲི་མེད་དང་། སངས་རྒྱས་ཆགས་མེད་ཡེ་ཤེས་ཀྱི་ཞིང་རིན་ཆེན་འབྱུང་གནས་རབ་ཏུ་བརྒྱན་པའི་སྙིང་པོ་དང་། སངས་རྒྱས་དཔལ་གྱི་རྒྱལ་མཚན་གྱི་ཞིང་རྡུལ་དང་བྲལ་བ་དང་། སངས་རྒྱས་ནམ་མཁའ་ཀུན་ཏུ་སྣང་བའི་འོད་ཀྱི་ཞིང་ཡོངས་དག་སྣང་བ། སངས་རྒྱས་བསོད་ནམས་སྤྲིན་གྱི་འཕགས་པའི་ཞིང་རིན་ཆེན་འོད་འཕྲོ་དང་། སངས་རྒྱས་སྣང་མཛད་མར་མེའི་རྒྱལ་པོའི་ཞིང་རབ་ཏུ་སྣང་བ། སངས་རྒྱས་འོད་ཟེར་བཀོད་པའི་ཞིང་སྣང་བྱེད་ཅེས་བྱ་བ་དང་། སངས་རྒྱས་ཀུན་ཏུ་གཟིགས་པའི་དབང་པོའི་ཞིང་འོད་བྱེད་ཅེས་བྱ་བ་དང་། སངས་རྒྱས་འོད་ཟེར་རྒྱལ་པོའི་ཞིང་འོད་འཕྲོ་བཀོད་པ། སངས་རྒྱས་ཀུན་ཏུ་སྣང་མཛད་ཀྱི་ཞིང་སྣང་ལྡན་ཞེས་བྱ་བ་དང་། སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པའི་ཞིང་ཁམས་རབ་མཛེས། སངས་རྒྱས་རབ་ཏུ་དགའ་བའི་ཞིང་ཁམས་མདངས་རབ་ཏུ་དགའ་བ་ཞེས་བྱ་བ་རྣམས་བརྩེགས་མར་གནས་པ་ཡིན་ནོ། །དེ་ལ་མི་མཇེད་ཅེས་བྱ་བ་ནི། བཟོད་པའམ་སྲན་ཐུབ་པའི་དོན་དུ་གསུངས་ཤིང་། ཞིང་འདིའི་སེམས་ཅན་རྣམས་ནི་ཉོན་མོངས་པ་དུག་གསུམ་ལས་མི་མཇེད་པའི་ཕྱིར་དང་། ཞིང་འདི་ན་ཡོད་པའི་བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་དང་བརྟན་པ་ལ་རབ་ཏུ་གནས་པའི་ཕྱིར་ཡོན་ཏན་གྱི་ཁྱད་པར་ལས་ཀྱང་བཏགས་སོ། །བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་དུས་ཀྱི་བྱེ་བྲག་གིས་བསྐལ་པ་བཟང་པོ་ཞེས་བྱ་བར་ཡང་གྲགས་ཏེ། སྔོན་བསྐལ་པ་འདི་ཉིད་ཐོག་མར་ཆགས་པའི་ཚེ་རྒྱ་མཚོ་ཆེན་པོའི་ནང་ནས་གསེར་གྱི་པདྨ་སྟོང་ཕྲག་གཅིག་ཤར་བ་ལ། གནས་གཙང་མའི་ལྷ་རྣམས་ཀྱིས་བརྟགས་པས་བསྐལ་པ་འདི་ལ་འདྲེན་པ་སྟོང་འབྱོན་པའི་ལྟས་སུ་ཤེས་ནས། ཨེ་མ་བསྐལ་པ་འདི་ནི་བཟང་པོ་འོ་ཞེས་ཆེད་དུ་བརྗོད་པས་དེ་སྐད་དུ་གྲགས་སོ། ཁྱད་པར་མདོ་སྔགས་ཀྱི་ཆོས་ཚུལ་དཔག་ཏུ་མེད་པ་བྱུང་བས་ན་ཀུན་བཟང་ཐུགས་ཀྱི་བསྟན་པ་ཞེས་བྱ་བར་ཡང་གསུངས་སོ། །དེ་ལྟར་མི་མཇེད་འཇིག་རྟེན་ཁོ་ན་ལའང་། དམ་པའི་ཆོས་མངོན་པ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་པ་ལྟར་གླིང་བཞི་རི་རབ་དང་བཅས་པ་ལྕགས་རི་གཉའ་ཤིང་འཛིན་དང་མཐོ་དམན་མཉམ་པས་བསྐོར་བ་ནི་གླིང་བཞི་པའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་སུམ་ཅུ་རྩ་གསུམ་གྱི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་དང་། དེ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་དང་། དེ་སྟོང་གི་མཐར་ཚངས་པའི་འཇིག་རྟེན་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་ཞིང་དུ་གསུངས་སོ། ༈ །གསུམ་པ་ཁྱད་པར་ཛམྦུའི་གླིང་གི་ཞིང་ངམ་གནས་བཤད་པ་ནི། དེ་ལ་ཇི་སྐད་སྨྲས་པའི་གླིང་གཞན་གསུམ་ནི་ལོངས་སྤྱོད་ཀྱི་ས་པ་དང་། ཛམྦུའི་གླིང་ནི་ལས་ཀྱི་ས་པ་ཞེས་དཔལ་དུས་ཀྱི་འཁོར་ལོ་སོགས་ལས་འབྱུང་ངོ་། །དེ་ལ་ཛམྦུའི་གླིང་ཞེས་བྱ་བ་ནི། དབུས་གྱུར་འཆང་མ་ག་དྷཱའི་བྱང་ནས་བྱང་དུ་རི་ནག་པོ་དགུ་བརྒྱུད་འདས་པའི་ཕ་རོལ་ན་རིའི་རྒྱལ་པོ་གངས་ཅན་དང་སྤོས་ཀྱི་ངད་ལྡན་ཞེས་བྱ་བ་ཡོད་དོ། །དེ་གཉིས་ཀྱི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་དང་ལྡན་པ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་བ་ལ། མེ་ཏོག་ཨུཏྤལ་དང་པདྨ་དང་ཀུ་མུ་དཱ་དང་པུཎྜ་རཱི་ཀ་རྣམས་ཀྱིས་ཁེབས་པ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་དག་ཡོད་དོ། །དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་བཞི་ནས་གངྒཱ་དང་། སིནྡྷུ་དང་། པཀྵུ་དང་། སི་ཏཱ་སྟེ། ཆུ་བོ་དེ་དག་རེ་རེས་ཀྱང་མ་དྲོས་པའི་མཚོ་ལ་གཡས་སུ་ལན་བདུན་བདུན་དུ་བསྐོར་ནས་ཆུ་བྲན་ལྔ་བརྒྱ་ལྔ་བརྒྱ་དང་ལྷན་ཅིག་ཕྱོགས་བཞིའི་རྒྱ་མཚོ་ག་ལ་བར་ངང་གིས་འགྲོ་བར་བྱེད་དོ། །མཚོ་མ་དྲོས་པའི་འགྲམ་ལོགས་སུ་ཤིང་ཛམྦུ་བྲྀཀྵ་ཞེས་བྱ་བ་འབྲས་བུ་རོ་མཆོག་དང་ལྡན་པ་མཚོ་ནང་དུ་ལྷུང་བ་ལས་ཛམྦུ་ཞེས་བྱ་བའི་སྒྲ་བྱུང་ཞིང་། ཀླུའི་རྒྱལ་པོ་རྣམས་ཉར་སྤྲུལ་ནས་ཟ་བར་བྱེད་ཅིང་མ་ཟོས་པ་རྣམས་ནི་ཆུ་དང་ཕྲད་པའི་སྟོབས་ཀྱིས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་པར་གྲགས་ལ། ཤིང་དེས་ཉེ་བར་མཚོན་པའི་གླིང་ཡིན་པས་ཛམྦུའི་གླིང་དུ་བཏགས་སོ། །གཞན་ཡང་གླིང་འདི་ནི་གཞན་ལས་མངོན་པར་འཕགས་པའི་ཁྱད་པར་གྱི་ཆོས་མང་དུ་ཡོད་པར་གསུངས་ཏེ། མདོ་དྲན་པ་ཉེར་བཞག་ལས། གླིང་གསུམ་གྱི་ནང་ནས་འདི་ནི་ལས་ཀྱི་ས་པ་ཡིན། འདི་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་སེམས་པ་ཡིན། འདིར་ནི་སངས་རྒྱས་འབྱུང་བ་ཡིན། འདིར་ནི་མིའི་གནས་བཞི་དག་གི་རག་ལས་པ་ཡིན། འདིར་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་ངེས་པར་སེམས་ཤིང་རྣམ་པར་དཔྱོད་པ་ཡིན། འདིར་ནི་ཚངས་པར་སྤྱོད་པའི་གནས་ཡིན། འདིར་ནི་འཆི་བ་དང་སྐྱེ་བར་སེམས་པ་ཡིན། ཞེས་སོགས་གསུངས་པ་ལྟར། གླིང་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞིང་སྦྱོང་བའི་སྨོན་ལམ་གྱི་ཁྱད་པར་མང་པོས་བརྒྱན་པ་དང་། གདུལ་བར་བྱ་བའི་འགྲོ་བ་མཐའ་དག་གིས་ཀུན་ནས་བརྟེན་པའི་གནས་ཡིན་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །དེ་བཞིན་དུ་མ་འོངས་པར་ཡང་སྒྲོན་མེའི་བསྐལ་པ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་སྟོང་ངམ་སྟོང་རྩ་གཉིས་འབྱོན་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་འབྱུང་ལ། སྙིང་རྗེ་པདྨ་དཀར་པོ་ལྟར་ན་སྟོང་རྩ་ལྔ་འབྱུང་བར་གསུངས་ཤིང་། བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་མཛད་དེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སུ་འགྱུར་བའི་ཕྱིར་དང་། བྱེ་བྲག་ཏུ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཐུབ་པའི་དབང་པོས་མཛད་པ་སྣ་ཚོགས་བསྟན་པའི་གནས་ཁྱད་པར་ཅན་ཏེ། ཇི་སྐད་དུ། རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །ཞེས་འབྱུང་བ་ལྟར་རོ། །གླིང་འདིའི་ནུབ་ཕྱོགས་སུ། རིག་པ་འཛིན་པ་རྣམས་ཀྱི་དགའ་བའི་ཚལ་ལྟ་བུའི་གནས་མཆོག་ཁྱད་པར་ཅན་ཨཽཌཱིཡན་དང་། ཤར་ཕྱོགས་སུ་རྗེ་བཙུན་བརྟན་པའི་འཁོར་ལོ་གཞོན་ནུའི་ཚུལ་གྱིས་བཞུགས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ཕྱོགས་སུ་སྙིང་རྗེའི་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་པའི་གཞལ་མེད་ཁང་རི་བོ་གྲུ་འཛིན། གཞན་ཡང་སྟོན་པ་ཤཱཀྱའི་རྒྱལ་པོ་ཟུང་འཇུག་གི་སྐུར་བཞེངས་ནས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་བསྟན་པའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། བྱང་ཕྱོགས་སུ་ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་ལྔས་ལེགས་པར་བསྲུངས་པ་ཀ་ལཱ་པ་ཞེས་བྱ་བའི་ཕོ་བྲང་ཆེན་པོ་མཐའ་སྐོར་དུ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་ལྡན་པའི་གནས་ཤམྦྷ་ལ་ཞེས་བྱ་བ་དང་། བྱང་ཕྱོགས་སུ་བཅོམ་ལྡན་འདས་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྣམ་འདྲེན་ལྔ་པ་མ་བྱོན་པའི་བར་ནུབ་པར་མི་འགྱུར་བའི་གནས་བོད་ཡུལ་ཁ་བ་ཅན་གྱི་ལྗོངས་ཞེས་བྱ་བར་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པ་སྐུའི་དབེན་གནས་སྒྲགས་ཀྱི་ཡང་རྫོང་། གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུ། ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ། ཡོན་ཏན་གྱི་དབེན་གནས་ཡར་ཀླུངས་ཤེལ་བྲག །ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེངྒེ་རྫོང་སོགས་སྒྲུབ་གནས་ཁྱད་པར་ཅན་མང་དུ་ཡོད་པ་ཡིན་ནོ། །སྤྱིར་ན་འཛམ་བུའི་གླིང་འདིར་མཁའ་འགྲོ་མ་རང་བཞིན་གྱིས་འདུ་བའི་གནས་བརྒྱ་དང་བཅུ་གསུམ་བཞུགས་ཤིང་། རྒྱ་གར་དུ་སུམ་ཅུ་སོ་གཉིས་དང་བོད་ཡུལ་དུ་ཙ་རི་ཊ་དང་གཞོ་སྟོད་ཏི་སྒྲོ་གཉིས་སོགས་བཞུགས་ཞེས་བི་མ་ལ་མི་ཏྲ་གསུང་ངོ་། ཁ་ཅིག་མདོ་རྒྱུད་རྣམས་ནས་འཇིག་རྟེན་གྱི་ཁམས་ཚད་མེད་པར་བསྟན་པ་དག་ལ་ཡིད་ཆེས་པའི་གོ་སྐབས་མ་རྙེད་པར་འཛམ་བུ་གླིང་པའི་སྤྱི་མཐུན་གྱི་སྣང་བ་འདི་ཙམ་ལས་གཞན་མེད་དོ་ཞེས་ཟེར་བ་ནི་ལྐོག་གྱུར་ཚད་མེད་པའི་གནས་རྣམས་ལ་སྐུར་པ་བཏབ་པ་རྒྱང་འཕེན་པའི་ཕྱོགས་སུ་ལྷུང་བ་འབའ་ཞིག་སྟེ། དྲང་སྲོང་ཕུར་བུས། བཟང་མོ་མང་ཐོས་གང་སྨྲས་པ། །གཡོ་བྱེད་སྤྱང་ཀིའི་རྗེས་དང་འདྲ། །ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་ཡང་ནི་དེ་ཙམ་མོ། །ཞེས་སྨྲ་བ་བཞིན་ནོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་སངས་རྒྱས་པའི་གཞུང་གང་དག་ལས་ཞིང་ཁམས་ཚད་མེད་པའི་རང་བཞིན་བསྟན་པ་ལ་ལུང་ཚད་མའི་རྗེས་སུ་དྲངས་པའི་བློས་གཞལ་ན་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དག་ལ་ཡིད་ཆེས་ཤིང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཁ་ན་མ་ཐོ་བ་མེད་པ་རྒྱུད་ལ་སྐྱེ་བར་འགྱུར་བས་ན་དམ་པ་རྣམས་ཀྱི་རྗེས་སུ་ཕྱོགས་པ་ལས་གཞན་དུ་ཉེས་པ་སྣ་ཚོགས་བསྐྱེད་པ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་པ་ལས། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་ཉོན་མོངས་པས་བསྐྱེད་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་ལྟ་སྟེ། དེ་དག་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བ་མ་ཡིན་གྱི། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་འབྱུང་བ་དག་གོ །དེ་ལྟ་བས་ན་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། སྐྱེ་བའི་གནས་དེ་དག་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་ནི་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ཡང་མ་ཡིན་ན། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པ་ལྟ་སྨྲོས་ཀྱང་ཅི་དགོས། ཞེས་གསུངས་པ་ཡིན་ནོ། །གཞན་ཡང་། དཔལ་ཧེ་རུ་ཀའི་ཆོ་འཕྲུལ་གྱི་རྣམ་པར་རོལ་པའི་ཡུལ་ཆེན་པོ་སུམ་ཅུ་རྩ་གཉིས་དང་། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང་། ཡུལ་འཁོར་ལྔ་བརྒྱ་དང་། ལྗོངས་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་ཕྲག་གཅིག་ལ་སོགས་པ་གནས་སོ། །དེ་ལ་ཡུལ་ཆེན་པོ་སོ་གཉིས་ནི། སམྦུ་ཊ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡྷོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་པ་ཡིས་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། པུ་ལི་ར་མ། ཛཱ་ལན་དྷ་ར། ཨཽ་ཌཱི་ཡ་ན། ཨརྦུ་ཏ་སྟེ་གནས་བཞི་དང་། གཽ་དྷ་ཝ་རི། ར་མེ་ཤྭ་ར། དེ་བཱི་ཀོ་ཊ། མ་ལ་ཝར་ཏེ་ཉེ་བའི་གནས་བཞི་དང་། ཀཱ་མ་རཱུ་པ། ཨོ་ཊི་བི་ཤ་སྟེ་ཞིང་གཉིས་དང་། ཏྲི་ཤ་ཀུ་ནེ། ཀོ་ས་ལ་སྟེ་ཉེ་བའི་ཞིང་གཉིས་དང་། ཀ་ལིངྐ། ལམྦ་ཀ་སྟེ་ཚན་དྷོ་གཉིས་དང་། ཀཉྩི། ཧི་མ་ལ་སྟེ་ཉེ་བའི་ཚནྡྷོ་གཉིས། པྲེ་ཏ་པུ་རི། གྲི་ཧ་དེ་བ་སྟེ་འདུ་བའི་གནས་གཉིས་དང་། སཽ་རཱཥྚ། སུ་ཝརྞ་དྭཱི་པ་སྟེ་ཉེ་བའི་འདུ་བ་གཉིས། ནཱ་ག་ར། སིནྡྷུ་སྟེ་དུར་ཁྲོད་གཉིས་དང་། མ་རུ་ཏ། ཀུ་ལུ་ཏ་སྟེ་ཉེ་བའི་དུར་ཁྲོད་གཉིས་བཅས་བཞུགས་སོ། །དེ་དག་གི་སྟེང་དུ་དུར་ཁྲོད་ཆེན་པོ་བརྒྱད་གང་དུ་གནས་པའི་ཡུལ་རྣམས་བརྩིས་པས་ཡུལ་ཆེན་པོ་སུམ་ཅུ་རྩ་གཉིས་སོ། །དེ་ཡང་སྔར་དཔལ་ཆེན་པོས་རུ་དྲ་འཁོར་དང་བཅས་པ་བསྒྲལ་པའི་ཚེ་ནམ་མཁའ་ནས་ལྷ་བཞི་དང་དྲི་ཟ་བཞི་འཛམ་བུའི་གླིང་དུ་འོངས་ནས། པུ་ལི་ར་མ། ཛཱ་ལན་དྷ་ར། ཨོ་རྒྱན། ཨརྦུ་ཏ། གོ་དྷ་ཝ་རི། ར་མེ་ཤྭ་ར། དེ་བཱི་ཀོ་ཊ། མ་ལ་ཝར་རྣམས་བཟུང་སྟེ། དེ་བརྒྱད་ཀྱི་མིང་ལ་མཁའ་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ། །ཡང་གནོད་སྦྱིན་བཞི་དང་སྲིན་པོ་བཞི་ས་སྟེང་ནས་འཛམ་བུའི་གླིང་དུ་འོང་སྟེ། ཀཱ་མ་རཱུ་པ། ཨཽ་ཊི་བི་ཤ །ཏྲི་ཤ་ཀུ་ནེ། ཀོ་ས་ལ། ཀ་ལིངྐ། ལམ་བ་ཀ །ཀཉྩི། ཧི་མ་ལ་ཡའི་ཏི་སེ་བཅས་བཟུང་སྟེ། དེ་བརྒྱད་ཀྱི་མིང་ལ་ས་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ། །ཡང་ཀླུ་བཞི་དང་ལྷ་མིན་བཞི་ས་འོག་ནས་འཛམ་བུའི་གླིང་དུ་འོང་སྟེ། པྲེ་ཏ་པུ་རི། གྲི་ཧ་དེ་བ། སཽ་རཱཥྚ། སུ་ཝརྞ་དྭཱི་པ། ནཱ་ག་ར། སིནྡྷུ། མ་རུ་ཏ། ཀུ་ལུ་ཏ་རྣམས་བཟུང་སྟེ། དེ་བརྒྱད་ཀྱི་མིང་ལ་ས་འོག་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ། ཁྱད་པར་ནི་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་དྲི་ལན་རིན་ཆེན་ཕྲེང་བ་ལས། དེ་ལྟར་ཡུལ་ཉེར་བཞི་པོ་རྣམས་ལས་བྱེ་བྲག་མཁའ་འགྲོ་རྣམས་རྟག་ཏུ་བཞུགས་པ་དང་རེས་འགའ་ཙམ་བཞུགས་པའི་ས་ལས་གནས་དང་ཉེ་བའི་གནས་ཏེ་མཁའ་སྤྱོད་དོ། །རྟག་ཏུ་ལོངས་སྤྱོད་ཀྱི་ས་དང་རེ་འགའ་ལོངས་སྤྱོད་པས་ཞིང་དང་ཉེ་བའི་ཞིང་སྟེ་ལོངས་སྤྱོད་དོ། །རྟག་ཏུ་བཀའ་བགྲོ་བའི་ས་དང་རེས་འགའ་ཙམ་བཀའ་བགྲོ་བའི་ས་སྟེ་འདུ་བ་དང་ཉེ་བའི་འདུ་བ། རྟག་ཏུ་ཚོགས་འཁོར་བྱེད་ས་དང་རེས་འགའ་ཙམ་ཚོགས་འཁོར་བྱེད་པས་རྣམ་རྟོག་སྤོང་བའི་ས་སྟེ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དེ་དག་ནི་ས་སྤྱོད་དོ། །ཞེས་གསུངས་སོ། །ཧེ་རུ་ཀའི་གནས་བཅུ་ནི། གལ་པོ་ལས། གནས་དང་ཉེ་བའི་གནས་གཉིས་དང་། །ཡུལ་ནི་རོལ་པ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་བ་ཉེ་བའི་འདུ་བ་དང་། །ཚནྡོ་ཉེ་བའི་ཚནྡོ་ཡིན། །ཞེས་སོ། །དུར་ཁྲོད་ཀྱི་གནས་བརྒྱད་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ནི། གལ་པོ་ལས། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །དུར་ཁྲོད་ཆེན་པོ་བསིལ་བ་ཚལ། །ཡུལ་གྱི་མིང་ནི་སིངྷའི་ཡུལ། །དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས། །ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །དུར་ཁྲོད་ཆེན་པོ་ཧེ་ཆེན་བརྡལ། །ཡུལ་གྱི་མིང་ནི་ཐོ་གར་ཡུལ། །དུར་ཁྲོད་ཆེན་པོ་གསང་ཆེན་རོལ། །ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །དུར་ཁྲོད་ཆེན་པོ་པདྨ་བརྩེགས། །ཡུལ་གྱི་མིང་ནི་བལ་པོའི་ཡུལ། །དུར་ཁྲོད་ཆེན་པོ་ཡ་མ་ཁ། །ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། །དུར་ཁྲོད་ཆེན་པོ་ཁྱུ་བྱུག་ཀློང་། །ཡུལ་གྱི་མིང་ནི་ལི་ཡི་ཡུལ། །དུར་ཁྲོད་ཆེན་པོ་མངོན་རྫོགས་ཡིན། །ཞེས་སོ། །ནང་གི་དུར་ཁྲོད་བརྒྱད་ནི། ཡན་ལག་ལྔ། སྙིང་ཁོག་པ་དང་བཅས་པ། ནང་ཁྲོལ། མཚན་མ་རྣམས་སོ། །གསང་བའི་དུར་ཁྲོད་ནི། རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོ་འཕྲུལ་ལས་ཤར་བའི་མ་མོ་ཆེན་མོ་རྣམས་ཏེ། ཀུན་གཞི་རྣམ་ཤེས་གཽ་རཱི་མ། ཡིད་ཀྱི་རྣམ་ཤེས་ཙཽ་རཱི་མ། ཉོན་ཡིད་པྲ་མོ་ཧ། རེག་ཤེས་བཻཏཱ་ལི། མིག་ཤེས་པུཀྐ་སི། ལྕེ་ཤེས་གྷསྨ་རཱི། རྣ་བའི་ཤེས་པ་སྨེ་ཤ་ནི། སྣ་ཡི་ཤེས་པ་ཙཎྜ་ལཱི་རྣམས་སོ། །འདི་དག་གི་ཁྱད་པར་ནི་དགྱེས་པ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་གི་རྒྱུད་དང་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་སོགས་ལས་རྟོགས་པར་འགྱུར་རོ།། ༈ གཉིས་པ་རྫོགས་པའི་སངས་རྒྱས་རྣམས་ཇི་ལྟར་བྱོན་པའི་ཚུལ་བརྗོད་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཆོས་འཁོར་གྱི་རང་བཞིན། གཏད་རབས་དང་ལྷན་ཅིག་ཐུན་མོང་ཐུན་མིན་གྱི་བཀའ་ཡི་བསྡུ་བ་དང་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་སྤྱིར་བསྟན་ལ་དངོས་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ་ནི། དེ་ཡང་སྔོན་འདས་པའི་དུས་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ལ་སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན། དེའི་འོག་ཏུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེ་ནས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་། དེའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་བརྒྱ་བྱུང་། དེའི་འོག་ཏུ་བསྐལ་པ་བཟང་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་། དེའི་འོག་ཏུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་། དེ་ནས་བསྐལ་པ་མཐོང་ན་དགའ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་། དེའི་འོག་ཏུ་མུན་བསྐལ་བདུན་བརྒྱ་བྱུང་། དེ་ནས་བསྐལ་པ་དགའ་བ་དང་ལྡན་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་། དེའི་རྗེས་ལ་བསྐལ་པ་བཟང་པོ་འདི་ཉིད་བྱུང་བར་དགོངས་འདུས་ལས་གསུངས་སོ། །ཡང་གསང་སྔགས་ཀྱི་བསྟན་པ་འབྱུང་བའི་ཚུལ་ནི། ཨོ་རྒྱན་སངས་རྒྱས་གཉིས་པས། སྔོན་བསྐལ་པ་ཐོག་མ་ལ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ༔ སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྒྱ་ཆེར་བསྒྲགས་སོ༔ ད་ལྟར་གྱི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གསང་སྔགས་བྱོན་པའོ༔ ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་ཅེས་བྱ་བ་འབྱུང་བའི་ཚེ༔ སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བ་ད་ལྟའི་ང་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ༔ དེས་གསང་སྔགས་རྒྱ་ཆེར་སྟོན་པར་འགྱུར་རོ༔ བསྐལ་པ་དེ་གསུམ་ནི་འགྲོ་བ་རྣམས་སྣོད་དུ་རུང་བའི་ཕྱིར་རོ༔ བསྐལ་པ་དེ་གསུམ་མ་ཡིན་པར་དུས་ནམ་ཡང་གསང་སྔགས་མི་འབྱུང་ངོ༔ ཞེས་བྱ་བ་གསུངས་སོ། །དེ་ལ་བསྐལ་པ་བཟང་པོ་འདིར། སངས་རྒྱས་སྟོང་འཇིག་རྟེན་འདིར་འབྱོན་པར་བཤད་པ་ནི་མཆོག་གི་སྤྲུལ་པའི་སྐུ་སྟེ། ཉན་ཐོས་བྱེ་བྲག་སྨྲ་བ་ནི་འགྲན་ཟླ་མེད་པའི་མཛད་པ་མངའ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གཅིག་ན་སྟོན་པ་གཉིས་དང་གསུམ་ལ་སོགས་པ་དུས་གཅིག་ཏུ་མི་འབྱོན་པར་འདོད་ལ། མདོ་སྡེ་པ་ནི། སངས་རྒྱས་མང་པོ་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། བར་དུ་ཚོགས་བསགས་པ་དང་། མཐའ་མར་སངས་རྒྱས་པ་ལ་དུས་མཉམ་པ་མང་དུ་ཡོད་པའི་ཕྱིར་གླིང་གཅིག་ན་སངས་རྒྱས་མང་པོ་དུས་གཅིག་ལ་བྱོན་ཀྱང་མི་འགལ་བར་འདོད་དོ། །དེ་ཡང་བསྐལ་པ་འདིར་སྐྱེ་དགུ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་སངས་རྒྱས་འཁོར་བ་འཇིག་དང་། བཞི་ཁྲི་པའི་དུས་སུ་གསེར་ཐུབ་དང་། ཉི་ཁྲིའི་དུས་སུ་འོད་སྲུངས་དང་། ཚེ་ལོ་བརྒྱ་པའི་དུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གླིང་འདིར་བྱོན་ནས་འགྲོ་བ་དཔག་ཏུ་མེད་པ་བྱང་ཆེན་གྱི་ས་ལ་བཀོད་པར་མཛད་དོ། །འོ་ན་སངས་རྒྱས་རྣམ་གཟིགས་དང་། རིན་ཆེན་གཙུག་ཏོར་ཅན་དང་། ལོག་པར་དད་སེལ་དང་། ཐམས་ཅད་སྐྱོབ་ལ་སོགས་པ་སྔར་བྱོན་པར་བཤད་པས་ན་སངས་རྒྱས་སྟོང་དུ་གྲངས་མ་ངེས་སོ་ཞེ་ན། དེ་དག་ནི་བར་གྱི་སངས་རྒྱས་ཞེས་བྱ་ཞིང་། མཛད་པ་བཅུ་གཉིས་སོགས་རྫོགས་པར་མི་སྟོན་པ་ཡིན་ལ། སྙིང་རྗེ་པདྨ་དཀར་པོ་ལས་སངས་རྒྱས་སྟོང་རྩ་ལྔར་བཤད་པ་ཡང་འདི་རྣམས་ལ་དགོངས་པའོ། ༈ །གཉིས་པ་བྱེ་བྲག་ཏུ་ཅུང་ཟད་ཕྱེ་སྟེ་བསྟན་པ་ལ། གདོད་མའི་མགོན་པོ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པའི་ཚུལ། དེའི་རྣམ་འཕྲུལ་སྟོན་པ་ཐུབ་པའི་དབང་པོ་བྱང་ཆུབ་ཇི་ལྟར་བརྙེས་ཚུལ། དེ་ལས་གཟུགས་སྐུ་གཉིས་ཀྱི་སྤྲུལ་པ་སྣང་ཚུལ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་ཕྱེ་བའོ། །དང་པོ་ནི། ཞིང་འདིའི་གདུལ་བྱའི་དོན་དུ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐབས་ལ་མཁས་པའི་རྣམ་འཕྲུལ་ཆེན་པོས་སོ་སྐྱེ་རང་ག་མས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པ་དང་མཛད་པའི་རོལ་པ་བཀྱེ་བའི་ཚུལ་ནི་ཐུན་མོང་གི་ཐེག་པར་ཡང་། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་རྣམས་ཡོངས་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མཛད་པ་མང་སྟོན་མཛད། །ཅེས་དང་། འཕགས་པ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲ་འོ། །ཞེས་གསུངས་པ་བཞིན། འདི་ནས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པ་ཞེས་བྱ་བར། ཐོག་མའི་མགོན་པོའི་རྣམ་པར་འཕྲུལ་པས་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་གཅིག་ཕུལ་ནས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེ་ནས་སྐྱེ་བ་གཉིས་འདས་པ་ན་ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་པར་གྱུར་ནས་སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་དྲུང་དུ་ཆོས་མཉན། དེ་ནས་གློག་གི་འོད་ཅེས་བྱ་བའི་སྲས་བྲམ་ཟེའི་ཁྱེའུ་ལེགས་བྱིན་ཅེས་པར་གྱུར་ཏེ་སངས་རྒྱས་དགེ་བའི་བློ་གྲོས་ལས་ཆོས་ཉན་ཅིང་ལོ་བདུན་དུ་ཏིང་ངེ་འཛིན་ལ་གནས་ཤིང་། བདུན་ཅུ་རྩ་ལྔའི་མཐར་གྱིས་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ཞེས་བྱ་བའི་རིའི་རྩེ་མོར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་སྐུའི་དགོངས་པར་བསྐལ་ཆེན་གཅིག་ཏུ་བཞུགས་ཤིང་། ལོངས་སྤྱོད་ཐམས་ཅད་རྫོགས་པའི་སྐུ་རྒྱན་དང་ཁ་དོག་གི་འཁོར་ལོར་རང་བྱོན་ཅིང་དེ་ཉིད་ཀྱི་ངང་ལས་རང་སྣང་གི་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྲངས་ལས་འདས་པ་རང་བྱུང་ལ། སྣང་ཆ་ལས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་རྡོ་རྗེ་འཆང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ལ་དབང་འབྱོར་བ་སྟེ་གསང་སྔགས་ཀྱི་རྒྱུད་ཕལ་ཆེར་ལས་སྟོན་པ་རྡོ་རྗེ་འཆང་དང་། སྙིང་ཐིག་ཡང་གསང་གི་རྡོ་རྗེའི་གནས་ཟབ་མོ་སྟོན་པ་ལ་ཀུན་ཏུ་བཟང་པོ་དང་། གཞན་དུ་དམ་པ་དང་པོའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྙད་པ་སྟེ། དོན་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གང་དུའང་དབྱེར་མི་ཕྱེད་པ་ཀུན་གྱི་སྔོན་རོལ་དུ། སྲིད་ཞི་ཡོངས་ལ་མངའ་དབང་སྒྱུར་བའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་སྐད་ཅིག་ལ། རང་སྣང་དུ་ངོ་ཤེས་པས་རང་རིག་པའི་ཡེ་ཤེས་ཉིད་རང་སར་གྲོལ་བས་དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སུ་ཁྱད་ཆོས་དྲུག་གི་ངོ་བོར་སངས་རྒྱས་པ་སྟེ། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པའོ། །དཔལ་གསང་བའི་སྙིང་པོ་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལད་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་དང་། ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལད་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་འབྱུང་ངོ་། །དེའི་བྱིན་རླབས་ལས་རང་སྣང་ཞིང་ཁམས་ལྷུན་གྲུབ་སྟུག་པོ་བཀོད་པ་བསམ་བརྗོད་དང་མཚན་མའི་ཡུལ་ལས་རིང་དུ་སོང་བ་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་པར། སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་པའི་རང་སྣང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ངེས་པ་ལྔ་ལྡན་གྱི་བདག་ཉིད་རིགས་ལྔའི་སྟོན་པ་རྣམས་སྐུ་དང་ཡེ་ཤེས་ཐ་མི་དད་པའི་རོལ་པ་ཆེན་པོར་བཞུགས་པ་ལས། གཞན་དོན་དུ་རིགས་ལྔ་གངས་ཆེན་མཚོའི་ཕྱག་རྒྱའི་གནས་རྣམས་དང་། བ་སྤུའི་ཁུང་བུ་རེ་རེ་ལའང་འབྱུང་བ་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པའི་གོ་ཐམས་ཅད་ན་ཞིང་ཁམས་ཆེན་པོ་དབྱིབས་དང་ཚད་དང་ཐོག་མཐའ་ལ་སོགས་པ་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་ཁོ་ནས་རྒྱས་པར་གཏམས་པ་ཡིན་ནོ། ༈ །གཉིས་པ་དེའི་རྣམ་འཕྲུལ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཇི་ལྟར་བྱོན་པའི་ཚུལ་བཤད་པ་ལ། དང་པོ་བྱང་ཆུབ་ཀྱི་ཐུགས་བསྐྱེད་པའི་ཚུལ་ལ། ཉན་ཐོས་སྡེ་པ་ལྟར་ན། ལུང་སྨན་གྱི་གཞི་ལས། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་ཁྱོད་ཀྱིས་བྱང་ཆུབ་ཐུགས། །ཐོག་མར་གང་དུ་བསྐྱེད་པ་དག །སྐལ་ལྡན་ཆེན་པོ་བདག་ལ་གསུངས། །ཞེས་ཞུས་པ་ན། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང་། །གླང་པོ་དྲེགས་པའི་ཤས་ཆེན་དང་། །འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། །ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །མི་དབང་འོད་ལྡན་གྱུར་པ་ན། །ངས་ནི་བྱང་ཆུབ་འདོད་པའི་ཕྱིར། །དེ་ཚེ་བརྟན་པོར་དམ་བཅས་ཏེ། །སྐྱོན་མེད་པ་ཡི་སྦྱིན་པ་བཏང་། །ཞེས་འབྱུང་བས་སྔོན་རྒྱལ་པོ་འོད་ལྡན་ནམ་ས་བདག་རབ་གསལ་ཞེས་བྱ་བར་གྱུར་པ་ན་ཐོག་མར་སེམས་བསྐྱེད་པར་འདོད་དོ། །ཐེག་ཆེན་པའི་ལུགས་ནི། མདོ་སྡེ་བསྐལ་པ་བཟང་པོ་ལྟར་ན། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། །འཇམ་གང་ཞིག་གི་འབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་ཤཱཀྱ་ཐུབ་པ་ལས་དང་པོར་སེམས་བསྐྱེད་པར་གསུངས་ཤིང་། སྙིང་རྗེ་པདྨ་དཀར་པོ་ལས་ནི་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལས་སེམས་བསྐྱེད་པར་གསུངས་པ་དང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས། སྔོན་ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བར་གྱུར་པའི་ཚེ་འཕགས་པ་འཇམ་དཔལ་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོར་གྱུར་པ་ལ་དང་པོར་སེམས་བསྐྱེད་པར་གསུངས་པ་དང་། དྲིན་ལན་བསབས་པའི་མདོ་ལས། བདག་ཅག་གི་སྟོན་པ་འདི་སྔོན་དམྱལ་བར་ཤིང་རྟ་འདྲེན་པའི་གྱད་བག་ཤི་ཏར་འཁྲུངས་པའི་ཚེ་གྲོགས་ཀ་མ་རཱུ་པ་ཞེས་བྱ་བ་ལ་མི་བཟོད་པའི་སྙིང་རྗེ་སྐྱེས་ཏེ་བྱང་ཆུབ་ཀྱི་ལམ་ལ་རིམ་གྱིས་བསླབས་པར་ཡང་གསུངས་སོ། ༧ །གཉིས་པ་ཚོགས་བསགས་པའི་ཚུལ་ནི། ཉན་ཐོས་པ་ལྟར་ན། སྔོན་ཡངས་པའི་གྲོང་ཁྱེར་དུ་རྫ་མཁན་ཡངས་པའི་འོད་ཅེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བསེར་མའི་སྙུན་གྱིས་ཟིན་པ་ལ་ཆུ་འཇམ་པོས་སྐུ་ཁྲུས་གསོལ་ཏེ། མར་དང་ཏིལ་མར་གྱིས་བྱུགས་ནས། བུ་རམ་ཆུའི་བཏུང་བ་དྲངས་པས་སྙུན་ལས་གྲོལ་བ་དང་། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་པ། །ཡོན་ཏན་རིགས་དང་རུས་དག་མཉམ་པའི་སངས་རྒྱས་ཉིད་གྱུར་ཅིང་། །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བའི་མི། །ཕ་རོལ་ཞི་བ་རྒྱ་ཆེན་འཇིགས་པ་མེད་པས་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །ཞེས་དང་། ང་ནི་རྫ་མཁན་གྱུར་པ་ན། །སངས་རྒྱས་ཤཱཀྱ་ཐུབ་མཐོང་ནས། །བྱང་ཆུབ་ཕྱིར་ནི་ཐོག་མར་ངས། །མར་དང་ཏིལ་མར་གྱིས་མཆོད་དོ། །ཞེས་འབྱུང་ངོ་། །དེ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་དང་པོར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་མཐའ་མར་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་བྱུང་སྟེ། དེའི་ཚེ་བསྐལ་པ་གྲངས་མེད་དང་པོ་རྫོགས་སོ། །དེ་ནས་བཟུང་སྟེ་གྲངས་མེད་གཉིས་པར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་པའི་མཐའ་མར་སངས་རྒྱས་མར་མེ་མཛད་བྱུང་སྟེ། དེའི་ཚེ་གྲངས་མེད་གཉིས་པ་རྫོགས་སོ། །དེ་ནས་བཟུང་སྟེ་གྲངས་མེད་གསུམ་པར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་མཐའ་མར་སངས་རྒྱས་རྣམ་པར་གཟིགས་བྱུང་སྟེ། དེའི་ཚེ་གྲངས་མེད་གསུམ་པ་རྫོགས་སོ། །དེ་དག་ཐམས་ཅད་ཀྱི་དང་པོ་ནི་སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན་ནོ་ཞེས་འདོད་དོ། །ལུང་སྨན་གྱི་གཞི་ལས་ནི། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། ཁྱོད་སྔོན་བྱང་ཆུབ་སྤྱོད་པ་ན། །སངས་རྒྱས་ཇི་སྙེད་དུས་གང་དུ། །ཇི་ལྟ་བུར་ནི་བསྙེན་བཀུར་མཛད། །ཅེས་དང་། རྒྱལ་པོོ་གསལ་རྒྱལ་གྱིས། བཙུན་པ་བཅོམ་ལྡན་འདས་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་སླད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བར་བགྱིས་ལགས་ཞེས་ཞུས་པ་ན། ལན་དུ། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །ཐུབ་པའི་དབང་པོ་རྒྱལ་མཚན་བར། །བདུན་ཁྲི་དང་ནི་དྲུག་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱད་པ་ན། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་བྱ་བ་གསུངས་སོ། །ཐེག་པ་ཆེན་པོ་ནི་རྒྱ་ཆེ་རོལ་པ་སོགས་ལས་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་བསྙེན་བཀུར་བར་བཞེད་དོ། །ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་ནི། བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་འཇིག་རྟེན་དུ་བྱོན་པའི་ཚེ། སྟོན་པ་འདི་ཉིད་རྫ་མཁན་གྱི་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་པས། གདུགས་གཅིག །མཆིལ་ལྷམ་ཟུང་གཅིག །འགྲོན་བུ་ལྔ་བརྒྱ་མེ་ཏོག་གི་ཚུལ་དུ་ཕུལ་ཏེ། བདེ་གཤེགས་ཁྱོད་ཀྱི་སྐུ་ནི་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་བཞིན་འགྲུབ་པར་ཤོག །ཅེས་གསུངས་ཏེ་སེམས་བསྐྱེད་པ་དང་། དེ་བཞིན་དུ་སངས་རྒྱས་དཀོན་ཅོག་ཡན་ལག་འཇིག་རྟེན་དུ་བྱོན་པ་དེའི་ཚེ་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་ནས་སེམས་བསྐྱེད་པ་དང་། སངས་རྒྱས་འོད་མཛེས་འཇིག་རྟེན་དུ་བྱོན་པའི་ཚེ་རྒྱལ་པོ་དགེ་བར་གྱུར་ནས་སེམས་བསྐྱེད་པར་གསུངས་ཤིང་། ཚོགས་བསགས་པའི་ཚུལ་ཡང་གྲངས་མེད་དང་པོ་ལ་སངས་རྒྱས་ཡུལ་འཁོར་སྐྱོང་ལ་སོགས་པ་ལྔ་ཁྲི་ལྔ་སྟོང་ལ་བསྙེན་བཀུར་ཞིང་ཚོགས་གཉིས་ཕུལ་དུ་ཕྱིན་པས་ཚོགས་ལམ་དང་སྦྱོར་བའི་ལམ་མངོན་དུ་མཛད་དེ། ལུང་གཞི་ལས། གྲངས་མེད་དང་པོ་གྱུར་པའི་ཚེ། །འདྲེན་པ་ཡུལ་འཁོར་སྐྱོང་ནས་ནི། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །ལྔ་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་དང་། གཉིས་པར་སངས་རྒྱས་ལེགས་མཛད་ལ་སོགས་པ་དྲུག་ཁྲི་དྲུག་སྟོང་མཆོད་དེ་ས་དང་པོ་ནས་བདུན་པའི་བར་རྫོགས་པར་མཛད་པ་ནི། དེ་ཉིད་ལས། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །འདྲེན་པ་རྣམ་པར་གཟིགས་ཀྱི་བར། །དྲུག་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་སོ། །གསུམ་པ་ལ་སངས་རྒྱས་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་བདུན་ཁྲི་བདུན་སྟོང་ལ་དགེ་བའི་རྩ་བ་བསྐྲུན་ཅིང་དག་པ་ས་གསུམ་མངོན་དུ་མཛད་པ་ཡང་དེ་ཉིད་ལས། སངས་རྒྱས་མར་མེ་མཛད་ནས་ནི། །རྒྱལ་བ་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་པའི་ལུང་དང་སྦྲགས་ཏེ་གསུངས་སོ། ༧ །གསུམ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བཤད་པ་ནི། དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འོ་སྐོལ་གྱི་སྟོན་པ་འདི་རྒྱལ་བུ་དོན་གྲུབ་སྲིད་པ་མཐའ་མ་པ་སོ་སོ་སྐྱེ་བོ་འཆིང་བ་དང་བཅས་པ་ཞིག་རྡོ་རྗེ་གདན་དུ་ཚོགས་ལམ་ཆེན་པོའི་རྟེན་ཅན་གྱིས་སྦྱོར་མཐོང་སྒོམ་པ་མི་སློབ་པའི་ལམ་རྣམས་སྟན་ཐོག་གཅིག་ལ་ཐོབ་ནས་སངས་རྒྱས་པར་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སྟོན་པ་འཚང་རྒྱ་ཚུལ་རང་སངས་རྒྱས་དབང་པོ་རྣོན་པོ་བསེ་རུ་ལྟ་བུ་དང་འདྲ་བར་གསུང་ངོ་། །ཡང་ཐེག་ཆེན་ཐུན་མོང་ལ་གྲགས་པ་ལྟར་ན། ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་ས་བཅུ་པའི་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་སྲིད་པ་མཐའ་མ་བ་ཞིག་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་ཞིང་འདིར་སངས་རྒྱས་པར་འདོད་དེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང་། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ལ་གཟིགས་ཏེ་འཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་ཏེ། །ཞེས་སོགས་གསུངས་སོ། །ཡང་གསང་སྔགས་ཀྱི་གཞུང་འགའ་ཞིག་ལས་ནི། ཆུ་ཀླུང་ནཻ་རཉྫཱ་ནཱའི་འགྲམ་དུ་མི་གཡོོ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ན་བཏགས་པའི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་བྱོན་ཏེ་མངོན་པར་བྱང་ཆུབ་པ་ལྔའི་ཐབས་ཀྱིས་སངས་རྒྱས་ནས། སླར་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་བསྟན་པར་བཞེད་དོ། །ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་པའི་རྗེས་སུ་གཙང་མའི་གནས་དང་། རྡོ་རྗེ་གདན་དུ་རིམ་བཞིན་འཚང་རྒྱ་ཚུལ་བསྟན་པར་བཞེད་དེ། ལང་ཀར་གཤེགས་པ་ལས། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་གསུངས་སོ། །ངེས་དོན་བླ་ན་མེད་པའི་ཚུལ་ལྟར་ན། འོ་སྐོལ་གྱི་སྟོན་པ་འདི་ཐོག་མ་མེད་པའི་དུས་ནས་གཞི་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ཅིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས་གདུལ་བྱ་རྣམས་ཕྲིན་ལས་ཚད་མེད་པས་འདུལ་བར་མཛད་པ་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་ཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་གསུངས་ཤིང་། དམ་ཆོས་པདྨ་དཀར་པོ་ལས་ཀྱང་། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་བྱ་བ་གསུངས་སོ། །ཀུན་མཁྱེན་ཀློང་ཆེན་པའི་གསུང་ལས་ནི། ཉན་ཐོས་པས་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་གིས་བཅིངས་པ། སྲིད་པ་མཐའ་མ་པ། རང་རྒྱལ་དབང་པོ་རྣོན་པོ་ཁ་ཅིག་ལྟར་འཚང་རྒྱ་བར་འདོད་དེ། འཕགས་པ་གནས་བརྟན་པའི་གཞུང་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་འདོན་པར་བྱེད་ལ། ཐེག་པ་ཆེན་པོ་རྒྱུ་ལམ་དུ་བྱེད་པས་གཙང་མའི་འོག་མིན་ནམ་དབང་ཕྱུག་ཆེན་པོའི་གནས་སུ་ཐོག་མར་སངས་རྒྱས་ནས། གདོད་འཛམ་བུའི་གླིང་དུ་སངས་རྒྱས་པར་སྟོན་ཏེ། ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བ། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་པའི་ལུང་དང་བཅས་པ་གསུངས་སོ། ༈ །གསུམ་པ་གཟུགས་སྐུའི་སྤྲུལ་པ་སྣང་ཚུལ་ལ་གཉིས་ཏེ། ལོངས་སྐུ་དང་། སྤྲུལ་སྐུའོ། །དང་པོ་ནི། སངས་རྒྱས་གསང་བའི་ལམ་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་བཤད་པ་ལྟར། ཆོས་ཀྱི་སྐུ་ཆེན་པོ་ནང་གསལ་ཆོས་ཉིད་ཀྱི་ངང་དུ་བཞུགས་པ་དེ་ཉིད་རང་སྣང་གི་ཡུལ་ལ་ཕྱི་གསལ་མཆེད་པའི་ཡེ་ཤེས་ཀྱི་སྣང་ཆ་སྐུ་དང་ཞིང་ཁམས་ཚད་མེད་པ་ལ་ལོངས་སྤྱོད་པའི་གནས་སུ། སྤྲུལ་པའི་བཀོད་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་པདྨའི་སྡོང་པོ་སྐྱེས་པའི་འདབ་མ་དང་ཟེ་འཕོལ་རྣམས་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་བརྩེགས་མར་གནས་ཤིང་། ཞབས་ཀྱི་སྐྱིལ་ཀྲུང་མན་ཆད་ལས་སྤོས་ཆུའི་རྒྱུན་འབབ་པ་དག་ཏུའང་ཞིང་ཁམས་བཅུ་དྲུག་རེ་ཡོད་པ་རྣམས་སུ་རིགས་ལྔའི་སངས་རྒྱས་ངེས་པ་ལྔ་ལྡན་གྱི་རང་བཞིན་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་པ་གྲངས་ཀྱིས་མི་ལང་བར་བཀོད་པ་དེ་དག་ནི་ཡེ་ཤེས་གངས་ཆེན་མཚོའི་ཞིང་དང་སྐུའི་བཀོད་པ་ལོངས་སྤྱོད་ཆེན་པོའི་མཚན་གཞི་སྟེ། དེ་དག་རྡུལ་གཅིག་གི་སྟེང་ན་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་ཀྱི་ཞིང་ཡང་མི་འགལ་ཞིང་སྐུ་གཅིག་ལ་རབ་འབྱམས་རྒྱ་མཚོའི་སྐུ་འདུ་བ་དང་། སྐུ་རེ་རེས་ཀྱང་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་པ་སོགས་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་སུ་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་པ་ཡི། །འབྱོར་པའི་ཆ་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་པའི་ཆ་ཡང་མི་ཕོད་དོ། །ཞེས་གསུངས་པ་བཞིན་ནོ། །ཞིང་ཁམས་དེ་དག་ལ་མངའ་དབང་མཛད་པའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེའང་རང་བཞིན་བདུན་གྱི་ཁྱད་པར་དང་ལྡན་པ་སྟེ། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན། དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཏེ་བདུན་གྱི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཉིད། གདུལ་བྱའི་དབང་གིས་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའི་རྣམ་འགྱུར་གྱི་ཆ་ལས་མཚན་དང་དཔེ་བྱད་ཀྱི་རྣམ་པ་འབར་བའི་གཟུགས་སྐུ་ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་བཟང་པོ་སོ་གཉིས་དང་། སེན་མོ་ཟངས་མདོག་སོགས་དཔེ་བྱད་བརྒྱད་ཅུ་རྣམས་ཏེ་ཐུན་མོང་གི་མཚན་དཔེ་རྣམས་དང་། སྟོན་པའི་ཐུགས་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི་ལ་བཞི་བཞིས་ཕྱེ་བའི་རྩལ་ལས་ཕྱིའི་མཚན་དཔེ། རྩ་འཁོར་རྣམས་དག་པའི་ཆ་ལས་ནང་གི་མཚན་དཔེ། ཁམས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ཆ་ལས་གསང་བའི་མཚན་དཔེ་སྟེ། ལོངས་སྤྱོད་རྫོགས་པའིརྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པར་བཞུགས་པ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། ཨཱ་ལི་ཀཱ་ལི་བདེ་བ་གཉིས། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་སོ། ༧ །གཉིས་པ་སྤྲུལ་པའི་སྐུ་ཐུན་མོང་བ་ནི། དེ་ཡང་གདུལ་བྱ་རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་ལ་སྒྲིབ་བྱེད་ཀྱི་དྲི་མ་མ་དག་པ་དང་། ཅུང་ཟད་དག་པ། ཤིན་ཏུ་དག་པ་གསུམ་གྱི་གོ་རིམ་ལ་ལྟོས་ནས་ལུགས་འབྱུང་དུ་འདུལ་བྱེད་ཀྱི་སྟོན་པ་ཡང་དེ་ལྟར་སྣང་བ་ཡིན་ཏེ། ཤིན་ཏུ་དག་པ་ཆོས་ཀྱི་སྐུ་འཁོར་འདས་རོ་མཉམ་ཆེན་པོ་ཉིད་ཀྱི་ཕྱིར་དོན་དམ་པའི་དབྱིངས་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་རྩོལ་བ་མེད་པའི་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་འགག་པ་མེད་པའི་རོལ་པ་ཅི་ཡང་བཀྱེ་བ་ལས། གདུལ་བྱ་འདུལ་བྱེད་གཉིས་ལྟར་སྣང་བའི་གཞན་དབང་གི་ཚུལ་དུ་མོས་པའི་ཆུ་སྣོད་རྙོག་པ་མེད་པ་ཇི་སྙེད་དུ་སྤྲུལ་པའི་ཟླ་གཟུགས་ཀྱང་དེ་སྙེད་དུ་འཆར་བ་བཞིན་ཏེ། མ་ཕམ་པས། བརྒྱ་སྦྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་སྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་གསུངས་པའི་རིམ་པ་ལྟར། སྐུ་སྣང་བ་ལྷ་དབང་བརྒྱ་སྦྱིན་ལྟ་བུ། གསུང་བརྗོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ལྟ་བུ། ཐུགས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཆར་སྤྲིན་ལྟ་བུ། སྤྲུལ་པ་སྣ་ཚོགས་སྟོན་པ་ཚངས་པ་ལྟ་བུ། ཡེ་ཤེས་སྤྲོ་བ་ཉི་མ་ལྟ་བུ། ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ། གསུང་གི་གསང་བ་སྒྲ་བརྙན་ལྟ་བུ། སྐུའི་གསང་བ་ནམ་མཁའ་ལྟ་བུ། ཐུགས་རྗེ་ཆེན་པོ་ས་གཞི་ལྟ་བུར་གསུངས་སོ། །འདི་སྐད་དུ། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོགས་མང་དུ་གསུངས་པ་ལྟར་རོ། །དེ་ལ་དབྱེ་ན་གསུམ་སྟེ། རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། སྣ་ཚོགས་སྤྲུལ་པའོ། །དང་པོ་རང་བཞིན་སྤྲུལ་པ་ནི། རྣམ་པར་དག་པའི་དབྱིངས་སྣང་ལོངས་སྐུ་ཆེན་པོའི་སྟོན་པ་དེ་ཉིད་ཇི་ལྟར་དྭངས་ཤེལ་ལ་གཟུགས་བརྙན་འཕོས་པ་ལྟར་ཅུང་ཟད་དག་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་ནི། འདི་ལྟར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དབུས་ན་འོག་མིན་ཁང་བུ་བརྩེགས་པ་དང་། ཕྱོགས་བཞིར་རིམ་པ་བཞིན་མངོན་པར་དགའ་བ། དཔལ་དང་ལྡན་པ། པདྨ་བརྩེགས་པ། ལས་རབ་གྲུབ་པ་ལྔར། སྟོན་པ་དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་ལ་སོགས་པ་ལྔ་པོ་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ཅན་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་དཔག་ཏུ་མེད་པའི་སྐུས་ཆོས་རྣམས་འཇལ་ཞིང་སྟོན་པ་དང་། གདུལ་བྱའི་ཉོན་མོངས་པ་ལྔའི་གཉེན་པོར་ཆེ་བའི་ཞིང་ཁམས་ལྔ་དང་། སྐུ་ལྔ་དང་། ཆོས་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པ་བརྗོད་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉིད། སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་འཁོར་རྒྱུད་གཞན་གྱིས་བསྡུས་པའི་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པ་ཞེས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་སོགས་ལས་གསལ་བ་བཞིན་ནོ། །གཉིས་པ་འགྲོ་འདུལ་སྤྲུལ་པ་ནི། དེ་ཉིད་ཀྱི་ངང་ལས་འགྲོ་བ་འདུལ་བའི་སྤྲུལ་སྐུ་འཇིག་རྟེན་གྱི་ཁམས་མ་ལུས་པར་གདུལ་བྱའི་ཚོགས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཐབས་ལ་མཁས་པས་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་སྟོན་པ་སྟེ། དགའ་ལྡན་གྱི་གནས་ནས་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། སྒྱུ་རྩལ་གྱི་གནས་ལ་སྦྱངས་པ་དང་། མངོན་པར་འབྱུང་བ་དང་། ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང། བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་ཀྱི་དཔུང་བཅོམ་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་ལ་མཁས་པས་དུས་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོ་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་བཞིན་གདུལ་བྱ་རིགས་དྲུག་སོ་སོའི་དབང་ཤེས་ལ་རང་རང་གི་རིགས་དང་མཐུན་པས་འདུལ་བ་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་དོན་མཛད་པ་སྟེ། སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པ་བཞིན་ནོ། །འོ་ན་འགྲོ་བ་དྲུག་གི་གནས་དེར་ཐུབ་པ་ཇི་ལྟ་བུས་འགྲོ་དོན་མཛད་ཅེ་ན། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐགས་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱའི་མགོན། །ཡི་དྭགས་གནས་ན་ཁ་འབར་ཏེ། །བྱོལ་སོང་སེང་གེ་ཉིད་དུ་སྨྲ། །དམྱལ་བར་ལས་ཀྱི་གཤིན་རྗེ་མགོན། །ཞེས་སོ། །དེ་ལྟར་གནས་རིགས་དྲུག་པོ་དེ་དག་གི་སྣང་ཚུལ་སྣོད་བཅུད་ཀྱི་དངོས་པོ་སོ་སྐྱེ་རང་ག་བ་རྣམས་ཀྱིས་བརྟག་མི་བཟོད་པ་དང་། མཐའ་འདི་ཙམ་ཞེས་མཚོན་དུ་མེད་པ་ནམ་མཁའི་རྗེས་སུ་སོང་བ་ཁོ་ན་སྟེ། སློབ་དཔོན་དབྱིག་གཉེན་གྱིས། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་དང་། མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་རྣམས་ཀྱི་མཐོང་བ་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་ཆེས་མང་ངོ་། །དེ་དག་གི་སྟོང་གསུམ་མཐོང་བ་བས་ནི། ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གི་སྟོང་གསུམ་དུ་མཐོང་བ་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་། །ཞེས་གསུངས་པ་ལྟར། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཏུ་གདུལ་བྱའི་ཁམས་དབང་སྤྱོད་ཚུལ་ཇི་སྙེད་པར་འདུལ་བྱེད་ཀྱི་སྒྲོན་མ་རྣམ་པར་བཀོད་དེ་སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་རིག་པས་འདུལ་བ། ཐུགས་མངོན་སུམ་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་དང་རྣམ་པ་བཞིས་སེམས་ཅན་གྱི་དོན་ལ་སྤྱོད་པའོ། །གསུམ་པ་སྣ་ཚོགས་སྤྲུལ་པ་ནི། སེམས་ཅན་རྣམས་ལ་གང་ཕན་པ་ཆེན་པོའི་གཞིར་གྱུར་རོ་ཅོག་རྣམས་ཏེ། འདི་ལྟར་རང་བཞིན་དང་འདུ་བྱེད་ལས་བྱུང་བའི་གཟུགས་ཀྱི་སྐུ་དང་། ཁང་བཟང་། སྐྱེད་མོས་ཚལ། གནདྷོ་ལ། མྱ་ངམ་གྱི་ཐང་ལ་གྲོང་ཁྱེར་དུ་སྤྲུལ་པ་དང་། དཔག་བསམ་གྱི་ཤིང་། ཡིད་བཞིན་ནོར་བུ། གྲུ་གཟིངས། ཟམ་པ། ཤིང་རྟ། ཟས་གོས། སྨན་སོགས་བེམ་པོའི་དངོས་པོ་དང་། མུ་གེའི་ཚེ་ཉ་བོ་ཆེ། ནད་ཀྱིས་གདུང་པ་ལ་སྲོག་ཆགས་དེས་པ། སྲིན་མོའི་གླིང་དུ་ཅང་ཤེས་བྷ་ལ་ཧ། འདམ་ཁྲོད་དུ་གསེར་གྱི་བུང་བ་ལ་སོགས་པ་བཟོ་དང་སྐྱེ་བའི་སྤྲུལ་པ་སྣ་ཚོགས་པར་སྟོན་པ་དག་གསུངས་སོ། ༧ ཁྱད་པར་རྫོགས་ཆེན་ཐུན་མིན་གྱི་སྤྲུལ་པའི་སྐུས་དོན་མཛད་ཚུལ་ནི། ལོངས་སྤྱོད་རྫོགས་པའི་སྣང་ཆ་དེ་ཉིད་ལས་གནས་རིས་བཅུ་གཉིས་སུ་སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་དང་། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བསྟན་པའི་བཙས་ཆེན་པོ་གསུམ་དུ་སྣང་བས་འགྲོ་བ་རྣམས་ཀྱི་དོན་མཛད་པ་སྟེ། འཛམ་བུའི་གླིང་འདིར་ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོས་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་ལས་འཁྲུངས་པའི་རྡོ་རྗེ་ཕྱག་གང་བ་དང་། ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱོད་པའི་བསྟན་པ་དངོས་རང་བྱུང་བ་བསྟན་པ་བུ་གཅིག་པའི་བྱིན་རླབས་ལས་རིན་པོ་ཆེ་བརྒྱ་རྩ་གཅིག་པའི་གླེགས་བམ་སོར་བཞི་པ་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ། སྤྲུལ་སྐུ་སྟོན་པ་བཅུ་གཉིས་ཀྱི་བྱིན་རླབས་ལས་རིན་པོ་ཆེ་བརྒྱ་རྩ་གཅིག་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་སྟེ། དེ་གསུམ་ནི་འདུས་མ་བྱས་པས་སྐྱེ་འཇིག་མེད་ཅིང་བྱིན་རླབས་ལས་རང་བྱུང་དུ་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་སུ་བྱོན་དང་འབྱོན་འགྱུར་གྱི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བསྟན་པ་འཕེལ་བར་བྱེད་པའི་རྟེན་ཡིན་ལ་མཐོང་ཐོས་རེག་པས་རྡོས་བཅས་རང་དེངས་སུ་འགྲོ་བའི་ཕྲིན་ལས་ཀྱི་བདག་ཉིད་ཅན་ནོ། །དེ་ཡང་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་གང་དུ་བཞུགས་པའི་གནས་ནི་སྐུ་གསུང་ཐུགས་ཀྱི་བསྟན་པས་འདུལ་བའི་དུས་ཀྱི་དབང་གིས་གནས་སོ་སོར་བཞུགས་ཤིང་། རྡོ་རྗེ་ནི། སྐུའི་བསྟན་པའི་དུས་སུ་ཨོ་རྒྱན་གྱི་ཡུལ་རྒྱ་མཚོའི་གླིང་ན་བཞུགས་ཤིང་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་པ་འབྱུང་བར་བྱེད། གསུང་གི་བསྟན་པའི་དུས་སུ་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་སུ་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱིས་ཕྱག་བྱེད་དོ། །ཐུགས་ཀྱི་བསྟན་པའི་དུས་སུ་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ལ་གནས་སོ། །གླེགས་བམ་ནི། སྐུའི་བསྟན་པའི་དུས་སུ་རྡོ་རྗེ་གདན་གྱི་སྟེང་དུ་དཔག་ཚད་ལྔ་བརྒྱར་འཕགས་པའི་ནམ་མཁའ་ལ་ཌཱ་ཀི་མ་རྣམས་ཀྱིས་བཟུང་ནས་གནས་སོ། །གསུང་གི་བསྟན་པའི་དུས་སུ་འདི་ཉིད་དང་ལྷན་ཅིག་ཏུ་གནས་སོ། །ཐུགས་ཀྱི་བསྟན་པའི་དུས་སུ་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་པར་གནས་སོ། །སྐུ་གཟུགས་ནི། སྐུའི་བསྟན་པའི་དུས་སུ་འདི་ཉིད་ཀྱི་བྱིན་རླབས་ཀྱིས་སངས་རྒྱས་ཀྱི་སྐུ་དངོས་དང་། དེ་ཉིད་ཀྱི་སྤྲུལ་པ་དང་། ཡང་སྤྲུལ་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་། དེ་དག་གི་ཞལ་གྱི་དཀྱིལ་འཁོར་ལ་དངོས་སུ་སྤྱོད་པའོ། །གསུང་གི་བསྟན་པའི་དུས་སུ་གཅིག་ཏུ་མ་ངེས་པར་འཛམ་གླིང་ཀུན་ཏུ་འཁོར་བར་གནས་ཏེ། ལྷ་དང་མིའི་འདུ་བ་ཁྱད་པར་ཅན་རྣམས་ཀུན་གྱིས་མཆོད་པའིགནས་སུ་འགྱུར་ཞིང་། སྐབས་སུ་བསྟན་པ་ལ་གནོད་པ་བྱུང་བའི་ཚེ་སྐུ་ལས་འོད་བྱུང་། ཞལ་ནས་ཧཱུྃ་བྱུང་། སྤྱན་ནས་ཡེ་ཤེས་ཀྱི་མེ་འབྱུང་ངོ་། །ཐུགས་ཀྱིས་འདུལ་བའི་བསྟན་པ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་ལག་ན་རྡོ་རྗེའི་ཁང་བརྩེགས་ཀྱི་ཡང་ཐོག་མཉམ་པའི་རང་བཞིན་ན་དཔལ་ཆེན་པོ་ཞེས་བྱ་བས་ཕྱག་མཛད་ཅིང་ཆོ་འཕྲུལ་རྒྱ་མཚོའི་བདག་ཉིད་དུ་བཞུགས་སོ། །དེ་དང་དུས་མཚུངས་པར་སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་ཀྱང་གནས་རིས་བཅུ་གཉིས་སུ་བྱོན་ཏེ། གདུལ་བྱའི་གནས་བསྐལ་པ་དང་པོ་ལ་དགའ་ལྡན་བརྩེགས་པ་ཞེས་བྱ་བར། སྟོན་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ། འཁོར་སངས་རྒྱས་སྟོང་རྩ་གཅིག །བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་དང་གྲོགས་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད། དུས་སེམས་ཅན་རྣམས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་ནའོ། །གནས་འཇིག་རྟེན་མི་མཇེད་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས། བསྟན་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཚེ་ལོ་བྱེ་བའི་དུས་ནའོ། །གནས་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་དཔལ་འཇིགས་པ་སྐྱོབ་པའི་ཡིད། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག །བསྟན་པ་འཁོར་བ་དོང་སྤྲུག་དང་རྨ་བྱ་མཇིང་བསྣོལ། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། དུས་ཚེ་ལོ་འབུམ་པའི་དུས་སུའོ། །གནས་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བ། འཁོར་གནོད་སྦྱིན་དང་སྲིན་པོ་སྟོང་ཕྲག་གཅིག །བསྟན་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་དང་ཡན་ལག་གི་རྒྱུད་དྲུག །དུས་ཚེ་ལོ་བརྒྱད་ཁྲིའི་དུས་སུའོ། །གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་། འཁོར་སངས་རྒྱས་རབས་བདུན་ལ་སོགས་པ། བསྟན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས། དུས་ཚེ་ལོ་བདུན་ཁྲིའི་དུས་སུའོ། །གནས་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བར། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། འཁོར་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་སོགས་བདུན། ཆོས་ཕ་རྒྱུད་མ་རྒྱུད་ལ་སོགས་པ་རྒྱུད་སྡེ་དུ་མ། དུས་ཚེ་ལོ་དྲུག་ཁྲིའི་དུས་སུའོ། །གནས་སྲིན་ཕུག་རུ་ལུའི་སྒྲ་དང་ལྡན་པར། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། དུས་ཚེ་ལོ་ཁྲི་པའི་དུས་ནའོ། །གནས་བྱ་རྒོད་ཕུང་རིའི་རྒྱལ་པོའི་ཁབ་ན། སྟོན་པ་དགྲ་བཅོམ་པ་གསེར་འོད་དམ་པ། འཁོར་འཕགས་པ་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། དམ་པའི་ཆོས་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། དུས་ཚེ་ལོ་ལྔ་སྟོང་ཐུབ་པའི་དུས་སུའོ། །གནས་སོག་པོ་གཡུའི་སྨིན་མ་ཅན་གྱི་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱལ་བའི་དྲུང་དུ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ཕྲ་རྒྱུད་བདུན་པ་ལ་སོགས་པ། དུས་ཚེ་ལོ་སྟོང་གི་དུས་སུའོ། །གནས་བྱ་རྒོད་སྤུངས་པར། སྟོན་པ་འོད་སྲུངས་བགྲེས་པོ། འཁོར་ཚེ་དང་ལྡན་པ་བདུན། དམ་པའི་ཆོས་མདོ་སྡེ་དང་ཀྲི་ཡ། ལུང་ཨ་ནུའི་ཆོས་ཁྲི་ཕྲག་བརྒྱད་ལ་སོགས་པ། དུས་ཚེ་ལོ་ལྔ་བརྒྱ་པའི་དུས་སོ། །གནས་རྡོ་རྗེ་གདན་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ། སྟོན་པ་མངོན་རྫོགས་རྒྱལ་པོ། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པའི་དོན་འབའ་ཞིག །དུས་ཚེ་ལོ་སུམ་བརྒྱ་པའི་དུས་སོ། །གནས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། སྟོན་པ་ཤཱཀྱ་ཐུབ་པ། འཁོར་རྣམ་པ་བཞི་ལ། ཆོས་བདེན་པ་རྣམ་པ་བཞིའི་འཁོར་ལོ། དུས་ཚེ་ལོ་བརྒྱ་པའི་དུས་ནའོ། །དེ་ལྟར་གནས་རིས་བཅུ་གཉིས་སུ་བྱོན་པ་དེ་དག་ལ་ཕུན་སུམ་ཚོགས་པ་ལྔ་རེ་བསྡོམས་པས་ཆོས་ཀྱི་རྣམ་གྲངས་དྲུག་ཅུ་འབྱུང་ཞིང་། མཛད་པ་ཕྲིན་ལས་ཀྱི་སྒོ་ཡང་། གནས་རིས་མི་འདྲ་བ་བཅུ་གཉིས་སུ། སྟོན་པ་ཉིད་སྐུ་མདོག་ཕྱག་མཚན་མི་འདྲ་བ་བཅུ་གཉིས་སུ་སྤྲུལ་ནས་བྱོན་པས། གདུལ་བྱ་རིགས་མི་མཐུན་པ་བཅུ་གཉིས་ཀྱི་དོན་དུ་མཛད་པ་མི་འདྲ་བ་བཅུ་གཉིས་དང་། སྐུ་དེ་དག་གི་དུས་སུ་གསུང་ཆོས་ཀྱི་འཁོར་ལོ་མི་འདྲ་བ་བཅུ་གཉིས་གསུངས་པས། འགྲོ་བའི་ངག་གི་བཅིངས་པ་མི་འདྲ་བ་བཅུ་གཉིས་ལས་གྲོལ་བར་མཛད་པ་དང་། གསུང་དེ་ཙམ་ཞིག་གི་ཚེ་ན་ཐུགས་ཀྱི་དགོངས་པ་མི་འདྲ་བ་བཅུ་གཉིས་ཀྱིས་འགྲོ་བའི་རིགས་མི་འདྲ་བ་རྣམས་ཀྱི་རྟོག་པ་བཅུ་གཉིས་ལས་གྲོལ་བར་མཛད་ཅེས་གསུངས་སོ། །དེ་ལྟར་སྤྲུལ་པའི་སྐུ་གཅིག་ལ་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་དང་ལྡན་པ་ནི་བསྟན་པའི་བདག་པོ་ཞེས་བྱ་ཞིང་། གལ་ཏེ་མི་ལྡན་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཁོལ་བུའི་བསྟན་པ་ཞེས་བྱ་བ་ཡིན་ནོ། །སྤྱིར་ན་བདེ་བར་གཤེགས་པ་ཐབས་ལ་མཁས་པས་གདུལ་བྱའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་རྗེས་སུ་མཐུན་པར་གཟུགས་ཀྱི་སྐུ་སྣང་ཞིང་། སངས་རྒྱས་ཀྱི་མཛད་པ་སྟོན་པའི་ཚུལ་ཐ་དད་པ་དག་ཀྱང་འགལ་བར་མི་སེམས་ཏེ་སངས་རྒྱས་ཀྱི་རྣམ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་སོ་སྐྱེ་ལྟ་ཞོག་འཕགས་ཆེན་རྣམས་ཀྱི་བློའི་སྤྱོད་ཡུལ་ཡང་མ་ཡིན་ལ། དུས་དང་གདུལ་བྱ་སོགས་མཐའ་གཅིག་ཏུ་ངེས་གཟུང་མ་མཆིས་པས་ཕྱོགས་གཅིག་མཐོང་བས་གཅིག་ཤོས་ལ་སྨད་པར་མི་བྱ་སྟེ། འདི་ལྟར་འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས། འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་མོས་ནའང་འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་ཆགས་པའི་བསྐལ་པར་ཤེས་སོ། །ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ན་ཡང་ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། །འཇིག་པ་དང་ཆགས་པ་ཡང་གཞན་དུ་འགྱུར་བ་མ་ཡིན་ཏེ། མོས་པ་དེ་ལྟར་ཡང་འགྱུར་རོ། །དེ་བཞིན་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། །སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའིརྫུ་འཕྲུལ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱིས་འགྲོ་བའི་དོན་མཛད་པ་དེེ་ཡང་། རང་བཞིན་འགྲོ་འོང་འཕོ་འགྱུར་མེད་པར་ཏིལ་གྱི་ཁམས་ལ་སྣུམ་གྱིས་ཁྱབ་པ་བཞིན་རྣམ་དབྱེར་མེད་པའི་གཤིས་ལུགས་སུ་བཞུགས་ཀྱང་གདུལ་བྱ་རྣམས་ལ་ཕྲིན་ལས་སྣ་ཚོགས་འདུས་མ་བྱས་པའི་ངོ་བོས་རྟག་པ་དང་། ཁྱབ་པ་དང་། ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅན་ཏེ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་མདོ་ལས། འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་གང་ཅི་འབྱུང་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ཞེས་དང་། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་གདུལ་བྱའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་པ་ལྟར་ལྷུན་གྲུབ་དང་རྒྱུན་མི་འཆད་པའི་ཚུལ་གཉིས་ལས། དང་པོ་ནི། གང་ཞིག་གང་གིས་གདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་འབད་རྩོལ་ལ་ལྟོས་པ་མེད་པ་ལྷུན་གྲུབ་ཀྱི་ཚུལ་དང་། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་རྒྱུན་མི་འཆད་པའི་དོན་དང་། །དེ་ལྟར་ནམ་མཁའ་མཐའ་ཀླས་ཀྱི། །འགྲོ་བ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་ཁྱབ་པའི་དོན་དང་། མདོ་སྡེ་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་བཞིན་རྟག་པའི་བདག་ཉིད་ཀྱི་ཕྲིན་ལས་གདུལ་བྱ་སོ་སོའི་རྒྱུད་ལ་སྐལ་བ་དང་འཚམ་པར་འབད་རྩོལ་དང་རྣམ་པར་མི་རྟོག་བཞིན་དུ་བདེ་བར་གཤེགས་པའི་ཕྲིན་ལས་དང་ཐུགས་རྗེའི་རོལ་པ་རྨད་དུ་བྱུང་བ་སྣ་ཚོགས་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོངས་ཤིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་དང་། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་འགྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སོགས་ཀྱང་འབྱུང་ངོ་། ༈ །བཞི་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་བསྟན་པ་ནི། ཟུར་གྱི་མཁས་པ་རྣམས་ནི། སྐུ་གསུམ་པོ་དེའི་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་ལྔར་བཞེད་པས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ནི་སྐུ་མཚན་ཉིད་པ་ཡིན་ལ། གཞན་གཉིས་རྣམ་པའི་ལྡོག་ཆ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་བཞག་པས་སྐུ་བཏགས་པ་བར་བཞེད་དོ། །ཀུན་མཁྱེན་ཀློང་ཆེན་པ་ནི། ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་གསུམ་པོ་སངས་རྒྱས་རང་སྣང་གི་སྐུ་མཚན་ཉིད་པ་དང་། ལོངས་སྤྲུལ་གཉིས་ནི་གདུལ་བྱ་གཞན་སྣང་གིས་བསྡུས་པའི་སྐུ་བཏགས་པ་བར་བཞེད། དེ་ལྟར་གདོད་ནས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གྲོོལ་སའི་ཀ་དག་ཆེན་པོ་དབྱིངས་གཅིག་པའི་ཀློང་། ལམ་ཐམས་ཅད་ཀྱི་བགྲོད་པ་མཐར་ཕྱིན་པའི་ཆོས་ཉིད་དེ་ནི་རྣམ་པ་ཀུན་ཏུ་འཕོ་ཞིང་མི་འགྱུར་བས་རྟག་བརྟན་འདུས་མ་བྱས་པས་མི་འགྱུར་རྡོ་རྗེའི་སྐུ་དང་། གདོད་ནས་དྲི་མ་དང་བྲལ་བས་རང་བཞིན་རྣམ་དག་དང་། གློ་བུར་སྒྲིབ་གཉིས་ཆ་བཅས་ཤིན་ཏུ་རྣམ་པར་བྱང་བས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་ཀྱང་བྱ་སྟེ། ཡེ་ཤེས་དྲྭ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་སོ། །དག་པ་གཉིས་ལྡན་དེ་ཉིད་ཀྱི་ངང་ལས་སྣང་ཆ་མཁྱེན་པའི་ཡེ་ཤེས་མ་འགགས་པའི་རྩལ་གྱིས་བྲལ་བའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ་ལ་སོགས་པ་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྣམས་མངའ་བའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་ཞེས་བྱ་བ་མ་འདྲེས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ལས། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཞེས་དང་། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིགས་པ་ནི་འཁོར་ན་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། །ཞེས་གསུངས་པ་ལྟར་སྟོབས་བཅུ་ནི་གནས་དང་གནས་མིན་མཁྱེན་པའི་སྟོབས་དང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །མི་འཇིགས་པ་བཞི་ནི། རང་དོན་དུ་སྤངས་རྟོགས་ཕུན་སུམ་ཚོགས་པ་ལ་དམ་བཅའ་བ་གཉིས་དང་། གཞན་དོན་དུ་ལམ་དང་ལམ་གྱི་གེགས་ལ་དམ་བཅའ་བ་གཉིས་ཏེ། དེ་རྣམས་ལ་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བཅས་པ། བྲམ་ཟེ་དང་བཅས་པ་གང་གིས་ཀྱང་རྒོལ་དུ་མེད་པས་བག་ཚ་བ་ཅུང་ཟད་ཀྱང་མི་མངའ་བའོ། །མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་པ་མི་མངའ་བ་དང་། གསུང་ལ་ཅ་ཅོ་མི་མངའ་བ་དང་། ཐུགས་ལ་བསྙེལ་བ་མི་མངའ་བ་དང་། མཉམ་པར་མ་གཞག་པ་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས་མི་མངའ་བ་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང་། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ཉམས་པ་མི་མངའ་བ་སྟེ་རྟོགས་པས་བསྡུས་པ་དྲུག །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་པ་སྟེ་ཕྲིན་ལས་ཀྱིས་བསྡུས་པ་གསུམ་དང་། དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་ལ་འཇུག་པ་ནི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་དང་། ཆུ་ནང་གི་ཟླ་གཟུགས་བཞིན་གདུལ་བྱའི་ངོར་སྣང་བའི་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཏེ་སངས་རྒྱས་རྣམས་ལ་མདོར་བསྡུ་ན་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པ་ཡིན་ལ། རྒྱས་པར་ནི་དེ་བཞིན་གཤེགས་པ་སྐུ་ཚེ་བྱིན་གྱིས་བརླབས་ཏེ་བསྐལ་པ་ནས་བསྐལ་པར་བསྟན་ཀྱང་མཐའ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་གསུངས་སོ། །ཡེ་ཤེས་ཀྱི་ཚུལ་ནི། ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཡེ་ཤེས་ཕྱི་མ་བཞི་པོ་རྟེན་དང་བརྟེན་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བཤད་ཅིང་། ཕྱིས་ཀྱི་མཁས་པ་ཆེན་པོ་དག་གིས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དོན་དམ་པ་དང་། ཕྱི་མ་བཞི་པོ་ལ་ཀུན་རྫོབ་ཀྱི་ཆ་ཅི་རིགས་པར་འདྲེས་པར་བཤད་དོ། །ཡེ་ཤེས་དེ་དག་ཀྱང་སྔ་མ་ནི། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་སོ། །ཕྱི་མ་བཞི་ནི་རིམ་བཞིན། མདོ་སྡེ་རྒྱན་དུ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་དང་། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །བསྒོམ་པ་དག་པ་ལ་འདོད་དོ། །མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབ། །ཅེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །ཞེས་བྱ་བ་གསུངས་སོ། །འདི་ལ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་མཉམ་ཉིད་གཉིས་གནས་ལུགས་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཡེ་ཤེས་གཞན་གསུམ་པོ་འཆར་གཞི་དང་། ཡུལ་གཟིགས་པ་དང་། འགྲོ་དོན་མཛད་པའི་ཆ་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་བཤད་དེ། ཐལ་འགྱུར་ལས། ཇི་ལྟ་མཁྱེན་པའི་དངོས་པོ་ཡིས། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པ་ཡིས་གདུལ་བྱ་ཡི། །བསམ་པ་ཇི་ལྟར་གནས་པ་ཤེས། །དེ་ལྟར་ཐུགས་རྗེའི་འཆར་ཚུལ་ལས། །གདུལ་བྱའི་འགྲོ་བ་ཐ་དད་ལ། །འདུལ་བྱེད་སྐུ་ཡང་དེ་ཙམ་མོ། །ཞེས་གསུངས་པ་བཞིན་འཆད་པར་མཛད་དོ།། ༈ གཉིས་པ་ཆོས་འཁོར་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། མདོ་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་གཉིས་ལས། དང་པོ་ལ་མཚན་ཉིད། ངེས་ཚིག །དབྱེ་བ་བཤད་པའོ། །དང་པོ་མཚན་ཉིད་ནི། སྟོན་པའི་བདག་རྐྱེན་ལས་བྱུང་བའི་ཆོས་འཁོར་གང་ཞིག །གདུལ་བྱའི་རྒྱུད་ལ་འཕོ་ཞིང་མི་མཐུན་པའི་ཕྱོགས་མཐའ་དག་གཅོད་པར་བྱེད་པའོ། ༧ །གཉིས་པ་ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ་དྷརྨ་ཙཀྲ་ཞེས་བྱ་སྟེ་དྷརྨའི་སྒྲ་ནི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ལ་འཇུག་པའོ། །ཙཀྲ་ཞེས་པ་འཕོ་བ་དང་། ཚོགས་པ་ལའང་འཇུག་པས། རྟོགས་པའི་ཆོས་འཁོར་གདུལ་བྱའི་རྒྱུད་ལ་འཕོ་བ་ལྟར་སྣང་བའི་ཕྱིར་དང་། ལུང་གི་ཆོས་འཁོར་ཆོས་ཕུང་མང་པོ་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། དབུ་མ་པ་ཆོས་བཤེས་ཀྱིས། འཁོར་ལོ་ནི་གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་སམ། ཚོགས་ཀྱི་དོན་གྱི་ཕྱིར་འཁོར་ལོ་སྟེ་སྒྲའི་དོན་ནི་དེ་དག་དང་ཉེ་བའི་ཕྱིར་རོ་ཞེས་སོ། ༈ །གསུམ་པ་དབྱེ་བ་ལ། ལུང་དང་རྟོགས་པའི་ཆོས་འཁོར་གཉིས་ལས། དང་པོ་ལ། མཚན་ཉིད། མཚན་གཞི། དབྱེ་བ་བཤད་པའོ། །དང་པོ་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །མྱ་ངན་ལས་འདས་པའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་གང་རུང་བརྗོད་བྱར་བྱེད་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་གོ ༧ །གཉིས་པ་མཚན་གཞི་ནི། བདག་རྐྱེན་སངས་རྒྱས་ཀྱི་ཡེ་ཤེས་དང་། རྒྱུའི་རྐྱེན་གདུལ་བྱའི་རྒྱུད་དག་པ་གཉིས་ལ་བརྟེན་ནས། གདུལ་བྱའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པར་སྣང་བ་ཉིད་ཡིན་གྱི། བཅོམ་ལྡན་འདས་ལ་ངག་ཀུན་ནས་སློང་བའི་བག་ཆགས་མི་མངའ་བའི་ཕྱིར་དང་། ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་ཞེན་པའི་མ་རིག་པ་མེད་པའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པས་བཞེད་པ་ལ་རག་ལས་པའི་དབང་གིས་བསྟན་པ་ནི་མ་ཡིན་ནོ། །དོན་གྱི་དབང་འདི་གཟིགས་ནས་དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་གང་གི་མཚན་མོ་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། གང་གིས་མཚན་མོ་མྱ་ངན་ལས་འདས་པའི་བར་དུ། ངས་ཆོས་ཚིག་འབྲུ་གཅིག་ཙམ་ཡང་བསྟན་པ་མེད་དོ། །ཞེས་གསུངས་པའང་འདི་ལ་དགོངས་པར་མཛད་དོ། །འོ་ན་སྙིང་རྗེ་པདྨ་དཀར་པོ་ལས། བྱང་ཆུབ་སེམས་དཔའ་གང་དག་གཡོ་དང་སྒྱུ་མ་མཆིས་ལ་དྲང་བའི་རང་བཞིན་ཐེག་ཆེན་ལ་ཡང་དག་པར་ཞུགས་པ་དཔག་མེད་གྲངས་མེད་མཆིས་པ་དེ་དག་གི་རྒྱུད་ལ་ཚིག་གཅིག་བརྗོད་པས་ཀྱང་། ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། གཟུངས་བདུན་ཁྲི་ལྔ་སྟོང་པོའི་ཡོན་ཏན་དེ་དག་རབ་ཏུ་འགོད་པར་གྱུར་ཅིག །ཅེས་དང་། སེམས་ཅན་གཅིག་གི་དོན་གྱི་སླད་དུ་ཡང་བདག་ཆོ་འཕྲུལ་འབུམ་ཕྲག་དུ་མ་སྟོན་ཅིང་དེའི་སེམས་ཀྱི་རྒྱུད་ལ་ཡང་དག་པའི་ལྟ་བ་དང་། ཆོས་ཀྱི་དོན་དང་ཚིག་འབྲུ་སྟོང་ཕྲག་མང་པོ་དག་ཀྱང་བརྗོད་པར་གྱུར་ཅིག །ཅེས་དང་། བདག་བྱང་ཆུབ་ཐོབ་ནས་ཀྱང་ཚིག་གཅིག་བརྗོད་པས་ཆོས་སྟོན་པར་འགྱུར་བ་ན། ཉན་རང་ཐེག་ཆེན་གྱིས་འདུལ་བའི་སེམས་ཅན་སོ་སོར་རང་རང་གི་ཐེག་པའི་ཆོས་བསྟན་པར་འཚལ་བ་དང་། ཞེས་སོགས་ཀྱིས་ཆོས་གཅིག་བསྟན་པར་བཤད་པ་དང་། སྣ་ཚོགས་བསྟན་པར་གསུངས་པ་རྣམས་ཇི་ལྟར་མི་འགལ་བ་ཡིན་ཞེ་ན། དེ་ལ་ཆོས་ཅི་ཡང་མ་གསུངས་པར་བཤད་པ་ནི། ངེས་དོན་མཐར་ཐུག་པ་ཡིན་ལ། ཆོས་གཅིག་བསྟན་པ་དང་སྣ་ཚོགས་གསུངས་པར་བཤད་པ་གཉིས་ནི་རིམ་པར་གནས་སྐབས་ཀྱི་ངེས་དོན་དང་དྲང་དོན་དགོངས་པ་ཅན་དུ་མཁས་པ་རྣམས་བཞེད་པ་ཡིན་ནོ། །དུས་ཀྱི་བྱེ་བྲག་ལས་འཁོར་ལོ་གསུམ་རིམ་དང་ཅིག་ཅར་གང་གི་ཚུལ་གྱིས་བསྐོར་ཅེ་ན། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བའི་དེ་ཉིད་དོ། །ཅེས་གསུངས་པ་ལྟར་གདུལ་བྱ་ཁ་ཅིག་ལ་ནི་གནས་གཅིག་ཏུ་དུས་ཐ་དད་པར་རིམ་གྱིས་གསུངས་པའང་ཡོད་དེ། འདུལ་བ་ལུང་ལས། ཆུ་ཀླུང་བཱ་ར་ཏའི་འགྲམ་དེ་ཉིད་དུ་ཀླུ་རྣམས་ལ་ནི་དགེ་བ་བཅུའི་ཆོས་ཀྱི་ཆར་ཆེན་པོ་གསུངས་སོ། །ཞེས་དང་། གནས་མཆོག་གི་བུ་འཁོར་ལྔ་བརྒྱ་དང་ལྷན་ཅིག་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་དོ། །ཞེས་སོ། །ཡང་གནས་གཅིག་ཏུ་དུས་གཅིག་ལ་གསུང་གཅིག་གིས་གདུལ་བྱ་སོ་སོར་ཐ་དད་པར་མཐོང་བ་ནི། ཟ་མ་ཏོག་བཀོད་པའི་མདོ་ལས། དེའི་ཚེ་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་རྣམ་གྲངས་ཐོས་ལ། ཁ་ཅིག་གིས་ནི་མཚན་མ་མེད་པའི་ཆོས་ཀྱི་སྒོའི་རྣམ་གྲངས་ཐོས་སོ་ཞེས་འབྱུང་བ་ལྟར་རོ། ༧ །གསུམ་པ་དབྱེ་བ་ལ། ཆོས་འཁོར་གསུམ་དུ་བསྟན་པ། དྲང་ངེས་ཀྱི་ཚུལ་བཤད་པ། ཆོས་ཕུང་གི་རྣམ་པར་གཞག་པ་དང་གསུམ་ལས། དང་པོ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རོ། །དེ་ལྟར་གསུམ་དུ་དབྱེ་རིགས་པའི་རྒྱུ་མཚན་ཡང་། གདུལ་བྱའི་གང་ཟག་ལ་ཐེག་དམན་གྱི་རིགས་སུ་ངེས་པ་དང་། ཐེག་ཆེན་གྱི་རིགས་སུ་ངེས་པ་དང་། རྐྱེན་གྱིས་འགྱུར་བས་རིགས་མ་ངེས་པ་དང་གསུམ་དུ་དབྱེ་བའམ། ཡང་ན་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པས་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པས་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པས་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དེ། ཞེས་ཆོས་འཁོར་གསུམ་ལ་གཏམ་གསུམ་གྱི་རྣམ་གཞག་མཛད་དེ། དང་པོ་འཁོར་བ་ལ་ཡིད་འབྱུང་བའི་གཏམ་དང་། གཉིས་པ་རྣམ་ཐར་སྒོ་གསུམ་གྱི་གཏམ་དང་། གསུམ་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་མོ། །ཡང་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བདག་སྟོན་པའི་འཁོརལོ། བར་དུ་བདག་མེད་སྟོན་པའི་འཁོར་ལོ། མཐའ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་ཐ་སྙད་མཛད་དེ། རྩ་ཤེས་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་པ་དང་། འཕགས་པ་ལྷས་ཀྱང་། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །མཐའ་མར་ལྟ་བ་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་བཤད་པས་སོ། ༧ །གཉིས་པ་སོ་སོའི་རྣམ་གཞག་ལ་གསུམ་ལས། འཁོར་ལོ་དང་པོ་ནི། གནས་ཕུན་སུམ་ཚོགས་པ་ཝ་རཱ་ཎ་སིར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་སུམ་ཅུ་རྩ་དྲུག་ནས་བཞི་བཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེའང་འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམས་ཏེ། འདུལ་བའི་འདུལ་བ་བཅས་པ་དང་རང་བཞིན་གྱི་རྣམ་པར་གཞག་པ་ཆེ་ལོང་རྣམས་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་སྤྱོད་པ་རྣལ་འབྱོར་དུ་བྱ་བའི་རིམ་པ་དང་། འདུལ་བའི་མངོན་པ་དེ་དག་གི་རབ་ཏུ་དབྱེ་བ་རྒྱ་ཆེར་བཤད་པ་ལ་སོགས་པ་རྣམས་སོ། །མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །ཐེག་ཆེན་གྱི་ལམ་སྟེགས་སུ་དགོངས་ནས་བདག་མེད་པའི་གནས་ལུགས་མདོར་མཚོན་པ་ཙམ་དུ་བསྟན་པའོ། །ཡང་ན་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་བདེན་པ་བཞི་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བའོ། །ཡང་ན་ལས་དང་པོ་པའི་ཚེ་གཟུང་འཛིན་རང་རྒྱུད་པས་བཅིངས་པའི་ཉོན་མོངས་པ་ལས་སེམས་བསྲུང་བའི་ཕྱིར་སྤང་གཉེན་བླང་དོར་དུ་བྱེད་པའི་རིམ་པ་གཙོ་བོར་སྟོན་པའོ། །མཚན་གཞི་ནི། ཉན་ཐོས་རྣམས་ལ་གྲགས་པའི་འདུལ་མངོན་མདོ་སྡེའི་གསུང་རབ་རྣམས་ཏེ། ལུང་སྡེ་བཞི་ལ་སོགས་པ་རྣམས་སོ། །དེ་ལ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ནི། བྱེ་སྨྲ་དག་འདི་ལྟར་འདོད་དེ། བདེན་པ་བཞི་པོ་སོ་སོར་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སོགས་བསྟན་པ་བཟླས་པ་དང་པོ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བསྟན་པ་བཟླས་པ་གཉིས་པ། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཞེས་བསྟན་པ་བཟླས་པ་གསུམ་པ། དེ་ལྟར་བཟླས་པ་རེ་རེ་ལ་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །ཞེས་བཞི་བཞི་སྦྱར་བས་རྣམ་པ་བཅུ་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལ་མིག་ཅེས་བྱ་བ་ཟག་མེད་ཀྱི་ཤེས་རབ། ཤེས་པ་ཞེས་པ་ཐེ་ཚོམ་མེད་པ། རིག་པ་ཞེས་པ་ཡང་དག་པའི་དོན། བློ་ཞེས་པ་རྣམ་པར་དག་པའི་བློ་སྟེ། རིམ་པ་བཞིན་ཕྱི་རོལ་པའི་བདེན་པ་མཐོང་བར་རློམ་པ་ནི་ལོག་ལྟ། ཐེ་ཚོམ། མ་རིག་པ། ཟག་བཅས་བཞི་ལས་མ་འདས་པས། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྨོས་པ་ཡིན་ཅེས་མཛོད་འགྲེལ་ལས་བཤད་དོ། །མདོ་སྡེ་པ་དག་གིས་ནི་ལན་གསུམ་དུ་བཟླས་པའི་ཚུལ་དེ་ལྟར་ཡིན་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་པ་མི་འགྲུབ་སྟེ། ཁྱོད་ཀྱི་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་པ་གང་ཞིག །དེ་དང་པོར་ལན་གཅིག་ལས་མ་སྨྲོས་པའི་ཕྱིར། དེ་ལ་རྣམ་པ་བཅུ་གཉིས་ཡིན་པའང་མི་འགྲུབ་ཏེ། མཐོང་ལམ་ལ་ལྟོས་པའི་མིག་སོགས་བཞི་ཚན་གཅིག་ཏུ་ཁྱེད་རང་གིས་ཁས་བླངས་པའི་ཕྱིར་རོ། །ཞེས་བྱེ་སྨྲའི་རྣམ་གཞག་དེ་དག་སུན་ཕྱུང་ནས་རང་ལུགས་འཇོག་པའི་ཚེ། བདེན་བཞི་རང་གི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་དང་པོ། བྱ་བའི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་གཉིས་པ། མཐར་ཐུག་པ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་གསུམ་པ་སྟེ། བཟླ་བྱ་ནི་བདེན་བཞིའི་ཆོས་ཀྱི་རྣམ་གྲངས་ཉིད་ཡིན་ཞིང་། བཟླས་པ་གསུམ་ལ་བདེན་པ་བཞི་སོ་སོར་ངོ་བོ་བྱ་བ་འབྲས་བུ་རྣམས་ལ་དམིགས་པའི་རྣམ་པ་བཞི་བཞིར་འགྱུར་བའི་ཕྱིར་རྣམ་པ་བཅུ་གཉིས་ཡིན་ནོ་ཞེས་འདོད་དོ། ༧ །གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་གི་འཁོར་རྣམ་བཞི་དང་། མཆོག་ཟུང་གཉིས་སོགས་དགྲ་བཅོམ་པ་ལྔ་སྟོང་དང་སྲུ་སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་། དྲི་ཟ་ལ་སོགས་པ་རབ་ཏུ་མང་པོ་དང་། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་ལྡན་དང་། དྲྭ་བ་སྦྱིན་ལ་སོགས་པ་རབ་ཏུ་མང་པོ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་བཞི་བཅུ་རྩ་གསུམ་ནས་བདུན་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེའང་མདོ་སྡེའི་སྡེ་སྣོད་གཙོ་བོར་སེམས་ཀྱི་བསླབ་པ་སྟོན་པ་ལས། མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚོམས་རྣམ་པར་གཞག་པ་དང་། མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་ཟབ་ཅིང་རྒྱ་ཆེ་བ་དཔའ་བར་འགྲོ་བ་དང་། རྡོ་རྗེ་ལྟ་བུ་དང་། རིན་ཆེན་ཕྱག་རྒྱ་ལ་སོགས་པ་རྒྱས་པར་བསྟན་པ་དང་། མདོ་སྡེའི་མངོན་པ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་རྣམས་སོ། །མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །ཐེག་པ་ཆེན་པོའི་ལམ་དངོས་ལ་དགོངས་ནས་གཙོ་བོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་ཏེ་བསྟན་པའོ། །ཡང་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་དབང་དུ་མཛད་ནས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་རྣམས་སོ། །ཡང་ན་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པར་བསྟན་པའོ། །མཚན་གཞི་ནི། ཤེར་ཕྱིན་གྱི་མདོ་སྡེ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་རྣམས་སོ། །ཅིའི་ཕྱིར་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཤིན་ཏུ་དབེན་པ་སྨྲ་བསམ་བརྗོད་བྲལ་གྱི་དེ་ཁོ་ན་ཉིད་སྟོན་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ། ༧ །འཁོར་ལོ་གསུམ་པ་ནི། གནས་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་དང་། ལྷ་དང་ཀླུའི་གནས་ལ་སོགས་པ་ངེས་པ་མེད་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་དགེ་སློང་དང་དགེ་སློང་མ་དང་། ལྷ་དང་ཀླུ་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་མཐའ་མ་ངེས་པ་དོན་གྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་བདུན་ཅུ་རྩ་གསུམ་ནས་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེ་ཡང་མངོན་པའི་སྡེ་སྣོད་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས། མངོན་པའི་འདུལ་བ་ཚེགས་ཆུང་ཞིང་སླ་བའི་ཐབས་ཀྱིས་ཉོན་མོངས་པ་འདུལ་བ་རྣམས་དང་། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་རྒྱ་མཚོ་ལྟ་བུ་དང་། མངོན་པའི་མངོན་པ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་རབ་ཏུ་དབྱེ་བ་མཐའ་ཡས་པ་དང་བཅས་པ་རྣམས་སོ། །མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མ་ངེས་པའི་རིགས་ཅན་རྣམས་ཐེག་པ་ཆེན་པོའི་ཚུལ་གྱིས་རྗེས་སུ་འཛིན་པའི་ཕྱིར་འཁོར་གསུམ་རྣམ་དག་གི་གཏམ་གཙོ་བོར་སྟོན་པའོ། །ཡང་ན་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་དབང་དུ་མཛད་དེ་དྲང་ངེས་སྣ་ཚོགས་པར་བསྟན་པའོ། །ཡང་ན་གཤིས་ལ་ཇི་ལྟར་གནས་པ་ལྟར་འོད་གསལ་བའི་རང་བཞིན་ཡང་དག་པར་བསྟན་པའོ། །མཚན་གཞི་ནི། ཕལ་པོ་ཆེ་དང་ལང་ཀར་གཤེགས་པ་དང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་སོགས་དེ་བཞིན་གཤེགས་པའི་སྙིང་པོ་གཙོ་བོར་སྟོན་པའི་ངེས་དོན་གྱི་མདོ་སྡེ་རྣམས་སོ། །དེ་ལ་ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་ལེགས་པར་ཕྱེས་ནས་གསུངས་པའི་ཕྱིར་དེ་སྐད་ཅེས་བྱའོ། ༧ །གཉིས་པ་དྲང་ངེས་ཀྱི་རྣམ་པར་གཞག་པ་ནི། དེ་ལྟར་འཁོར་ལོ་གསུམ་པོ་དེ་ཉིད་དྲང་ངེས་སོ་སོར་ཕྱེ་ན། སློབ་དཔོན་ཐོགས་མེད་སྐུ་མཆེད་སོགས་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འཁོར་ལོ་དང་པོ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིར་གྱུར་པ་ཞེས་དང་། གཉིས་པར་ཡང་དྲང་བའི་དོན་དང་། རྩོད་པའི་གཞི་གནས་སུ་གསུངས་ཤིང་། གསུམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པ་དང་། གཞན་ཡང་འཁོར་ལོ་མཐའ་མའི་མདོ་སྡེ་ཕལ་མོ་ཆེ་ལས། འཁོར་ལོ་བར་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགག་པ་ལ་སོགས་པར་གསུངས་པ་རྣམས་དགོངས་པ་ཅན་དུ་བསྟན་པའི་ཕྱིར་འཁོར་ལོ་མཐའ་མ་ཉིད་ངེས་དོན་མཐར་ཐུག་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བཞེད་དོ། །ཡང་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱིས་ནི། ཡུམ་ལས། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཇི་སྲིད་དུ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་གང་ཡང་མི་སྐྱེད་མི་འགོག་པ་དང་། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་ལ་གནས་པའང་མ་ལགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ངོ་མཚར་རོ། །ཞེས་སོགས་ཤིན་ཏུ་ཟབ་པ་སྟོང་པ་ཉིད་ཀྱི་ཚུལ་བསྟན་པ་འདི་ལ་རིགས་པའི་གནོད་བྱེད་གང་ཡང་མི་འཇུག་པའི་ཕྱིར་འཁོར་ལོ་བར་པ་ཁོ་ན་ངེས་དོན་མཐར་ཐུག་ཏུ་བཞེད་དོ། །དེས་ན་འཁོར་ལོ་དང་པོ་དྲང་དོན་ཡིན་པར་ནི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དབུ་སེམས་གཉིས་ཀ་བཞེད་པ་མཐུན་ཞིང་། འཁོར་ལོ་བར་མཐའ་གཉིས་ལ་བཞེད་ཚུལ་ཐ་དད་པ་ལྟར་སྣང་ཡང་། འདིར་བར་པ་ངེས་དོན་མཐར་ཐུག་དང་། མཐའ་མ་ལ་དྲང་ངེས་ཅི་རིགས་ཀྱི་ཆ་ཡོད་པར་ཤེས་པར་བྱའོ། །དེ་ལྟར་དྲང་ངེས་གཉིས་སུ་དབྱེ་བའི་ཆོས་ནི། བློ་གྲོས་མི་ཟད་པས་བསྟན་པ་ལས། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ནོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་རྒྱུ་ལམ་འབྲས་བུའི་ཚུལ་ལ་སོགས་པ་སྟོན་པ་རྣམས་དྲང་བའི་དོན་ཏེ། དེས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རིམ་གྱིས་བཀྲི་བར་བྱེད་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ལས་བརྩམས་ཏེ་གཞི་ལམ་འབྲས་བུའི་གནས་ལུགས་སོགས་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་ངེས་དོན་ཏེ་སྒྲོ་སྐུར་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་སྟོན་པས་སོ། །བཀའ་བར་པ་ངེས་དོན་དུ་འདོད་པ་དག་གིས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་དེ་ཇི་ལྟར་འཐད་ཅེ་ན། འཇུག་པ་ལས། རྣམ་པ་འདི་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱས། །ཞེས་གསུངས་པ་ལྟར། མདོ་སྡེ་འདི་ལ་སོགས་པ་གང་དུ་རྣམ་པར་རིག་པ་ཙམ་གྱི་ཚུལ་སྟོན་པ་སྟེ། དེ་ཐམས་ཅད་ནི་དྲང་བའི་དོན་དུ་འཆད་པར་བྱེད་དོ། །འདི་དག་དྲང་དོན་ཡིན་པར་གང་ལས་ཤེས་ཤེ་ན། ལུང་དང་རིགས་པ་ལས་ཏེ། དེ་ལ་རེ་ཞིག་ལུང་ནི། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་ཆོས་སྟོན་ཏོ། །ཞེས་གསུངས་སོ། །དགོས་པ་ནི། གཙོ་བོ་དང་། རྡུལ་དང་། དབང་ཕྱུག་ལ་སོགས་པ་རང་གཞན་གྱི་སྡེ་པ་དག་གིས་བརྟགས་པའི་བྱེད་པ་པོ་དང་། གང་ཟག་ལ་སོགས་པ་དགག་པའི་ཕྱིར་ཏེ། ཡང་དེ་ཉིད་ལས། གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དང་ནི། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །རིགས་པ་ཡང་། ཅི་སྟེ་དགོངས་འགྲེལ་ལ་སོགས་པ་དག་ལས་གཞན་དབང་རྣམ་རིག་ཙམ་ཡོད་པར་བསྟན་པ་དེ་གལ་ཏེ་ངེས་པའི་དོན་ཡང་དག་པ་ཡིན་ན། རིགས་པས་གནོད་པར་མི་འགྱུར་བར་ཞིག་ན། འཁོར་ལོ་བར་པའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ཀྱི་ལུང་དང་རིགས་པས་རྣམ་ཤེས་བདེན་པར་གྲུབ་པ་བརྟག་མི་བཟོད་པའི་ཕྱིར་རོ། །དེ་བས་ན་མདོ་འདིར། བར་པ་དྲང་བའི་དོན་དང་མཐའ་མ་ངེས་པའི་དོན་དུ་གསུངས་པའི་དགོངས་པ་ནི། དམིགས་པ་ཅན་དུ་ལྟ་བ་སྟོང་པ་ཉིད་ལ་སྐྲག་པ་དག་རིམ་གྱིས་དྲང་བར་བྱ་བའི་ཕྱིར་དང་། ཐ་སྙད་དུ་སེམས་ཙམ་ལས་གཞན་པའི་བྱེད་པ་པོ་དང་། ཟ་བ་པོ་དགག་པའི་ཕྱིར་གསུངས་པར་ལུང་དང་རིགས་པས་ཤེས་ནུས་པ་ཡིན་ནོ། །ཡང་ན་དྲང་ངེས་ཀྱི་རྣམ་པར་གཞག་པ་གཞན་ནི། ཕལ་ཆེན་པའི་སྡེ་པ་དག་ནི་བདེ་བར་གཤེགས་པའི་གསུང་ཐམས་ཅད་ངེས་དོན་ནོ་ཞེས་ཟེར། གཞི་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པ་མང་པོ་ཞིག་གིས་ནི། དེ་བཞིན་གཤེགས་པའི་གསུང་ལ་དྲང་དོན་དང་ངེས་དོན་གཉིས་ཀ་ཡོད་དོ་ཞེས་འདོད་དོ། །ཐེག་པ་ཆེན་པོ་ལ་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་པ་རྣམས་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་ལྟར། འཁོར་ལོ་དང་པོ་ནི་སྟོང་པ་ཉིད་འཁྱུད་ནས་ཡོད་པའི་རྣམ་པ་སྟོན་པ་དང་། བཀའ་བར་པའི་མདོ་སྡེ་རྣམས་ལས་ཀྱང་ཡོད་པ་འཁྱུད་ནས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་ངེས་དོན་མ་ཡིན་ལ། འཁོར་ལོ་མཐའ་མར་ནི་ངོ་བོ་ཉིད་གསུམ་གྱི་སྒོ་ནས་ཡོད་པ་དང་མེད་པ་སོ་སོར་ཕྱེས་ཏེ་བསྟན་པའི་ཕྱིར་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་ཀ་ལས་གྲོལ་བའི་ཕྱིར་ངེས་པའི་དོན་འབའ་ཞིག་གོ་ཞེས་འདོད། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་པ་རྣམས་ནི། མདོ་གང་ཞིག་སྟོང་པ་ཉིད་འཁྱུད་ཅིང་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པ་ནི་དྲང་བའི་དོན་ཡིན་ཞིང་། མདོ་གང་སྟོང་པ་ཉིད་དོན་དམ་པའི་བདེན་པ་གཙོ་བོར་སྟོན་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེ་ཡིན་ནོ་ཞེས་བཞེད་དོ། །དེའི་ཕྱིར་འཁོར་ལོ་དང་པོར་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་རྣམ་པར་གཞག་ལ། མཐའ་མར་ནི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་པར་བསྟན་པའི་ཕྱིར་དྲང་བའི་དོན་ཡིན་ལ། འཁོར་ལོ་བར་པར་ནི་སྟོང་པ་ཉིད་ཀྱི་རང་བཞིན་གསལ་བར་བསྟན་པའི་ཕྱིར་ངེས་དོན་བླ་ན་མེད་པའོ་ཞེས་བཞེད་དོ། །དེ་ལྟར་ལུགས་དང་པོ་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་རྗེས་སུ་འབྲངས་པ་དང་། ཕྱི་མ་ནི་བློ་གྲོས་མི་ཟད་པ་ལ་སོགས་པ་ཟབ་མོའི་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། གཉིས་ཀ་ཡང་མཐར་ཐུག་གི་དགོངས་པ་ལ་འགལ་བ་རྡུལ་ཙམ་ཡང་མ་མཆིས་པ་སྟེ། ཇི་ལྟར་ན་རེ་ཞིག་མཚན་འཛིན་གྱི་སྤྲོས་པ་མཐའ་དག་གཅོད་པ་དང་། ཡུལ་ཆོས་དབྱིངས་གཏན་ལ་འབེབ་པ་ལ་ཀླུ་སྒྲུབ་ཀྱི་དགོངས་པ་གཙོ་ཆེ་ཞིང་། རྣལ་འབྱོར་པ་རྣམས་ཀྱི་སྒོམ་པ་གཙོ་བོར་བཏོན་པས་གནས་ལུགས་དེ་ཁོ་ན་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱར་གྱུར་པ་ཡུལ་ཅན་ཡེ་ཤེས་གཏན་ལ་འབེབ་པ་ལ་འཁོར་ལོ་མཐའ་མའི་ངེས་དོན་གྱི་མདོ་དང་བསྟན་བཅོས་རྣམས་ལས་བཀྲལ་པ་ཁོ་ན་ཟབ་པར་གནས་པ་ཡིན་ནོ། ༧ །གསུམ་པ་ཆོས་ཕུང་དུ་རྣམ་པར་གཞག་པ་ནི། དེ་ལྟར་ལུང་གི་ཆོས་ཐམས་ཅད་ལ་སྤྱིར་ཆོས་ཀྱི་ཕུང་པོ་ཞེས་བྱ་སྟེ། བརྗོད་བྱ་དོན་དང་རྗོད་བྱེད་ཀྱི་ཚིག་དུ་མ་སྤུངས་པའི་ཕུང་པོར་སྣང་བའི་ཕྱིར་རོ། །དེའང་ཉན་ཐོས་པ་དག་གི་འདོད་པ་ལྟར་ན། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་པ་ལྟར། བྱེ་བྲག་ཏུ་སྨྲ་བ་དག་ནི་ངོ་བོ་མིང་གི་ཚོགས་ཡིན་པ། རྒྱུད་ཉན་པ་པོས་བསྡུས་པ། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་འདོད་ལ། མདོ་སྡེ་པ་ནི་ངོ་བོ་ཚིག་གི་ཚོགས། རྒྱུད་འཆད་པ་པོས་བསྡུས་ལ། གཟུགས་ཀྱི་ཕུང་པོས་བསྡུས་པར་འདོད་དོ། །ཐེག་པ་ཆེན་པོ་ནི་རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་བཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་གསུངས་པ་ལྟར། ངོ་བོ་མིང་ཚིག་ཡི་གེར་སྣང་བ། གཙོ་བོར་ཉོན་ཤེས་ཀྱིས་བསྡུས་ཤིང་། གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀའི་རྣམ་པ་ཅན་དུ་ཀུན་མཁྱེན་ཀློང་ཆེན་པ་གསུང་ངོ་། །དེ་ལ་ཆོས་ཕུང་རེ་རེའི་ཚད་ནི། ཇི་སྐད་དུ། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་བཤད་པ་ལྟར། སྟོན་པས་གསུངས་པའི་ཆོས་ཐམས་ཅད་ཆོས་ཕུང་བརྒྱད་ཁྲིར་འདུས་ལ་དེའང་། བྱེ་སྨྲས་བཀའ་དང་། མདོ་སྡེ་པས་བསྟན་བཅོས་སུ་འདོད་པའི་མངོན་པ་སྡེ་བདུན་གྱི་ནང་ཚན། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །ཞེས་བཤད་པ་དེ་ལ་གཞུང་ཚད་ཤླཽ་ཀ་དྲུག་སྟོང་ཡོད་པས། དེ་ཙམ་ནི་ཆོས་ཕུང་གཅིག་གི་ཚད་ཡིན་ཞིང་བརྒྱད་ཁྲིའི་ནང་ནས་དེ་ཙམ་ཞིག་ལུས་ཀྱི་གཞན་ནི་ནུབ་བོ་ཞེས་ཟེར་རོ། །ཡང་སྡེ་པ་ཁ་ཅིག་གིས་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་ལ་སོགས་པའི་རྣམ་གྲངས་རེ་རེའི་གཏམ་རྫོགས་པ་ལ་ཆོས་ཕུང་རེ་རེར་འགྱུར་བར་འདོད་དོ། །ཡང་མདོ་སྡེ་པ་རྣམས་ནི་ཉོན་མོངས་པ་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ལོག་ལྟ། ཐེ་ཚོམ་རྣམས་ནང་གསེས་སུ་དབྱེ་བ་དང་། ཕན་ཚུན་སྦྱོར་བ་སོགས་ཀྱིས་བརྒྱད་ཁྲིར་འགྱུར་ལ། དེ་དག་རེ་རེའི་གཉེན་པོར་ཆོས་ཕུང་རེ་རེ་བསྟན་ཅིང་། རང་རང་གི་གཉེན་པོའི་བྱ་བ་ཡོངས་སུ་རྫོགས་པར་སྟོན་པའི་གཏམ་ནི་དེའི་ཚད་དུ་འདོད་དོ། །ཐེག་པ་ཐུན་མོང་བ་དག་གི་ལུགས་ཀྱིས། ཆོས་ཕུང་གཅིག་གི་ཚད་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་ལྟར་བྱས་པའི་ཤླཽཀ་སྟོང་ཡིན་ཞིང་། དེ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡོད་པ་བསྡོམས་པས་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་བར་འདོད་དོ། །ཐེག་པ་ཆེན་པོའི་དབང་དུ་བྱས་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་ཚིག་གསལ་ལས། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ། གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་གང་དག་ལས་འཕགས་པ་ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་ཁ་ཏོན་དུ་རྗོད་པར་བྱེད་དོ་ཞེས་གསུངས་པ་འདི་ཡང་རིགས་པར་འགྱུར་རོ། །ཞེས་བཤད་ཅིང་མདོ་གང་དག་ལས་ཞེས་པ་ནི་དྲིན་ལན་བསབས་པའི་མདོར་གྲགས་པའོ། །འདིར་ཚད་གསལ་བར་མ་བསྟན་ཀྱང་མངོན་པ་ཀུན་ལས་བཏུས་པའི་འགྲེལ་པ་ལས་ཤླཽ་ཀ་སྟོང་ཕྲག་རེ་ལ་ཆོས་ཕུང་གི་ཚད་དུ་བཞག་གོ །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ནི་འོག་ཏུ་འཆད་པར་འགྱུར་ལ། སྤྱིར་ན་གསང་སྔགས་ཀྱི་རྒྱུད་ལ་ཚད་གཟུང་དུ་མེད་པར་གསུངས་ཤིང་། བོད་དུ་བསྒྱུར་བ་གསར་རྙིང་གི་རྒྱུད་སྡེ་ཆེ་ལོང་ཙམ་ནི་སེམས་ཉིད་ངལ་གསོའི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས་གསལ་བར་འགྱུར་རོ། །འདིར་ཐུན་མོང་གི་རྒྱུད་སྡེ་རྣམས་ཀྱི་ཚད་ཕྱོགས་ཙམ་ནི། བདེ་མཆོག་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་དང་། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་སླད། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་ཏེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་འབྱུང་ངོ་། །འོ་ན་ཆོས་ཕུང་དེ་སྙེད་ཅིག་བཅོམ་ལྡན་འདས་ཀྱིས་གསུངས་ན་ད་ལྟ་མི་བཞུགས་པ་ཅི་ཟེར་ན། དེའི་ཚུལ་ནི་སློབ་དཔོན་ཙནྡྲ་གཽཽ་མིའི་སློབ་སྤྲིང་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་སྦྲུལ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མཆོད་དེ། །ས་ཡི་གཏིང་ན་གནས་པའི་རབ་རིབ་གསལ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །ཆོས་ཕུང་དེ་དག་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་སུ་བསྡུས་པ་ཡིན་ཏེ། དེ་ལ་གསུང་རབ་རྣམས་ནི། ཇི་སྐད་དུ། ཟླ་བ་སྒྲོན་མེའི་མདོ་ལས། མདོའི་སྡེ་དང་། དབྱངས་སུ་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། གླེང་གཞིའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་དང་། ཆོས་རྨད་དུ་བྱུང་བའི་སྡེ་རྣམས་ཏེ། ཞེས་སོ། །བསྟན་བཅོས་ལས་ཀྱང་། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་རྟོགས་པ་བརྗོད་དང་དེ་ལྟར་བྱུང་། །གླེང་གཞི་ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ་རྣམས་སོ། །ཞེས་པ་ལྟར། དེའང་སྡེ་ཚན་མཐུན་པར་གཅིག་ཏུ་བསྡུས་པ་རྣམས་ནི་མདོའི་སྡེའོ། །དང་པོ་ལྷུག་པའི་མཐར་དེའི་དོན་ཚིགས་བཅད་ཀྱིས་བསྡུས་པ་ནི་དབྱངས་སུ་བསྙད་པའོ། །སངས་རྒྱས་ལ་སོགས་པར་ལུང་བསྟན་པ་ནི་ལུང་དུ་བསྟན་པའོ། །ཚིགས་བཅད་འབའ་ཞིག་པ་ནི་ཚིགས་སུ་བཅད་པའི་སྡེའོ། །ཆོས་ཉན་པ་པོ་ལ་བསྐུལ་ནས་བསྟན་པ་ནི་ཆེད་དུ་བརྗོད་པའོ། །རང་རང་གི་རྟོགས་པ་བརྗོད་པ་རྣམས་བྱིན་གྱིས་བརླབས་པ་ནི་རྟོགས་པ་བརྗོད་པའོ། །སྔོན་གྱི་རབས་བསྟན་པ་ནི་དེ་ལྟ་བུ་བྱུང་བའོ། །གཞི་འགའ་ཞིག་གི་རྐྱེན་ལས་བཅས་པ་ནི་གླེང་གཞིའོ། །གང་བྱང་ཆུབ་ཀྱི་སྤྱོད་པའི་ཚུལ་རྒྱས་པ་མཐའ་ཡས་པར་སྟོན་པ་ནི་ཤིན་ཏུ་རྒྱས་པའོ། །དད་པ་ལ་སོགས་པ་སྐྱེ་བའི་ཐབས་རྣམ་པར་ཐར་པའི་ཚོམས་བསྟན་པ་ནི་སྐྱེས་རབས་སོ། །དོན་གཅིག་མདོར་བསྟན་ནས་སླར་དེའི་དོན་འགྲེལ་བར་བསྟན་པ་ནི་གཏན་ལ་དབབ་པར་བསྟན་པའོ། །ངོ་མཚར་བ་སྙིང་པོའི་དོན་བསྟན་པ་ནི་རྨད་དུ་བྱུང་བའི་སྡེའོ། །ཡང་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱང་བརྗོད་བྱ་བསླབ་པ་གསུམ་གཙོ་བོར་སྟོན་པའི་སྒོ་ནས་རྗོད་བྱེད་སྡེ་སྣོད་གསུམ་དུ་འགྱུར་ཏེ། ལུང་ཕྲན་ཚེགས་ལས། མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་སྡེར་བསྡུས། །གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པ་དང་། །དེ་ལྟར་བྱུང་བའི་སྡེ་ཞེས་བྱ་བ་དང་། །སྐྱེས་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལ་ཕབ་པ་གསུམ་ནི་མངོན་པར་བསྡུས། །ཞེས་གསུངས་པ་དང་། མངོན་པ་ཀུན་བཏུས་ལྟར་ན། མདོ་སྡེ་སོགས་དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད། གཙོ་བོ་གླེང་གཞི། འཁོར་རྟོགས་བརྗོད། དེ་ལྟ་བུ་བྱུང་བ། སྐྱེས་རབས་དང་བཞི་འདུལ་བའི་སྡེ་སྣོད། རྨད་དུ་བྱུང་བ་དང་། ཤིན་ཏུ་རྒྱས་པ་གཉིས་བྱང་སེམས་ཀྱི་མདོ་སྡེའི་སྡེ་སྣོད། གཏན་ལ་དབབ་པར་བསྟན་པའི་སྡེ་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དུ་འདུ་བར་གསུངས་སོ། །དེ་ཡང་ལྷག་པ་སེམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད། དེ་བཞིན་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་འདུལ་བའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་མངོན་པའི་སྡེ་སྣོད་ཀྱི་མཚན་ཉིད་དོ། །དེ་དག་གི་མིང་དོན་ཡང་། སྤྱིར་སྡེ་སྣོད་ཅེས་བྱ་བ་ལེགས་སྦྱར་བའི་པི་ཊ་ཀ་སྟེ། གང་བུ་དང་བྲེའོ་ཆེ་ལ་འཇུག་པའི་ཕྱིར། དོན་མང་པོ་འདུས་པས་བྲེའོ་ཆེ་ལྟ་བུ་སྟེ། བྲེའོ་ཆེ་ལ་བྲེའུ་ཆུང་མང་པོ་འདུས་པ་བཞིན་ནོ་ཞེས་འབྱུང་ངོ་། །དེ་ལྟར་ཡང་སློབ་དཔོན་ཐོགས་མེད་ཀྱིས། ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སྨྲས་པ། བསྡུས་པའི་ཕྱིར་ཏེ་ཞེས་བྱ་བ་ནས་དོན་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཞེས་བཤད་དོ། །བྱེ་བྲག་ཏུ་མདོ་སྡེ་ཞེས་བྱ་བ་སཱུ་ཏྲ་སྟེ་དོན་གྱི་སྡོམ་སྨྲོས་པ་ཡིན་ལ་དེའང་དོན་རྣམ་པ་བཞི་སྟེ། རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨྲོས་ཕྱིར་མདོ་ཡིན་ནོ། །ཞེས་འབྱུང་བ་ལྟར་ཡུལ་གང་དུ་གང་ཟག་གང་གི་ཕྱིར་གསུངས་པ་སྨྲོས་པས་གནས་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་མཚན་ཉིད་སྨྲོས་པས་མཚན་ཉིད་དང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྨྲོས་པས་ཆོས་དང་། དགོངས་པའི་དོན་ཟབ་མོ་དག་སྟོན་པས་དོན་ནོ། །འདུལ་བ་ཞེས་བྱ་བ་ནི་བི་ན་ཡ་སྟེ། དེ་ཉིད་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཞེས་པ་ལྟར། ལྟུང་བ་ནི་སྡེ་ལྔ་དང་། དེ་དག་གང་ལས་འབྱུང་བ་ནི། མི་ཤེས་པ། བག་མེད་པ། ཉོན་མོངས་པ་མང་བ། མ་གུས་པ་རྣམས་དང་། དེ་དག་ལས་ལྡང་བ་ནི་སྤོང་བའི་སེམས་པ་སོར་ཆུད་པ་དང་། ལྟུང་བ་ལས་ངེས་པར་འབྱུང་བ་ནི། ཆད་པའི་ལས་ཁས་ལེན་པ་དང་། རྗེས་ནས་གནང་བ་དང་། བག་ཡངས་སུ་བྱ་བ་དང་། རྟེན་འགྱུར་བ་དང་། ཡང་དག་པར་སོ་སོར་རྟོག་པ་དང་། ཆོས་ཉིད་ཐོབ་པ་རྣམས་སོ། །གང་ལ་བརྟེན་ནས་བསླབ་པ་བཅའ་བ་གང་ཟག །བསླབ་པ་བཅས་པ་དངོས། དེའི་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ་རྣམས་སོ། །མངོན་པ་ཞེས་བྱ་བ་ནི། ཨ་བྷི་སྟེ། དེ་ལས། མངོན་དུའི་ཕྱིར་དང་ཡང་དང་ཡང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་སྟོན་པའི་ཕྱིར་དང་། ཆོས་རེ་རེ་ལའང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་སོགས་ཞིབ་མོར་ཕྱེ་ནས་ཡང་དང་ཡང་དུ་སྟོན་པའི་ཕྱིར་དང་། ཕས་རྒོལ་ཟིལ་གྱིས་གནོན་པའི་ཆོས་ཡིན་པའི་ཕྱིར་དང་། འདིས་མདོ་སྡེའི་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྡེ་སྣོད་གསུམ་དུ་རྣམ་པར་གཞག་པའི་རྒྱུ་མཚན་ཅི་ཞེ་ན། ཐར་པ་སྒྲུབ་པ་རྣམས་ཀྱི་སྤང་བྱའི་གཙོ་བོ་ནི། ལམ་གོང་མ་ལ་ཐེ་ཚོམ་ཟ་བ་དང་། རང་ལམ་ལ་སྤྱོད་པ་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་སྟེ་གསུམ་གྱི་གཉེན་པོར་སྡེ་སྣོད་གསུམ་དུ་གསུངས་སོ། །ཡང་ན་བརྗོད་བྱ་བསླབ་པ་གསུམ་དུ་ངེས་པས། རྗོད་བྱེད་སྡེ་སྣོད་གསུམ་དུ་འཇོག་སྟེ། སློབ་དཔོན་ཐོགས་མེད་ཞབས་ཀྱིས། མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་སྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པས་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པས་ནི་ལྷག་པའི་ཤེས་རབ་སྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པའི་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །ཡང་ན་ཤེས་པར་བྱ་བ་གསུམ་གྱི་ཕྱིར་སྡེ་སྣོད་གསུམ་དུ་འཇོག་སྟེ། ཆོས་དོན་བཤད་པ་དང་། ཆོས་དོན་སྒྲུབ་པ་དང་། ཆོས་དོན་འབེལ་བའི་གཏམ་གཏན་ལ་དབབ་པ་རྣམས་ཀྱི་ཆེད་དུ་རིམ་པ་བཞིན་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་དང་དོན་ནི། མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། མིང་དང་ཚིག་དང་ཡི་གེ་རྣམས་ལ་ནི་ཆོས་ཞེས་བྱའོ། །དེའི་བརྗོད་པར་བྱ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་ནི་དོན་ཞེས་བྱའོ། །ཞེས་དང་། ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ནི་ཆོས་ཞེས་བྱའོ། །དགོངས་པ་བཞི་དང་ལྡེམ་པོའི་ངག་བཞི་ལ་ནི་དོན་ཞེས་བྱའོ། །ཡང་ན་མཐོ་རིས་ཐོབ་པར་བྱེད་པའི་རྒྱུ་དགེ་བ་བཅུ་ལ་ནི་ཆོས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལ་ནི་དོན་ཞེས་བྱ་སྟེ་ཞེས་འབྱུང་ཞིང་། འདི་དག་ལ་དགོངས་ནས་རྒྱན་དུ། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ན་རྒྱུ་ནི་དགུར་འདོད་དོ། །ཞེས་འབྱུང་ངོ་། །ཡང་ན་བཀའ་ཐམས་ཅད་སྡེ་སྣོད་གཉིས་སུ་ཕྱེ་སྟེ། གདུལ་བྱའི་གང་ཟག་གི་དབང་ལས་ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་སོ།། ༈ གཉིས་པ་རྟོགས་པའི་ཆོས་འཁོར་ལ། མཚན་ཉིད། ངོ་བོ། མཚན་གཞི། དབྱེ་བ་བཤད་པ་དང་བཞི་ལས། དང་པོ་ནི། སྟོན་པའི་བདག་རྐྱེན་ལས་བྱུང་བའི་ཆོས་འཁོར་གང་ཞིག་གདུལ་བྱའི་རྒྱུད་ལ་མངོན་རྟོགས་ཁྱད་པར་ཅན་རིམ་དང་ཅིག་ཆར་གང་རུང་གིས་སྐྱེ་བའོ། །ཇི་སྐད་དུ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །ཆེས་འཕགས་བདེ་བ་བྱེད་ཅིང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པ་ལྟར་རོ། ༧ །གཉིས་པ་ངོ་བོ་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མི་མཐུན་ཕྱོགས་འཇོམས་པར་ནུས་པ་སྟེ། མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། །ཞི་བ་དང་བསིལ་བར་གྱུར་པ་ཞེས་ཀྱང་བྱ། ཞེས་དང་། མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཞེས་སོ། ༧ །གསུམ་པ་མཚན་གཞི་ནི། ཐེག་པ་གསུམ་གྱི་ལམ་མཉམ་གཞག་དང་རྗེས་ཐོབ་ཀྱི་ཡེ་ཤེས་ཁྱད་པར་ཅན་རྣམས་སོོ། ༧ །བཞི་པ་དབྱེ་བ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་བཤད་པ་ལྟར། འཁོར་ལོ་རིན་པོ་ཆེ་ནི་འདོད་པའི་སར་མྱུར་དུ་འགྲོ་བ་དང་། ཡུལ་གཞན་འདོར་ཞིང་གཞན་དུ་འཇུག་པ་དང་། གྲོང་དང་གྲོང་བརྡལ་སོགས་མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣལ་དུ་འགོད་པ་དང་། གནས་ལ་ལར་འཕར་ཞིང་ལ་ལར་འབབ་པ་ལྟར། སྐད་ཅིག་བཅོ་ལྔས་བདེན་པ་རྟོགས་པའི་ཕྱིར་མྱུར་དུ་འགྲོ་བ་དང་། བར་ཆད་མེད་ལམ་འདོར་བ་དང་། རྣམ་གྲོལ་ལམ་མངོན་དུ་བྱ་བའི་ཕྱིར་འཇུག་པའམ། བདེན་པའི་དམིགས་པ་གཞན་འདོར་ཞིང་། གཞན་ལ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་འཇིག་ལྟ་སོགས་ཉོན་མོངས་པ་མ་རྒྱལ་བ་རྣམས་ལས་ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་པ་དང་། རྣམ་གྲོལ་ལམ་གྱིས་ཉོན་མོངས་པ་ལས་བྲལ་བའི་ཐོབ་པ་འཛིན་པ་དང་། ལྷན་ཅིག་སྐྱེས་པའི་སྒོ་ནས་རྒྱལ་བ་རྣལ་དུ་འགོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་ནས་འཕར་བ་དང་འདོད་པའི་ཁམས་ལ་དམིགས་ནས་འབབ་པ་ལ་སོགས་པ་རྣམས་ཀྱི་ཕྱིར། ཆོས་འཁོར་ནི་མཐོང་ལམ་ཁོ་ནའོ་ཞེས་སོ། །དེའི་ཁུངས་ཀྱང་། མཛོད་འགྲེལ་ལས་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས་ཞེ་ན། འཕགས་པ་ཀཽཎྜི་ཡ་ལ་དེ་སྐྱེས་པ་ན་ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་འོག་མིན་གྱི་བར་དུ་བསྒྲགས་པའི་ཕྱིར་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོག་ནི་འཕགས་ལམ་ཡན་ལག་བརྒྱད་འཁོར་ལོ་དང་མཚུངས་པས་མཐོང་ལམ་ཁོ་ན་ལ་ཆོས་འཁོར་ཞེས་བྱ་སྟེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་རྣམས་ནི་རྩིབས་ལྟ་བུ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ། ཏིང་ངེ་འཛིན་ནི་མུ་འཁྱུད་ལྟ་བུ་ཡིན་པའི་ཕྱིར། ཞེས་མཛོད་ཊཱིཀ་ལས་འབྱུང་ངོ་། །མདོ་སྡེ་པ་རྣམས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་ག་ཆོས་ཀྱི་འཁོར་ལོར་འདོད་དེ། ཇི་སྐད་དུ། མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་ཡང་ཆོས་ཀྱི་འཁོར་ལོ་ཡིན་ཏེ། གདུལ་བའི་སྐྱེ་བོའི་རྒྱུད་ལ་འཇུག་པས་འཁོར་ལོ་ཞེས་བྱ་བའི་ཕྱིར་རོ། །ཞེས་བཤད་པས་སོ། །ཐེག་ཆེན་པ་ལྟར་ན། ཚོགས་ལམ་ནས་མི་སློབ་ལམ་གྱི་བར་ལམ་ལྔ་པོ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དབུ་མ་པ་ཆོས་བཤེས་ཀྱིས། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། ཁ་ཅིག་ནི་སྦྱོར་བའི་ལམ་མོ། ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བར་དག་གོ །ཞེས་བཤད་ཅིང་། འཕགས་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་སོགས་ནས། མི་མཉམ་པ་དང་མཉམ་པ་འདི་དག་བཤད་པ་ན་ཡང་། དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ཞེས་དང་། དགེ་བསྙེན་དྲུག་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །བྱང་ཆུབ་སེམས་དཔའ་ཉི་ཁྲི་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཞེས་སོགས་གསུངས་པ་ལྟ་བུའོ།། ༈ གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་རྣམ་པར་གཞག་པ་ལ། སློབ་དཔོན་ཉི་འོད་སེངྒེས་ནི། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་ཀྱི་ཆོས་བསྟན་པའི་ཚེ། མི་ཡུལ་དུ་མཆོག་གི་སྤྲུལ་སྐུས་རྡོ་རྗེ་གདན་དུ་སངས་རྒྱས་ཚུལ་མ་བསྟན་པའི་གོང་དུ་གསུངས་པ་ཡིན་ཞེས་བཤད་དོ། །སློབ་དཔོན་སྒེག་པའི་རྡོ་རྗེས་ནི། མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ཐུན་མོང་གི་ཐེག་པ་བཤད་པ་དང་དུས་མཚུངས་པར་སྟོན་པས་འོག་མིན་དུ་གསང་སྔགས་ཀྱི་ཚུལ་ཟབ་ཅིང་རྒྱ་ཆེ་བ་རྣམས་གསུངས་པར་བཞེད་དོ། །དེ་ཡང་རྒྱལ་བ་ཀུན་ཏུ་བཟང་པོས་འོག་མིན་གྱི་གནས་སུ་ཉིད་ལས་མི་གཞན་པའི་འཁོར་རྒྱལ་ཚབ་སྟོན་པ་རིགས་ལྔ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པ་དང་། རིགས་ལྔས་རྒྱལ་སྲས་སེམས་དཔའ་སོགས་ལྷན་ཅིག་པའི་འཁོར་རྣམས་ལ་དགོངས་པ་བརྡའི་གསུང་གིས་གོ་བར་མཛད་ཅིང་། འོག་མིན་གྱི་གནས་རྣམས་དང་རྡོ་རྗེ་བཙུན་མོའི་བྷ་ག་སྟེ་ཆོས་ཀྱི་དབྱིངས་ཐར་པ་ཆེན་པོའི་ཕོ་བྲང་ལ་སོགས་པ་རྣམས་སུ། དྲག་པོ་དང་འཇིགས་བྱེད་ལ་སོགས་པའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དབང་ཤེས་སུ་སྣང་བར། ཆེ་མཆོག་ཧེ་རུ་ཀཿདང་། གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། པདྨ་གར་གྱི་དབང་ཕྱུག་སོགས་དང་། གཞན་ཡང་ཧེ་བཛྲ། ཙཀྲ་སམྦར་དང་། དུས་ཀྱི་འཁོར་ལོ་སོགས་ཀྱི་སྐུར་བསྟན་པའི་སྒོ་ནས་གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས་སོ། །དེ་དང་མཚུངས་པར་དགའ་ལྡན་དང་། རི་རབ་ཀྱི་རྩེ། ཨཽ་ཌཱི་ཡ་ན། ལྕང་ལོ་ཅན། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ། ཤམྦྷ་ལ་ལ་སོགས་པ་ཀུན་རྫོབ་ཀྱི་གནས་རྣམས་སུའང་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཆགས་བྲལ་གྱི་གཟུགས་ཀྱིས་སམ། འཁོར་ལོས་སྒྱུར་བའི་རྣམ་པས་བསྟན་པ་ལ་སོགས་པར་སྣ་ཚོགས་པ་སྣང་བའོ། །དེ་ཡང་འོག་མིན་གྱི་ཚུལ་ལ་མདོ་དང་བསྟན་བཅོས་ཕལ་མོ་ཆེ་ལས་གཟུགས་ཁམས་གནས་ཀྱི་འོག་མིན་དང་སྟུག་པོ་བཀོད་པའི་འོག་མིན་ཙམ་ལས་གསལ་བར་མ་བསྟན་ཀྱང་སྔ་འགྱུར་བའི་མཁས་གྲུབ་རྣམས་ནི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྤྱན་འགྲེལ་ལས་འབྱུང་བ་ལྟར་འདོད་དེ། ཇི་སྐད་དུ། དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཏེ་སངས་རྒྱས་ཀྱི་བཞུགས་གནས་ཡིན་ཞིང་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་རྟགས་སུ་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བ་སྟེ་ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡིན་ཞིང་ཆོས་ཀྱི་དབྱིངས་མཚོན་བྱེད་ཀྱི་རྟགས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རིག་པའི་འོག་མིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་རིག་པའི་ཡེ་ཤེས་ཏེ་དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་དེའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །གསང་བའི་འོག་མིན་ཡུམ་གྱི་མཁའ་སྟེ། གསང་བ་སྐུའི་བཞུགས་གནས་ཡིན་ཞིང་། མི་གནས་པའི་ཡོན་ཏན་གོང་ན་གཞན་མེད་པའི་ཕྱིར་རོ། །རྟོགས་པའི་འོག་མིན་ལས་དང་པོ་པས་འོག་མིན་གྱི་གཞལ་ཡས་ཁང་བསྒོམ་པ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་བཞུགས་གནས་ཡིན་ཞིང་། དོན་སྤྱི་འཛིན་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །འཇིག་རྟེན་གནས་ཀྱི་འོག་མིན་གཙང་མ་རིས་ཀྱི་ལྷ་ལྔའི་ཡང་སྟེང་སྟེ། འཕགས་པ་རྣམས་ཀྱི་བཞུགས་གནས་ཡིན་ཞིང་གཟུགས་ཁམས་ཀྱི་གནས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །ཞེས་དྲུག་ཏུ་བསྟན་པ་རྣམས་ཀྱང་ཀུན་མཁྱེན་ཀློང་ཆེན་པས་སྐུ་གསུམ་གྱི་འོག་མིན་དུ་འདུ་བར་བསྟན་ཏེ། དོན་དང་རིག་པའི་འོག་མིན་ཆོས་སྐུར་འདུ་ཞིང་། རྟགས་ཀྱི་ལོངས་སྐུ་དང་གཞན་གསུམ་སྤྲུལ་སྐུར་འདུ་སྟེ། གནས་ཀྱི་འོག་མིན་ཡིན་ལ། གསང་བ་དང་། རྟོགས་པའི་འོག་མིན་ནི་སྤྲུལ་སྐུའི་ལམ་ཉམས་སུ་ལེན་པས་དེའི་ཁོངས་སུ་འདུའོ། །ཞེས་གསུངས་སོ། །དེ་ལྟར་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱའི་དབང་པོ་འདི་ཉིད་ལ་ལར་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས། ལ་ལར་མཆོག་གི་སྤྲུལ་པའི་སྐུའི་ཚུལ་གྱིས། ལ་ལར་རྗེས་སུ་གནང་བ་དང་བྱིན་གྱིས་བརླབས་པའི་ཚུལ་གྱིས་དུས་རྒྱུན་མི་འཆད་པར་གདུལ་བྱ་རིག་པ་འཛིན་པ་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ལ། བརྗོད་བྲལ་རང་བཞིན་རྣམ་པ་ཐམས་ཅད་པའི་གསུང་སྒྲ་བརྙན་གྱི་ཚུལ་གྱིས་གནས་ཐ་དད་པ་རྣམས་སུ་གསུངས་པ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུ་གླིང་དུ་གྲགས་པ་ཡིན། །ཞེས་དང་། སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །ཞེས་འབྱུང་བ་ལྟར་རོ། །གཞན་ཡང་སྟོན་པས་རི་རབ་རྩེ་མོ་དེ་ཉིད་ནས་སྤྲུལ་པ་དཔག་ཏུ་མེད་པ་འཛམ་བུའི་གླིང་ཡུལ་ཉི་ཤུ་རྩ་བཞིར་བཀྱེ་སྟེ། ལྷོ་ཕྱོགས་གྱད་ཀྱི་ཡུལ་དུ་ནགས་ཚལ་དྲྭ་བ་ཅན་གྱི་མདོ་དང་། སྐྱེས་བུ་འབྱུང་བའི་གནས་ཞེས་བྱ་བར་འཕགས་པ་འཇམ་དཔལ་དུ་སྤྲུལ་ནས་འཇམ་དཔལ་གྱི་ལེའུ་ཁྲི་དྲུག་སྟོང་དང་བཤད་རྒྱུད་ཆོ་ག་འདུས་པ་ལེའུ་བཞི་སྟོང་བདུན་བརྒྱ་པ་དང་། དཀའ་བ་ཡོངས་སུ་སྤྱོད་པའི་རྒྱུད་ཤླཽ་ཀ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་གསུངས་སོ། །བསིལ་བའི་ཚལ་དུ་སྟོན་པ་རིགས་གསུམ་མགོན་པོས་ཀྲི་ཡ་ཐམས་ཅད་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གྱི་གནྡྷོ་ལའི་དྲི་གཙང་ཁང་རེག་པ་མེད་པའི་གདུགས་ཅན་གྱི་ནང་དུ་སྟོན་པ་རྡོ་རྗེ་འཆང་ཧེ་བཛྲ་དུ་སྤྲུལ་ནས། དགྱེས་པ་རྡོ་རྗེ་འབུམ་ཚོ་ལྔའི་བདག་ཉིད་བཤད་རྒྱུད་བཞི་དང་བཅས་པ་གསུངས་སོ། །འཛམ་བུ་གླིང་གི་ཡུལ་ཉི་ཤུ་རྩ་བཞིར། སྟོན་པ་རྡོ་རྗེ་འཆང་ཆེན་པོས་བདེ་མཆོག་འཁོར་ལོའི་བཤད་རྒྱུད་དང་བཅས་པ་བསྟན། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར་འཇམ་དཔལ་གཤིན་རྗེའི་གཤེད་དུ་སྤྲུལ་ནས་གཤིན་རྗེའི་གཤེད་ཀྱི་རྒྱུད་ཁ་ཅིག་གསུངས་པར་གྲགས་སོ། །དུར་ཁྲོད་བརྒྱད་ཀྱི་གནས་སུ་སྟོན་པ་ཧེ་རུ་ཀས་སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི། མ་ཧཱ་མཱ་ཡཱ་ལ་སོགས་པ་དང་། སྨྲེ་ཁྲོད་ཀྱི་གྲོང་ཁྱེར་དང་རི་བོ་བྱ་རྐང་ཅན་དུ་གསང་སྔགས་ནང་གི་རྒྱུད་སྡེ་མང་པོ་གསུངས་སོ། །འོ་ན་དགོངས་པ་ལུང་བསྟན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་པ་ཇི་ལྟར་བགྲང་ཞེ་ན། དེ་ལ་ཕྱེད་སྔ་མའི་ལུང་དོན་ནི་གདུལ་བྱ་ཕལ་ལ་མ་གྲགས་པའི་དབང་དུ་མཛད་ནས་གསུངས་ལ། ཕྱེད་ཕྱི་མའི་ལུང་དོན་ནི་ཁྱབ་བརྡལ་དུ་དར་བ་ལ་དགོངས་པ་ཡིན་ནོ།། ༈ གསུམ་པ་བསྟན་པའི་གཏད་རབས་དང་ལྷན་ཅིག་ཐུན་མོང་ཐུན་མིན་གྱི་བཀའ་ཡི་བསྡུ་བ་དང་འཕགས་ཡུལ་དུ་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟར་བྱོན་པའི་ཚུལ་མདོ་ཙམ་བསྟན་པ་ནི། གང་གི་ཚེ་སྟོན་པས་ཉན་ཐོས་འོད་སྲུངས་ཆེན་པོ་ལ་བསྟན་པ་འཁོར་རྣམ་བཞི་དང་བཅས་པ་གཏད་དེ་གྱད་ཡུལ་རྩ་མཆོག་གྲོང་དུ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན། དགྲ་བཅོམ་པ་ཁྲི་བརྒྱད་སྟོང་ཡང་བུད་ཤིང་ཟད་པའི་མེ་ལྟར་ཕུང་པོ་ལྷག་མ་མེད་པའི་དབྱིངས་མངོན་དུ་བྱས་སོ། །དེ་ནས་རིང་པོར་མ་ལོན་པར་ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མཽང་གལ་གྱི་བུ་དང་ལྷན་ཅིག་བདུན་ཁྲི་མྱ་ངན་ལས་འདས་པ་ན། ས་བླའི་ལྷ་རྣམས་ཀྱིས་ཀྱེ་མ་དགེ་སློང་དབང་ཡོད་པ་རྣམས་ནི་མྱ་ངན་ལས་འདས། འཛམ་བུའི་གླིང་དུ་དམ་པའི་ཆོས་ནི་མེ་ཤི་བའི་དུ་བ་ཙམ་དུ་གྱུར་ཏོ་ཞེས་འཕྱ་བ་ལ། སྟོན་པ་འདས་པའི་ཕྱི་ལོའི་དབྱར་ཐོག་རྒྱལ་པོའི་ཁབ་ཀྱི་འོད་སྲུངས་ཕུག་ཏུ། རྒྱལ་པོ་མ་སྐྱེས་དགྲའམ་མཐོང་ལྡན་དགེ་བ་ཞེས་བྱ་བས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་ལྔ་བརྒྱ་འདུས་པའི་དབུས་སུ་ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུངས་ཆེན་པོས་མངོན་པ་སྟེ། སྡེ་སྣོད་གསུམ་ཡང་དག་པར་བསྡུས་ཤིང་། ལྷ་རྣམས་ནི་འཕེལ། ལྷ་མ་ཡིན་རྣམས་ནི་འགྲིབ། སྟོན་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱས་སོ། །བསྡུ་བ་དང་པོའི་འོག་ཏུ་གནས་བརྟན་འོད་སྲུངས་ཆེན་པོས་ཕྱོགས་ཕྱོགས་སུ་བསྟན་པ་རྒྱས་པར་མཛད་ཅིང་། མཐར་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་ནས་རི་བོ་བྱ་རྐང་ཅན་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དེ་ནས་ཀུན་དགའ་བོས་རྒྱལ་པོའི་ཁབ་ཏུ་གཞོན་ནུ་གསེར་མདོག་ཅན་སོགས་ཆོས་ལ་བཀོད། ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲམ་ཟེ་བྷ་ར་དྷྭ་ཛ་དང་རུས་གཅིག་པ་རྣམས་ཕྱི་རོལ་པ་ལས་ལྡོག་སྟེ་ཆོ་འཕྲུལ་གྱིས་ཚར་བཅད། ཡུལ་ཐ་དད་པ་རྣམས་སུ་ཆོས་བསྟན་ནས་ལྷ་དང་མིའི་དོན་རྒྱ་ཆེན་པོ་མཛད་དེ་ཤ་ནའི་གོས་ཅན་ལ་བསྟན་པ་གཏད། ཆུ་བོ་གངྒཱའི་དབུས་སུ་དྲང་སྲོང་ཉི་མ་གུང་པ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་ལ་ཁ་ཆེའི་ཡུལ་དུ་བསྟན་པ་དར་བར་ལུང་བསྟན་ཏེ་མྱ་ངན་ལས་འདས་སོ། །ཤ་ནའི་གོས་ཅན་གྱིས་རྒྱལ་པོ་གཞུ་བཟང་འཁོར་བཅས་རབ་ཏུ་དབྱུང་ཞིང་སྐྱེ་བོ་རྣམས་ལ་ཆོས་བསྟན་པས་དགྲ་བཅོམ་པ་དང་བདེན་པ་མཐོང་བ་མང་དུ་བྱུང་ངོ་། །མཐར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ལ་བསྟན་པ་གཏད་དེ་ཡུལ་ཙམ་པ་ཀར་མྱ་ངན་ལས་འདས་སོ། །མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་འཕགས་པ་ཉེར་སྦས་ཀྱིས་གདུལ་བྱ་མང་པོའི་དོན་མཛད་ཅིང་། ཁྱད་པར་ལུས་འཕགས་དང་། གནྡྷ་རི་དང་། གར་མཁན་དཔའ་བོའི་གཙུག་ལག་ཁང་རྣམས་སུ་ཆོས་བསྟན་པས་ཉིན་རེ་བཞིན་དགྲ་བཅོམ་པ་ཐོབ་པ་གྲངས་ལས་འདས་པ་དང་། བསྟན་པ་ལ་བར་དུ་གཅོད་པའི་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་སྤྲུལ་པ་ཡང་རྫུ་འཕྲུལ་གྱིས་བཏུལ་བ་སོགས་རྨད་བྱུང་གི་མཛད་པ་མང་དུ་མངའ་ཞིང་། མཐར་གྲོང་ཁྱེར་ཆེན་པོ་བཅོམ་བརླག་ཏུ་བྲམ་ཟེ་དྷཱི་ཏི་ཀ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་ལ་ཁད་པ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །འཕགས་པ་དྷཱི་ཏི་ཀས་ཕྱོགས་མང་པོར་སྐྱེ་བོ་རྣམས་ལ་ཆོས་བསྟན་ཅིང་། ཁྱད་པར་ཐོ་གར་གྱི་རྒྱལ་པོ་དང་། ཤར་ཕྱོགས་ཀཱ་མ་རཱུ་པའི་བྲམ་ཟེ་སེང་གེ་འཁོར་བཅས། མལླ་ཝར་གྱི་བྲམ་ཟེ་དྲེགས་བྱེད་རྣམས་རྫུ་འཕྲུལ་གྱིས་དད་པའི་ས་ལ་བཀོད་ཅིང་རིམ་གྱིས་བདེན་པ་མངོན་པར་རྟོགས་པའི་ལམ་ལ་སྦྱོར་བར་མཛད། མཐར་ཤར་ཕྱོགས་ལངྐའི་ཡུལ་གྱི་ཚོང་དཔོན་ནག་པོ་པ་ཞེས་བྱ་བ་རྒྱ་མཚོའི་འཇིགས་པ་ལས་བསྐྱབས། རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་པ་ལ་བསྟན་པ་གཏད་དེ་གྲོང་ཁྱེར་འཕགས་རྒྱལ་དུ་མྱ་ངན་ལས་འདས་སོ། །གང་གི་ཚེ་འཕགས་པ་དྷཱི་ཏི་ཀས་ཕྱོགས་མང་པོར་བྱོན་ནས་ཆོས་བསྟན་པའི་དུས་ཤིག་ན་ཡུན་རིང་པོར་བྲོ་ནད་འཚལ་བས་ཀཽ་ཤམྦྷིར་བཞུགས་ནས་འཁོར་རྣམས་ལ་ཆོས་བསྟན་པ་ལས། ཡངས་པ་ཅན་པའི་དགེ་སློང་དག་གིས་གནས་བརྟན་ནད་ཀྱིས་ཐེབས་པ་ལ་ཡང་དག་པའི་གདམས་ངག་ཅི་ཞིག་ཡོད་ཅེས་ཟེར་ཞིང་། དེའི་ཐད་དུ་མི་འགྲོ་བར། མི་རུང་བའི་གཞི་བཅུ་ལ་སྤྱོད་བཞིན་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པའང་ཡིན་ཞེས་བསྒྲགས་པས་རྨ་འབྱིན་པ་ལ། ཀུསྨ་པུ་རིའི་གཙུག་ལག་ཁང་དུ་ལི་ཅཱ་བིའི་རིགས་ལས་བྱུང་བའི་རྒྱལ་པོ་དགའ་བྱེད་ཀྱིས་ཡོ་བྱད་བསྟབས་ཏེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུར་ལོན་པ་ཙམ་ན། དགྲ་བཅོམ་པ་གྲགས་པ་ལ་སོགས་བདུན་བརྒྱས་མི་རུང་བའི་གཞི་རྣམས་སུན་ཕྱུངས་ཏེ་མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་གིས་བསྡུ་བ་གཉིས་པ་མཛད་དོ། །འཕགས་པ་ནག་པོ་པས་ཁ་ཆེའི་ཡུལ་དུ་འཁོར་མང་པོ་ལ་ཆོས་བསྟན་པ་དང་སིང་ག་ལའི་རྒྱལ་པོ་འཁོར་བཅས་བདེན་པ་མཐོང་བ་ལ་བཀོད་པ་དང་ཕྱོགས་དེར་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ཁྱབ་པར་མཛད། མཐར་ནུབ་ཕྱོགས་བྷ་རཱུ་ཀ་ཙར་སྐྱ་བསེང་གི་རིགས་ལས་བྱུང་བ་ལེགས་མཐོང་ལ་བསྟན་པ་གཏད་དེ་བྱང་ཕྱོགས་ཀུ་ཤའི་ཚལ་དུ་མྱང་ངན་ལས་འདས་སོ། །དེའི་འོག་ཏུ་ལེགས་མཐོང་ཆེན་པོས་འཁོར་རྣམས་ལ་ཆོས་བསྟན་པ་དང་། སྐྱེ་བོ་མང་པོ་དད་པའི་ས་ལ་བཀོད། ནུབ་ཕྱོགས་སིནྡྷུའི་ཡུལ་དུ་ཀླུ་དང་གནོད་སྦྱིན་ཕོ་མོ་ལྔ་བརྒྱ་ཙམ་ཆོས་ལ་བཙུད་དེ་བསྟན་པ་གསལ་བར་མཛད་དོ། །གང་གི་ཚེ་ལེགས་མཐོང་ཆེན་པོས་ཕྱོགས་ཕྱོགས་སུ་འཁོར་རྣམས་ལ་ཆོས་བསྟན་པའི་དུས་ཤིག་ན། ཚོང་དཔོན་གྱི་བུ་ལྷ་ཆེན་པོ་ཞེས་བྱ་བ་མཚམས་མེད་པའི་ལས་གསུམ་བྱས་པ་ཞིག་ཁ་ཆེར་སོང་ནས་དགེ་སློང་བྱས། སྡེ་སྣོད་གསུམ་བློ་ལ་བྱང་པར་ཤེས་ནས་དགོན་པར་གནས་པ་ལ་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་ཐམས་ཅད་ཀྱིས་དགྲ་བཅོམ་པར་བཟུང་ངོ་། །ཇི་ཞིག་ན་གཙུག་ལག་ཁང་འདམ་བུ་ཅན་དུ་མདོ་འདོན་པའི་རེས་ལ་བབས་པའི་ཚེ། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལམ་ནི་སྒྲ་ཡི་རྒྱུན་ལས་བྱུང་། །ཐེ་ཚོམ་ཅན་རྣམས་གཞན་གྱིས་འཇུག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་འདོན་པ་ལ་དགེ་སློང་གཞན་གྱིས་མདོའི་ཚིག་མ་ཡིན་པར་སྨྲས་ཀྱང་མ་ལྡོག་པར་རྩོད་པའི་གཞིར་གྱུར་ཏོ། །སླད་དུ་དགེ་སློང་བཟང་པོ་ཞེས་བྱ་བས་ཀྱང་། གཞན་ལན་གདབ་དང་མི་ཤེས་དང་། །ཡིད་གཉིས་དང་ནི་ཡོངས་སུ་བརྟགས། །བདག་ཉིད་གསོ་བར་བྱེད་པ་སྟེ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་མདོའི་དོན་ལོག་པར་འདོན་ཏེ། གནས་བརྟན་ཀླུ་དང་ཡིད་བརྟན་ལ་སོགས་པ་ཐོས་པ་དང་མི་ལྡན་པ་རྣམས་དེ་ཡི་རྗེས་སུ་འབྲངས་ནས་མདོ་འདོན་པ་སྣ་ཚོགས་སུ་སོང་ནས་མ་མཐུན་པར་ཉན་ཐོས་རྣམས་རིམ་གྱིས་སྡེ་པ་བཅོ་བརྒྱད་དུ་གྱེས་སོ། །དེ་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱུད་ལས་བྱུང་བ་རྒྱལ་པོ་དཔའ་བོ་སྡེའི་ཚེ་སྨད་དང་། དགའ་བོ་དང་པདྨ་ཆེན་པོའི་ཚེ་རིལ་པོ། རྒྱལ་པོ་ཀ་ནིཥྐའི་ཚེ་སྟོད་ཡན་ཏེ། རྒྱལ་རབས་བཞིའི་སྐུ་རིང་ལ་དགེ་འདུན་རྣམས་རྩོད་པ་ཁོ་ནར་ལོ་བརྒྱར་ཉེ་བ་ཙམ་དུ་གནས་སོ། །དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱར་ཉེ་བ་ན། རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་བྱས་ཏེ། ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་དུ་འཕགས་པ་རྩིབ་ལོགས་སྐྱེས་སོགས་སྡེ་སྣོད་འཛིན་པའི་དགེ་སློང་མཐའ་དག་འདུས་ནས་བཀའ་བསྡུ་གསུམ་པ་བྱས་ཞེས་ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་བཤད་ལ། དབུས་ཀྱི་མཁས་པ་རྣམས་ནི་ཛ་ལན་དྷ་རའི་དགོན་པ་ཀུ་པ་ནའི་གཙུག་ལག་ཁང་དུ་བསྡུས་པར་འདོད། དེ་ཙམ་ན་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས། མདོ་འདོན་པ་མཚུངས་པར་སྟོན་པའི་ཕྱིར་དམ་ཆོས་འདུལ་བའི་ཚོགས་རྣམས་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་མ་འཁོད་པ་དག་ཡི་གེར་བཀོད་ཅིང་། འཁོད་ཟིན་པ་རྣམས་ལའང་དག་ཐེར་མཛད་པར་གྲགས་སོ། ༧ །ཐེག་པ་ཆེན་པོ་ལས་རྒྱུ་མཚན་ཉིད་ཐེག་པའི་བསྡུ་བ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སམ་བྷ་ཝའི་རི་ལ་བྱང་སེམས་འབུམ་ཕྲག་བཅུ་འདུས་ཏེ་འཕགས་པ་འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་རྣམས་བསྡུས་པར་གྲགས། རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་། གསང་བའི་བདག་པོ་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས་ཀྱང་། ངག་གང་འོད་སྲུངས་ཆེན་པོ་ལ། །སོགས་པས་གཏིང་དཔོག་མ་གྱུར་པ། །དེ་ནི་ཁྱོད་ཀྱིས་མ་རྟོགས་པས། །གཟུང་བྱ་མིན་པར་སུ་ཞིག་བྱེད། །ཅེས་སོགས་ཐེག་ཆེན་བཀའ་སྒྲུབ་ལས་གསལ་བར་བསྟན་པ་ཡིན་ནོ། །ཐུན་མིན་གསང་སྔགས་ཀྱི་བསྡུ་བ་ནི། སྤྱིར་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ཞིག་ནི་སྟོན་འཁོར་ཐ་མི་དད་པའི་ཚུལ་གྱིས་བསྡུས་པར་གསུངས་ཏེ། ཀྱཻ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་བསྟན་ཉན་པོའང་ང་། །ཞེས་སོ། །བྱེ་བྲག་གི་རྒྱུད་ཕལ་མོ་ཆེ་ནི་རི་རབ་ཀྱི་བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་དུ་བྱང་སེམས་རིག་པ་འཛིན་པའི་ཚོགས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འདུས་པའི་དབུས་སུ་དཔལ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྡུས་པར་བཤད་ལ། རྒྱུད་སྡེ་ཁ་ཅིག་དག་ནི་འཁོར་གྱི་ཞུ་བ་པོ་དེ་ཉིད་ཀྱིས་བསྡུ་བར་གསུངས་ཏེ། དུས་འཁོར་ཟླ་བ་བཟང་པོ། བརྟག་གཉིས་རྡོ་རྗེ་སྙིང་པོ། སྡོམ་འབྱུང་ཕྱག་རྡོར། རྡོ་རྗེ་མཁའ་འགྲོ་ཕག་མོས་བསྡུ་བར་གྲགས་ཤིང་། གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་ཀྱིས་བསྡུ་བའང་མང་དུ་བྱུང་སྟེ། ཐེག་པ་ཆེན་པོ་གསང་སྔགས་ལ་མཐའ་འདི་ཙམ་ཞེས་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟར་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་བསྟན་པ་སྐྱོང་བའི་སྐྱེས་བུ་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་རྣམས་དང་། བླ་མ་གྲགས་པ་དང་། བསོས་བྱིན་ལ་སོགས་པ་དགྲ་བཅོམ་པའི་ཚོགས་དང་། བླ་མ་འོད་སྲུངས་ཡང་སྟོན། ཆོས་སྐྱོབ། དབྱིག་བཤེས། དབྱངས་སྒྲོག །སངས་རྒྱས་ལྷ་སོགས་བཙུན་པ་ཆེན་པོ་རྣམས་དང་། རྒྱལ་བ་ལེགས་རྒྱལ་དགེ་བ་སོགས་བྲམ་ཟེ་ཆེན་པོ་སྡེ་རྣམས་ཀྱིས་བསྟན་པ་བསྐྱངས་པར་མཛད། ཁྱད་པར་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་ཐོགས་གཉིས་སོགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། གཞན་ཡང་སློབ་དཔོན་དཔའ་བོ་དང་སྒྲ་གཅན་འཛིན་དང་། སློབ་དཔོན་ཡོན་ཏན་འོད་དང་ཆོས་སྐྱོང་སྟེ་ཆེན་པོ་བཞི་དང་། རྒྱལ་སྲས་ཞི་བ་ལྷ་དང་། ཙནྡྲ་གཽ་མི་སྟེ་རྨད་བྱུང་གི་སློབ་དཔོན་གཉིས་སུ་གྲགས་པ་སོགས་རྒྱལ་བའི་གསུང་རབ་ཀྱི་དོན་ལ་དབང་འབྱོར་བའི་སློབ་དཔོན་མཐའ་ཡས་པ་བྱོན་ཏེ་གཙོ་བོ་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གསལ་བར་མཛད། རྒྱ་གར་ཤར་ཕྱོགས་སུ་རྒྱལ་པོ་ཛཿཡབ་སྲས། སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ། སྠི་ར་མ་ཏི། བདེ་བ་གསལ་མཛད་རྣམས་ཀྱིས་བསྐྱེད་རྫོགས་བླ་ན་མེད་པའི་ཆོས་ཀྱིས་གདུལ་བྱ་མཐའ་ཡས་པ་བྱང་ཆུབ་ཀྱི་ལམ་ལ་བཀོད་པར་མཛད། འཕགས་ཡུལ་ལྷོ་ཕྱོགས་སུ་ཀླུ་སྒྲུབ་ཡབ་སྲས་སོགས་གྲུབ་ཆེན་རྣམས་ཀྱིས་གསང་སྔགས་ཕྱི་ནང་གི་རིམ་པ་སྣ་ཚོགས་པས་བསྟན་པ་གསལ་བར་མཛད། ནུབ་ཕྱོགས་སུ་སློབ་དཔོན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་སོགས་ཀྱིས་མན་ངག་ཨ་ཏི་ཡོ་ག་ལ་བརྟེན་ནས་སྐལ་ལྡན་མང་པོ་སྨིན་ཅིང་གྲོལ་བར་མཛད། མདོར་ན་དཔལ་ས་ར་ཧ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ཡེ་ཤེས་ཞབས་དང་། མར་མེ་མཛད་བཟང་པོ་སོགས་རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་བཅུ་གཉིས། སློབ་དཔོན་ཤེར་འབྱུང་བློ་གྲོས། ངག་གི་དབང་ཕྱུག་གྲགས་པ། བྲམ་ཟེ་རིན་ཆེན་རྡོ་རྗེ་སོགས་མཁས་པ་སྒོ་དྲུག་དང་། གཞན་ཡང་དཔལ་ན་ལེནྡྲ་དང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་པཎ་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱིས་ཆོས་ཚུལ་སྤྱི་དང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་གདུལ་བྱ་བགྲང་བ་ལས་འདས་པ་བྱང་ཆུབ་ཀྱི་ས་ལ་བཀོད་པར་མཛད་དོ།། །། ༈ རྩ་བའི་ས་བཅད་གཉིས་པ་བར་དུ་དགེ་བ་བཀའ་གཏེར་ཆོས་ཀྱི་ཆིངས་སྔ་འགྱུར་རིག་འཛིན་ཚོམ་བུའི་གྲུ་གཟིངས་ལ། རིང་བརྒྱུད་བཀའ་མའི་ཆོས་ཚུལ་ཡོངས་འདུས་ཡེ་ཤེས་ཌཱཀྐིའི་སྤྲིན་ཕུང་། ཉེ་བརྒྱུད་གཏེར་གྱི་རྣམ་གཞག་ཡོངས་འདུས་ཟུང་འཇུག་ཌཱཀྐིའི་སྤྲིན་ཕུང་། བཀའ་གཏེར་ཆོས་ཀྱི་བསྡུས་དོན་ཡོངས་འདུས་རྩ་གསུམ་ཌཱཀྐིའི་སྤྲིན་ཕུང་བཤད་པ་དང་གསུམ་ལས། དང་པོ་ལ། བརྒྱུད་ཚུལ་དངོས་དང་། ལམ་རིམ་སྡེ་སྣོད་ངོས་འཛིན་དང་སྦྲེལ་ཏེ་བཤད་པའོ། །དང་པོ་ནི། དེ་ཡང་བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པ་ལྟར། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ་མོ། །དེ་ཡི་ཚུལ་ལ་སྤྱི་དང་བྱེ་བྲག་གི་ངོས་འཛིན་ལུགས་གཉིས་ལས། དང་པོ་མ་ཧཱ་དང་ཨ་ནུའི་ལུགས་ལྟར་ན། རྒྱལ་བ་དགོངས་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་པས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་སྣ་ཚོགས་པར་སྤྲུལ་པའི་སྒོ་ནས་ལྷན་ཅིག་པའི་འཁོར་རྣམས་ལ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡ་ཡི་གསུང་། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་དང་མི་འགྱུར་རྡོ་རྗེའི་གསུང་གིས་བརྡ་སྤྲོད་པའོ། ༧ །གཉིས་པ་རིག་འཛིན་བརྡ་བརྒྱུད་ལ། རིག་འཛིན་མི་མ་ཡིན་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པའོ། །དང་པོ་ནི་ལྷན་ཅིག་པའི་འཁོར་གྱི་ནང་ནས་རིགས་གསུམ་སེམས་དཔའ་རྣམས་ཀྱིས་ལྷ་ཀླུ་གནོད་སྦྱིན་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན་པ་ཡིན་ལ། དེ་ཡང་འཕགས་པ་འཇམ་དཔལ་གཞོན་ཚུལ་མཛེས་པའི་སྐུར་བསྟན་པས་ལྷ་ཡི་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད་དེ་ལྷའི་རིག་འཛིན་རྣམས་ལ་དར་བར་བྱས། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུར་བཞེངས་ནས་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་དར་བར་བྱས། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིག་པའི་སྐུར་བསྟན་ནས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་དར་བར་བྱས་པའོ། །གཉིས་པ་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པ་ནི། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་གྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོ་སྣང་བར་འགྱུར། །ཞེས་གསུངས་པ་དང་མཐུན་པར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ཡི་རིག་འཛིན་ལི་ཙཱ་བི་དྲི་མེད་གྲགས་པ་རྣམས་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར་འདུས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ཚེ། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པ་ལ་དཔལ་ཕྱག་ན་རྡོ་རྗེས་སྔར་སྟོན་པས་འོག་མིན་དུ་གསུངས་པའི་རྒྱུད་སྡེ་རྣམས་སླར་ཡང་བཟླས་ཏེ་བསྟན་པར་མཛད། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །ཐོག་མ་མཐའ་མ་མེད་པ་རུ། །བདག་གིས་དམ་བཅའ་མི་འདོར་བས། །བསྐུལ་བའི་དོན་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་སོ། །དེའི་ཚེ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་ཡི་གེར་བྲིས་ཏེ་མི་སྣང་བར་ནམ་མཁའི་ཀློང་དུ་རྒྱས་བཏབ་པར་བྱས་སོ། ༧ །གསུམ་པ་གང་ཟག་སྙན་བརྒྱུད་ནི། གང་གི་ཚེ་མ་ལ་ཡར་ཕྱག་ན་རྡོ་རྗེས་ཆོས་བསྟན་པ་དེའི་ཚེ། ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་ཅན་བདུན་བྱུང་བ་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ལུང་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་འབྱུང་བ་ལྟར་ཀྲི་ཡའི་རྒྱུད་རྣམས་ཝ་རཱ་ཎ་སི། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བར། མ་ཧཱ་ཡོ་གའི་ཏནྟྲ་རྣམས་རྒྱལ་པོ་ཛའི་ཁང་སྟེང་། ཨ་ནུ་ཡོ་གའི་རྒྱུད་རྣམས་སིང་ག་ལའི་གླིང་གི་ནགས་ཚལ་དུ་བབས་པར་གྲགས་སོ། །དེ་ལྟར་མ་ཧཱ་ཡོ་གའི་རྒྱུད་རྣམས་ནི། སྐལ་ལྡན་རྒྱལ་པོ་ཛཿནས་ཀུ་ཀུ་རཱ་ཛ། ཨིན་དྲ་བོ་དྷི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝི། སློབ་དཔོན་སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ་རྣམས་ལས་སློབ་དཔོན་བི་མ་ལ་དང་སློབ་དཔོན་པདྨ་ལ་བརྒྱུད་དེ་རིམ་པར་བྱོན་པའོ། །ཨ་ནུ་ཡོ་གའི་རྒྱུད་རྣམས་ཀྱང་དཔལ་གསང་བའི་བདག་པོས་རྒྱལ་པོ་ཛཿའམ་ལུང་བསྟན་རྡོ་རྗེ་ལ་དབང་བསྐུར་ཞིང་བསྟན་པ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། ཚུར་མཐོང་གི་ངོར་དགེ་བསྙེན་ལི་ཙཱ་བི་དྲི་མེད་གྲགས་པ་ལ་བསྟེན་ནས་ཚིག་རྒྱུད་རྣམས་མཐར་ཕྱིན་པར་མཛད། དེ་ནས་རིམ་པར། ཨུ་པ་རཱ་ཛ། ཤསྟྲ་པུ་ཏྲི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི། རོ་ལངས་དེ་བ། པྲ་བྷ་ཧསྟི། རྡོ་རྗེ་ཧཱུྃ་མཛད། སྠིར་མ་ཏི། ཨཱ་ཙརྻ་དེ་བ་གསལ་མཛད། དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་ནོར་འཛིན། གཙུག་ལག་དཔལ་དགེ། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས། དེ་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསན་ཏེ་རིམ་པར་བྱུང་བ་ཡིན་ནོ། ༈ །གཉིས་པ་བྱེ་བྲག་ཐུན་མིན་རྫོགས་པ་ཆེན་པོའི་བརྒྱུད་པ་ལའང་གསུམ་ལས། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོས་སྟོན་པ་རྡོ་རྗེ་སེམས་དཔའ་སོགས་རང་སྣང་ལྷུན་གྱིས་གྲུབ་པའི་འཁོར་རྣམས་ལ་དོན་གྱི་འོག་མིན་དུ་བརྡ་ཚིག་བློ་ལས་འདས་པའི་ཆོས་བསྟན་པ་རྣམས་སོ། ༧ །གཉིས་པ་རིག་འཛིན་བརྡ་བརྒྱུད་ནི། གང་གི་ཚེ་རྒྱལ་པོ་ཛཿའི་ཁང་ཐོག་ཏུ་རྒྱུད་ཀྱི་གླེགས་བམ་རྣམས་དངོས་སུ་བབས་པའི་ཚེ། ཨ་ཏི་ཡོ་གའི་རྒྱུད་རྣམས་ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་དུ་བབས་ཞེས་ལོ་རྒྱུས་རྣམས་ལས་བྱུང་ཡང་གླེགས་བམ་དངོས་སུ་བབས་པ་མེད་ཅིང་། རྡོ་རྗེ་སེམས་དཔའི་སློབ་མ་ལྷའི་བུ་ཀུན་དགའ་སྙིང་པོ་མི་ཡུལ་དུ་བྱོན་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རྡོ་རྗེ་སེམས་དཔའ་དངོས་སུ་ཞལ་མཇལ། རང་བཞིན་རྫོགས་པ་ཆེན་པོའི་དབང་དང་རྒྱུད་སྡེ་རྣམས་རྫོགས་པར་གཏད། རི་མ་ལ་ཡའི་རྩེ་མོར་མཁའ་འགྲོ་བདེ་བའི་རོ་ལྡན་མ་དང་བདེ་བྱེད་སེར་མོ་གཉིས་ཀྱིས་ལོ་གསུམ་དུ་ཡི་གེར་བཀོད་དེ་མཁའ་འགྲོ་མ་རྣམས་འདུ་བའི་ཕུག་ཏུ་བཞུགས་སོ། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནས། རིམ་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིང་ཧ། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲ་སྟེ་འདས་རྗེས་ཐོབ་པའི་རིག་འཛིན་གྱི་སློབ་དཔོན་བཞི་དང་། སློབ་དཔོན་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན་རྣམས་ལ་བཀའ་བབས་པ་དག་གོ ༧ །གསུམ་པ་གང་ཟག་སྙན་བརྒྱུད་ནི། བཤད་མ་ཐག་པ་སློབ་དཔོན་པད་འབྱུང་བི་མ་བཻ་རོ་གསུམ་ལས་བོད་ཀྱི་རྗེ་འབངས་རྣམས་ལ་བརྒྱུད་དེ་སེམས་སྡེ་རིམ་པ་ལྔ་དང་། ཀློང་སྡེ་རྣ་བརྒྱུད་ཟམ་མ་ཆད་པ་དང་། རྫོགས་ཆེན་མན་ངག་སྡེའི་ཆོས་སྐོར་རྣམས་བཀའ་གཏེར་གཉིས་ཀྱི་ཚུལ་ལས་སེམས་ཀློང་མན་ངག་གི་བཀའ་བབས་རིམ་བྱོན་གསན་ཡིག་ཆེན་མོ་རྣམས་ལས་བྱུང་བ་བཞིན། སྨིན་བྱེད་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེའི་བཀའ་བབས་ཀྱི་ཆུ་བོ་བཞི་རྣམས་ཐོག་མར་གཉགས་ལ་བབས། བར་དུ་གནུབས་ལ་བབས། མཐའ་མར་ཟུར་ལ་བབས་ཤིང་རིམ་པར་བཀའ་མས་ཁོག་ཕུབ། གཏེར་མའི་མན་ངག་གིས་ཟུར་བརྒྱན་ཏེ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལས་བཀའ་མ་ལ་ལྟོས་མེད་ཀྱི་གཏེར་ཆོས་རང་ག་བ་གཅིག་ཀྱང་མེད་དེ། འགྱུར་མེད་ཕན་བདེ་འོད་ཟེར་གྱི་ཞལ་ནས། དབང་གི་ཆུ་བོས་བདག་རྒྱུད་རབ་ཏུ་སྨིན། །གཞུང་བཤད་ཆུ་བོས་བསྒོམ་བྱ་གཏན་ལ་འབེབ། །གདམས་པའི་ཆུ་བོས་ཉམས་ལེན་རང་བྱན་ཚུད། །མན་ངག་ཆུ་བོས་གནད་ཀྱི་གཟེར་ཐེབས་ཤོག །ཅེས་བྱ་བ་ཉེ་བརྒྱུད་གཏེར་མའི་ཆོས་ཚུལ་ལས་ཀྱང་འབྱུང་བ་བཞིན་ནོ།། ༈ གཉིས་པ་ལམ་གྱི་རིམ་པའི་སྡེ་སྣོད་ངོས་འཛིན་དང་སྦྲེལ་ཏེ་བཤད་པ་ལ་སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། རིང་བརྒྱུད་བཀའི་ཆུ་བོ་མ་ཉམས་པར་བཞུགས་པ་ལ་རྒྱ་ཆེ་བ་རྩ་བར་གྱུར་པ་རྒྱུད་སྡེ་དང་། ཟབ་པ་མན་ངག་ཏུ་གྱུར་པ་སྒྲུབ་སྡེ་སྟེ། གསང་སྔགས་ཕྱི་རྒྱུད་རྣམས་ལས་ཁྱད་དུ་འཕགས་པའི་ལམ་ཟབ་མོ་བརྒྱུད་པ་ལ་སེལ་མེད་ཅིང་མན་ངག་གནད་དུ་ཕེབས་པ་དང་དམ་ཚིག་རྣམ་པར་དག་པས་སངས་རྒྱས་གཞན་ལས་མི་འཚོལ་ཞིང་ཚེ་གཅིག་གིས་གྲོལ་བར་བྱེད་པ་ནང་རྒྱུད་སྡེ་གསུམ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་པ་ལྟར་དེ་ཁོ་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག །དོན་དུ་གཉེར་བ་སྒྲུབ་པ། རོལ་པ་ཕྲིན་ལས། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ་སྟེ་རྒྱུད་ཀྱི་དངོས་པོ་བཅུ་རྒྱས་པར་སྟོན་པས་ན་གཞི་ལྟ་བུ་དང་། མཆོག་གི་དངོས་གྲུབ་ལ་སྦྱོར་བའི་ཉེ་རྒྱུ་རྩ་རླུང་ཐིག་ལེའི་བྱེད་བཅིང་ལ་བརྟེན་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་རྫོགས་རིམ་རྒྱས་པར་སྟོན་པས་ལམ་ལྟ་བུ་དང་། བསྐྱེད་རྫོགས་ཀྱི་སྤྲོས་པ་རྩོལ་བཅས་ཀྱི་ཐབས་ལ་ལྟོས་པ་མེད་པར་རིག་སྟོང་སེམས་ཀྱི་གནས་ལུགས་ཁོ་ནས་གཞི་ཐོག་ཏུ་གྲོལ་བར་བྱེད་པས་ན་འབྲས་བུ་ལྟ་བུར་གསུངས་སོ། །དེ་ལྟར་མན་ངག་ཨ་ཏི་ཡོ་ག་ནི་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ། ལམ་ཐམས་ཅད་ཀྱི་སྙིང་པོ། ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་བཅུད་མ་ལུས་པ་འདུས་པའི་བདག་ཉིད་དེ། རྫོགས་ཆེན་བརྒྱུད་པའི་བླ་མ་བར་མ་ཆད་པ་ལས་བྱུང་བའི་ཐུན་མིན་མན་ངག་གི་ངོ་སྤྲོད་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ལས་གསལ་བ་ལྟར། གསང་ཆེན་བས་ཀྱང་ཆེས་གསང་བའི་ལམ་ལ་བརྟེན་ནས། སྐྲ་དང་སེན་མོ་ཙམ་ལྷག་མར་བཞག་པ་ལས་ལུས་རྡུལ་ཕྲན་དུ་དེངས་པའམ། ལུས་མ་སྤངས་པར་འོག་མིན་མཁའ་སྤྱོད་དུ་གཤེགས་པའམ། ལུས་དེ་ཉིད་ཀྱིས་འཁོར་བ་མ་སྟོངས་བར་གནས་པ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ་སོགས་མཐར་ཐུག་གི་གྲུབ་མཐར་བསྙེགས་པས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ནོན་པའམ་ཆོས་སྐུ་འཕོ་འགྱུར་མེད་པའི་ཀློང་དུ་གཤེགས་པ་ནི། རྒྱུད་ཉི་ཟླ་ཁ་སྦྱོར་ལས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས། ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཞེས་གསུངས་པའི་འབྲས་རྟགས་ངོ་མཚར་བའི་ཚུལ་ལོག་སྲེད་ཅན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། གྲུབ་མཐའ་ཤེལ་དཀར་མེ་ལོང་ལས། མདོ་སྒྱུ་སེམས་གསུམ་སོགས་ཆོས་ཀྱི་སྙིང་པོ་རྣམས་ནི་ཀ་དག་གདོད་མའི་ཀློང་དུ་ཐིམ་ནས་རིང་ཞིག་ལོན། ད་ལྟའི་རྙིང་མ་པ་རྣམས་ལས་བྱང་གྱེར་བ་དང་། ཚོགས་འཁོར་གྱི་ཡོ་ལང་དང་། མནན་སྲེག་འཕང་གསུམ་སོགས་ལས་སྦྱོར་གྱི་གཟུགས་བརྙན་ཙམ་ལ་སྙིང་པོར་བྱེད་པ་ཙམ་མོ། །ཞེས་པ་ནི་ལྷག་བསམ་གྱིས་སྨྲས་པ་ཡིན་ན་དེར་ཟད། གཞན་དུ་སྐུར་འདེབས་སུ་འགྲོ་བ་ཤས་ཆེ་སྟེ། ཕྱི་དུས་སུའང་འཇའ་ལུས་སུ་གཤེགས་པ་དང་། གདུང་དང་རིང་བསྲེལ་བྱོན་པའི་སྐྱེས་བུ་མང་དུ་བྱོན་སྣང་བ་ནི། ས་སྐྱའི་གཏེར་སྟོན་མཁྱེན་བརྩེའི་དབང་ཕྱུག་དང་ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་ཐར་སོགས་ལས་ཤེས་པར་འགྱུར་རོ། །ཅི་སྟེ་འཇའ་ལུས་གྲུབ་པ་མི་བདེན་ཟེར་ན། རྗེ་བཙུན་ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་འཕགས་ཡུལ་དུ་འཇའ་ལུས་གཤེགས་པ་མང་རབས་ཞིག་གསུངས་འདུག་པ་ཡང་རྫུན་ནམ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། གྲོང་ཁྱེར་མ་ཡི་བདེ་བས་མཚོན་མིན་འཕུར་འགྲོའི་ཐེག་པ་མཆོག་གི་ཟིལ། །བཟོད་པར་མ་ནུས་བརྟན་གཡོའི་ཁམས་ཀྱང་རང་མཚན་འཛིན་པའི་མཐུ་སྨད་ནས། །སྣང་སྲིད་མ་ལུས་བདེ་ལྡན་ཞིང་དུ་འཇའ་དང་འོད་སྐུར་དྭངས་པའི་གཏམ། །སྔོན་རབས་རྣམས་ལ་ཡོངས་སུ་གྲགས་པ་ད་དུང་མཐོང་བའི་ཆོས་ལ་གནས། །ཞེས་གསུངས་པ་ལས་ཤེས་སོ། །གདུང་དང་རིང་བསྲེལ་སོགས་མེད་ཅེ་ན་རྒྱུད་ཀྱི་དགོངས་པ་ལྟར་ཇོ་བོ་ཨ་ཏི་ཤ་ལ་སོགས་པས་ཀྱང་ཚད་མར་མཛད་པ་དེ་ཅི་ཡིན། ཇི་སྐད་དུ། བསྐྱེད་རིམ་ཅན་ལ་ལྷ་སྐུ་བྱོན། །ཚུལ་ཁྲིམས་གཙང་ལ་མེ་ཏོག་འབབ། །བྱང་ཆུབ་སེམས་ལ་རིང་བསྲེལ་འཛག །སྐྱེ་མེད་དོན་མཚོན་ཡི་གེ་ཨ། །ཕྱིར་མི་ལྡོག་པ་དུང་འཁྱིལ་ཏེ། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱོན་པར་བཤད། །ཅེས་ཀྱང་གསུངས་སོ། །དེས་ན་རང་ཕྱོགས་ལ་ཞུས་དག་ལམ་ཙམ་མེད་པར་སྨྲ་བ་ལྷུར་ལེན་པ་ཆོས་ཀྱི་སྙིང་པོ་ཡིན་ནམ། མདོ་རྒྱུད་རྣམས་ནས་བསྟན་པའི་གནས་ཚད་བཤད་པ་ཡང་འགྲིབ་ཚུལ་ལས་ཡིན་གྱི་ཉམས་སྐྱོན་མི་འབྱུང་ན་གནས་ཚད་བསྟན་པ་ཡང་དོན་མེད་པར་ཤེས་པར་གྱིས་ཤིག །དེ་ལྟར་ཚིག་ལ་རྟོན་ཅིང་ཞེན་པ་དང་བློ་གྲོས་དང་སྐལ་པ་མི་ལྡན་པ་དག་གིས་ཇི་ཙམ་དཔྱད་ཀྱང་རང་རྒྱུད་ཆུད་གཟན་པ་དང་། ལོག་ལྟའི་སྟོབས་ཀྱིས་རྣམ་སྨིན་ཡ་ང་བ་དག་ལ་བསྐལ་པ་མང་པོར་སྤྱོད་དགོས་པར་གསུངས་ཤིང་། ཆོས་དང་གང་ཟག་གང་ལའང་མ་བརྟགས་པར་སྐུར་པ་འདེབས་པ་སྤོང་སྟེ། བརྒྱད་སྟོང་པར། རབ་འབྱོར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བསགས་པ་དེ་ནི་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་ཞིང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ལོ། །དེར་ཡང་མེས་སྡུད་པའི་བསྐལ་པ་བྱུང་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་ཞིང་། ཞེས་སོགས་དཔག་ཏུ་མེད་པ་གསུངས་ཤིང་། ཏིང་འཛིན་རྒྱལ་པོའི་མདོ་ལས། གང་གིས་འཛམ་བུ་གླིང་གི་ནི། །མཆོད་རྟེན་ཐམས་ཅད་བཤིག་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པ། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །ཞེས་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར། །ལྕེ་གཅིག་ལ་ཡང་ཐོང་བཤོལ་དག །ལྔ་བརྒྱར་ཚད་ནི་མི་ཉུང་བར། །རབ་ཏུ་འབར་བས་རྨོ་བྱེད་དེ། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་གསང་སྔགས་བླ་མེད་ཀྱི་ཚུལ་རྣམས་རེ་ཞིག་སྣོད་དང་མི་ལྡན་པ་དག་ནི་མཁས་སུ་ཟིན་ཀྱང་ཇི་ལྟ་བ་བཞིན་རྟོགས་པར་མི་འགྱུར་ཞིང་སེམས་དང་འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གནས་པ་ཁོ་ནའོ། །ཞར་ལ་འཕྲོས་པའོ། །ནང་རྒྱུད་ཡོ་ག་གསུམ་གྱི་ཁྱད་པར་ལ། ཟུར་ཆུང་པས། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རིག་པའི་རྩལ་དུ་སྣང་བ་ཨ་ནུ། རང་རིག་པར་སྣང་བ་ཨ་ཏི་སྟེ། ཞེས་འདོད་པ་ལྟར་དགའ་རབ་རྡོ་རྗེས། ཆོ་འཕྲུལ་རྩལ་དང་རང་སྣང་བའོ། །ཞེས་ཀྱང་གསུངས་སོ། །དེའི་དོན་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ་ཡོ་ག །ཆོས་ཐམས་ཅད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་མེད་པ་རང་བྱུང་གི་ཡེ་ཤེས་སུ་རང་སྣང་བར་རྟོགས་པ་ཨ་ཏི་སྟེ་ལྟ་བའི་སྒོ་ནས་ཁྱད་ཕྱེ་བར་གསུངས་སོ། །ཡང་སྐྱོ་གོང་བུ་པའི་ཞལ་ནས། ཆེད་འཛིན་ཆེ་ཆུང་ཡིན་ཏེ། སྤྱོད་པ་གཙོ་ཆེ་བ་མ་ཧཱ། ཏིང་ངེ་འཛིན་གཙོ་ཆེ་བ་ཨ་ནུ། ལྟ་བ་གཙོ་ཆེ་བ་ཨ་ཏིའོ་གསུང་། ཡང་ལྷ་རྗེ་རོག་ནི། ཏིང་ངེ་འཛིན་གསུམ་གྱིས་ལྷ་རིམ་པར་བསྐྱེད་པའི་ཕྱིར་བསྐྱེད་པ་མ་ཧཱ། དེ་ལ་མི་བརྟེན་པར་ལྷ་རྫོགས་ཚུལ་དུ་བསྐྱེད་པ་རྫོགས་པ་ཨ་ནུ། བསྐྱེད་རྫོགས་གཉིས་ལས་གྲོལ་བས་བསྐྱེད་དུ་མེད་པ་ནི་རྫོགས་པ་ཆེན་པོ་ཨ་ཏིའམ། ཡང་ན་རྒྱུད་ཀྱི་དངོས་པོ་བཅུ་ལ་ཆེད་འཛིན་ཆེ་བ་མ་ཧཱ། དེ་བས་ཆུང་བ་ཨ་ནུ། ཆེད་འཛིན་ལས་གྲོལ་བ་ཨ་ཏིའོ་གསུངས། མེ་ཉག་འབྱུང་གྲགས་ཀྱི་ཞལ་ནས། ཡོད་བསྐྱེད་རྫོགས་གསུམ་ཀ་ཡོད་ཀྱང་། བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ། རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། དེ་གཉིས་ཀྱི་རྩོལ་བ་དང་བྲལ་བ་རྫོགས་པ་ཆེན་པོའོ་གསུངས། ཀུན་མཁྱེན་ཆེན་པོ་ནི། གདུལ་བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐབས་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ། འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མ་རྒྱུད་ཨ་ནུ། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ལྷོད་པ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་ཏེ། བཀོད་པ་ཆེན་པོ་ལས། སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པ་འོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པའི་ཕྱིར་གསུངས་ཤིང་། སེམས་ཉིད་ངལ་གསོ་ལས་ཀྱང་། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཞེས་སོ། ༈ །གཉིས་པ་སོ་སོར་བཤད་པ་ནི། ཇི་སྐད་དུ། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པ་ལྟར་ཐེག་པའི་དབྱེ་གཞི་གསུམ་ལས། འདིར་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི་ཉོན་མོངས་མི་སྤོང་བར་ཐབས་ཀྱིས་ལམ་དུ་བྱེད་པ་ཡིན་ནོ། །དེ་ལ་དབྱེ་ན་བསྐྱེད་རྫོགས་རྫོགས་ཆེན་གསུམ་མམ་མདོ་སྒྱུ་སེམས་གསུམ་ལས། དང་པོ་སྐུའི་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ནི་ཏནྟྲ་ཆེན་པོ་བཅོ་བརྒྱད་ཀྱི་དགོངས་པ་བཞིན་གཉིས་མེད་ཀྱི་དོན་ལ་བློ་འབྱོར་བའི་ཕྱིར་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །དེ་ཡང་གསང་བ་སྒྱུ་འཕྲུལ་བའི་ལུགས་ལ། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་གྱིས་ཆིངས་སུ་བཅིངས་ཏེ། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ལ་འཁྲུལ་པ་བཏགས་པའི་གཞི་ཡི་སྣང་ཚུལ་རྣམས་མ་གྲུབ་པར་ཚད་མ་བཀའ་གཞུང་གི་གཏན་ཚིགས། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས། ཚིག་དོན་མི་མཐུན་པའི་གཏན་ཚིགས་རྣམས་སམ་ཀུན་ཁྱབ་ཚད་མ་གསུམ་གྱིས་གཏན་ལ་ཕབ་སྟེ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ངེས་པ་སྔོན་དུ་འགྲོ་བས། ལམ་རྒྱུད་ཀྱི་ཐབས་སམ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཐབས་གྲོལ་གྱི་ལམ་རྣམས་བསྒོམ་ཞིང་རྒྱུད་ཀྱི་དངོས་པོ་བཅུ་ལ་སློབ་པར་བྱེད། འབྲས་རྒྱུད་ལ་གནས་སྐབས་ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་མཐར་ཐུག་ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན་དང་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་སྟེ་གཞི་ལམ་འབྲས་བུའི་རྒྱུད་དོན་མཐའ་དག་འདི་ཡི་ནང་དུ་འདུས་སོ། །ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་དག་སྟོན་པའི་སྡེ་སྣོད་ལ། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་ལ། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་གཉིས་ལས། དང་པོ་ནི། སློབ་དཔོན་ཀུ་ཀུ་རཱ་ཛའི་དགོངས་པ་ལྟར་ཏནྟྲ་ཆེན་པོ་བཅོ་བརྒྱད་ཅེས་གྲགས་པ་རྣམས་ཏེ། དེ་ཡི་ངོས་འཛིན་ལ་ཟུར་ལུགས་པ་རྣམས་ནི། སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་རྒྱུད་ཟླ་གསང་ཐིག་ལེ། ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་དང་ལྔ་ནི་རྩ་བའི་རྒྱུད་སྡེའོ། །ཧེ་རུ་ཀཿརོལ་པའི་རྒྱུད། རྟ་མཆོག་རོལ་པའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད་རྣམས་ནི་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔའོ། །རི་བོ་བརྩེགས་པ། ཡེ་ཤེས་རྔམ་གློག །དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག །གླང་ཆེན་རབ་འབོག་གི་རྒྱུད་རྣམས་ནི་སྤྱོད་པ་ལག་ལེན་དུ་སྟོན་པའི་རྒྱུད་སྡེ་ལྔའོ། །རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བའི་རྒྱུད་གཉིས་ནི་མ་ཚང་བ་ཁ་སྐོང་བ་ཕྱི་མའི་རྒྱུད་དོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ནི་ཐམས་ཅད་ཀྱི་བསྡུས་དོན་དུ་གྱུར་པའོ། །ཡང་ན་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་བཞེད་པར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་གསུམ་རེར་ཕྱེས་པའི་བཅོ་ལྔ་དང་། སྐུ་གསུང་ཐུགས་ཀྱི་སྤྱི་རྒྱུད་གསུམ་སྟེེ་བཅོ་བརྒྱད་དུ་འཇོག་གོ །དེ་ལ་དང་པོ་བཅོ་ལྔ་ནི། སྐུའི་སྐུ་རྒྱུད་གླང་པོ་རབ་འབོག །སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག །སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་པོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་ཕུར་པ་བི་ཏོ་ཏ་མ་ལ་འབུམ་སྡེའོ། །གཉིས་པ་སྤྱི་རྒྱུད་གསུམ་ནི། སྤྱིའི་སྐུ་རྒྱུད་ཐབས་ཀྱི་ཞགས་པ། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་དང་བཅོ་བརྒྱད་དུ་བཞེད་དོ། ༧ །གཉིས་པ་བཤད་པའི་རྒྱུད་ལ། ཟུར་ལུགས་པ་ཕལ་ཆེར། སྒྱུ་འཕྲུལ་སྡེ་བརྒྱད་དང་། བཤད་རྒྱུད་སྡེ་བཞིར་དབྱེ་བར་མཛད་དེ། དེ་ལ་སྡེ་བརྒྱད་ནི། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྩ་བའི་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་དྲྭ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ། །བཤད་རྒྱུད་སྡེ་བཞི་ནི། གྲོལ་ལམ་རིམ་ཅིག་ཅར་དུ་སྟོན་པ་ཡེ་ཤེས་སྙིང་པོ་དང་། རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་ཅིག་ཅར་དུ་སྟོན་པ་རྒྱ་མཚོ་དང་། ཐལ་རྒྱུད་དོ། །ཀུན་མཁྱེན་ཆེན་པོ་ནི། སྒྱུ་འཕྲུལ་སྡེ་བཞིར་བཞེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ། རོལ་པ་མངོན་དུ་སྟོན་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ། ཐེག་པ་ཀུན་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའོ། །རྡོར་སེམས་སྒྱུ་དྲྭ་ལའང་ནང་གསེས་ཀྱིས་དབྱེ་ན། རྩ་རྒྱུད་གསང་བ་སྙིང་པོ་དང་། བཤད་རྒྱུད་སྡེ་བརྒྱད་དུ་བཞེད་དེ། སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་དཔལ་གསང་བའི་སྙིང་པོ་དང་། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ་དང་། དཀྱིལ་འཁོར་རྫོགས་པར་སྟོན་པ་བརྒྱད་པ་དང་། དབང་བསྐུར་བ་གསལ་བར་སྟོན་པ་བླ་མ་དང་། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་། ཡོན་ཏན་རྒྱས་པར་སྟོན་པ་བརྒྱད་ཅུ་པ་དང་། ལྷའི་སྐུ་མདོག་དང་ཕྱག་མཚན་གསལ་བར་སྟོན་པ་རྡོ་རྗེ་མེ་ལོང་དང་། བསྐྱེད་རིམ་གསལ་བར་སྟོན་པ་རྒྱ་མཚོ་དང་། ཐབས་ལམ་གསལ་བར་སྟོན་པ་ཐལ་བ་དང་བརྒྱད་དོ། །གཞན་ཡང་རྡོ་རྗེ་གསང་བའི་སྙིང་པོ་དང་། སྒྱུ་འཕྲུལ་སྙིང་པོ་བཀོད་པ། ཁྲོ་བོ་སྟོབས་ཀྱི་རྒྱུད་སོགས་ཕྲན་ཚེགས་མང་དུ་བཞུགས་ཤིང་། སྤྱིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་རྒྱ་གར་ན་ལེའུ་འབུམ་ཕྲག་གཅིག་བཞུགས་པར་གྲགས་སོ། ༧ །གཉིས་པ་སྒྲུབ་སྡེ་ལ། བཀའ་གཏེར་གཉིས་ལས། དང་པོ་བཀའ་མ་རྣམས་ནི་རིམ་པ་བཞིན་སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀཿགལ་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་སོགས་གཤིན་རྗེ་གཤེད་ཀྱི་བཀའ་རྣམས་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་ཏནྟྲ་རྣམས་དང་། སློབ་དཔོན་བི་མ་ལ་མི་ཏྲ་ལ་ཡོན་ཏན་རིན་འབྱུང་གི་རིགས་བདུད་རྩི་བམ་བརྒྱད་སོགས་རྡོ་རྗེ་བདུད་རྩིའི་བཀའ་རྣམས་དང་། སློབ་དཔོན་པྲ་བྷ་ཧསྟི་ལ་དོན་གྲུབ་ཀྱི་རིགས་ཕྲིན་ལས་ཕུར་པའི་རྒྱུད་རྣམས་ཀྱི་བཀའ་བབས་པ་ཡིན་ནོ། །བཀའ་བརྒྱད་བཀའ་མའི་ཆོས་སྐོར་རྣམས་ནི། རྒྱ་བོད་མཁས་པ་མི་བཞིས་དགོངས་ཉམས་གཅིག་ཏུ་དྲིལ་བ་བཀའ་བརྒྱད་རྫོང་འཕྲང་དུ་གྲགས་པ་སྟེ། དེའི་དཀར་ཆག་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ་ལས་ཤེས་པར་འགྱུར་རོ། ༧ །གཉིས་པ་གཏེར་མའི་ཕྱོགས་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ལ་གཏད། མཁའ་འགྲོ་མས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་སྡེ་རྣམས་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་རྒྱས་བཏབ་སྟེ་སྦས་པ་ལས། ཕྱིས་དུས་ལ་བབས་པ་ན་སྒྲོམ་བུ་རྣམས་སོ་སོར་བླངས་ཏེ། ཆེ་མཆོག་བསེ་སྒྲོམ་བི་མ་ལ། ཡང་དག་དངུལ་སྒྲོམ་ཧཱུྃ་ཀ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་ཟངས་སྒྲོམ་ནཱ་གརྫུ་ན། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾསྐྲིཏ། མཆོད་བསྟོད་མཆོང་སྒྲོམ་རམ་བུ་གུཧྱ། དྲག་སྔགས་གཟི་སྒྲོམ་ཞི་བའི་སྙིང་པོ་རྣམས་ལ་གཏད་ཅིང་དངོས་གྲུབ་བརྙེས། བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་ཕྱིས་སུ་སློབ་དཔོན་པདྨ་ལ་བབས་ཤིང་རིམ་པར་བོད་ཀྱི་རྗེ་འབངས་རྣམས་ལ་བརྒྱུད་པའོ། །དེ་ཡང་འཇམ་དཔལ་སྐུའི་རྒྱུད་ལ། དཔལ་ཟླ་གསང་ནག་པོ། མེ་ལྕེ་ཕྲེང་བ། པྲ་ཁོག་སྣང་། ཁྲོ་བོ་རྣམ་པར་རྒྱལ་བ། ཚེ་བདག་ནག་པོ། སྟོབས་ཆེན་གསང་བ། གཤིན་རྗེ་ཁ་ཐུན། ཆུ་ཐིགས་སྔོན་མོ། འཆར་ཀ་ནག་པོ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའོ། །པདྨ་གསུང་གི་རྒྱུད་ལ། དབང་ཆེན་འདུས་པ། རྟ་མཆོག་རོལ་པ། པདྨ་དབང་ཆེན་དྲེགས་པ་སྲུང་ཟློག །པདྨ་དབང་ཆེན་དྲེགས་པ་ཅན་གཟན་ལ་འབེབ་པ། པདྨ་དབང་ཆེན་དྲེགས་པ་ཚར་གཅོད། རྔོག་མ་ལེ་བརྒན། རྟ་མགྲིན་ནཱ་ག་ཀླུ་འདུལ། ཡང་གསང་ཁྲོས་པའི་རྒྱུད་ལ་སོགས་པ་དག་གོ །ཡང་དག་ཐུགས་ཀྱི་རྒྱུད་ལ། ཧེ་རུ་ཀཿགལ་པོ་ཆེ་ཆུང་། འཇིག་རྟེན་ལས་འདས་པའི་མདོ། ཁྲོ་བོ་པུཎྜ་རི་ཀ །དུར་ཁྲོད་མངོན་པར་འབྱུང་བ། ཧེ་རུ་ཀཿའདུས་པའི་རྒྱུད་ལ་སོགས་པ་རྣམས་སོ། །བདུད་རྩི་ཡོན་ཏན་གྱི་རྒྱུད་ལ། བདུད་རྩི་རོལ་པ་ལུང་བམ་པོ་བརྒྱད་པ། ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད། འཁོར་ལོ་འབར་བ། རིན་པོ་ཆེ་ཕྲེང་བ། བདུད་རྩི་ལས་རྒྱ་མཚོ། བདུད་རྩི་བདེ་བ་ཆེན་པོ། ཆོས་ཉིད་གསང་བ། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལ་སོགས་པའོ། །ཕྲིན་ལས་ཕུར་པའི་རྒྱུད་ལ། བིཏྟོ་མ་ལ་འབུམ་སྡེ། ཀཱི་ལ་ཡ་བཅུ་གཉིས་པ། རྣལ་འབྱོར་བླ་མེད་གསང་ཆེན་དམ་པ། སྐུའི་རྒྱུད་ཡེ་ཤེས་འཁོར་ལོ། གསུང་རྒྱུད་པདྨ་གསང་བ། ཐུགས་རྒྱུད་རྡོ་རྗེ་འབར་བ། ཡོན་ཏན་གྱི་རྒྱུད་རིན་པོ་ཆེའི་གཙུག་ལག །ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ། གབ་པ་འཁོར་ལོ་ནག་པོ། ཀལྤ་དུམ་བུའི་རྒྱུད། འཇིག་རྟེན་སྣང་བྱེད། ཤྭ་ན་དཀར་ནག་གི་རྒྱུད་ལ་སོགས་པ་དག་གོ །མ་མོ་རྦོད་གཏོང་གི་རྒྱུད་ལ། མ་མོ་གསང་བ་གཏན་ཚིགས། མ་མོ་སྲིད་པ་བེམ། མ་མོ་སྲིད་པའི་རྒྱུད་ལུང་། མ་མོ་འབུམ་ཏིཀ །སྦས་པ་ནག་མོའི་རྒྱུད། མེ་ལྕེ་འབར་བ། བསྟན་མ་ལས་རྒྱ་མཚོ། རྡོ་རྗེ་ནག་མོ་དབང་ཕྱུག་མ། གསང་བ་འཁོར་ལོའི་རྒྱུད་ལ་སོགས་པ་རྣམས་སོ། །བསྟན་སྲུང་མཆོད་བསྟོད་ཀྱི་རྒྱུད་ལ། སྐུའི་རྒྱུད་དྲེགས་པ་འདུས་པ། གསུང་རྒྱུད་དྲག་སྔགས་ནག་པོ། ཐུགས་རྒྱུད་སྲོག་ཐིག་ནག་པོ། གཞན་ཡང་མེ་ལྕེ་ཕྲེང་བ། མཚོན་ཆ་འཁོར་ལོ་ལ་སོགས་པའོ། །དམོད་པ་དྲག་སྔགས་ཀྱི་རྒྱུད་ལ། སྐུའི་རྒྱུད་དྲག་སྔགས་ཤེལ་ཕྲེང་དཀར་པོ། གསུང་རྒྱུད་དྲག་སྔགས་འདུས་པ། ཐུགས་རྒྱུད་ཙིཏྟ་དམར་འབྱིན། བྱ་རོག་གདོང་ཅན། སྙིང་གཟེར་ནག་པོ། ལྷ་འདྲེ་སྟོང་གི་དྲྭ་བའི་རྒྱུད་ལ་སོགས་པ་དག་གོ །གཞན་ཡང་གསང་བ་འདུས་པ། གཤིན་རྗེ་གཤེད། ཟླ་གསང་ཐིག་ལེ། བདེ་མཆོག་སྡོམ་འབྱུང་། དུས་ཀྱི་འཁོར་ལོ་ལ་སོགས་པའང་སྒྲུབ་སྡེ་དེ་དག་གི་ནང་དུ་འདུ་བར་ཀུན་མཁྱེན་ཀློང་ཆེན་པ་གསུང་ངོ་། །བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པ་ལས། དང་པོ་རྒྱུད་ལ་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་དང་ལྔ་ནི་སྤྱི་རྒྱུད་དོ། །སྒོས་རྒྱུད་བཅུ་ནི། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད། གཤིན་རྗེ་འདུས་པ་རྩ་བའི་རྒྱུད། དབང་ཆེན་འདུས་པ་རྩ་བའི་རྒྱུད། ཕྲིན་ལས་འདུས་པ་རྩ་བའི་རྒྱུད། མ་མོ་འདུས་པ་རྩ་བའི་རྒྱུད། མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད། དྲག་སྔགས་འདུས་པ་རྩ་བའི་རྒྱུད། རིག་འཛིན་འདུས་པ་རྩ་བའི་རྒྱུད་དང་བཅུའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལུང་ཆེན་ལྔ་ནི། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷ་ཡི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མེའི་ལུང་དང་ལྔའོ། །དེ་ལྟར་རྒྱུད་ལུང་གི་ཆོས་སྡེ་ཉི་ཤུ་དང་། མན་ངག་གི་བསྟན་བཅོས་ལ། པད་འབྱུང་བི་མ་བཻ་རོ་ནམ་སྙིང་སྟེ་མཁས་པ་མི་བཞིས་དགོངས་ཉམས་གཅིག་པས་གཏན་ལ་ཕབ་པ་བདེ་གཤེགས་འདུས་པའི་འཆད་ཐབས་ལ། གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའ་ཡི་ཐ་རམ། གསང་སྔགས་བཀའ་ཡི་ལྡེའུ་མིག །སྒྲུབ་པ་ལུང་གི་བཀའ་མགོ །གསང་སྔགས་ལུང་གི་བཀའ་མགོ་རྣམས་ཀྱི་དགོངས་པ་ལྟར། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ཉི་ཤུ། ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག་ཏུ་ཞི་བ་ལ་ཆོས་ཚན་སུམ་ཅུ་དང་། ཁྲོ་བོ་ལ་རྩ་བ་དང་ཡན་ལག་གི་ཆོས་ཚན་སུམ་ཅུ་རྩ་ལྔ་སྟེ་དྲུག་ཅུ་རྩ་ལྔ་དང་། གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་ཉེར་ལྔ་བཅས་ཆོས་ཚན་བརྒྱ་དང་སུམ་ཅུར་བཞུགས་པ་སྟེ་རྒྱས་པར་བཀའ་བརྒྱད་རྣམ་བཤད་དང་སྟོང་ཐུན་སོགས་ལས་གསལ་བར་འགྱུར་རོ། །དེ་ཡང་འཇམ་དཔལ་སྐུའི་རྒྱུད་རྣམས་འཁོར་ལོ་བཞི་དང་། པདྨ་གསུང་གི་རྒྱུད་རྟ་སྐད་ཐེངས་གསུམ། ཡང་དག་ཐུགས་ཀྱི་རྒྱུད་རུ་ལུ་འབྲུ་བརྒྱད། ཆེ་མཆོག་ཡོན་ཏན་གྱི་རྒྱུད་བདུད་རྩི་རྣམ་དག །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ཐལ་འབྱིན་རྣམ་བཞི། མ་མོ་རྦོད་གཏོང་གི་རྒྱུད་རྩ་རླུང་ཐིག་ལེ། འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་མཆོད་སྒྲུབ་བསྟེན་གསུམ། དམོད་པ་དྲག་སྔགས་ཀྱི་རྒྱུད་རྫོང་འཕྲང་སྲོག་གསུམ་མམ་འབོད་རྦད་གསད་གསུམ་གྱི་དགོངས་པར་བསྡུ་ལ། བླ་མ་རིག་འཛིན་གྱི་ཚུལ་རྣམས་བསྙེན་སྒྲུབ་རྣམ་བཞིའི་དགོངས་པར་བསྡུས་སོ། །མདོར་ན་འཇིག་རྟེན་ལས་འདས་པ་ལྔ། འཇིག་རྟེན་པ་གཉིས། འདས་མ་འདས་ཀྱི་སོ་མཚམས་གཅིག་སྟེ་བརྒྱད་དོ། །ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག་ལས། སྐུ་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་གཤིན་རྗེ། །གསུང་པདྨའི་རིགས་རྟ་མགྲིན། །ཐུགས་རྡོ་རྗེའི་རིགས་ཡང་དག །ཡོན་ཏན་རིན་པོ་ཆེའི་རིགས་ཆེ་མཆོག་བདུད་རྩི། །འཕྲིན་ལས་ལས་ཀྱི་རིགས་ཕུར་པ། །དེ་ལས་འཕྲོས་པ་མ་མོ་རྦོད་གཏོང་དང་རིག་འཛིན་སློབ་དཔོན་གཉིས་དྲུག་པ་ཧེ་རུ་ཀའི་རིགས། མཆོད་བསྟོད་དང་དྲེགས་འདུལ་ཐུགས་རྡོ་རྗེའི་རིགས། དྲག་སྔགས་སྟོབས་ལྡན་ནག་པོ་ལས་རིགས་ཀྱི་དཀྱིལ་འཁོར་དུ་གཏོགས་པར་གསུངས་སོ། །དེ་ལྟ་བུའི་ཚུལ་རྣམས་ཞིབ་པར་ཤེས་པར་འདོད་པས་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པ་དངོས་གྲུབ་སྙིང་པོ་དང་། རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་རྣམ་གཉིས། ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སོགས་ལས་ཤེས་པར་བྱའོ། །རྒྱུད་ཀྱི་དཀར་ཆག་ལས། མ་ཧཱ་ཡོ་ག་ལ་རྩ་རྒྱུད་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པ་ས་གཞི་དང་མཉམ་པའི་རྒྱུད་སྡེ་གསུམ་དང་། མན་ངག་གི་རྒྱུད་ལ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། རྔོམ་བྱེད་མེ་ལྟར་འབར་བའི་རྒྱུད། ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། སྟོབས་པོ་ཆེ་ཡོངས་གྲོལ་གྱི་རྒྱུད། ཟླ་གསང་ནག་པོའི་རྒྱུད། ཞི་བ་ལྷ་རྒྱུད་ལ་སོགས་པའོ་ཞེས་འབྱུང་ཡང་། སེམས་སྡེ་ཀུན་བྱེད་རྒྱལ་པོ་ལས། རྫོགས་ཆེན་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལ་ནམ་མཁའ་དང་རྒྱ་མཚོ་དང་ས་གཞི་དང་ཉི་ཟླ་དང་རིན་པོ་ཆེ་དང་མཉམ་པའི་རྒྱུད་རྣམས་འབྱུང་བས་གཅིག་གམ་ཐ་དད་བརྟག །ཞི་བ་ལྷ་རྒྱུད་དང་ཆོས་ཉིད་ཞི་བའི་ལྷ་རྒྱུད། ཁྲོ་བོ་ལྷ་རྒྱུད་དང་ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་རྣམས་ནི་ཨ་ནུ་ཡོ་གར་གཏོགས་པ་ཡིན་ནོ།། ༈ གཉིས་པ་གསུང་རྒྱུད་ཨ་ནུ་ཡོ་གའམ་འདུས་པ་མདོ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱ་སྟེ། དོན་བསྡུས་ལས། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་པ་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་པ་ལྟར། གཞལ་བྱ་འཁོར་འདས་ཀྱི་ཆོས་རྣམས་འཇལ་བྱེད་མཐའ་དྲུག་ཚུལ་བཞི་ལ་བརྟེན་ནས། བྱ་བ་རྒྱུའི་རྣལ་འབྱོར་སྣང་སྲིད་ཐམས་ཅད་སྐྱེ་བ་མེད་པ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། རྩལ་སྣང་འགགས་མེད་ཀུན་ཁྱབ་ཏུ་ཤར་བ་རང་བྱུང་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་ནས། བྱེད་པ་རྐྱེན་གྱི་རྣལ་འབྱོར་ཐབས་ཀྱི་ངེས་པའི་ལམ་རིམ་ཅིག་ཆར་གྱིས་ལྷན་སྐྱེས་ཡེ་ཤེས་འདྲེན་པ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་ནི། ཐོས་བསམ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པས་གནས་ལུགས་ཀྱི་ལྟ་བ་ངེས་པ་སྔོན་དུ་བཏང་ནས། སྒོམ་ཐབས་ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་རྣལ་འབྱོར་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་བཀྲ་ལམ་གྱིས་གསལ་བའོ། །དོན་གྱི་རྗེས་སུ་འཇུག་པ་དེ་བཞིན་ཉིད་དམ་མཚན་མེད་ཀྱི་རྣལ་འབྱོར་རྣམ་པར་མི་རྟོག་པའི་རྫོགས་རིམ་ལ་གཞོལ་བ་སྟེ། དེ་ཉིད་ལས། ཐོས་བསམ་བསྒོམ་པའི་ཚུལ་འགྲོ་བའི། །དེ་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཉིད། །ཅེས་སོ། །བྱ་བྲལ་འབྲས་བུའི་རྣལ་འབྱོར་ནི། ཚོགས་ལམ་དུ་མོས་སྤྱོད་ཀྱི་ལྷ་སྐུ་ཤར་བ་འདུན་པ་སེམས་པའི་རྣལ་འབྱོར། སྦྱོར་ལམ་དུ་རླུང་སེམས་ཀྱི་ལྷ་སྐུ་འགྲུབ་པས་རིགས་ཆེན་འབྱེད་པའི་རྣལ་འབྱོར། མཐོང་ལམ་དུ་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་འགྲུབ་པ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་དུ་སློབ་པ་ཟུང་འཇུག་གི་ལྷ་སྐུ་རྒྱུན་མི་ཆད་པར་འགྲུབ་པ་ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་བར་ཆད་མེད་ལམ་ལ་འདོད་ཆགས་ཆེན་པོའི་དབང་བསྐུར་བརྙེས་པས་སྒོ་གསུམ་གྱི་བག་ཆགས་ཕྲ་བའང་གཏན་བཅོམ་སྟེ་མི་སློབ་ཟུང་འཇུག་གི་ལྷ་སྐུ་འབྲས་ཆོས་ཉེར་ལྔའི་ཡོན་ཏན་ལ་དབང་འབྱོར་ཞིང་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ལ་འཇུག་པར་གསུངས་སོ། །རྒྱས་པར་གནུབས་ཀྱི་འདུས་འགྲེལ་མུན་པའི་གོ་ཆ་སོགས་ལས་ཤེས་པར་འགྱུར་རོ། །དེ་ལྟར་སྟོན་པའི་སྡེ་སྣོད་ནི། ཀུན་འདུས་རིག་པ་སོགས་རྩ་བའི་མདོ་བཞི། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག །དཀོན་རྒྱུད་བཅུ་གཉིས། ལུང་གི་ཡི་གེ་བདུན་ཅུ་ལ་སོགས་པའོ། །རྩ་བའི་མདོ་བཞི་ནི། ཀུན་འདུས་རིག་པའི་མདོ། སེམས་ལུང་ཆེན་མོའི་མདོ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་རྣམས་སོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ནི་བཀའ་ཐམས་ཅད་ཀྱི་དེམས་སུ་བཞག་གོ །མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག་ནི། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། དབང་བསྐུར་རྒྱལ་པོའི་རྒྱུད། ཏིང་འཛིན་མཆོག་གི་རྒྱུད། སྐབས་སྦྱོར་བདུན་པའི་རྒྱུད། བརྩོན་པ་དོན་ལྡན་གྱི་རྒྱུད། དམ་ཚིག་བཀོད་པའི་རྒྱུད་རྣམས་སོ། །དཀོན་རྒྱུད་བཅུ་གཉིས་སུ་གྲགས་པ་ནི་ལས་ཁ་ཚར་གྱི་རྒྱུད་དེ། ཕྲིན་ལས་ཁ་སྐོང་ཆོས་ཉིད་གཏོར་མའི་རྒྱུད། སྤྱི་རྒྱུད་སྟོང་གིས་བརྒྱན་པའི་རྒྱུད། ཀརྨ་མཱ་ལེ། ཚོགས་རྒྱུད་ཆེ་ཆུང་། ནམ་མཁའ་མཛོད་ཀྱི་རྒྱུད། སྟོབས་པོ་ཆེ་ཡོངས་གྲོལ་གྱི་རྒྱུད། ཐིག་ལེ་ཀློང་ཡངས། གླང་པོ་རབ་འབོགས། སྦྱིན་སྲེག་གི་རྒྱུད་ཟ་བྱེད་རོལ་པ། གཏོར་རྒྱུད་ཆེ་ཆུང་། དཔལ་འབར་ཁྲོ་མོ། ཞིང་བཅུ་རོལ་པའི་རྒྱུད་རྣམས་སོ། །གཞན་ཡང་གདམས་པ་མན་ངག་གི་རྒྱུད་ལ། སྤྱི་རྒྱུད་ཧེ་རུ་ཀའི་ཏནྟྲ། སྒོས་རྒྱུད་ལ་ལྔ་སྟེ། སྐུ་རྒྱུད་བསྐལ་པ་མེ་ལྟར་འབར་བ། གསུང་རྒྱུད་དབང་ཆེན་འདུས་པ། ཐུགས་རྒྱུད་པུཎྜ་རི་ཀ །ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། ཕྲིན་ལས་ཀྱི་རྒྱུད་རིག་འཛིན་འདུས་པ་རྣམས་སོ། ཁྱད་པར་གྱི་རྒྱུད་ལ། སྐུ་རྒྱུད་ཟླ་གསང་ནག་པོ། གསུང་རྒྱུད་རྟ་མཆོག་རོལ་པ། ཐུགས་རྒྱུད་ཧེ་རུ་ཀཿགལ་པོ། ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། ཕྲིན་ལས་ཀྱི་རྒྱུད་ཕུར་པ་བྱིཏྟོ་མ་ལ་འབུམ་སྡེ། རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་རྣམས་སོ། །ཐང་ཡིག་ལས་མདོ་བདུན་དང་ལུང་བདུན་དུ་བཤད་དེ། སྔ་མ་ནི། རྩ་རྒྱུད་ཕྱག་རྒྱ་རོལ་པའི་མདོ། དབང་བསྐུར་རྒྱལ་པོའི་རྒྱུད། རིག་འཛིན་དྲུག་གི་མདོ། ཏིང་འཛིན་མཆོག་གི་མདོ། གསང་སྒོ་འགྲེལ་པའི་མདོ། ལྷ་མོ་གོ་ལ་མའི་མདོ། སྒྲོལ་མ་བརྩེགས་པའི་མདོ་རྣམས་ཏེ་གོང་གི་རྒྱུད་དྲུག་ཀྱང་ཕལ་ཆེར་འདི་དང་གཅིག་གམ་བརྟག་གོ །ཕྱི་མ་ལུང་བདུན་ནི། ཀུན་འདུས་རིག་པ་སོགས་བཞི་དང་། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ། གལ་པོ་ཆེ། འཇིག་རྟེན་ལས་འདས་པའི་མདོ་རྣམས་སོ། །ཀུན་མཁྱེན་ཡབ་སྲས་ཀྱི་དགོངས་པ་ལྟར་ན་མདོ་དྲུག་དང་རྩ་བའི་རྒྱུད་བཞིར་བཞེད་དེ། དང་པོ་དྲུག་ནི། ཀུན་འདུས་རིག་པ་སོགས་བཞི་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། སེམས་དང་ཡེ་ཤེས་འབྱེད་པ་ཡི་གེ་རྣམ་དག་སྟེ་སྔགས་ཀྱི་མདོ་དྲུག་དང་། རྩ་བའི་རྒྱུད་ལ། ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་རྣམས་སོ། །གདམས་པ་མན་ངག་དང་ལས་ཁ་ཚར་གྱི་རྒྱུད་ནི་ཐང་ཡིག་དང་དགོངས་པ་གཅིག་གོ །གཞན་ཡང་བླ་མེད་དོན་རྫོགས་འདུས་པའི་རྒྱུད་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་ལ་སོགས་པ་མང་པོ་ལོ་པཎ་རྣམས་ཀྱིས་མཚན་དུ་བཏགས་པ་བཞིན་དེང་སང་དཀར་ཆག་རྣམས་སུ་ངོས་འཛིན་ཐད་ཀར་མི་སྣང་བས་བརྟག་གོ། ༈ གསུམ་པ་རྫོགས་ཆེན་སེམས་སྡེའི་ཕྱོགས་རྣམས་ནི་ཐུགས་ཀྱི་རྒྱུད་ཨ་ཏི་ཡོ་གའམ་ཤིན་ཏུ་རྣལ་འབྱོར་ཏེ། དེ་ཡང་སེམས་ཀློང་མན་ངག་གི་ཁོག་འབུབས་ནི། ངོ་མཚར་བའི་ཚིག་ཆེན་བརྒྱད་དང་། རྡོ་རྗེའི་གད་མོ་བཅུ་གཉིས་སོགས་གཏན་ཚིགས་ངོ་སྤྲོད་རིན་པོ་ཆེ་རྣམས་ལ་བརྟེན་ནས་དོན་དམ་ཀ་དག་བློ་འདས་ཆེན་པོ་དང་། ཀུན་རྫོབ་གཞི་སྣང་ལྷུན་གྱིས་གྲུབ་པའིདཀྱིལ་འཁོར་དུ་གཏན་ལ་ཕབ་ནས་ཀ་དག་གི་གནས་ལུགས་ཟབ་མོ་ཁྲེགས་ཆོད་ཀྱི་མན་ངག་ནམ་མཁའ་སུམ་ཕྲུགས་སམ་ཅོག་གཞག་བཞིའི་སྒོ་ནས་ཉམས་སུ་བླངས་ཤིང་། ལྷུན་གྲུབ་ཐོད་རྒལ་གྱི་རིམ་པ་རྣམས་བཅའ་བ་ལུས་ཀྱི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་དུ་བསྡུས་ཏེ། སྒྲོན་མ་བཞིའི་ཚུལ་ལ་བརྟེན་ནས་དབྱིངས་ཀྱི་སྣང་བ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྨིན་པ་ལས་སྣང་བཞི་ཚད་དུ་འཁྱོལ་ཏེ་བུམ་ནང་གི་མར་མེ་ལྟར་གནས་པའི་གཞིར་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་ནང་དབྱིངས་གཞོན་ནུ་བུམ་པའི་སྐུར་སངས་རྒྱས་ཤིང་འགྲོ་དོན་རྒྱུན་མི་འཆད་པར་འབྱུང་ངོ་། །སྤྱིར་རྩོལ་མེད་ཡེ་ཤེས་ཀྱི་ཐེག་པ་འདི་ལ་ཨ་ཏི་བཀོད་པ་ཆེན་པོ་ལས་བསྟན་པ་ལྟར། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། ནམ་མཁའ་ཅན་ལ་ཀློང་གི་སྡེ། རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་པ་ལྟར། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་ལས། ཆོས་ཐམས་ཅད་སེམས་ཉིད་ལས་གུད་ན་མེད་པ་སྤང་བྱའི་མཐའ་ལས་གྲོལ་བ་སེམས་སྡེ། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་འུབ་ཆུབ་པས་གཉེན་པོའི་མཐའ་ལས་གྲོལ་བ་ཀློང་སྡེ། དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་གཏན་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་མན་ངག་གི་སྡེ་ཞེས་གསུངས། གཞི་ལམ་འབྲས་བུའི་རྣམ་གཞག་མཐའ་ཡས་པ་བཞུགས་ཀྱང་འདིར་སྨྲས་པ་རྣམས་ནི་མན་ངག་གི་ལུགས་ལྟར་བྱས་པའོ། །དེ་ལྟར་སྟོན་པའི་སྡེ་སྣོད་ཀྱང་སེམས་སྡེ་ལ་རྗོད་བྱེད་ཀྱི་རྒྱུད་ཤླཽ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་ཡོད་པར་གསུངས་ཤིང་། བསྡུ་ན། ཆོས་ཉིད་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ཡིན་པ་མེད་པའི་ཀློང་གསུམ་པོ་ལ་བམ་པོ་དྲུག་སྟོང་སུམ་བརྒྱར་གནས་པར་གསུངས་པའང་བསྡུ་ན། གནས་པ་གཞི་ཐོག་འབེབ་པའི་འཕྱོང་། སྣང་བ་རང་སར་གྲོལ་བའི་འཕྱོང་། ངོ་མཉམ་ཐ་དད་མེད་པའི་འཕྱོང་གསུམ་དུ་འདུ་ལ། ཆོས་ཉིད་ལ་འཆུགས་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་བའི་གནད་ལྔ་བརྒྱ་བཅུ་གཅིག །སྣང་སེམས་ཅིག་ཆར་དུ་ཤན་འབྱེད་པ་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་ཟླ་བ་ལྔ་ཁྲི། སྒོམ་ཡོད་རྟོག་པ་གཅོད་པའི་གནད་ཆིག་སྟོང་རྣམས་རྒྱུད་སྡེ་ཆེན་པོ་སྟོང་ཕྲག་གསུམ་དུ་བཞུགས་པར་གསུངས་ལ། དེ་དག་ནི་ལྟ་སྒོམ་གནད་ཀྱི་གཟེར་བུ་ལྟ་བུ་གེགས་དང་གོལ་ས་གཅོད་པའི་བྱེད་ལས་གཉེན་པོའི་སྒོ་ནས་བསྟན་པ་ཡིན་ལ། བོད་དུ་འགྱུར་བའི་ཆོས་སྡེ་ཆེ་ལོང་ཙམ་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ཏེ་བཻ་རོའི་སྔ་འགྱུར་ལྔ་དང་། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་ཕྲ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག །བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་གཅོད། ཡིད་བཞིན་ནོརབུ། ཀུན་བཏུས་རིག་པ། རྗེ་བཙན་དམ་པ། སྒོམ་པ་དོན་གྲུབ་སྟེ་ཕྱི་འགྱུར་བཅུ་གསུམ་ནི་སློབ་དཔོན་བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་ར། གཡུ་སྒྲ་སྙིང་པོ་གསུམ་གྱིས་བསྒྱུར་བ་བཅས་སེམས་མད་བཅོ་བརྒྱད་དོ། །དེ་དག་ནི་སྟེང་དུ་བཻ་རོས་སྔར་བསྒྱུར་བ་གཞན་ཀུན་བྱེད་རྒྱལ་པོ་དང་། མདོ་བཅུ་གསུམ་པའམ་ཁ་ཅིག་མདོ་བཅུ་གསང་བར་འབོད་པ་དང་། རྨད་བྱུང་རྒྱལ་པོའི་རྒྱུད་རྣམས་བསྡོམས་པས་སེམས་མད་ཉེར་གཅིག་ཀྱང་ཟེར་རོ། །གཞན་ཡང་ཨ་ཏི་བཀོད་པ་ཆེན་པོའི་རྒྱུད། རྨ་བྱ་འཇིང་བསྣོལ། ཡེ་ཤེས་གཏིང་རྫོགས། དམ་ཚིག་བཀོད་པའི་རྒྱུད། བང་མཛོད་འཕྲུལ་སྡེ། ཡང་འབྱེད་འཕྲུལ་ལྡེ། བང་མཛོད་འཕྲུལ་གྱི་མེ་ལོང་། ལྷ་རྒྱུད་རིན་ཆེན་སྤུངས་པའི་རྒྱུད་ལ་སོགས་པ་རྣམས་སོ། ༧ །ཀློང་སྡེ་ལ་བསྡུ་ན་དགུར་འདུ་བར་གསུངས་ཏེ། ལྟ་བ་འཕོ་འགྱུར་མེད་པའི་ཀློང་། སྒོམ་པ་ཡིན་མིན་མེད་པའི་ཀློང་། འབྲས་བུ་རེ་དོགས་མེད་པའི་ཀློང་། ངོ་བོ་གྲུབ་བསལ་མེད་པའི་ཀློང་། རང་བཞིན་མ་འགགས་པའི་ཀློང་། མཚན་ཉིད་སྣང་སེམས་གྲོལ་བའི་ཀློང་། དབྱིངས་འཕོ་འགྱུར་མེད་པའི་ཀློང་། རོལ་པ་འགག་མེད་རང་ཤར་གྱི་ཀློང་། ལྷུན་མཉམ་ཡེ་གྲོལ་ཅོག་གཞག་གི་ཀློང་དང་དགུའོ། །དེ་དག་ཀྱང་བསྡུ་ན། ལྷུན་གྲུབ་ཡངས་པ་ཆེན་པོོའི་ཀློང་། རང་གསལ་བྱ་རྩོལ་མེད་པའི་ཀློང་། མ་བྱས་ཡེ་ནས་གྲུབ་པའི་ཀློང་དང་གསུམ་དུ་འདུས་ཤིང་། དེ་དག་གི་ཚུལ་རྒྱས་པར་སྟོན་པའི་རྒྱུད་སྟོང་ཕྲག་གསུམ་ལ་ལེའུ་ཆིག་ཁྲི་ཆིག་སྟོང་། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། ལ་བཟླ་བ་ཁྲི་ཕྲག་བརྒྱད། ཤན་འབྱེད་ཁྲི་ཕྲག་གཉིས། འགགས་དགུ་བརྒྱ། གནད་ཉིས་སྟོང་། གཟེར་བུ་ལྔ་བཅུ་རྣམས་སུ་འདུ་བར་གསུངས་པ་དག་གོ །ངེས་བྱེད་སྡེ་ཚན་གྱི་དབང་དུ་ན་ཀློང་སྡེའི་རྒྱུད་ལ། འཁོར་བ་དོང་སྤྲུག །རིན་ཆེན་གསང་བའི་རྒྱུད། བྱ་རྩོལ་མེད་པའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལ་སོགས་པ་འབུམ་ཕྲག་བཅུ་གཅིག་ཏུ་བཞེད་དོ། །རྒྱུད་ཀྱི་དཀར་ཆག་གཞན་ལས། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད། རིག་པ་རང་རྩལ་ཤར་བའི་རྒྱུད། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད། སྣ་ཚོགས་འཁོར་ལོའི་རྒྱུད། འཕགས་ལམ་བཀོད་པའི་རྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད། ཡེ་ཤེས་གསང་བ་མན་ངག་གི་རྒྱུད། རིན་ཆེན་འཁོར་ལོའི་རྒྱུད། ཡེ་ཤེས་རྫོགས་པའི་རྒྱུད། རྣམ་དག་སྟོན་པའི་རྒྱུད། རྡོ་རྗེ་འོད་འཕྲོའི་རྒྱུད་སོགས་བཤད་དོ། ༧ །མན་ངག་གི་སྡེ་ལའང་ཟབ་ལ་རྒྱ་ཆེ་བའི་རྒྱུད་སྡེ་མཐའ་ཡས་ཀྱང་བསྡུ་ན། སློབ་དཔོན་ཤྲཱི་སེང་ཧའི་དགོངས་པ་ལྟར། ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བ་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་རུ་འདུ་ཞིང་། དེ་དག་ལས་ཕྱི་སྐོར་རྣམས་ནི་སེམས་མད་མ་བུ་བཅོ་བརྒྱད་དང་། ནང་སྐོར་ཀློང་སྡེ་སྤྱི་དང་། རང་བྱུང་དུ་སྤྱོད་པ་དབང་བསྐུར་བ་རྣ་བརྒྱུད་རྡོ་རྗེ་ཟམ་པའི་ཆོས་སྐོར་རྣམས་སོ། །ཕྱི་མ་གཉིས་ནི་མན་ངག་གི་སྡེར་གཏོགས་པ་ལས་ཁ་ཅིག་གསང་སྐོར་རྒྱུད་བཅུ་བདུན་དང་། ཡང་གསང་བླ་ན་མེད་པ་ལ་ངོས་འཛིན་འདི་ཞེས་བསྟན་དུ་མེད་པར་ཅི་ཐོད་ཐོད་ཀྱིས་གཡམ་རྒྱུགས་བྱེད་པ་ཙམ་མོ། །དེས་ན་གསང་སྐོར་ནི་སེམས་ཀློང་མན་ངག་གསུམ་ཀའི་སྤྱི་རྒྱུད་དང་ཁ་སྐོང་གི་རྒྱུད་རྣམས་ཏེ་གཞན་དུ་སྤྱི་ཏི་དང་ཡང་ཏི་ཞེས་པ་རྣམས་སོ། །ཡང་གསང་བླ་ན་མེད་པའི་མན་ངག་སྙིང་པོར་དྲིལ་བ་ནི་རྒྱུད་བཅུ་བདུན་ཏེ་གཞན་དུ་སྨྲ་བར་མི་བྱ་ཞིང་འཐད་པའི་རྗེས་སུ་འཇུག་གོ །དེ་ལྟར་སྟོན་པའི་རྒྱུད་ཀྱང་ཚིག་རྒྱུད་ཁྲི་ཕྲག་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནད་སྟོང་ཕྲག་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། འགགས་སྟོང་ཕྲག་དགུ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་སོགས་ཚད་གཟུང་དུ་མེད་པར་གསུངས་སོ། །ངེས་བྱེད་ཆོས་སྡེ་ལ་པདྨ་ཀློང་གསལ། པདྨ་དབང་རྒྱལ། ཡིད་བཞིན་ཏོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག །གཞན་ཡང་སངས་རྒྱས་མཉམ་སྦྱོར། སྙིང་པོའི་རྒྱུད་ལྔ་སྟོང་སུམ་བརྒྱ་རྣམས་དང་། ཡང་ཟབ་སྙིང་པོར་དྲིལ་བ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅ་ོབརྒྱད་དོ། །དེ་ལ་རྒྱུད་བཅུ་བདུན་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། སྒྲོན་མ་འབར་བའི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། རིག་པ་རང་ཤར་གྱི་རྒྱུད། ནོར་བུ་ཕྲ་བཀོད་ཀྱི་རྒྱུད། ངོ་སྤྲོད་རིན་པོ་ཆེ་ཞིང་ཁམས་བསྟན་པའི་རྒྱུད། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད། ཡི་གེ་མེད་པའི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད། རིག་པ་རང་གྲོལ་ཆེན་པོའི་རྒྱུད། རིན་ཆེན་སྤུངས་པའི་རྒྱུད། སྐུ་གདུང་འབར་བའི་རྒྱུད། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་རྣམས་སོ། །གསང་སྐོར་སེམས་ཀློང་མན་ངག་གསུམ་ཀའི་སྤྱི་རྒྱུད་ནི། ནམ་མཁའ་ཆེའི་རྒྱུད། ནམ་མཁའ་ཆེ་ཕྱི་མའི་རྒྱུད། ནམ་མཁའ་ཆེ་ཕྱི་མ་ཕྱི་མའི་རྒྱུད། ཆོས་ཉིད་རྒྱལ་པོའི་རྒྱུད། བྱང་སེམས་ཐིག་ལེའི་རྒྱུད། ཡེ་ཤེས་ཐིག་ལེའི་རྒྱུད། མན་ངག་ཕྲེང་བའི་རྒྱུད། གསང་བ་རྒྱལ་པོའི་རྒྱུད། ཡེ་ཤེས་དམ་པའི་རྒྱུད། མཁའ་དབྱིངས་རྣམ་དག་གི་རྒྱུད། མན་ངག་སྙིང་པོའི་རྒྱུད། སྙིང་པོ་གསང་བའི་རྒྱུད། ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། ཉག་གཅིག་དགོངས་པའི་རྒྱུད། བསམ་གཏན་ཆེན་པོའི་རྒྱུད། བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སྒོ་མང་མདོའི་རྒྱུད། ནམ་མཁའ་ཆེ་དབང་གི་རྒྱུད། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། ནམ་མཁའ་ཆེ་གཞིའི་རྒྱུད། རིན་ཆེན་འབར་བའི་རྒྱུད། རིན་ཆེན་ཕྲེང་བའི་རྒྱུད། ཁམས་གསུམ་སྒྲོན་མེའི་རྒྱུད། ངེས་པ་སྙིང་པོའི་རྒྱུད། རྡོ་རྗེ་གསང་བའི་རྒྱུད། ཡེ་སངས་རྒྱས་པའི་རྒྱུད་བཅས་ཉི་ཤུ་རྩ་དྲུག་དང་། ལུང་བམ་པོ་བཅོ་བརྒྱད་ལ་སོགས་པ་བཞུགས་སོ། །གཞན་ཡང་ཁ་སྐོང་དྲི་མེད་ཀ་དག་གི་རྒྱུད། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལ་སོགས་པའོ། །རྒྱས་པར་གཟིགས་འདོད་པ་དག་གིས། སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་པ་རྣམས་དང་། རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག །དགོངས་འདུས་རྣམ་བཤད་འོད་ཟེར་བརྒྱ་པ། སེམས་ཉིད་ངལ་གསོའི་སྤྱི་དོན་ལེགས་བཤད་རྒྱ་མཚོ། སྙིང་ཐིག་མ་བུའི་ལོ་རྒྱུས་སྟོང་ཐུན་ཆེན་མོ། སྔ་འགྱུར་བསྟན་པའི་རྣམ་གཞག་རིན་པོ་ཆེ་སོགས་ལས་མཁྱེན་པར་འགྱུར་རོ།། །། ༈ གཉིས་པ་ཉེ་བརྒྱུད་གཏེར་མའི་རྣམ་གཞག་ཡོངས་འདུས་ཟུང་འཇུག་ཌཱཀྐིའི་སྤྲིན་ཕུང་བཤད་པ་ལ། གང་ལས་བྱུང་བ་བརྒྱུད་སྲོལ་ཀུན་འདུས་ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་ཐར་སྤྱི་དང་ཁྱད་པར་བ་བཤད་པ་དང་། ཉེ་བརྒྱུད་ཟབ་ཆོས་དངོས་ཀྱི་ཆེ་བ་བསྟན་པ་གཉིས་ལས། དང་པོ་ནི། དེ་ལ་རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱི། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་གསུངས་པ་ལ་རྗེས་སུ་ཕྱོགས་ཏེ། འདིར་མཚོ་སྐྱེས་རྒྱལ་བའི་རྣམ་ཐར་ཕྱོགས་ཙམ་བསྟན་པའི་ཞར་ལས་སྔ་འགྱུར་རྒྱལ་བློན་ལོ་པཎ་ཚོགས་ཀྱི་ཕྱག་རྗེས་རྣམས་གསལ་བར་ཁོང་དུ་ཆུད་ནུས་པའི་ཕྱིར་རེ་ཞིག་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་རྣམ་པར་ཐར་པ་ནི། དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་རྣམ་པར་ཐར་པའི་རིམ་པ་ཟབ་ལ་མང་བ་མཐའ་ཡས་པ་ཞིག་བཞུགས་པ་ལས། འདིར་ཡོངས་གྲགས་གཏེར་མའི་ལོ་རྒྱུས་བཞིན་ཅུང་ཟད་ཙམ་བཀོད་པ་ནི། ཇི་སྐད་དུ། མདོ་སྡེ་མྱང་འདས་ལས། ཤིང་སཱ་ལའི་དྲུང་རྩ་མཆོག་གཉིས་ཀྱི་བར་ན། བཅོམ་ལྡན་འདས་ལ་འོད་སྲུངས་དང་། གཅུང་དགའ་བོ་མ་གཏོགས་པ་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནས། ཉེ་གནས་ཆེན་པོ་ཀ་ཏ་ཡཱ་ན་དང་། ཙུན་ད་དང་། མ་འགགས་པ་དང་། ཀུན་དགའ་བོ་རྣམས་ལ་བཀའ་བསྩལ་པ། ང་ནི་ཡོངས་སུ་མྱ་ངན་ལས་འདའོ། ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །པདྨ་ལས་ནི་འབྱུང་བར་འགྱུར། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་སོགས་མདོ་རྒྱུད་དྲི་མ་མེད་པ་རྣམས་སུ་དཔལ་གྱི་མགུལ་ལས་ཚངས་པའི་དབྱངས་ཀྱིས་ལུང་དུ་བསྟན་པ་བཞིན། སངས་རྒྱས་ཀྱི་འདས་ལོ་ལྔ་པ་ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་སྲིན་ཡུལ་དང་ཐག་ཉེ་བའི་རྒྱ་མཚོའི་གླིང་དྲི་མེད་མདངས་ལྡན་ཞེས་བྱ་བར། པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་གཤེགས་འོད་དཔག་མེད་པའི་ཡེ་ཤེས་ཀྱིས་སྒྱུ་འཕྲུལ་ལས། ཁྱེའུ་ཆུང་ལོ་བརྒྱད་ལོན་པའི་ན་ཚོད་ཅན། མཚན་དང་དཔེ་བྱད་ཀྱིས་རབ་ཏུ་བརྒྱན་པ་ཞིག་རང་བྱུང་དུ་འཁྲུངས་ཏེ། མཚོ་གླིང་གི་མཁའ་འགྲོ་རྣམས་ལ་སྤྲུལ་པའི་སྐུས་ཆོས་སྟོན་པར་མཛད་དོ། །དེའི་ཚེ་ཨོ་རྒྱན་གྱི་གྲོང་ཁྱེར་མཛེས་ལྡན་ཞེས་བྱ་བ་ན། ཆོས་སྐྱོང་བའི་རྒྱལ་པོ་ཨིནྡྲ་བོ་དྷི་ཞེས་བྱ་བ་ཞིག་གྲོང་ཁྱེར་ཆེན་པོ་བྱེ་བ་བཅོ་བརྒྱད་ལ་མངའ་དབང་མཛད་ཅིང་བཞུགས་སོ། །ཇི་ཞིག་ན་རྒྱལ་པོ་ལ་སྲས་མེད་ཅིང་ཡུལ་ལ་ལོ་ཉེས་ཆེན་པོ་ཞིག་ཀྱང་བྱུང་བར་བརྟེན། རྒྱལ་པོས་དཀོན་མཆོག་ལ་མཆོད་ཅིང་དཀོར་མཛོད་ཐམས་ཅད་སྦྱིན་པར་བཏང་བས་ཟད་དེ་རྒྱ་མཚོའི་གླིང་དུ་ཡིད་བཞིན་གྱི་ནོར་བུ་ལེན་པར་ཆས་སོ། །དེ་ནས་ཚུར་བྱོན་པའི་ལམ་དུ་ཆོས་བློན་ཀྲིཥྣ་འཛིན་གྱིས་སློབ་དཔོན་སྤྲུལ་པའི་སྐུ་དང་ཐོག་མར་མཇལ། དེ་ནས་མི་རིང་བར་རྒྱལ་པོ་འཁོར་དང་བཅས་པས་མཇལ་ཏེ་ངོ་མཚར་མཆོག་ཏུ་སྐྱེས་ཤིང་། ལྟ་ན་སྡུག་པའི་ཁྱེའུ་ཆུང་ཡ་མཚན་ཅན་དུ་མཐོང་ནས། རྒྱལ་བློན་འཁོར་བཅས་བརྗོད་མི་ཤེས་པའི་དགའ་བདེས་ལུས་སེམས་ཁྱབ་པར་གྱུར་ནས་སྲས་ཀྱི་སྐལ་པར་མཛད་དེ་ཕོ་བྲང་དུ་སྤྱན་དྲངས། མཚོ་སྐྱེས་རྡོ་རྗེ་ཞེས་པའི་མཚན་གསོལ། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲི་སྟེང་དུ་བཞུགས་སུ་གསོལ། ཟས་གོས་རིན་པོ་ཆེ་སྣ་ཚོགས་དང་། རྟ་དང་གླང་པོ་ཆེ་དང་ཁང་ཁྱིམ་དང་སྨན་ལ་སོགས་པའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམ་པར་བྱས་སོ། །དེ་ནས་རྒྱལ་བུས་དགེ་བ་བཅུའི་ཁྲིམས་ཆེན་པོ་གསར་དུ་བཅས་པར་མཛད་དེ་ཨོ་རྒྱན་གྱི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ལ་བཀོད་པ་དང་། གཞན་ཡང་རྒྱལ་བུའི་བློ་གྲོས་ཀྱིས་གྱད་སྟོབས་པོ་ཆེ་དང་སྒྱུ་རྩལ་དང་། མཆོངས་དང་། རྒྱུག་དང་། གླུ་གར་དང་། སྙན་དངགས་དང་། རོལ་རྩེད་ལ་སོགས་པས་ཨོ་རྒྱན་གྱི་ཡུལ་གླིང་ཆེན་པོ་དགུ་དང་། གྲོང་ཁྱེར་ཆེན་པོ་བྱེ་བ་བཅོ་བརྒྱད་ཀྱི་རྒྱལ་ཕྲན་སུས་ཀྱང་འགྲན་པར་མི་ནུས་པའི་རྩལ་མཆོག་ཏུ་གྱུར་པས་འགྲོ་བ་རྣམས་ཡ་མཚན་པའི་གནས་སུ་བཀོད་པར་མཛད། སིངྒ་ལའི་རྒྱལ་པོ་ཟླ་བ་གཞོན་ནུའི་སྲས་མོ་འོད་འཆང་མ་དང་། གཞན་ཡང་བཙུན་མོ་ཉི་མའི་འོད་ཟེར་བརྒྱན་དང་། ཟླ་བའི་འོད་ཟེར་དང་། རྒྱལ་རིགས་མ་དང་། རྗེའུ་རིགས་མ་དང་། བྲམ་ཟེའི་རིགས་མ་ལ་སོགས་པ་ཁྱིམ་བདག་གི་བུ་མོ་ལྟ་ན་སྡུག་པ་ཡོན་ཏན་བརྒྱད་དང་ལྡན་པ་ལྔ་བརྒྱ་ཡང་དུས་གཅིག་ལ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པར་མཛད་པའི་ཚེ་རྒྱལ་པོ་ཐོར་ཅོག་ཅན་ནམ་གུ་རུ་པདྨ་རྒྱལ་པོར་གྲགས། དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་པོ་ཆེ་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བས། ཕོ་བྲང་གི་ཡང་རྩེར་སྟངས་སྟབས་ཕྱག་རྒྱའི་གར་མཛད་དེ་རྩེ་གསུམ་ཤོར་བའི་བརྫུ་བག་གིས་སྡིག་བློན་གྱི་ཕྲུག་གུ་དབྱིངས་སུ་སྤར། དེ་ལྟར་རྒྱལ་ཁྲིམས་ཤིན་ཏུ་གཉན་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སྤྱུགས། དུར་ཁྲོད་དེར་མཆོད་རྟེན་བདེ་བྱེད་བརྩེགས་པར་སྐུ་རྒྱབ་གཏད་དེ་ལོ་ལྔ་རུ་བཞུགས་ནས་མཁའ་འགྲོ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དབང་དུ་བསྡུས་པར་མཛད་པའི་ཚེ་ཤཱནྟ་རཀྵི་ཏར་གྲགས། ཟ་ཧོར་ཡུལ་གྱི་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དང་། ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོ་སོ་ས་གླིང་གཉིས་སུའང་ལོ་ལྔ་རེ་བཞུགས་ནས་མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་མཛད། ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་དུ་བྱོན་ནས་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུས། མཁའ་འགྲོ་མ་ཞི་བ་འཚོས་དབང་བསྐུར་ཞིང་བྱིན་གྱིས་བརླབས། ཁྱད་པར་རྡོ་རྗེ་ཕག་མོ་ནི་རྟག་ཏུ་སློབ་དཔོན་དང་འདུ་འབྲལ་མེད་པར་བཞུགས་ཤིང་། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་འདུས་པ་ལ་གསང་སྔགས་ཀྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར། དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་གླང་པོ་ཆེ་བརྒྱད་སྟོང་དུ་སྤྲུལ་ཏེ་རྟེན་རྣམས་ལ་མཆོད་པ་བྱེད་པ་སོགས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆོ་འཕྲུལ་ཡ་མ་ཟུང་བསྟན་པ་ན། མི་རྣམས་ཀྱིས་ཁྱོད་གང་ནས་འོང་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པརཞལ་གྱིས་བཞེས་ཀྱང་ཡིད་མ་ཆེས་པས་སྐུར་པ་བཏབ་པ་ན། དགོས་པའི་དབང་མང་དུ་གཟིགས་ཏེ་ཤཱཀྱའི་དྲང་སྲོང་སྲིད་སྒྲུབ་ལས་རྩིས་དང་། སྨན་པ་འཚོ་བྱེད་གཞོན་ནུའི་བུ་ལས་སྨན་དང་། ཉི་འོག་གི་ཨཱཙརྻ་ཀུན་གྱི་བཤེས་གཉེན་ལས་སྒྲ་དང་ཡི་གེའི་རིགས་རྣམས་དང་། བཟོ་བོ་བི་ཤྭ་ཀརྨ་ལས་གསེར་བསྒྱུར་གྱི་རྩི་སོགས་བཟོ་རིགས་མཐའ་དག་ལ་མཁས་པར་མཛད། གཞན་ཡང་ཕྱི་ནང་གི་པཎྜི་ཏ་རྣམས་ལས་ཚད་མ་བསླབས་པ་སོགས་མདོར་ན་རིག་པའི་གནས་ལྔ་ལ་སྦྱངས་པའི་ཚུལ་བསྟན་པས་གང་ལའང་ཐོགས་པ་མི་མངའ་བའི་མཁྱེན་རབ་ཀྱི་གྲགས་པས་སྐྱེ་བོ་ཐམས་ཅད་དད་པའི་ས་ལ་བཀོད་པར་མཛད་པའི་ཚེ་མཁས་པ་བློ་ལྡན་མཆོག་སྲེད་དུ་གྲགས། བྲག་དམར་བྱ་སྐྱིབས་ཚལ་གྱི་ཀེའུ་ཚང་དུ་སློབ་དཔོན་པྲ་བྷ་ཧསྟིའི་སྤྱན་སྔར་བྱོན། ངན་སོང་སྦྱོང་བའི་རྒྱུད་དང་། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་སོགས་ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་རེ་གསན་པས་སྒྲུབ་མ་དགོས་པར་དེ་ཉིད་དུ་ཡོ་གའི་ལྷ་ཚོགས་སུམ་ཅུ་རྩ་གཉིས་ཀྱི་ཞལ་གཟིགས། དེ་ནས་སློབ་དཔོན་གྱིས་ལུང་བསྟན་པ་ལྟར་སྤྲེལ་ཟླ་རྭ་བའི་ཚེས་བཅུ་ལ་གནས་བརྟན་ཉི་མ་གུང་པ་དང་ལྷན་ཅིག་ཆུ་བོ་གངྒཱའི་དབུས་སུ་འཕགས་པ་ཀུན་དགའ་བོ་ལས་རབ་ཏུ་བྱུང་ཞིང་བསྟན་པའི་རྩ་བ་རྨད་དུ་བྱུང་བ་དགེ་སློང་གི་དངོས་པོ་བདག་གིར་བཞེས། དེའི་ཚེ་བསྟན་པའི་བདག་པོ་ཤཱཀྱ་སེང་གེའམ་དགེ་སློང་པུརྞ་ཤྲཱི་ཞེས་བྱ་བར་མཚན་གསོལ། འཕགས་པ་ཀུན་དགའ་བོ་ལས་འདུལ་བ་མདོ་སྡེ་མངོན་པ་སྟེ་རྒྱུ་མཚན་ཉིད་ཐེག་པའི་ཆོས་སྒོ་ཡོངས་རྫོགས་དང་། སྔགས་ཀྱི་རྒྱུད་སྡེའང་ཅི་རིགས་པ་གསན་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད་དོ། །གཞན་ཡང་རྒྱ་གར་ལྷོ་ཕྱོགས་བེ་དའི་ཡུལ་གྱི་དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས་དང་། ཁ་ཆེའི་ཡུལ་གྱི་དུར་ཁྲོད་ཆེན་པོ་ཧེ་ཆེན་བརྡལ་དང་། བལ་པོའི་ཡུལ་གྱི་དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས་དང་། ཟ་ཧོར་ཡུལ་གྱི་དུར་ཁྲོད་ཆེན་པོ་ལངྐ་བརྩེགས་རྣམས་སུ་ལོ་ལྔ་རེ་བཞུགས་ནས་མཁའ་འགྲོ་མའི་ཚོགས་རྣམས་སྨིན་ཅིང་གྲོལ་བར་མཛད། དེ་ནས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་དྲུང་དུ་བྱོན་ནས། རྫོགས་ཆེན་སྙིང་ཐིག་གི་རྒྱུད་བཅུ་བདུན་དང་། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། གཞན་ཡང་གོལ་ས་གཅོད་པ་གླང་པོ་སུན་འབྱིན་གྱི་རྒྱུད་སོགས་བགྲང་བ་ལས་འདས་པ་གསན། དཔལ་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་རིགས་ལྡན་བདེ་བ་བཟང་སྐྱོང་གི་སྤྱན་སྔ་ནས་རྫོགས་པ་ཨ་ནུ་ཡོ་གའི་ཆོས་སྐོར་མ་ལུས་པ་གསན། དེ་ནས་ལི་ཡུལ་གྱི་དུར་ཁྲོད་ཆེན་པོ་པདྨ་བརྩེགས་སུ་མཁའ་འགྲོ་མ་རྣམས་ལ་ཆོས་བསྟན་ཏེ་ལོ་ལྔ་རུ་བཞུགས། མཁའ་སྤྱོད་རིག་འཛིན་གྱི་གནས་མཆོག་ཙན་དན་ཚལ་གྱི་ནགས་ཁྲོད་བདེ་ཆེན་གསང་ལམ་བསྣོལ་བའི་དུར་ཁྲོད་དུ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ལས་ཕྱི་ནང་གསང་བའི་དབང་བསྐུར་ཐམས་ཅད་རྫོགས་པར་གསན་པའི་ཚེ་གུ་རུ་རྡོ་རྗེ་གྲོ་ལོད་དུ་གྲགས། ཁྱད་པར་སློབ་དཔོན་ཤྲཱི་སིངྷའི་དྲུང་དུ་བྱོན་ནས་དོན་དམ་གནད་ཀྱི་ངོ་སྤྲོད་ཞུས་ཏེ་དགོངས་པ་མི་འགྱུར་བ་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ་པར་གྱུར་ཏོ། །རྒྱ་ནག་པོའི་ཡུལ་དུ་གུ་རུ་འཇམ་དཔལ་བཤེས་གཉེན་གྱི་སྤྱན་སྔ་ནས་འཇམ་དཔལ་ཞི་ཁྲོའི་ཆོས་སྐོར་རྣམས་དང་། ཟ་ཧོར་དུ་སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལས་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་ཆོས་སྐོར་རྣམས་དང་། ལི་ཡི་ཡུལ་དུ་སློབ་དཔོན་ཧཱུྃ་ཆེན་ཀ་རའི་སྤྱན་སྔ་ནས་ཞི་ཁྲོ་ཡང་དག་གི་ཆོས་སྐོར་རྣམས་དང་། ཁ་ཆེའི་ཡུལ་དུ་གུ་རུ་བི་མ་ལ་མི་ཏྲ་ལས་བདུད་རྩི་ཡོན་ཏན་གྱི་ཆོས་སྐོར་རྣམས་དང་། ཟ་ཧོར་གྱི་ཡུལ་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་ཕྲིན་ལས་ཕུར་པའི་ཆོས་སྐོར་རྣམས་དང་། ཏ་ཟིག་གི་ཡུལ་དུ་སློབ་དཔོན་དྷ་ན་སཾསྐྲིཏའི་ཞལ་སྔ་ནས་སྲིད་པ་མ་མོའི་ཆོས་སྐོར་རྣམས་དང་། ཡུལ་ཕུང་ལུང་ནག་པོར་སློབ་དཔོན་རམ་བུ་གུ་ཧྱ་ལས་འཇིག་རྟེན་མཆོད་བསྟོད་ཀྱི་ཆོས་སྐོར་རྣམས་དང་། མོན་གྱི་ཡུལ་དུ་སློབ་དཔོན་ཤཱནྟིཾ་གར་བྷའི་སྤྱན་སྔ་ནས་དམོད་པ་དྲག་སྔགས་ཀྱི་ཆོས་སྐོར་རྣམས་གསན་པ་སྟེ་རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་སྡེ་བརྒྱད་དང་། སློབ་དཔོན་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་གསན་པ་སོགས་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས། མདོ་རྒྱུད་རིག་པའི་གནས་རྣམས་ལ་སྦྱངས་པའི་ཚུལ་བསྟན་པས་ཆོས་གང་ལའང་ཆགས་ཐོགས་མི་མངའ་བ་མཁས་པའི་ཁྱུ་མཆོག་གཅིག་པུར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་ཟ་ཧོར་ཡུལ་ཁམས་ཐམས་ཅད་གདུལ་བྱའི་ཞིང་དུ་གཟིགས་ཏེ། དྷ་ན་ཀོ་ཤའི་མཚོ་གླིང་ནས་རྫུ་འཕྲུལ་གྱིས་བྱོན་ཏེ་སྐྱེད་མོས་ཚལ་གྱི་བར་སྣང་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དག །རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་ལྷ་ལྕམ་མནྡཱ་རཿབ་འཁོར་དང་བཅས་པས་མཇལ་ནས་རིམ་གྱིས་ཕོ་བྲང་དུ་གདན་དྲངས་ཏེ་རིན་པོ་ཆེའི་ཁྲིའི་སྟེང་དུ་བཞུགས་སུ་གསོལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ཤིང་དཀོར་ནོར་ཆེ་རྒུ་ཐམས་ཅད་ཕྱག་རྟེན་དུ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལས། ཡོ་ག་རྣམ་པ་གསུམ་གྱི་ཆོས་གསུངས་ཏེ་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད། དེའི་ཚེ་མནྡཱ་རཿབ་མཐའ་མི་དགེ་སྦྱོང་ཞིག་དང་བསྡེབས་ནས་གདའ་ཞེས་ཡུལ་མི་རྣམས་ཀྱིས་ཀླན་ཀ་འཚོལ་བ་ལ་བརྟེན། རྒྱལ་པོ་གཙུག་ལག་འཛིན་ཐུགས་རབ་ཏུ་འཁྲུགས་ཏེ་ཞེ་སྡང་མེ་ལྟར་འབར་བར་གྱུར་ནས། ཟ་ཧོར་གྱི་ཡུལ་མི་འབུམ་ཕྲག་བཅུ་བདུན་ཙམ་ལ་ཙན་དན་གྱི་ཤིང་དང་། ཏིལ་མར་གྱི་ཁྲལ་བསྡུས་ཏེ་གསོན་བསྲེགས་ཀྱིས་ལུང་པ་ཐམས་ཅད་མེ་དུད་ཆེན་པོས་གང་བར་བྱས་སོ། །དེའི་ཚེ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་དང་། རྒྱལ་ཆེན་རིས་བཞི་སོགས་དཀར་ཕྱོགས་ཀྱི་ལྷ་དང་དམ་ཅན་སྲུང་མ་སྐར་ཚོགས་བཀྲམ་པ་བཞིན་ར་མདར་བྱོན། སློབ་དཔོན་ཆེན་པོས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སྐད་ཅིག་ལ་མེ་དཔུང་ཆེན་པོ་མཚོ་རུ་བསྒྱུར། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་མཛད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་ཟ་ཧོར་ཡུལ་ཁམས་ཐམས་ཅད་ཀྱི་ཁམས་དང་། དབང་པོ་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པས་གདུལ་བྱའི་ཞིང་མཆོག་ཏུ་གྱུར་པར་གཟིགས་ཤིང་བཞུགས་པ་ན། རྒྱལ་པོ་གཙུག་ལག་འཛིན་འཁོར་དང་བཅས་པས་ངོ་མཚར་ཕུལ་དུ་བྱུང་བ་ཐོབ་ནས་འགྱོད་ཚངས་ཕུལ། སློབ་དཔོན་གྱི་སྐུ་ལ་རྒྱལ་པོའི་ན་བཟའ་རིན་ཐང་བརྗོད་དུ་མེད་པའི་ཟབ་བེར་སྔོ་ཁྲ་དང་། ལེ་བརྒན་གྱི་ན་བཟའ་སོགས་ཟ་འོག་གི་བེར་ཆེན་ལྔ་རིམ་གྱིས་བརྩེགས་མར་གསོལ། དབུ་ཞྭ་པད་འདབ་ཅན་སོགས་རྒྱལ་པོའི་རྒྱན་གོས་ཐམས་ཅད་རྫོགས་པར་ཕུལ་ཏེ་སྤྲས། རོལ་མོའི་ཚོགས་ཀྱི་མཆོད་པ་དུ་མས་མཆོད་ཅིང་ཤིང་རྟ་ལ་བཞུགས་སུ་གསོལ་ཏེ་ཕོ་བྲང་དུ་སྤྱན་དྲངས། དེ་ནས་ལྷ་ལྕམ་གཟུངས་མར་ཕུལ་ཏེ་རྒྱལ་པོས་དབུ་མཛད་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མཁའ་འགྲོ་འཁྲིགས་པའི་དབེན་གནས་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་གསང་སྔགས་ཀྱི་དབང་བསྐུར་ཐམས་ཅད་རྫོགས་པར་གནང་ཞིང་ཟ་ཧོར་ཡུལ་ཁམས་ཐམས་ཅད་ངེས་ལེགས་ཀྱི་ལམ་ལ་བཀོད་པར་མཛད་དོ། །དེ་ནས་འཆི་མེད་ཚེའི་རིག་འཛིན་བསྒྲུབ་པའི་ཕྱིར་བྲག་ཕུག་མཱ་ར་ཏི་ཀར་བྱོན་ཏེ་མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་ཚེ་ཡི་རིག་འཛིན་ཟླ་བ་གསུམ་དང་ཞག་བདུན་དུ་སྒྲུབ་པར་མཛད། དེའི་ཚེ་མདུན་གྱི་བར་སྣང་ལ་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་པའི་ཞལ་གཟིགས། གུ་རུ་ཡབ་ཡུམ་གྱི་སྤྱི་བོར་བུམ་པ་བཞག །ཞལ་དུ་འཆི་མེད་ཚེ་ཡི་བདུད་རྩི་བླུད། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གནང་ནས་འཁོར་བ་མ་སྟོངས་པའི་བར་དུ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་པའི་དབང་བསྐུར་མཆོག་ཏུ་གྲུབ་པ་ཐོབ་པའི་ཚེ་འཆི་མེད་པདྨ་འབྱུང་གནས་སུ་གྲགས། དེ་ནས་སླར་ཡང་གུ་རུ་ཡབ་ཡུམ་ལྡོམ་བུ་བར་བརྫུས་ནས་ཨོ་རྒྱན་གྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་བྱོན་པའི་ཚེ། ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ངོ་ཤེས་ཏེ་བདུད་བློན་རྣམས་དང་ལྷན་ཅིག་རྒྱལ་པོ་ལ་གསང་ཐབས་ཀྱིས་སྡིག་པ་སྤྱི་ཁུར་བྱས་ཏེ། ཡབ་ཡུམ་ལྷན་ཅིག་ཙན་དན་གྱི་མེ་ལ་གསོན་སྲེག་ཞུས་པ་ན། ཏིལ་མར་ཞིང་དོར་ཙམ་ཞིག་མཚོར་འཁྱིལ་བའི་དབུས་སུ་སོལ་ཕུང་གི་དཀྱིལ་ན་མེ་ཏོག་པདྨའི་སྡོང་པོ་ཁྲི་འཕང་འཁོར་ལོ་བཞི་པའི་ཚད་ཙམ་གྱི་སྟེང་དུ་ཡབ་ཡུམ་གཉིས་སངས་རྒྱས་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་འཁྲིལ་སྦྱོར་མཛད་ཅིང་། འགྲོ་བ་རྣམས་ཐུགས་རྗེས་སྒྲོལ་བའི་བརྡར་ཐོད་ཕྲེང་དང་། རུས་པའི་རྒྱན་དྲུག་སྐུ་ལ་གསོལ་ཏེ་གཟི་བརྗིད་མངོན་པར་འཕགས་པ་བལྟ་བས་ཆོག་མི་ཤེས་པར་བཞུགས་པའི་ཚེ་པདྨ་ཐོད་ཕྲེང་རྩལ་ལམ་པདྨ་བཛྲ་རྩལ་དུ་གྲགས། རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ་བ་དང་། ཞབས་སྤྱི་བོར་བླངས་ཏེ་དབུའི་མཆོད་གནས་སུ་བཀུར་ཞིང་ཕོ་བྲང་དུ་སྤྱན་དྲངས། སློབ་དཔོན་གྱིས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་ལ་དབང་བསྐུར་ཞིང་གསང་སྔགས་ཀྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་དེ་ཨིནྡྲ་བོ་དྷི་འཁོར་ལས་ཅན་གྱི་ཚོམ་བུ་ལྔ་བརྒྱ་དང་བཅས་པ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་ཅིང་ཕུང་པོ་ལྷག་མེད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྲུབ། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་ཅེས་བྱ་བས་མུ་སྟེགས་པའི་སྟོན་པ་བཞི་འཁོར་དང་བཅས་པ་རྡོ་རྗེ་གདན་དུ་བརྫངས་ནས་ནང་པའི་པཎྜི་ཏ་རྣམས་དང་ལྷན་ཅིག་རྩོད་པ་ལ་ཞུགས་པའི་ཚེ། མཁའ་འགྲོ་བདུད་འདུལ་མས་ལུང་བསྟན་པ་ལྟར་སློབ་དཔོན་ཆེན་པོ་ཛཱ་ལན་དྷ་རའི་དུར་ཁྲོད་ནས་རྡོ་རྗེ་གདན་དུ་རྫུ་འཕྲུལ་གྱིས་བྱོན་ཏེ་མུ་སྟེགས་པའི་སྟོན་པ་འཁོར་ལྔ་བརྒྱ་དང་བཅས་པ་རྩོད་པས་ཕམ་པར་མཛད། དེ་ནས་རྫུ་འཕྲུལ་འགྲན་པ་ན་སློབ་དཔོན་གྱིས་མཁའ་འགྲོ་བདུད་འདུལ་མའི་རིག་སྔགས་ལ་བརྟེན་ནས། གནམ་ལྕགས་ཀྱི་ཐོག་ཕབ་སྟེ་མུ་སྟེགས་པའི་གྲོང་ཁྱེར་ཐམས་ཅད་ཁ་དག་པར་མཛད་པའི་ཚེ་འཕགས་པ་སེང་གེ་སྒྲ་སྒྲོག་རྩལ་དུ་གྲགས། ཇི་ཞིག་ན་མཐའ་འཁོབ་ཟངས་གླིང་གི་མུ་སྟེགས་རྒྱལ་པོས་ཟངས་ཁ་སྦྱར་དུ་བཅུག་ནས་ལྕགས་གཟེར་བཏབ་སྟེ་ཆུ་བོ་གངྒཱ་ལ་བསྐྱུར་བ་ན། རྫུ་འཕྲུལ་གྱིས་ནམ་མཁའ་ལ་གར་མཛད་ཅིང་ཆུ་བོ་གྱེན་དུ་ལྡོག་སྟེ་འཁྱིལ་བས་རྒྱལ་པོའི་ཕོ་བྲང་ཡུལ་ལྗོངས་དང་བཅས་པ་འཇིག་ལ་ཉེ་བའི་དུས། བཟོད་པར་གསོལ་ཞིང་རྒྱལ་བློན་འཁོར་བཅས་ནང་པའི་བསྟན་པ་ལ་བཅུག་པའི་ཚེ་གུ་རུ་མཁའ་ལྡིང་རྩལ་དུ་གྲགས། སླར་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་ནང་པའི་བསྟན་པ་དར་བ་ལ་མ་བཟོད་ནས་ངན་སྔགས་དུག་སྦྱོར་གྱིས་སྐུ་བཀྲོངས་བར་བརྩམས་པ་ན། རྩི་དུག་བདུད་རྩིར་བསྒྱུར་ཅིང་མཚན་དཔེ་གཟི་མདངས་སྔར་བས་ལྷག་པར་བསྟན་ཏེ་ཐམས་ཅད་དད་པའི་ས་ལ་བཀོད་པའི་ཚེ་གུ་རུ་ཉི་མ་འོད་ཟེར་དུ་གྲགས། དེ་ནས་རྒྱ་བལ་གྱི་སོ་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བྱོན་ཏེ་རྒྱལ་པོ་རྒྱལ་འཛིན་གྱི་སྲས་མོ་ཤཱཀྱ་དེ་ཝཱི་སྒྲུབ་རྟེན་དུ་མཛད་དེ། དཔལ་ཡང་དག་གི་སྒོ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་བསྒྲུབས། དེའི་ཚེ་ཧེ་རུ་ཀཿགལ་པོ་དང་ཕུར་པ་བི་ཏོ་ཏ་མ་འབུམ་སྡེ་ལ་བརྟེན་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད། ཕུར་སྲུང་མ་མོ་བཅུ་གཉིས་དང་སྐྱེས་བུ་གིང་བཞི་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས་པའི་ཚེ་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། གཞན་ཡང་སློབ་དཔོན་མཚོ་སྐྱེས་དང་། བྲམ་ཟེ་ས་ར་ཧ་དང་། བི་རཱུ་པ་དང་། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པ་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་སྣ་ཚོགས་པའི་སྒོ་ནས་བྷང་ག་ལ་དང་། ཏ་ཟིག་དང་། རྒྱ་ནག་དང་། ཟངས་གླིང་དང་། གསེར་གླིང་དང་། ཁ་ཆེ་དང་། ཞང་ཞུང་དང་། མ་རུ་རྩེ་དང་། འ་ཞ་དང་། བྲུ་ཤ་དང་། འགྲོ་ལྡིང་དང་། གེ་སར་དང་། ཐོ་གར་དང་། སྲིན་པོའི་ཡུལ་དང་། རུ་པ་ཏི་ལ་སོགས་པའི་ཡུལ་གྲུ་མང་པོར་དངོས་དང་རྫུ་འཕྲུལ་གྱིས་བྱོན་ནས་སྐལ་པ་དང་འཚམ་པར་ཆོས་བསྟན་ཅིང་། འཁོར་བ་དང་ངན་སོང་གི་དུཿཁ་ལས་བསྐྱབས་པར་མཛད་དོ། ༧ ཁྱད་པར་བོད་ཁ་བ་ཅན་གྱི་ལྗོངས་སུ་མཛད་པ་ཇི་ལྟར་བསྐྱངས་པའི་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །ས་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དྲག་པོ་ལྕགས་སྤྲེལ་ལ་མཚོ་བྲི་ཞིང་རིམ་གྱིས་མི་ཡི་འགྲོ་བ་ཆགས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར། བོད་ཀྱི་སྲིད་པ་ཆགས་པ་ནས་ཐོག་མར་མི་མ་ཡིན་གྱིས་བདག་ཏུ་བཟུང་ཞིང་རིམ་གྱིས་རྒྱལ་ཕྲན་སིལ་མ་བཞི་བཅུས་དབང་བྱས། དེ་ནས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་ལྟར་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པར་གྲགས་པ་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག །ས་ལ་ལྡེ་བརྒྱད། འོག་གི་བཙན་ལྔར་གྲགས་པ་རྣམས་རིམ་པར་བྱོན་ཞིང་རྒྱལ་རབས་ཉེར་བདུན་ཙམ་གྱི་རིང་ཆབ་སྲིད་སྒྲུང་དང་། ལྡེའུ། བོན་གསུམ་གྱིས་བསྐྱངས། རྒྱལ་རབས་ཉེར་བརྒྱད་པ་བྱང་སེམས་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་སོ་གསུམ་པ་དབང་ཆེན་རྟ་མཆོག་རྒྱལ་པོའི་རོལ་གར་སྐྱེ་བོ་མི་བསྲུན་པ་འདུལ་དཀའ་བ་རྣམས་ཀྱི་གཤེད་དུ་བྱོན་པ། མངའ་བདག་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་སྲོལ་བཟང་པོ་གཏོད་པར་མཛད། དེ་ནས་རྒྱལ་རབས་སོ་བདུན་པ་རྗེ་བཙུན་བརྟན་པའི་འཁོར་ལོ་མི་ཡི་ཟོལ་གྱིས་བྱོན་པ། དཔལ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དགུང་ལོ་བཅོ་ལྔ་པ་ལ་རྒྱལ་སྲིད་བཟུང་། རིམ་གྱིས་ཡབ་མེས་རྣམས་ཀྱི་ཡིག་ཚང་གཟིགས་ནས་རྒྱལ་བའི་བསྟན་པ་བྱང་ཕྱོགས་སུ་དར་བར་མཛད་པའི་ཐུགས་བསམ་བསྐྱེད་དེ། ཞང་མ་ཞང་ཁྲོམ་པ་སྐྱེས་སོགས་བདུད་བློན་རྣམས་ཐབས་ལ་མཁས་པས་ཚར་བཅད་དེ་རྗེ་འབངས་ཐམས་ཅད་ཆོས་བྱེད་པའི་ཆད་སོ་གྲུབ། རྒྱ་གར་ནས་མཁན་པོ་བོ་དྷི་སཏྭ་སྤྱན་དྲངས། ཕོ་བྲང་རླུང་འཚུབས་ཀྱི་ཡང་ཐོག་ཏུ་བཞུགས་སུ་གསོལ་ཏེ་རྗེ་འབངས་རྣམས་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་རྣམས་ལས་བརྩམས་ཏེ་ཆོས་གསུངས། ཐུགས་དམ་བསམ་ཡས་ཀྱི་རྨང་བཏིང་ཞིང་བརྩིག་པར་བརྩམས་པ་ན། བོད་ཀྱི་ལྷ་སྲིན་རྣམས་ཁྲོས་ཏེ་བརྩིག་ཏུ་མ་གཏུབ་པའི་ཚེ་མཁན་པོའི་ཞལ་ནས། སྔར་ཡབ་མེས་ཀྱི་སྐུ་རིང་ལ་གཙུག་ལག་ཁང་བཞེངས་པ་དང་། ཆོས་བསྒྱུར་བ་སོགས་མཛད་ན་ཡང་། ཆོས་ཚུགས་མ་ཐུབ་པར་རྐེད་ཉག་བྱུང་བ་དང་། རྒྱལ་པོ་འགའ་ཞིག་སྐུ་ཚེ་ཐུང་བ་དང་། ཆོས་འཆད་པའི་ཚེ་གཟིགས་ལྟས་ངན་པ་བྱུང་བ་དང་། བློན་པོ་ཆོས་ལ་མི་དགའ་བ་རྣམས་ཀྱི་དབང་དུ་འགྲོ་བ་འདི་རྣམས་ནི་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་མ་ཐུལ་བས་ལན། འོན་ཀྱང་རྒྱལ་པོའི་ཐུགས་དགོངས་འགྲུབ་པའི་ཐབས་ཡོད་དེ། ད་ལྟ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ན། ཨོ་རྒྱན་གྱི་སློབ་དཔོན་པདྨ་སམྦྷ་ཝ་ཞེས་བྱ་བ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཟློས་གར། མངལ་གྱི་དྲི་མས་མ་གོས་ཤིང་སིན་དྷུ་རྒྱ་མཚོའི་གླིང་དུ་སྐུ་འཁྲུངས་པ་ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ། དུས་གསུམ་ཅིག་ཅར་དུ་མཁྱེན་ཅིང་ལྷ་མ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ། འཛམ་བུའི་གླིང་ན་རིག་སྔགས་འཆང་འདི་བས་མཐུ་དང་རྫུ་འཕྲུལ་ཆེ་བ་མེད་པས་དེ་ཉིད་སྤྱན་དྲོངས་ཤིག་ཅེས་ལུང་བསྟན་པ་ལྟར། སློབ་དཔོན་ཆེན་པོ་སྤྱན་འདྲེན་པའི་ཕོ་ཉར་སྦ་གསལ་སྣང་དང་། སེང་མགོ་ལྷ་ལུང་གཟིག་གཡོག་དང་བཅས་པར་ཕྱག་རྟེན་དུ་གསེར་གྱི་པ་ཏྲ་དང་གསེར་ཕྱེ་མང་པོ་བསྐུར་ཏེ་བརྫངས། སློབ་དཔོན་རྒྱ་གར་དྷ་ཧུ་ལའི་གཙུག་ལག་ཁང་དུ་བཞུགས་པ་ལས་མཁྱེན་ཏེ་བལ་པོར་བྱོན། བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་འགྲམ་དུ་གདན་འདྲེན་པ་རྣམས་ཀྱིས་མཇལ། བོད་དུ་བྱོན་པར་ཞལ་གྱིས་བཞེས་ཏེ་ཁྱེད་རྣམས་ཀྱིས་ལྷ་འདྲེའི་གཟེར་མི་ཐུབ་པས་སྔོན་ལ་སོང་ཞིག །ངས་ལྷ་སྲིན་རྣམས་འདུལ་བཞིན་རྗེས་ལ་འོང་གི་གསུངས་ནས་ཕོ་ཉ་བ་རྣམས་སྔོན་ལ་བརྫངས། ཕེབས་ལམ་དུ་བལ་བོད་ཀྱི་ལྷ་སྲིན་གདུག་པ་ཅན་མང་པོ་དམ་ལ་བཏགས། དེ་ནས་བྱང་ལམ་བརྒྱུད་མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། མདོ་ཁམས་སྒང་དྲུག་བཅས་བོད་ཀྱི་ས་གཞི་ལག་མཐིལ་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས་ནས་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་པའི་ཚེ་གུ་རུ་སྣང་སྲིད་ཟིལ་གནོན་དུ་གྲགས། ཁྱད་པར་བརྟན་མ་བཅུ་གཉིས། མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་གཙོ་བོ་གྱུར་པའི་མི་མ་ཡིན་མཐུ་བོ་ཆེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས། བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་རྗེ་འབངས་རྣམས་དང་མཇལ་ཞིང་། མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་བྲག་དམར་མགྲིན་བཟང་དུ་གདན་དྲངས། དེ་ལྟར་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་སླར་ཡང་གཙུག་ལག་ཁང་གི་ས་འདུལ་དང་ས་དཔྱད་མཛད། སློབ་དཔོན་ཆེན་པོ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ་ཧས་པོ་རི་ཡི་སྟེང་གི་ནམ་མཁའ་ལ་རྡོ་རྗེའི་གར་མཛད་ཅིང་ས་གཞི་བྱིན་གྱིས་བརླབས། མཁན་པོའི་ལུང་བཞིན་རྒྱ་གར་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་ལྕགས་ཕོ་སྟག་གི་ལོ་ལ་རྨང་བཏིང་། སློབ་དཔོན་ཆེན་པོས་དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་བས་ཉིན་མོ་མི་ཡིས་བརྩིགས་པ་བས་མཚན་མོ་ལྷ་སྲིན་གྱིས་བརྩིགས་པ་མཐོ་བར་བྱུང་སྟེ། གཟའ་དང་རྒྱུ་སྐར་དགེ་བསྙེན་ཉེར་གཅིག་སོགས་གནམ་ས་བར་གྱི་ལྷ་སྲིན་ཀུན་གྱིས་ལས་བྱས། ཚངས་པ་དང་བརྒྱ་སྦྱིན། རྒྱལ་ཆེན་བཞི་ལ་སོགས་པས་གྱང་བཏང་། དེ་ལྟར་དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དུ་བཞེངས་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཁོར་ཡུག་རྟེན་དང་བརྟེན་པར་བཅས་པ་ལོ་ལྔ་ལ་འབྱོངས། མཁན་སློབ་གཉིས་ཀྱིས་ཉིན་གསུམ་དུ་རབ་ཏུ་གནས་པར་མཛད། རྗེ་འབངས་ཐམས་ཅད་རབ་གནས་ཀྱི་དགའ་སྟོན་བཟང་པོ་ལོ་བཅུ་གཉིས་ཀྱི་བར་དུ་བྱས། དུས་དེ་ཙམ་ན་བོད་ཆེན་པོའི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ལྷ་དང་མཉམ་པར་གྲགས། རྒྱ་གར་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས། བོ་དྷི་སཏྭས་མཁན་པོ་མཛད་དེ་སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས། བོད་ཕྲུག་བློ་རྣོ་བ་མང་པོ་རྒྱ་གར་དུ་བརྫངས་ནས་སྒྲ་དང་ཡི་གེ་བསླབས་པས་སྐད་གཉིས་སྨྲ་བའི་དབང་ཕྱུག་དམ་པར་གྱུར། དེ་ལྟར་མཁན་སློབ་བི་མ་ལ་སོགས་རྒྱ་གར་ནས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། བཻ་རོ་སྐ་ཅོག་སོགས་བོད་ཀྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱིས་མཚམས་སྦྱར་ནས་རྒྱ་ཆོས་མ་ལུས་པ་བོད་སྐད་དུ་བསྒྱུར། རྣམ་དག་ཁྲིམས་ཁང་གླིང་དུ་འདུལ་ཁྲིམས་འབོགས། མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་ལ་མཉམ་པར་བཞག །བརྡ་སྦྱོར་ཚང་མང་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག །བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་སོགས་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། དེའི་ཚེ་རྒྱུད་ལུང་མན་ངག་གི་སྐོར་ཕལ་ཆེ་བ་ནི་རྒྱ་དཔེ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དང་། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་རྣམས་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བླངས་ནས་སྒྲ་རང་འགྱུར་དུ་བསྒྱུར་བར་མཛད། ཕྱིས་ཇོ་བོ་རྗེ་བོད་དུ་བྱོན་ཏེ་བསམ་ཡས་སུ་ཕེབས་པའི་ཚེ། མདོ་རྒྱུད་ཀྱི་འགྱུར་རྣམས་ལ་གཟིགས་པས། སྔར་མ་མཇལ་བའི་སྔགས་ཀྱི་རྒྱུད་སྡེ་མང་དུ་བྱུང་བས། རྒྱུད་འདི་རྣམས་སློབ་དཔོན་ཆེན་པོས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས་སྤྱན་དྲངས་པ་ཡིན་ཏེ་འོང་། རྒྱ་གར་ན་མིང་ཙམ་ཡང་མེད་ཅེས་གསུངས་སོ། །རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་སློབ་དཔོན་ཆེན་པོས་གསང་སྔགས་ཐུན་མོང་དང་བླ་མེད་ཅི་རིགས་པའི་དབང་བསྐུར་བ་དང་། ཕུར་པ་འབུམ་སྡེ་དང་མན་ངག་ལྟ་བའི་ཕྲེང་བ་སོགས་གསུངས། སྐབས་འདི་དག་གི་ཚེ་གུ་རུ་པདྨ་སམྦྷ་ཝར་གྲགས། ཁྱད་པར་དུའང་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ། ཐུགས་སྲས་སྙིང་གི་བུ་དགུ་སོགས་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབང་བསྐུར་བའི་ཚེ། མངའ་བདག་ཆེན་པོ་སོགས་གཙོ་བོ་བཀའ་བབས་ཀྱི་སློབ་མ་བརྒྱད་དང་། ལས་ཅན་གྱི་སྐྱེས་བུ་མང་དུ་བྱུང་། སློབ་དཔོན་གྱིས་མན་ངག་དང་སྒྲུབ་ཐབས་བསྟན་པ་བཞིན་དབེན་གནས་རྣམས་སུ་སྒྲུབ་པ་མཛད། བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བའི་དངོས་གྲུབ་བརྙེས་ཤིང་རྫུ་འཕྲུལ་འགྲན་ཟླ་མེད་པའི་མངོན་རྟགས་འཆང་བ་ཤ་སྟག་བྱུང་། དེ་ལྟར་སྨིན་གྲོལ་དུ་བཀོད་པའི་སློབ་མ་ལའང་སྔ་ཐོག་བསམ་ཡས་ས་འདུལ་མཛད་སྐབས་རྗེ་འབངས་ཉེར་གཅིག །བར་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབང་བསྐུར་བསྩལ་བའི་ཚེ་མཆིམས་ཕུའི་རྗེ་འབངས་ཉེར་ལྔ་རྣམས་གཙོ་བོ་ཡིན་ལ། གཞན་ཡང་ཡེར་པའི་འོད་ལུས་གྲུབ་པ་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད། ཡང་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་ལ་སོགས་པ་རྣམས་དང་། དཔལ་ལྡན་ས་སྐྱ་པའི་ཡང་མེས་འཁོན་ཀླུ་དབང་སྲུང་བ་དང་། ཕག་མོ་གྲུ་པའི་ཡང་མེས་པ་ཨ་མེས་བྱང་ཆུབ་འདྲེ་བཀོལ། གྲུབ་ཆེན་ཨོ་རྒྱན་པའི་ཡང་མེས་རྒྱུས་བྱང་ཆུབ་གཞོན་ནུ་རྣམས་ཀྱིས་མཚོན་རླངས། རྔོག །འཁོན། རོག །འགོས། སྤང་། སོ། ཟུར། གནུབས། རྒྱུས། སྐྱོ་ལ་སོགས་པའི་གདུང་རིགས་ལས་དམ་པའི་སྐྱེས་བུ་མང་དུ་བྱོན་པ་རྣམས་དང་། བོད་ཀྱི་ཆེ་རྒུ་ཕལ་མོ་ཆེའི་ཡང་མེས་ཐམས་ཅད་སློབ་དཔོན་ཆེན་པོའི་དངོས་སློབ་ཏུ་གྱུར་པ་ཤ་སྟག་གོ །གཞན་ཡང་མ་འོངས་པར་དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབ་པར་མཁྱེན་ནས་རྒྱལ་པོ་ལ་འབྱུང་འགྱུར་གྱི་ལུང་བསྟན་དང་། མཐའ་དམག་བཟློག་པའི་ཐབས་དང་མན་ངག་མང་པོ་མཛད། སློབ་དཔོན་ཆེན་པོ་དང་། པ་གོར་བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ་གསུམ་གྱིས་བསྟན་པ་སྲུང་བའི་དྲག་སྔགས་མང་པོ་བསྒྱུར་ཏེ་རྒྱལ་པོ་ལ་གནང་། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་ཡལ་བ་དང་། གདུལ་བྱ་རིམ་པར་འབྱུང་བ་ལ་དགོངས་ནས་རྒྱལ་པོའི་བླ་གཏེར་བརྒྱད། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོ་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། དེ་དག་འདོན་པའི་དུས་དང་། རྟགས་དང་། འདོན་པའི་གང་ཟག །ལས་ཅན་ཆོས་བདག་སོགས་ལུང་བསྟན་རེ་རེ་བཞིན་བསྩལ། རྒྱས་པར་མངའ་བདག་ཉང་གི་ཟངས་གླིང་མ། ཨོ་རྒྱན་གླིང་པའི་ཤེལ་བྲག་མ། རྡོ་རྗེ་གླིང་པའི་གནམ་ལྕགས་མ། པདྨ་གླིང་པའི་བཀའ་རྒྱ་མ། སངས་རྒྱས་གླིང་པའི་པུ་རི་མ་སོགས་ཐང་ཡིག་རྣམས་ལས་ཤེས་སོ། །གཞན་ཡང་དུས་སྐབས་ཅི་རིགས་པར་སློབ་དཔོན་ཆེན་པོ་ལས་ཅན་གྱི་འཁོར་དང་བཅས་པ་གཞོ་སྟོད་ཏི་སྒྲོ་ནས་བརྩམས་བོད་ཀྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། ལས་ཅན་གྱི་འཁོར་རྣམས་ལ་ཟབ་རྒྱས་ཀྱི་གདམས་པ་དཔག་ཏུ་མེད་པ་གནང་། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག །མདོ་ཁམས་ཁུལ་དུ་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་དུ་སྦས་ཡུལ་གྱི་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག །དེ་རེ་རེ་ལ་ཡང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་སོགས་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཁྱད་པར་མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཁྲོ་བོ་འཆོལ་བའི་སྐུར་བཞེངས་ནས། བོད་ཀྱི་ལྷ་སྲིན་ཆེ་ཕྲ་ཐམས་ཅད་དམ་ལ་བཏགས་ཤིང་གཏེར་གྱི་སྲུང་མར་བཞག་པའི་ཚེ་སླར་ཡང་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དུ་གྲགས། ཕྱི་རབས་ཡིད་ཆེས་བསྐྱེད་པའི་ཕྱིར་བུམ་ཐང་རྡོ་རྗེ་བརྩེགས་པའི་བྲག་སོགས་ལ་སྐུ་རྗེས། གནམ་མཚོ་ཕྱུག་མོ་སོགས་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས། དེ་བཞིན་སྒྲུབ་གནས་ཐམས་ཅད་དུ་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་བའི་བཀོད་པ་གྲངས་ལས་འདས་པར་བཞག་གོ །ལྷ་སྲས་མུ་ཁྲི་བཙན་པོའི་ཚེ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཡོན་མཆོད་རྣམས་ཁྲ་འབྲུག་ཏུ་བྱོན་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་མཛད་ཅིང་སྨིན་གྲོལ་གྱི་གདམས་པ་དཔག་ཏུ་མེད་པ་གནང་ངོ་། །དེ་ལྟར་སློབ་དཔོན་ཆེན་པོ་བོད་དུ་ལོ་ཧྲིལ་པོ་ལྔ་བཅུ་རྩ་བཞི་དང་ཟླ་བ་དྲུག་བཞུགས་ཏེ་ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ་སྲིན་ཡུལ་དུ་གཤེགས་པར་བཞེད་པ་ན་རྗེ་འབངས་ཐམས་ཅད་མྱ་ངན་གྱིས་ནོན། སློབ་དཔོན་ལ་འཇིག་རྟེན་གྱི་ཟས་ནོར་རི་ལྟར་སྤུངས་པ་ཕུལ་ནས་བཤོལ་བཏབ་ཀྱང་མ་གསན། བཀའ་ལས། ངས་བོད་ཡུལ་དུ་ལྷ་སྲིན་དམ་འདོགས་ལན་གསུམ་བགྱིད་ཐུབ་པ་བྱུང་ན་ཆོས་རྒྱལ་གྱི་ཆབ་སྲིད་མཐའ་ནས་རྒྱས་ཤིང་། བོད་ཁམས་བདེ་སྐྱིད་ཡུན་དུ་གནས་པ་ཞིག་འབྱུང་བ་ཡིན་པ་ལ། བདུད་བློན་རྣམས་ཀྱིས་མཛད་པའི་འཕྲོ་བཤོལ་བར་བསྐུལ་བའི་དབང་གིས་ལྷ་ཀླུའི་དམ་བཞག་གསུམ་པ་དང་། བོད་ཀྱི་རྒྱལ་བརྒྱུད་མངའ་ཐང་འཕེལ་བའི་སྦྱིན་སྲེག་རྣམས་མ་གྲུབ་པར་འཕྲོ་ལ་ལུས་པས། མ་འོངས་པ་ན་ལྷ་སྲིན་སྡེ་བརྒྱད་རྣམས་ཁེངས་ལོག་ནས་མཐའི་འགོང་པོ་དང་བསྡོངས་ཏེ་རྒྱལ་ཁྲིམས་དང་ཆོས་ཁྲིམས་བཤིག །མཐའ་མ་བོད་ཁམས་ཧོར་གྱི་མངའ་འོག་ཏུ་ཚུད་ནས་སྡུག་བསྔལ་བཟོད་དཀའ་བས་མནར་བར་འགྱུར་ལ་འོན་ཀྱང་ངའི་སྤྲུལ་པ་རྣམས་ཀྱིས་ཅུང་ཟད་རེ་ཕྱིར་བསྲིང་བར་འགྱུར་རོ་ཞེས་གསུངས། དེ་ནས་ཡོན་མཆོད་རྣམས་ཟུར་མཁར་རྡོའི་མཆོད་རྟེན་དུ་ཆིབས་བཤོལ། རྗེ་འབངས་རྣམས་ལ་ཐུགས་རྗེ་ཆེན་པོའི་གདམས་པ་དང་། འཁོར་བའི་ཉེས་དམིགས། ཟབ་ལམ་བླ་མའི་རྣལ་འབྱོར་སོགས་རེ་རེ་བཞིན་རྒྱས་པར་བསྩལ། དེ་ནས་གཤེགས་པར་བརྩམས་པ་ན། ཐམས་ཅད་སྙིང་བཏོན་པ་ལྟར་གྱུར་ཏེ་སློབ་དཔོན་གྱི་ཞལ་ལ་བལྟ་ཞིང་སྨྲེ་ངག་འབྱིན་པ་ལ། འདི་སྐད་ཅེས། ད་ལྟ་སྨྲེ་ངག་འདོན་མི་འཚལ། ཁྱེད་རྣམས་ཟོ་མདོག་བདེ་དུས་འདིར། །ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ། །ད་ལྟ་སྲིན་པོ་མ་བཏུལ་ན། །འཛམ་གླིང་སྲིན་གྱིས་སྟོངས་པར་བྱེད། །དེ་ཕྱིར་སྲིན་པོ་འདུལ་དུ་འགྲོ། །བོད་རྣམས་སྐུ་ཁམས་ཅི་བདེར་བཞུགས། །ཞེས་དང་། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་དྲན། །དྲིན་དུ་ཚོར་ན་གསོལ་བ་སྙིང་ནས་ཐོབས། །དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས། །སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར། །བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་ཀུན། །ཞེས་དང་། ང་ལ་མོས་ན་ཚེས་བཅུའི་མཆོད་རྒྱུན་ཟུངས། །བཀའ་བཞིན་བསྒྲུབ་པས་བོད་ཁམས་བདེ་ལ་འགོད། །ཐུགས་ལ་བཏགས་སོ་ལས་ཅན་ལྷ་ཡི་སྲས། །ང་དང་མཇལ་གྱི་རྗེ་འབངས་ཐུགས་མ་ཆད། །ཅེས་དང་། ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན། །ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན། །མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས། །སྤོད་ལྡན་ཚོགས་གཏོར་རིན་ཆེན་འབར་བ་བཤམས། །ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས། ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན། ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས། །གཅེས་པའི་བུ་ངུས་མ་ཡིས་མི་བཟོད་ལྟར། །བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན། །ཞེས་གསུངས་ཏེ་གུང་ཐང་ལ་ཐོག་ནས་སྤྱན་བར་སྣང་ལ་གཟིགས་པའི་མོད་སྤྲིན་གསེབ་ནས་རྟ་མཆོག་རིན་པོ་ཆེ་བྱུང་བ་ལ་ཆིབས་ཏེ་ལྷ་རྣམས་ཀྱིས་མཆོད་པའི་སྤྲིན་ཕུང་དང་། ལྷའི་རོལ་མོའི་གླུ་དབྱངས་དུ་མའི་བསྟོད་པ་དང་བཅས་ཏེ་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས་སྲིན་ཡུལ་རྔ་ཡབ་གླིང་དུ་གཤེགས། ཟངས་མདོག་དཔལ་རིའི་རྩེ་མོར་སྲིན་པོའི་རྒྱལ་པོ་རཀྴ་ཐོད་ཕྲེང་གནས་སྤར་ཏེ་དེའི་གསོབ་ཏུ་བཞུགས། ཕོ་བྲང་པདྨ་འོད་ཀྱི་ཞིང་དག་པའི་སྦྱོར་བའི་བཀོད་པ་བསམ་ལས་འདས་པར་སྤྲུལ། ཤར་ཞི་བ་ཆོས་ཀྱི་ཕོ་བྲང་སོགས་སྲིན་པོའི་གླིང་བརྒྱད་དུའང་སྤྲུལ་པ་རེ་རེ་རྒྱལ་པོའི་ཚུལ་དུ་བཞུགས། ཡུམ་ཡེ་ཤེས་མཚོ་རྒྱལ་ཡང་ཁྲོ་མོའི་རྣམ་པར་སྤྲུལ་ཏེ་བཞུགས་ཤིང་། རིག་འཛིན་འབུམ་ཕྲག་ཚོགས་ཀྱིས་བསྐོར་བས་སྲིན་པོ་རྣམས་ལ་ཆོས་སྟོན་པ་དང་། སྐྱེ་འཆི་མེད་པ་འཇའ་ལུས་རྡོ་རྗེའི་སྐུ་ལ་དབང་འབྱོར་བས་འཇིག་རྟེན་འདྲེན་པའི་དེད་དཔོན་ཆེན་པོར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་དུ་ལྷུན་གྲུབ་རིག་འཛིན་གྱི་ཚུལ་དུ་བཞུགས་སོ།། ༈ གཉིས་པ་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆེ་བ་བཤད་པ་ལ། ཇི་སྐད་དུ་རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་པ་ལྟར་གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཆེན་པོའི་བདག་རྐྱེན་ལས་གཏེར་ཆོས་རྣམས་ཇི་ལྟར་བྱོན་པའི་ཚུལ་ནི། དེ་ཡང་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་པས་གཏེར་གྱི་ངོ་བོའམ་རང་བཞིན་བསྟན་ཅིང་། དེ་བཞིན་དུ་འཕགས་པ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཀྱི་གཏེར་རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོངས་པར་འགྱུར་རོ། །ཞེས་པས་ཀྱང་གཏེར་ཆོས། གཏེར་གནས། འདོན་པ་པོའི་གང་ཟག་བཅས་བསྟན་པ་དང་། བསམ་པ་ཕུན་སུམ་ཚོགས་པ་ལ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ཀྱང་ནམ་མཁའི་དཀྱིལ་དང་རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་། །ཞེས་པས་གནམ་ཆོས་སོགས་ཀྱང་བསྟན་པ་དང་། གཞན་ཡང་ཡོངས་སུ་གྲགས་པའི་མདོ་རྒྱུད་ཅི་རིགས་པ་ལས་གཏེར་གྱི་ངོ་བོ། ངེས་ཚིག །རྣམ་གྲངས། དགོས་པ་སོགས་ཡང་ནས་ཡང་དུ་བསྟན་པ་ནི་འཕགས་བོད་གཉིས་སུ་གྲགས་པ་ལས། བོད་ཡུལ་ལྟ་བུའི་གང་ཟག་རེ་རེས་གསར་དུ་བཅོས་པ་མིན་ཅིང་། གཏེར་དུ་སྦེད་པའི་དགོས་པའང་། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡིས་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །དེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཅེས་སོགས་གཏེར་ཁ་གཞན་ལས་ཀྱང་མཐའ་ཡས་པ་འབྱུང་བ་ལྟར། བདུད་འཇོམས་འགྲོ་འདུལ་གླིང་པའི་གསུངས་ལས། སྙིགས་མའི་དུས་སུ་བཀའ་མ་རྣམས་ཚོང་དུས་ཀྱི་འོ་མ་བཞིན་དབང་དང་གདམས་ངག་གི་བཀའ་འཆལ་ཞིང་། བརྒྱུད་པ་མང་པོས་བར་དུ་ཆོད་པས་དམ་ཚིག་གི་སེལ་དང་འདྲེས་ཁྱེར་གྱི་བསླད་ཞུགས་པ་མང་བས་བྱིན་རླབས་ཀྱི་བབས་སོ་ཉམས་པར་འགྱུར་བ་ཡིན་ལ། གཏེར་དུ་བཞུགས་པ་རྣམས་ནི་གཏེར་སྟོན་སྤྲུལ་སྐུ་དེ་ཉིད་ཨོ་རྒྱན་ཆེན་པོ་དངོས་ཀྱིས་རྗེས་སུ་བཟུང་སྟེ་སྨིན་གྲོལ་དབང་དང་གདམས་པ་མ་ལུས་པའི་བཀའ་གཏད་ཐོབ་ཅིང་ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཡལ་བར་སྤྱན་དྲངས་པས་ན་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བའོ། །ཞེས་གསུངས། ཕྱོགས་ཙམ་མཚོན་པར་སྨྲོས་ན། བཀའ་བརྒྱད་གསང་རྫོགས་དང་རང་ཤར་གཉིས་ཀ་ཞལ་མཐུན་པར་གསུངས་ཏེ། དེ་ལྟར་དབང་གི་ཆུ་བོའི་བྱེ་བྲག་མ་ལུས་པ་ཨོ་རྒྱན་པདྨ་བདག་ལ་བབས་ཤིང༔ ཨོ་རྒྱན་བདག་གིས་ནི་བལ་ཡུལ་ཡང་ལེ་ཤོད་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་ལ་མི་ཏྲ་ལ་ཕྱེས་ནས་བསྐུར་རོ༔ བོད་ཀྱི་སྒྲུབ་གནས་བརྒྱད་དུ་བཀའ་བརྒྱད་བྱེ་བྲག་གི་དབང་ལས་ཅན་བརྒྱད་ལ་སོ་སོར་བསྐུར་རོ༔ བསམ་ཡས་དབུ་རྩེར་རྗེ་འབངས་ཉེར་ལྔ་ལ་བདེ་གཤེགས་འདུས་པའི་དབང་ཆེན་བསྐུར་རོ༔ དེ་རྗེས་རྗེ་འབངས་གྲོགས་གསུམ་ལ་སོགས་པ་སྙིང་གི་བུ་དགུ་ལ་གསང་བ་ཡོངས་རྫོགས་ཐམས་ཅད་ཀྱི་དབང་རྫོགས་པར་བསྐུར༔ དེ་ལྟར་དབང་གི་ཆུ་བོ་བར་མ་ཆད་པར་བབས་པའི་ཚུལ་བཤད་པ་ཡིན་ལ༔ ཕྱི་མའི་དུས་ན་དབང་གི་ཆུ་བོ་བར་ཆད་མེད་པར་འབྱུང་བར་ལུང་བསྟན་ནས༔ མ་འོངས་ང་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའི་གཏེར་སྟོན་ནི་ད་ལྟའི་དུས་འདིར་དབང་གི་ཆུ་བོ་བབས་པའི་ལས་ཅན་ཁྱེད་རྣམས་ལགས་པས་བཀའ་བབས་སྤྱོད་དེ༔ དེའི་ཚེ་ལས་ཅན་གྱི་སྐྱེས་བུ་ཁྱེད་རྣམས་ང་ཡི་གཏེར་ཆོས་འདི་རྣམས་དང་འཕྲད་པའི་ཚེ༔ ད་ལྟ་ཨོ་རྒྱན་ང་ཡིས་དབང་ཆེན་ཡོངས་རྫོགས་བསྐུར་བའི་བག་ཆགས་སད་པར་འགྱུར་རོ༔ ང་ཡི་གཏེར་འདི་དང་རྗེ་འབངས་གྲོགས་གསུམ་གྱི་བརྣོག་ཆོས་ལ་སོགས་པ་རྣམས་ཀྱི་གཏེར་སྒོ་ཡང་འབྱེད་པར་འགྱུར་གྱི༔ དབང་གི་ཆུ་བོའི་བབས་སོ་ལ་ཕྱི་རབས་རྣམས་ཐེ་ཚོམ་མ་ཟ་བར་སྒྲུབས་ཤིག༔ ཅེས་གསུངས་པ་དང་། ཐང་ཡིག་ལས། ང་ཡི་གཏེར་ཆོས་གཏད་དོ་གཉེར་ཆེན་པོ༔ སྟོང་གསུམ་ཆོས་ཀྱིས་བཀང་ངོ་ཨུ་དུམ་ཝར༔ མ་རིག་མུན་པ་སོལ་ཅིག་འོད་པོ་ཆེ༔ དུས་གསུམ་འགྲོ་བ་ཐུལ་ཅིག་ཕྱི་ཐག་ཅན༔ ཞེས་དང་། ང་ཡིས་བོད་ཁམས་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས༔ ང་ནི་མི་སྡོད་སྲིན་པོ་འདུལ་དུ་འགྲོ༔ གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ༔ ང་ལ་འགྲོ་སྡོད་གཉིས་སུ་ག་ལ་ཡོད༔ ཅེས་སོགས་རྒྱ་ཆེར་གསུངས་སོ། །དེའང་གཏེར་མའི་ཕྱོགས་འདིར་དགོངས་བརྡ་སྙན་བརྒྱུད་ཀྱི་སྟེང་དུ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་པའི་ཕྱིར་བརྒྱུད་པ་དྲུག་ལྡན་དུ་གྲགས་པ་སྟེ། དགོངས་བརྡའ་སྙན་བརྒྱུད་གསུམ་གོང་དུ་སྨྲོས་པ་ལྟར་ལ། ཕྱི་མ་གསུམ་ནི་དགོངས་འདུས་རྣམ་བཤད་ལས། སྨོན་ལམ་དབང་བསྐུར་ནི་གཏེར་ཁ་དེ་ཉིད་ལ་དབང་བའི་གང་ཟག་དེས་ཐོན་པར་ཤོག་ཅེས་བདེན་ཚིག་སྨོན་ལམ་གྱི་རྒྱས་བཏབ་པར་མཛད་པ་དང་། བཀའ་བབས་ལུང་བསྟན་ནི་གཏེར་འབྱིན་སྐྱེས་བུ་དེ་ལ་མཚོན་བྱ་དོན་གྱི་ཡེ་ཤེས་དགོངས་པའི་མཐིལ་གཏད་ནས་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་དབུགས་དབྱུང་བ་ལ་བྱ། མཁའ་འགྲོ་གཏད་རྒྱ་ནི་མཚོན་བྱེད་བརྡའི་ཡི་གེ་ཚིག་བརྒྱུད་དུ་བཀོད་ནས་རྡོ་རྗེའི་བྲག །གཡང་ཞག་གི་མཚོ། མི་འགྱུར་བའི་སྒྲོམ་ལ་སོགས་པར་གཏེར་བདག་སོ་སོ་ལ་གཉེར་བྱང་གཏད་ནས་མི་སྣང་བར་རྒྱས་བཏབ་པ་ཉིད་སླར་ལུང་བསྟན་དུས་ལ་བབས། སྨོན་ལམ་གྱི་མཐུ་སྨིན། ལས་ཀྱི་འཕྲོ་སད། གཏེར་བདག་གིས་བསྐུལ་མ་བྱས། ཁ་བྱང་ཡོད་པ་དང་མེད་པ་ཇི་སྙེད་པའི་ཟབ་གཏེར་གྱི་སྒྲོམ་བུ་ཇི་བཞིན་པ་ཕྱག་ཏུ་སོན་པ་ཡིན་ནོ། །ཞེས་སོ། །ཡང་ན་སྨོན་ལམ་དབང་བསྐུར་ནི་རིག་འཛིན་སློབ་དཔོན་རྣམས་ཀྱིས་ལྷན་ཅིག་པའི་འཁོར་དུ་འཁོད་པའམ་མ་འཁོད་པའི་ལས་ཅན་སྐྱེས་བུ་ལ་དགོངས་པ་གཏད་དེ་ཟབ་གཏེར་ཇི་སྙེད་སྦས་པ་རྣམས་བདེན་ཚིག་སྨོན་ལམ་གྱི་རྒྱས་བཏབ་པར་མཛད་པའོ། །བཀའ་བབས་ལུང་བསྟན་ནི་གཏེར་འབྱིན་སྐྱེས་བུ་གང་ལ་ཕྱི་ནང་གསང་བའི་དབང་དང་། ཕྲིན་ལས་རབ་འབྱམས་ཀྱི་བྱིན་རླབས་དང་ལུང་བསྟན་དབུགས་དབྱུང་བསྩལ་བའོ། །མཁའ་འགྲོ་གཏད་རྒྱ་ནི་གདུལ་བྱ་དུས་ལ་བབས་པའི་ཚེ་མ་སྲིང་མཁའ་འགྲོ་རྣམས་ཀྱིས་སྔར་འདྲིས་མི་དང་འཕྲད་པ་བཞིན་སྡོང་གྲོགས་དང་ལྷན་ཅིག་གཏེར་གནས་རྣམས་ལས་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་སྣ་ཚོགས་སྤྱན་དྲངས་ཏེ། སྙིགས་དུས་ཀྱི་རྒུད་པ་ཟློག་ཅིང་ལས་འཕྲོ་ལྡན་པ་རྣམས་འཁོར་བ་མཐའ་ཅན་དུ་མཛད་པའོ། །རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ་ལས་ཀྱང་། རབ་ཀྱི་རྩལ་གྱིས་རྣམ་པར་ནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱི་དབང་གིས་མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། །ཞེས་དང་། ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ལ་མི་འཇིགས་པ་བཞི་མེད་དེ། དེ་དག་ལ་དེ་བཞིན་གཤེགས་པས་མི་འཇིགས་པ་བཞི་བྱིན་གྱིས་མི་རློབ་བོ། །ཞེས་དང་། ཤཱ་རིའི་བུ་ཆོས་བསྟན་པ་འདི་གང་ཟག་གང་གི་རྣ་ལམ་དུ་ཐོས་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་མ་ཡིན་ན། གང་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨྲོས་ཏེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་ལུང་བསྟན་ཏེ། ཇི་ལྟར་ད་ལྟར་ང་སེང་གེའི་སྒྲ་སྒྲོག་པ་དང་། འཇིགས་པ་མེད་པའི་སྒྲ་དང་། སྐྱེས་བུ་ཆེན་པོའི་སྒྲ་དང་། རང་བྱུང་གི་སྒྲ་སྒྲོག་པ་བཞིན་དུ་དེ་དག་ཀྱང་སེང་གེའི་སྒྲ་སྒྲོག་པར་འགྱུར་རོ། །ཞེས་དང་། ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་གང་དག་དགེ་བའི་རྩ་བ་འབར་བ་རྣམས་ཀྱི་ལག་ཏུ་འགྲོ་བར་འགྱུར་རོ། །ཞེས་པ་དང་ཚུལ་མཐུན་པ་ཡིན་ནོ། །ཡང་ན་མཚོན་བྱ་དོན་གྱི་མན་ངག་སྐལ་ལྡན་མཆོག་གི་སྙིང་ལ་སྨོན་ལམ་དབང་བསྐུར་གྱི་རྒྱས་བཏབ། མཚོན་བྱེད་བརྡ་ཡི་དཔེ་རྒྱུད་མཁའ་འགྲོ་དམ་ཅན་མངོན་ཤེས་མངའ་བ་རྣམས་ལ་གཉེར་གཏད། ཆོས་དེ་སྒོམ་སྒྲུབ་དང་འཆད་སྤེལ་གྱི་འཕྲོ་སྐྱོང་བའི་བརྒྱུད་འཛིན་ཆོས་བདག་གམ་བཀའ་བབས་ཀྱི་སྐྱེས་བུ་ལུང་བསྟན་པ་སྟེ། གསུམ་པོ་རིམ་བཞིན་གཏེར་རྙེད་པའི་སྔོན་གྱི་རྒྱུ་དང་། ད་ལྟར་གྱི་རྐྱེན་དང་། རྙེད་པ་དོན་ལྡན་དུ་འགྱུར་བ་གསུམ་ལ་སྦྱར་ན་ཕལ་ཆེར་འཐད་ཅེས་གཏེར་གྱི་རྣམ་བཤད་ངོ་མཚར་རྒྱ་མཚོ་ལས་གསལ་ལོ། །དེ་ལྟར་བརྒྱུད་ཚུལ་དྲུག་དང་བདུན་དང་དགུ་རྣམས་ལས། དང་པོ་ནི་རྩ་བའི་བརྒྱུད་པ་གསུམ་གྱི་སྟེང་། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ། ཤོག་སེར་ཚིག་གི་བརྒྱུད་པ་དང་གསུམ་སྟེ་དྲུག་གོ །གཉིས་པ་ནི་ཤོག་སེར་དོར་ཏེ་བཀའ་བབས་ལུང་བསྟན་དང་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཉིས་ཏེ་བདུན་ནོ། །གསུམ་པ་ནི་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་དང་ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་གཉིས་བསྣན་པས་དགུ་ཞེས་མཁན་པོ་ཡོན་ཏན་རྒྱ་མཚོ་གསུང་། ཁ་ཅིག་ཏུ་ནི་དམ་རྫས་མྱོང་གྲོལ་གྱི་བརྒྱུད་པ་ཞེས་ཕྱག་བཞེས་ཀྱི་དོད་དུ་འཇུག་པ་སོགས་འདྲེན་ཚུལ་དུ་མར་སྣང་ངོ་། །དཀྱུས་ཀྱི་དོན་འགྲོ་འདུལ་གླིང་པའི་གསུང་ལས། དེའང་བོད་ཀྱི་ཡུལ་འདིར་བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་ཟབ་མོ་གཏེར་གྱི་ཕྲིན་ལས་ཀྱིས་གདུལ་བྱ་མཐའ་ཡས་པ་གདུལ་བར་མཛད་པ་པོ་ནི་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཏེ། མྱང་འདས་ཀྱི་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་དང་གཉིས་ཙམ་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །ང་བས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་ལུང་བསྟན་པ་ལྟར། སློབ་དཔོན་ཆེན་པོ་འདི་ཉིད་ལམ་རིམ་བགྲོད་ཀྱི་གང་ཟག་གམ་ས་ལ་གནས་པའི་འཕགས་པ་ཙམ་མ་ཡིན་པར། མི་དང་མི་མ་ཡིན་གདུལ་དཀའ་བ་རྣམས་ཐབས་སྣ་ཚོགས་པས་འདུལ་བའི་སླད་དུ་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་སོགས་སྤྲུལ་པའི་སྐུར་བསྟན་པ་ཡིན་པས་དེའི་རྣམ་པར་ཐར་པ་འཕགས་ཆེན་རྣམས་ཀྱིས་ཀྱང་ཆ་ཙམ་བརྗོད་པར་མི་ནུས་མོད། ཕྲིན་ལས་ཀྱི་ཆེ་བའང་མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་རྩིས་རྟེན་དང་དམ་རྫས་ལ་སོགས་པ་གཏེར་ཁ་བགྲང་གིིས་མི་ལང་བ་ཞིག་སྦས་པར་མཛད། ཁྱད་པར་གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་མཁའ་འགྲོ་བརྡའི་ཡི་གེས་བཅིངས་པ་སྟེ། དེ་ནི་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས་ན། ཨོ་རྒྱན་ཆེན་པོའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་པའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པ་དང་། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བ་དང་། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ཙམ་ཡང་བརྟག་མི་བཟོད་པས་གཏེར་འབྱིན་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་ཤིང་། ཞེས་དང་། གང་འདུལ་གྱི་ཐབས་ལ་མཁས་པས་ཆོས་སྒོ་སྤྱི་དང་ཁྱད་པར་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པར་གསུངས། དེ་ཐམས་ཅད་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱི་བཟུངས་ནས་བཀའི་བསྡུ་བ་མཛད། ཤོག་སེར་རིགས་ལྔར་མཁའ་འགྲོ་བརྡའི་ཡི་གེར་བཀོད། གཏེར་སྣོད་སྣ་ཚོགས་པར་འབྱུང་བས་མི་འཇིག་པའི་རྒྱས་བསྡམས། གཏེར་གནས་སོ་སོར་གུ་རུ་ཡབ་ཡུམ་ཁོ་ན་དང་རྗེ་འབངས་ལྷན་ཅིག་པ་བཅས་ཀྱིས་སྦས་ཏེ་གཏེར་སྲུང་ལ་གཉེར་དུ་གཏད། ཅེས་གསུང་ངོ་། །གཏེར་ཡིག་གི་དབྱེ་བ་ལའང་། ཡིག་རིགས་ཀྱི་སྒོ་ནས་བཞག་པ་དང་། ངོ་སྤྲོད་ཀྱི་སྒོ་ནས་དང་། གཏེར་ཤོག་ལ་འགོད་ཚུལ་གྱིས་དབྱེ་བ་སྟེ་གསུམ། དང་པོ་ལ་མཁའ་འགྲོའི་ཡི་གེ་ཡིན་མིན་གཉིས་ལས། དང་པོ་ཡིན་པ་ནི། ཐང་ཡིག །སྤུངས་ཡིག །བཤུར་ཡིག །ལྡེམ་ཡིག །སྦས་ཡིག །མཁར་བརྩེགས། ཐིག་ལེའི་ཡི་གེ །འཁྱིལ་ཆེན། འཁྱིལ་ཆུང་སོགས་དཔའ་བོ་དང་མཁའ་འགྲོ་རྣམས་ལ་གྲགས་པ་ཐུན་མིན་གྱི་ཡི་གེ་དང་། གཉིས་པ་མིན་པ་ནི། ལཉྩ། ཝརྟུ། བོད་ཡིག །རྫབ་གཤུར་སོགས་ཏེ། བོད་ཡིག་ལའང་ཚེག་མེད། འཕུལ་མེད། རྒྱན་མེད་དམ་འདོགས་མེད་དུ་བྲིས་པ་སོགས་དཀྱུས་དང་མི་འདྲ་བ་དང་། གཉིས་པ་ངོ་སྤྲོད་ཀྱི་སྒོ་ནས་དབྱེ་བ་ལ། ལྡེའུ་མིག་ཅན་དང་། རྐྱེན་ལས་ངེས་དང་། གཉིས་ལ་མི་ལྟོས་པ་ཞེས་གསུམ་དུ་འབྱུང་ངོ་། །གསུམ་པ་གཏེེར་ཤོག་ལ་འགོད་ཚུལ་གྱིས་དབྱེ་བ་ལའང་། སྣང་ཙམ་དང་། རྟེན་ཙམ་དང་། མཐར་ཆགས་གསུམ་དུ་འགོད་པ་སོགས་ཚུར་མཐོང་གི་གཞལ་བྱར་མ་གྱུར་པ་སློབ་དཔོན་ཆེན་པོའི་དོན་བརྒྱུད་བྱིན་རླབས་ཀྱི་ཕ་ཕོག་ཐོབ་པ་ཁོ་ན་ལ་རག་ལས་པ་ཡིན་ནོ། །ཤོག་སེར་རིགས་ལྔར་གྲགས་པ་ནི། དུང་ཤོག་དཀར་པོ། གསེར་ཤོག་སེར་པོ། མཆོང་ཤོག་སྨུག་པོ། གཡུ་ཤོག་ལྗང་སྐྱ། ལྕགས་ཤོག་ནག་པོ་ཞེས་འབྱུང་བས་ཐ་མལ་ཤོག་བུ་དང་མི་འདྲ། དེ་ཡང་ཕྱོགས་བཞི་དབུས་ལྔར་གཏེར་རིགས་བཅོ་བརྒྱད་སྦས་པ་ནི། ཤར་གཏེར་སྨིན་པ་འབྲས་བུའི་སྐོར། ལྷོ་གཏེར་འདྲིལ་པ་སྡོང་པོའི་སྐོར། ནུབ་གཏེར་གསལ་བ་མེ་ཏོག་གི་སྐོར། བྱང་གཏེར་གྱེས་པ་ཡལ་གའི་སྐོར། དབུས་གཏེར་ཟུག་པ་རྩ་བའི་སྐོར་དང་ལྔ། དེ་དག་རེ་རེར་ཡང་ཕྱི་ནང་གསང་བ་མ་ནིང་གི་དབྱེ་བས་གཏེར་རིགས་བཅོ་བརྒྱད་ཅེས་ཐང་ཡིག་དང་། དགོངས་འདུས་རྣམ་བཤད་སོགས་ལས་བཤད་དོ། །མདོར་ན་བསམ་ཡས་གཙུག་ལག་ཁང་གི་ཁོར་ཡུག་གཅིག་པུར་ཡང་འཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། ས་ཡི་བཅུད་ལ་དགོངས་པ་འདོན་དུ་མི་གཏུབ་པའི་གཏེར་ཁ་ལྔ། བཏོན་ན་གཏེར་ཚབ་འཇུག་དགོས་པའི་གཏེར་ཁ་ལྔ། མ་བཏོན་ན་དངོས་གྲུབ་ཡལ་བར་གྱུར་པའི་གཏེར་ཁ་ལྔ་སྟེ་མིང་ཅན་ཉེར་ལྔ་དང་། མིང་མེད་གྲངས་ལས་འདས་པ་སྦས། ཐང་ཡིག་ལས། ལྷ་ཀླུ་མི་ཡི་ཡུལ་དུ་སྦས་པའི་གཏེར༔ གཏེར་གྱི་ངོ་བོ་ཟད་མི་ཤེས་པ་སྟེ༔ ངེས་ཚིག་མཚོན་དཔེ་ཡིད་བཞིན་ནོར་བུའི་གཏེར༔ དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེ༔ གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞི༔ རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང༔ རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡབ་གཏེར་བཞི༔ ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམ༔ ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོ༔ ཞེས་སོ། །དེ་ཡང་གོ་བདེ་བར་བཀྲལ་ན། བླ་གཏེར་ཐུགས་གཏེར་ཟབ་གཏེར་གསུམ་ནི་བླ་རྫོགས་ཐུགས་གསུམ་མོ། །ཕྱི་གཏེར་ནང་གཏེར་གསང་གཏེར་གསུམ་ནི་བླ་སྒྲུབ་ཕྱི་ནང་གསང་གསུམ་མོ། །ཡབ་གཏེར་ཡུམ་གཏེར་ནི་ཡི་དམ་ཁྲོ་བོ་ཡབ་ཡུམ་གྱི་སྒྲུབ་ཐབས་སོ། །དགོངས་གཏེར་ནི་རིག་པ་འཛིན་པ་རྣམས་ཀྱི་མན་ངག་གི་བསྟན་བཅོས་རྒྱ་ཆེ་བ་རྣམས་སོ། །རྗེ་གཏེར་ནི་མན་ངག་ཟབ་མོའི་ཡི་གེ་རྣམས་སོ། །རྒྱ་གཏེར་ནི་ནག་རྩིས་དང་སྨན་དང་ས་བརྟག་འཁྱུད་སྤྱད་སྒྱུ་མའི་འཕྲུལ་འཁོར་ལ་སོགས་པའོ། །བོད་གཏེར་ནི་བོད་ཀྱི་སྨན་དང་རྩིས་ལ་སོགས་པ་བོན་ལ་གྲགས་པ་རྣམས་སོ། །གཏེར་ཕྲན་ནི་རྩ་བ་གསུམ་གྱི་སྒྲུབ་ཐབས་ཁ་ཡར་ཙམ་མོ། །གཏེར་སྨྱོན་ནི་ཕན་གནོད་ཀྱི་ལས་ཐབས་སྣ་ཚོགས་པའོ། །མ་ནིང་ནི་ཆོས་སྲུང་གི་སྒྲུབ་ཐབས་རྣམས་སོ། །བར་གཏེར་ནི་ཐུན་མོང་མདོ་སྔགས་གི་ཆོས་སྐོར་དང་། རྫས་གཏེར་ནོར་གཏེར་ནི་གོ་སླའོ། །དཀྱུས་མ་ཉིད་ནི། ཁྱད་པར་གུ་རུ་རྔ་ཡབ་གླིང་དུ་གཤེགས་རྗེས་མཚོ་རྒྱལ་ཉིད་མི་ལོ་བརྒྱ་ལྷག་ཙམ་བཞུགས་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ནས་གཏེར་ཞབས་བསྡམས། གཞན་ཡང་པཎ་ཆེན་བི་མ་ལ་མི་ཏྲ། ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར་དང་སྣ་ནམ་རྡོ་རྗེ་བདུད་འཇོམས། ཉང་བན་ཏིང་འཛིན་བཟང་པོ་སོགས་ཀྱིས་ཀྱང་ཟབ་གཏེར་མང་དུ་སྦས་པ་རྣམས། ཕྱིས་འདུལ་བའི་དུས་སུ་སོན་པའི་ཚེ་བྱིན་རླབས་ལུང་བསྟན་དང་སྨོན་ལམ་ཐེབས་པའི་རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྐྱེ་བ་དང་སྤྲུལ་པའི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པ་རྣམས་ནི་གཙོ་བོ་ས་གཏེར་གྱི་བྱོན་ཚུལ་ལོ། །ཡང་ཟབ་མོ་དག་སྣང་དང་དགོངས་གཏེར་གྱི་བྱུང་ཚུལ་ནི། དེའང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར་ལས། ལུས་ཅན་རྣམས་ཀྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པ་ཐོས་པར་ཤོག །ཅེས་པ་ལྟ་བུའི་སྨོན་ལམ་གྱི་མཐུ་བཙན་པའི་སྟོབས་ཀྱིས་འབྱུང་བའི་སྒྲ་དང་རི་དྭགས་ལྟ་བུ་ལས་ཀྱང་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་གསན་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞལ་བསྟན་པ་དང་ཆོས་གསུང་བར་བཤད་དེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །ཞེས་གསུངས་ཤིང་། ཁྱད་པར་དུ་འཕགས་ཆེན་རྣམས་ཀྱི་གཟིགས་ངོར་དག་པའི་སྣང་བ་འབའ་ཞིག་ལས་མ་མཆིས་པས། དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་དག་དང་ཆོས་ཀྱི་བགྲོ་བ་རྨད་དུ་བྱུང་བ་རྒྱུན་ཆགས་སུ་མཛད་པ་ལས་ཟབ་མོའི་གདམས་པ་མཐའ་ཡས་པ་བྱུང་བ་ནི། འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང་། བོད་ཡུལ་གྱི་གསར་རྙིང་རིས་མེད་དགེ་བའི་བཤེས་གཉེན་དང་གཏེར་སྟོན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལས་བྱུང་བ་ལྟར་ཞེས་འབྱུང་བའི་དོན་ཕྱོགས་ཙམ་སྨྲ་ན། ཆོས་འབྱུང་ཁུངས་མ་རྣམས་ལས། འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པ་དགྲ་བཅོམ་པ་གྲགས་པས་བུམ་པ་བཟང་པོ་ཞིག་ནས་མདོ་ལ་སོགས་པའི་ཆོས་མང་པོ་བཏོན་པ་དང་། མདོ་མཛངས་བླུན་ལས་ཁྱིམ་བདག་ཞིག་གིས་ཀ་བ་ནས་བསྙེན་གནས་ཀྱི་ཆོ་ག་ཕྱུང་པར་སོག་ཟློག་པ་བློ་གྲོས་རྒྱལ་མཚན་པའི་བརྒལ་ལན་ལས་རྒྱས་པར་བསྟན་པ་དང་། ཐོ་གར་གྱི་ཡུལ་ནས་ཐེག་ཆེན་གྱི་མདོ་སྡེ་མང་པོ་དགེ་སློང་ནིར་ཝ་ན་རཀྵི་ཏས་ཕྱུང་པ་དང་། མངའ་བདག་མཻ་ཏྲི་པས་མཆོད་རྟེན་ཞིག་གི་སེར་ཁ་ནས་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་ཕྱུང་པ་དང་། ཨོ་རྒྱན་གྱི་ཡུལ་ནས་ས་ར་ཧ་པས་སངས་རྒྱས་ཐོད་པ། ཀླུ་སྒྲུབ་ཀྱིས་རྡོ་རྗེ་གདན་བཞི། ལཱ་ལི་ཏས་འཇིགས་བྱེད་རྟོག་པ་བདུན་པ། ཀུ་ཀུ་རི་པས་མ་ཧཱ་མཱ་ཡཱ་རྣམས་སྤྱན་དྲངས་པ་དང་། དུར་ཁྲོད་དཔལ་གྱི་སྒྱུ་སྐར་རོལ་པ་ནས་དམ་པ་སངས་རྒྱས་པས་ཞི་བྱེད་ཀྱི་སྐོར་རྣམས་སྤྱན་དྲངས་པ་དང་། བ་རི་ལོ་ཙཱ་བས་སེང་གདོང་མའི་སྒྲུབ་སྐོར། གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་ཀུ་རུ་ཀུལླེའི་སྒྲུབ་སྐོར། ཇོ་བོ་རྗེས་ལྷ་སའི་ཀ་བ་བུམ་པ་ཅན་ནས་ཇོ་ཁང་གི་དཀར་ཆག །ཀ་བ་ཤིང་ལོ་ཅན་ནས་བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་ཀྱིས་ཕན་གནོད་ཀྱི་ལས་ཚོགས་དང་། གཉལ་པ་ཉི་མ་ཤེས་རབ་ཀྱིས་བྱ་རྒོད་གཤོངས་ནས་རྣམ་སྲས་ཀྱི་སྒྲུབ་སྐོར། ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་ནས་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར། རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་ཆོས་རྒྱལ་གྱི་ལས་ཚོགས། ལྷོ་བྲག་གྲུབ་ཆེན་གྱི་ཕྱག་རྡོར་སྙན་བརྒྱུད། རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་འཇམ་དཔལ་གྱིས་གནང་བ་བློ་སྦྱོང་ཞེན་པ་བཞི་བྲལ་སོགས་མང་དུ་བྱུང་བ་རྣམས་སོ། །དཀྱུས་མ་ཉིད་སྨྲོས་ན། དེ་བཞིན་དུ་དགོངས་གཏེར་དུ་གྲགས་པ་རྣམས་ཀྱང་། མདོ་ལས། འཇམ་དཔལ་འབྱུང་བ་བཞི་ནི་ནམ་མཁའི་གཏེར་ནས་བྱུང་གི །དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་པ་ཤེས་པར་བྱོས་ཤིག །ཅེས་གསུངས་པ་དང་རྗེས་སུ་མཐུན་པར་འཕགས་པའི་གང་ཟག་རྣམས་ལ་དགོངས་པའི་ཀློང་ནས་ཆོས་ཀྱི་གཏེར་ཁ་བརྡོལ་དུ་ཡོད་པར་གསུངས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱིས་འདོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། གཞན་ཡང་མདོ་ལས། དོན་ལ་ངེས་པའི་གདིང་རྙེད་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་སོགས་གསུངས་པ་བཞིན་འཕགས་བལ་བོད་ལྗོངས་ཀུན་ཏུ་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཟབ་མོ་དགོངས་པའི་གདམས་ཟབ་མཐའ་ཡས་པ་ཞིག་ད་ལྟའི་བར་དུ་བྱུང་བཞིན་པ་དང་། ཆོས་ནོར་དམ་རྫས་ལ་སོགས་པའི་སྒོ་འཕར་ཅི་དགར་འབྱེད་ཅིང་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྨད་དུ་བྱུང་བས་དུས་ངན་གྱི་མཐའ་མར་དམ་པའི་ཆོས་འཛིན་ཅིང་འདུལ་མདོའི་བསྟན་པ་མི་བཞུགས་པའི་གནས་སུའང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་ཁོལ་བུ་ཁོལ་བུར་མི་ནུབ་དར་ཞིང་རྒྱས་ཏེ་འགྲོ་བ་འདུལ་དཀའ་བ་མཐའ་དག་སྒྲོལ་བའི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་ཆགས་པ་ཉིད་དེ། གུ་རུའི་གསུང་ལས། སྙིགས་མའི་དུས་སུ་བསྟན་མཐའ་གཏེར་གྱིས་སྐྱོང༔ ཞེས་ཇི་སྲིད་རྣམ་འདྲེན་ལྔ་པའི་བསྟན་པ་མ་ཤར་གྱི་བར་དུ་ཟབ་མོ་གཏེར་གྱི་ཕྲིན་ལས་ནམ་ཡང་མི་ནུབ་པར་གསུངས་སོ། །མདོར་ན་སྔོན་འཕགས་པའི་ཡུལ་དུ་གྲུབ་ཐོབ་ས་ར་ཧ་པ་དང་། དགའ་རབ་རྡོ་རྗེ། བི་རཱུ་པ། རྟ་མཆོག །ཀླུ་སྒྲུབ། པདྨ་འབྱུང་གནས། མཚོ་སྐྱེས། རོལ་པའི་རྡོ་རྗེ། སྤྱོད་འཆང་དབང་པོ་སོགས་ཀྱིས་སྤྱན་དྲངས་པར་བཤད་པའི་རྒྱུད་སྡེ་རྣམས་ཀྱང་དོན་དུ་གཏེར་གྱི་ཆོས་ཡིན་ཏེ། ཞེས་དང་། དེའི་ཕྱིར་མཚོན་བྱེད་ཡི་གེའི་རྒྱུད་རྣམས་རེ་ཞིག་བསྟན་པའི་སྣོད་མ་གཟིགས་པས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ནས་མཁའ་འགྲོ་མ་རྣམས་ཀྱིས་གཉེར་བྱེད་ཅིང་བསྲུངས་པ་ལས། གྲུབ་པའི་སྐྱེས་བུ་དེ་དག་ལ་ལྷག་པའི་ལྷས་ལུང་བསྟན་ཅིང་དུས་ལ་བབས་པ་ན་ཨོ་རྒྱན་གྱི་གནས་དྷརྨ་གཉྫ་སོགས་སྔགས་ཀྱི་ཕོ་བྲང་ཆེན་པོ་རྣམས་སུ་མཁའ་འགྲོ་མའི་ཚོགས་ཀྱིས་གནང་བ་བྱིན་ཅིང་དབང་བསྐུར། གཏད་རྒྱ་བཀྲོལ་ནས་རྒྱུད་ཀྱི་གླེགས་བམ་བྱིན། ཞེས་དང་། དེ་བཞིན་དུ་བོད་ཀྱི་དབང་དུ་ན་སློབ་དཔོན་ཐམས་ཅད་གཟིགས་པས་ཕྱི་རབས་ཀྱི་གདུལ་བྱའི་སྣང་ཚུལ་ཇི་ལྟ་བར་མཁྱེན་ནས་ཟབ་ཅིང་རྒྱ་ཆེ་བའི་རྒྱུད་སྡེ་རྣམས་སྒྲུབ་ཐབས་ལས་ཚོགས་མན་ངག་སོགས་ལམ་གྱི་ཆ་རྐྱེན་ཚང་བ་རེ་མཛད་ཅིང་ཤོག་སེར་ཚིག་རྒྱུད་དུ་བཀོད་ནས་རིའི་སུལ། བྲག་གི་སྒྲོམ། གཡང་ཞག་གི་མཚོ་ལ་སོགས་པར་གཏེར་བདག་མི་མ་ཡིན་སོ་སོ་ལ་གཉེར་གཏད་ནས་མ་འོངས་པ་ན་ལས་སྐལ་དང་ལྡན་པའི་གང་ཟག་དེས་ཐོན་པར་ཤོག་ཅིག་པའི་སྨོན་ལམ་གྱི་གཏད་རྒྱ་དང་བཅས་མི་སྣང་བར་སྦས་པ། དུས་ཕྱིས་སྐལ་བ་དང་ལྡན་པའི་སྐྱེས་བུ་སྨོན་ལམ་གྱི་མཐུ་སད། དུས་རྟགས་དང་ལུང་བསྟན་འཛོམས། སློབ་དཔོན་ཆེན་པོས་དངོས་སུ་ཞལ་བསྟན་ཅིང་དབང་བསྐུར། གཏད་རྒྱ་ལུང་བསྟན་དང་བཅས་པས་དབུགས་དབྱུང་བ་ལ་བརྟེན། གཏེར་བདག་བཀའ་སྲུང་རྣམས་དམ་ཚིག་དང་བརྟུལ་ཞུགས་ཀྱི་ཟིལ་གྱིས་མནན་ནས་ཆོས་དང་ནོར་གྱི་གཏེར་ཅི་རིགས་པ་གཏེར་སྟོན་གྱི་ཕྱག་ཏུ་སོན་པས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་ནི་རྒྱལ་བའི་ཕྲིན་ལས་རླབས་པོ་ཆེའི་ཕྱོགས་གཅིག་ཡིན་ཏེ། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའིགཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་སྤོབས་པ་སྒྲུབ་པར་བྱེད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པར་བྱེད་དོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། ལྷའི་བྱིན་གྱིས་བརླབས་ཀྱིས་དེ་དག་འདོད་ན་ལོ་སྟོང་དུའང་འཁོད་དོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ། གང་གིས་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེས་དེ་ཉིད་ཐོབ་པ་བཅུ་ཐོབ་སྟེ། ཀུན་དགའ་བོ། གང་གི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པས་མི་འཇིགས་པའི་གཏེར་དང་། སེམས་ཅན་ཉེ་བར་འཚོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་རོ། །ཞེས་པ་ལ་སོགས་བདེ་བར་གཤེགས་པས་སེང་གེའི་སྒྲ་བསྙོན་དུ་མེད་པར་བསྒྲགས་པ་ལས་ལེགས་པར་ཁོང་དུ་ཆུད་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལས་ཤེས་སོ། ༧ །དེ་ལྟར་གསང་ཆེན་གཏེར་མའི་ཆོས་སྐོར་འདི་ལ་བཀའ་དགོངས་ཕུར་གསུམ་མམ། བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་བསྐྱེད་རྫོགས་སྒྲུབ་འཕྲིན་དང་། མན་ངག་ལས་ཚོགས་ཟབ་ལ་མང་བ་བཞུགས། དེ་ལ་བཀའ་དགོངས་ཕུར་གསུམ་ནི་གཙོ་བོ་ཡི་དམ་གྱི་སྒྲུབ་ཐབས་འགངས་ཆེ་བ་དག་ཡིན་ཡང་དོན་དུ་རྩ་བ་གསུམ་གྱི་སྒྲུབ་ཐབས་ཆིག་དྲིལ་དུ་གནས་ཤིང་། བྱེ་བྲག་ཏུ་གཏེར་ཁ་སྣ་ཚོགས་ལས་བླ་མའི་སྒྲུབ་ཐབས་གཙོ་བོར་བྱས་པ་བླ་མ་བཀའ་བརྒྱད་དང་བླ་མ་དགོངས་འདུས། དེ་བཞིན་དུ་ཡི་དམ་དང་མཁའ་འགྲོ་གཙོ་བོར་བཞེངས་པ་ལ་ཡི་དམ་བཀའ་བརྒྱད་དང་ཡི་དམ་དང་མཁའ་འགྲོ་དགོངས་འདུས་སོགས་ཀྱང་ཡོད་པར་ཤེས་ནུས་སོ། །ནང་རྒྱུད་སྡེ་གསུམ་ལས་མ་ཧཱ་དང་ཨ་ནུའི་ཆོས་སྐོར་དུ་ངེས་ཀྱང་། ཁ་ཅིག་མན་ངག་སྙིང་ཐིག་གི་ལུགས་ལྟར་བཀྲལ་པའི་དབང་དུ་ན་ཨ་ཏིའི་མ་ཧཱ་དང་ཨ་ནུར་འཇོག་པར་རུང་ངོ་། །དེ་ལ་ཐོག་མར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་གཞུང་རྣམས་ནི། ལོངས་སྤྱོད་རྫོགས་པའི་ཚོམ་བུ་ཞི་བ་ལྷུན་གྱིས་གྲུབ་པ་དང་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་གྱི་མི་ཟད་རྒྱན་གྱི་འཁོར་ལོའམ་ངེས་དོན་སྒྱུ་འཕྲུལ་དྲྭ་བའི་ཡོན་ཏན་མ་ལུས་པ་འདུས་པའི་བདག་ཉིད། སྒྲུབ་སྡེ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཁྱབ་བདག་སྤྲུལ་སྐུའི་རྣམ་པར་ཤར་བ་ཚོམ་བུ་ལྔའམ་བརྒྱད་དུ་བཞུགས་པ། རིག་འཛིན་གྱི་སློབ་དཔོན་ལྔ་ལ་སྒྲུབ་སྡེ་བཀའ་མའི་ཆོས་སྐོར་དང་། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པ་ལས་སྒྲུབ་སྡེ་གཏེར་མའི་ཆོས་སྐོར་རྣམས་གྲུབ་པའི་སློབ་དཔོན་བརྒྱད་ལ་བཀའ་བབས་སོ་སོར་བརྙེས། བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་རྫོགས་པའི་དབང་དང་སྒྲུབ་ཐབས་ལས་ཚོགས་ཀྱི་བརྒྱུད་སྲོལ་ཡོངས་རྫོགས་ནི་སློབ་དཔོན་པདྨ་ཉིད་ལ་འདུས་ཤིང་། རིམ་པར་སློབ་དཔོན་ཆེན་པོས་ཟ་ཧོར་ཡུལ་ཁམས་ཐམས་ཅད་གདུལ་བྱའི་ཞིང་དུ་གཟིགས་ཏེ་མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་གྱིས་ཐམས་ཅད་དད་པའི་ས་ལ་བཀོད། རྒྱལ་པོ་གཙུག་ལག་འཛིན་གྱིས་སྲས་མོ་ལྷ་ལྕམ་ཇོ་མོར་ཕུལ་ཏེ་ཕྱག་དགུ་ཕྲུགས་སུ་བཙལ་ནས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་ལ་གསང་སྔགས་ཀྱི་ཆོས་ཟབ་ལ་རྒྱ་ཆེ་བ། མདོ་རྒྱུད་ཀྱི་གནད་རྣམས་མ་ཚང་བ་མེད་པ། ཐོས་བསམ་དང་དཀའ་ཐུབ་རྒྱ་ཆེན་པོ་ལ་ལྟོས་མ་དགོས་པ། ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ཐེག་པ་ཀུན་གྱི་གནད་འདུས་པ། ཆ་ཚང་གཅིག་ཏུ་བསྒྲིལ་པའི་ཆོས་ཤིག་གནང་བར་མཛོད་ཅེས་གསོལ་བ་བཏབ་པ་བཞིན་རྒྱལ་པོས་དབུ་མཛད་རྗེ་འབངས་ཉི་ཤུ་རྩ་གཅིག་ལ། མཁའ་འགྲོ་འཁྲིགས་པའི་དབེན་གནས་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང་བཅས་བདེ་གཤེགས་འདུས་པའི་སྨིན་གྲོལ་གདམས་པ་རྣམས་རྫོགས་པར་བསྩལ། བར་དུ་ཨོ་རྒྱན་རྒྱལ་ཁམས་སུ་རྗེ་འབངས་འཁོར་དང་བཅས་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་བསྐུར་ཞིང་། རྒྱུད་བཤད་པ་དང་གསང་སྔགས་ཀྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བས་རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་ལས་ཅན་གྱི་ཚོམ་བུ་དང་བཅས་རིག་པ་འཛིན་པའི་ས་ལ་བཀོད་པར་མཛད། ཕྱིས་བོད་དུ་བྱོན་པའི་ཚེ་མངའ་བདག་ཁྲི་སྲོང་གིས་སློབ་དཔོན་ཆེན་པོ་ལ་སྤྱན་གཟིགས་ཀྱི་མཆོད་པ་དང་། ལོངས་སྤྱོད་ཀྱི་དངོས་པོ་དཔག་ཏུ་མེད་པ་ཕུལ་ཏེ་གསང་སྔགས་ཀྱི་དབང་བསྐུར་སྩོལ་བར་གསོལ་བ་བཏབ་པ་ལ། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་རྒྱལ་པོས་དབུ་མཛད་རྗེ་འབངས་ཉེར་ལྔ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་བསྐུར་ཞིང་རྒྱུད་དང་མན་ངག་རྒྱ་ཆེར་བསྟན། ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་པ་ཟབ་གཏེར་བཀའ་རྒྱས་བཏབ་སྟེ་རྡོ་རྗེའི་ཆོས་སྲུང་རྣམས་ལ་གཉེར་བྱང་གཏད། སྲིན་ཡུལ་དུ་གཤེགས་ལ་ཉེ་བའི་ཚེ་ཁྲ་འབྲུག་ཏུ་ལྷ་སྲས་མུ་ཁྲི་བཙན་པོ་འཁོར་བློན་འབངས་དང་བཅས་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་གྱི་གདམས་པ་མང་དུ་གནང་བ་སོགས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་མིག་སྟོང་ལྡན་པས་འཇིག་རྟེན་ཀུན་ཏུ་བཙལ་ཀྱང་རྙེད་པར་མི་འགྱུར་བ་སྔ་འགྱུར་གྱི་ཁྱད་ཆོས་རྨད་དུ་བྱུང་བ་ཡིན་ལ། ཕྱིས་མངའ་བདག་ཉང་རལ་པ་ཅན་གྱི་ཆོས་རྒྱལ་ཆེན་པོའི་བླ་དཔེ་དངོས་བཀའ་བརྒྱད་བདེ་གཤེགས་འདུས་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་བཀའ་བརྒྱད་གསང་བ་ཡོངས་རྫོགས། གུ་རུ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སྟེ་བཀའ་བརྒྱད་རྣམ་གསུམ་ཞེས་གཙོ་བོར་གྲགས་པ་དང་། གཞན་ཡང་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་བཀའ་བརྒྱད་རང་བྱུང་རང་ཤར་སོགས་གཏེར་ཁ་གཞན་ལས་ཀྱང་རྒྱ་ཆེར་བྱུང་ངོ་། །བཀའ་བརྒྱད་སྟོང་ཐུན་ལས་གསལ་བ་ལྟར་ན། སྙིང་དང་འདྲ་བ་ཉང་གི་བདེ་གཤེགས་འདུས་པ། སྙིང་ཁྲག་དང་འདྲ་བ་ཆོས་དབང་གི་གསང་བ་ཡོངས་རྫོགས། དྭངས་མ་དང་འདྲ་བ་བྱང་གཏེར་རང་བྱུང་རང་ཤར་ཏེ་བཀའ་བརྒྱད་རྣམ་གསུམ་དང་། དེ་དག་གི་སྟེང་དུ་སྲོག་དང་འདྲ་བ་པདྨ་གླིང་པའི་ཐུགས་ཀྱི་མེ་ལོང་། ལུས་དང་འདྲ་བ་བསམ་གཏན་བདེ་ཆེན་གླིང་པའི་ཡང་གསང་དྲེགས་འདུལ་ཏེ་ཐུགས་གཏེར་ཆེན་པོ་ལྔ་དང་། དེ་རྣམས་ཀྱི་ཁར་རྡོ་རྗེ་གླིང་པའི་གསང་རྫོགས་དྲག་སྔགས་འདུས་པ། འཇའ་ཚོན་ཧཱུྃ་ནག་མེ་འབར་གྱི་དངོས་གྲུབ་སྙིང་པོ། ཀློང་གསལ་སྙིང་པོའི་བདེ་གཤེགས་ཡོངས་འདུས། པདྨ་འོད་གསལ་མདོ་སྔགས་གླིང་པའི་ཁྲག་འཐུང་བདེ་གཤེགས་འདུས་པ་རྣམས་བསྣན་པས་ཕྱི་དུས་སུ་བཀའ་བརྒྱད་རྣམ་དགུ་ཞེས་ཟེར་རོ། །ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག་ལས་དེང་སང་ཡང་བཀའ་བརྒྱད་ཀྱི་ལམ་སྲོལ་འདྲ་མིན་བཅུ་དགུ་ཙམ་ཡོད་པར་གསུངས་ལ། ཟབ་གཏེར་ཇི་སྙེད་པའི་སྙིང་པོར་གྱུར་པའང་མན་ངག་གི་གཞུང་ལས། གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ཀུན༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་འདུས༔ རིག་འཛིན་བརྒྱད་དང་མཁས་པ་བཞི༔ གོང་འོག་རྒྱ་མཚོ་ལྟ་བུའི་འཇིངས༔ བརྒལ་བར་མི་ནུས་བློ་ཅན་ལ༔ བཅུད་དྲིལ་འདི་ལས་གཞན་མ་གསུངས༔ ཞེས་དང་། ཨོ་རྒྱན་ཆེན་པོས། གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན༔ སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་གང་འཛིན༔ ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས༔ ཞེས་གསུངས་སོ། ༧ །བླ་མ་དགོངས་འདུས་ནི་སྔོན་ཨོ་རྒྱན་གྱི་ཡུལ་ལམ་འཕུར་འགྲོའི་རྒྱལ་ཁམས་སུ་སློབ་དཔོན་ཆེན་པོས་གསང་སྔགས་ཀྱི་ཆོས་འཁོར་མང་དུ་བསྟན་ཏེ་གདུལ་བྱ་ཐམས་ཅད་བདེ་ཆེན་གྱི་ས་ལ་བཀོད། རིམ་པར་སངས་རྒྱས་འོད་དཔག་མེད་ལས་རྩ་རྒྱུད་པད་སྡོང་བརྩེགས་པ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་དྲུག་རྣམས་ཞུས། རྒྱུད་སྡེ་འདི་དག་ལ་བླ་མ་དགོངས་པ་འདུས་པ་ཞེས་བྱ་ཞིང་། གྲུབ་པ་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་དཔག་ཏུ་མེད་པ་གྲོལ་བར་མཛད། བོད་དུ་ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་འཁོར་དང་བཅས་པས་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུར་སངས་རྒྱས་གཉིས་པ་ལ་མངའ་རིས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་ཏེ། སྨིན་གྲོལ་གྱི་གདམས་པ་གཞན་ལས་མ་བརྒྱུད་པ། གུ་རུ་ཉིད་ཀྱི་ཐུགས་མཛོད་དཔལ་བེའུ་ལས་ཕྱུང་པ་ཞིག་དགོས་ཞེས་གསོལ་བའི་ངོར། རྒྱུད་ལུང་མན་ངག་གི་གནད་ཐམས་ཅད་གཅིག་ཏུ་འདུས་པ། ལས་ཅན་གྱི་སྐྱེས་བུ་ཚེ་གཅིག་ལ་ཟུང་འཇུག་གདོད་མའི་རྒྱལ་སར་འཕོ་བར་བྱེད་པ། བླ་མ་དགོངས་པ་འདུས་པའི་རྒྱུད་སྒྲུབ་ཐབས་ལེ་ལག་དང་བཅས་པའི་སྨིན་གྲོལ་རྣམས་རྒྱས་པར་བསྩལ། སྒྲུབ་ཐབས་རྣམས་མི་བརྗེད་པའི་གཟུངས་ཐོབ་པ་རྣམས་ཀྱིས་འཕྲུལ་ཡིག་གསེར་གྱི་པ་ཏྲ་ལ་བཀོད། བཀའ་གཙིགས་ཀྱི་ཕྱག་རྒྱ་དང་བཅས་ཆོས་སྐོར་རྣམས་ཀོང་ཡུལ་གྱི་ལུང་ཕྲན་པདྨ་ཁ་ཕྱེས་པ་འདྲ་བའི་གནས་བྲག་རྫོང་པུ་རི་ཕུག་མོ་ཆེར་གཏེར་དུ་སྦས་ཤིང་། མ་འོངས་པ་ན་ལྷ་སྲས་འབྲིང་པོ་མུ་རུབ་བཙན་པོས་བཏོན་ཏེ་བསྟན་པ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱ་ཆེར་འབྱུང་བར་ལུང་བསྟན་པ་བཞིན། ཕྱིས་སུ་ལྷ་སྲས་ཀྱི་རྣམ་སྤྲུལ་གཏེར་སྟོན་སངས་རྒྱས་གླིང་པས་དགུང་གྲངས་ཉེར་ལྔའི་ཐོག་བླ་མ་དགོངས་པ་འདུས་པའི་ཆོས་སྐོར་རྣམས་གདན་དྲངས་པ་ལས། ད་ལྟའི་བར་འགྲོ་དོན་མཐའ་རྒྱས་སུ་བཞུགས་སོ། །ཇི་སྐད་དུ། ཡབ་སྲས་རྣམས་ཀྱིས་ཡང་ཡང་ཞུས་པའི་དོན༔ རྒྱལ་བ་རྣམས་ཀྱི་དགོངས་དོན་མདོ་རྒྱུད་ཀྱི༔ གནད་སྡུད་ཨོ་རྒྱན་ཟབ་གཏེར་རིག་འཛིན་རྣམས༔ གྲོལ་ལམ་ཟབ་ཆིངས་མན་ངག་བསྐྱེད་རྫོགས་མཐིལ༔ དགོངས་འདུས་གསེར་ཞུན་མཁའ་འགྲོའི་སྙིང་ཁྲག་ཕྱུང༔ ཞེས་གསུངས་ཤིང་། འདི་ཡི་དབང་ལན་གཅིག་ཐོབ་པས་གསང་སྔགས་ཀྱི་དབང་བསྐུར་ཐམས་ཅད་རྫོགས་པ་དང་ཁྱད་པར་མ་མཆིས་ཤིང་། ལུང་ལན་གཅིག་ཐོབ་པས་ཀྱང་གསུང་རབ་ཐམས་ཅད་ལ་འཇུག་རུང་བར་གསུངས་པ་སོགས་ཕན་ཡོན་ཚད་མེད་པར་བསྟན་ཏོ། །འོན་ཀྱང་བླ་སློབ་རྡོ་རྗེ་མཆེད་ལྕམ་དཀྱིལ་འཁོར་གཅིག་གིས་བསྡུས་པ་རྣམས་དམ་ཚིག་སྲོག་གི་གཏའ་རུ་གཟུང་བས་ཁྲེལ་དང་ངོ་ཚ་ལ་གནས་པ་དགོས་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །མདོར་ན་རང་སེམས་གཙང་མར་བསྲུང་། །འདི་ནི་དམ་ཚིག་རྨད་པོ་ཆེ། །སངས་རྒྱས་ཀུན་གྱིས་བསྟན་པར་མཛད། །ཅེས་པ་ལྟར་གཡོ་སྒྱུ་ངོ་ལྐོག་མེད་པ་ལ་འཇུག་པར་འཚལ་ལོ། ༧ །ཕུར་པ་རྡོ་རྗེ་གཞོན་ནུའི་ཆོས་སྐོར་ནི། སྤྱིར་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་ལས་བརྒྱུད་པའི་ཕུར་པ་བཀའ་མ་ལ་རྒྱལ་པོའི་ལུགས་དང་། ཇོ་མོའི་ལུགས་དང་། ལྕམ་ལུགས་དང། རོང་ལུགས་དང་། ལྷ་ནག་དང་། ལྷ་ཁྲ་དང་། འཁོན་ལུགས་སོགས་མང་དུ་བཞུགས་པ་དེ་དག་གི་དགོངས་དོན་སྙིང་པོར་དྲིལ་བ་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་སྒྲོལ་བའི་ལས་མཐའ་སོགས་སྙིགས་དུས་ཚེ་ཐུང་གཅིག་ལ་རང་གཞན་དོན་གཉིས་ལྷུན་གྲུབ་ཏུ་སྤྱོད་པའི་འཇུག་སྒོ་རྒྱུད་ལུང་མན་ངག་མཐའ་ཡས་པ་ཐལ་འབྱིན་རྣམ་བཞིའི་རང་བཞིན་རྣམས་ལས་ཅན་རྗེ་འབངས་རྣམས་ལ་བརྣོོག་ཆོས་སུ་བསྩལ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་སོགས་དག་པའི་འཁོར་རྣམས་ཀྱིས་བརྡ་ཡིག་ཤོག་སེར་དུ་བཀོད་དེ་དབེན་གནས་སོ་སོར་རྒྱས་བཏབ་པ་རྣམས་ཕྱི་དུས་སུ་ལུང་བསྟན་དུས་ལ་བབས་པའི་ཚེ་གཏེར་འབྱིན་གྱི་སྐྱེས་བུ་ཐོག་བབས་སུ་བྱོན་ཏེ་ཟབ་ཆོས་སྨིན་གྲོལ་ཅི་དགར་འགྱེད་ཅིང་འབྲེལ་ཚད་བཛྲ་ཀུ་མཱ་རའི་གོ་འཕང་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པ་སྟེ། ཇི་སྐད་དུ་གུ་རུ་ཉིད་ཀྱི་ཞལ་གདམས་ལས། སྤྱིར་ཡི་དམ་གྱི་གཙོ་བོ་ཕུར་པ་ལ་བྱ༔ ཡི་དམ་གཞན་སྒྲུབ་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་སྒྲུབས༔ ཅེས་དང་། ཁ་བྱང་ལས། སྤྱིར་ནི་ལྔ་བདོའི་དུས་ཀྱི་མཐའ་མའི་ཚེ༔ ཕྲིན་ལས་ལས་ཀྱི་གདུལ་བྱ་དུས་ལ་བབས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་མ་གཏོགས་པ༔ ལྷ་གཞན་བསྒྲུབས་ཀྱང་ལམ་དུ་འགྲོ་དཀའ་ཞིང༔ གྲུབ་འབྲས་མངོན་དུ་གྱུར་པ་ཤིན་ཏུ་དཀོན༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ གངས་ཅན་བོད་ཀྱི་ས་གནས་ཐམས་ཅད་དུ༔ ཕུར་རྒྱུད་འདྲ་མིན་བརྒྱ་ཙམ་གཏེར་དུ་སྦས༔ སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་བ་ཡི༔ གདམས་པའི་མཆོག་གྱུར་འདི་ལས་ཡོད་རེ་ཀན༔ ཉམས་སུ་ལེན་པའི་ལས་ཅན་སྐལ་ལྡན་རྣམས༔ འབྲེལ་བ་ཙམ་གྱིས་རིག་འཛིན་གྲལ་དུ་འཁོད༔ འདི་ཉིད་སྒྲུབ་རྒྱུན་འཛིན་པའི་ཡུལ་དེ་རུ༔ བདེ་གཤེགས་ཀུན་འབྱུང་ཕྱོགས་ལས་རྣམ་རྒྱལ་འགྱུར༔ ཞེས་གསུངས་པ་ལྟར་སྙིགས་དུས་སུ་བྱང་ཆུབ་སྒྲུབ་པའི་བར་ཆད་ཀྱི་མཚན་མ་མཐའ་དག་རྩ་སྦུར་མེ་ཡིས་བསྲེགས་པ་བཞིན་རང་སྟོབས་ཀྱིས་ཞི་ཞིང་། མཆོག་ཐུན་དངོས་གྲུབ་བདེ་བླག་ཏུ་སྨིན་པའི་ཕྲིན་ལས་ཁྱད་དུ་འཕགས་པའི་རྒྱུས་ཕུར་པའི་སྒྲུབ་ཐབས་ཟུར་དུ་ཕྱུང་པ་ལས་ཟབ་ཆོས་གཏེར་བྱོན་མང་དུ་མཆིས་ཀྱང་། ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་འདུས་པ་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཕུར་པ་ཡང་གསང་སྤུ་གྲི། པདྨ་གླིང་པའི་ཕུར་པ་སྲོག་གི་སྤུ་གྲི། བདུད་འདུལ་གླིང་པའི་ཕུར་པ་གནམ་ལྕགས་སྤུ་གྲི་སྟེ་སྤུ་གྲི་རྣམ་གསུམ་ཞེས་ཀུན་ལ་གྲགས་ཤིང་གཙོ་བོར་བསྔགས་ཀྱང་། བྱང་གཏེར་ཕུར་པ་ལྷ་ནག་སྤུ་གྲི། རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་སོགས་ཀྱང་རྒྱུན་མ་ཉམས་ཤིང་འགྲོ་དོན་མཐའ་རྒྱས་སུ་བཞུགས་སོ། །བཀའ་དགོངས་ཕུར་གསུམ་གྱི་གནད་རྣམས་ཤེས་པར་འདོད་པས་རིག་འཛིན་སྔགས་ཀྱི་སློབ་དཔོན་ལ་བསྟེན་ནས་རིམ་པ་བཞིན་བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ། སྒྲུབ་པ་བཀའ་བརྒྱད་ཀྱི་འབྲུ་འགྲེལ་རིན་པོ་ཆེའི་ཕྲེང་བ། བཀའ་བརྒྱད་གསང་རྫོགས་ཀྱི་བསྙེན་ཡིག་བསམ་འཕེལ་དབང་གི་རྒྱལ་པོ། བཀའ་བརྒྱད་སྟོང་ཐུན་གདོང་ལྔའི་གད་མོ། སྨན་ལུང་པའི་གསང་འདུས་རྒྱུད་ཀྱི་སྤྱི་དོན་རྣམ་པར་གཞག་པ། དགོངས་འདུས་ཀྱི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་འོད་ཟེར་བརྒྱ་པ། དགོངས་འདུས་འགྲེལ་པ་གཟི་ལྡན་འཆར་ཀའི་འོད་སྣང་། ཕུར་པའི་རྣམ་བཤད་རིག་འཛིན་ཞལ་ལུང་སོགས་ལ་འཇུག་གོ ༈ །བླ་རྫོགས་ཐུགས་གསུམ་ནི། རྩ་བ་གསུམ་གྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་གུད་དུ་ཕྱུང་པ་ལ་རྫོགས་རིམ་གྱི་དམར་ཁྲིད་གཙོ་བོ་མཁའ་འགྲོའི་སྒྲུབ་ཐབས་ཀྱི་ཁོག་ནས་གསལ་བར་སྟོན་པ་ཡིན་ལ། བླ་མ་ཡི་དམ་གྱི་ཆོས་སྐོར་ལས་རྫོགས་རིམ་སྟོན་པ་ཡོད་མོད་ཀྱི་རྒྱས་པར་བསྟན་པ་རང་མེད་དོ། །འདི་གསུམ་གྱི་ཚུལ་ལ་སྔར་གྱི་བཞེད་པ་དགོད་པ་དང་། བརྟག་ཅིང་དཔྱད་པའི་ས་བོན་རྣམ་པར་གཞག་པ་གཉིས་ལས། དང་པོ་ལས། བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་ཐབས་གཏེར་ཁ་དུ་མ་ལས་བྱུང་བ་ནི། སློབ་དཔོན་ཆེན་པོའི་ཞལ་ནས། ཁྱད་པར་བོད་ཀྱི་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ། ཞེས་དང་། འཛམ་གླིང་སྤྱི་དང་། བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་ཕྱིར་ཆེད་དུ་སྤྲུལ་པ་ཡིན་པས་ན། ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང་། མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་། བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ། །ཞེས་དང་། གུང་ཐང་ལ་ཐོག་ནས་སྲིན་ཡུལ་དུ་གཤེགས་པའི་སྐབས་ལྷ་སྲས་རྗེ་འབངས་རྣམས་ལ་འདི་སྐད་དུ། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་དྲན༔ དྲིན་དུ་ཚོར་ན་གསོལ་བ་སྙིང་ནས་ཐོབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་ཀུན༔ ཞེས་གསུངས་པ་ལྟར། བོད་ཀྱི་བླ་མའི་སྐལ་པ་གུ་རུ་ཉིད་ལ་ཐུག་པར་ཡང་ནས་ཡང་དུ་གསུངས་པ་ལ། བསོད་ནམས་དང་ལས་འཕྲོ་ཟད་པའི་ཕྱོགས་ཁ་ཅིག་ལོག་སྲེད་ཅན་གཏན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གནས་ཤིང་། སྟོན་པའི་ལུང་གིས་ཟིན་པའི་སྐྱེས་བུ་ཚད་མ་ལ་ཡིད་མ་ཆེས་པའི་སྟེང་དུ་གཤེ་སྐུར་འདེབས་པ་སོགས་མི་རབས་གང་ཙམ་ལོག་སྒྲུབ་ཁོ་ནར་བསྐྱལ། དངོས་འབྲས་སུ་གློ་བུར་བོད་ཁམས་མཐའ་དམག་དམར་པོའི་འོག་ཏུ་ཚུད་དེ་དཀའ་སྡུག་གི་ངལ་བ་ཡལ་དུ་མེད་པའི་དུས་འགྱུར་མི་བཟད་པ་འདི་བྱུང་བ་ཡིན་ལ། སླད་དུ་རང་རྒྱུད་ཆགས་སྡང་གི་མཚང་ཁོང་ནས་བརྟོལ་ཏེ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་ལ་ཡིད་ཆེས་ཤིང་ཚེ་རབས་ཀྱི་སྐྱབས་གནས་སུ་མཐོང་ན། བོད་ཁམས་ཡོངས་རྫོགས་བདེ་སྐྱིད་ཀྱི་སྣང་བ་གསར་པས་དུས་ཀུན་ཏུ་འཚོ་བར་འགྱུར་བ་ནི་ངེས་པའོ། །དེ་ལྟར་རྒྱལ་བ་ཀུན་གྱི་གསང་གསུམ་ཡོན་ཏན་གཅིག་ཏུ་འདུས་པ་གུ་རུ་ཉིད་ཀྱི་སྒྲུབ་ཐབས་སྣ་ཚོགས་ལས་ཅན་རྗེ་འབངས་རྣམས་ལ་བསྟན་ཅིང་། ཕྱི་རབས་གདུལ་བྱ་རྣམས་ཀྱི་དོན་དུ་ཡི་གེར་བཀོད་པའི་ཚུལ་ལའང་། སྐྱེན་པའི་མཆོག་ལྡན་མ་རྩེ་མང་། དག་པའི་མཆོག་ཨ་ཙཱརྻ་ཡེ་ཤེས་དབྱངས། གསལ་དག་མཉེན་ལྕུགས་བཻ་རོའི་ཕྱག་བྲིས་སོགས་སྣང་བ་མིས་བྲིས་པ་དང་། མི་སྣང་བ་མི་མིན་མཁའ་འགྲོས་བྲིས་པ། གུ་རུ་ཉིད་ཀྱི་ཕྱག་བྲིས་ཕྲ་ལ་ལེགས་པ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་བྲིས་མཛད་པ་སོགས་མཚོན་བྱེད་རྟགས་ཀྱི་ཡི་གེ་བརྡ་ཡིག་ཤོག་སེར་དུ་བཀོད་དེ་སྒྲུབ་གནས་མཚོ་གླིང་བྲག་སྐྱིབས་སྨན་ལྗོངས་རྣམས་སུ་གཏད་རྒྱ་དང་བཅས་ཟབ་མོའི་གཏེར་དུ་བཞུགས་པ་ལས། ལུང་བསྟན་དུས་ལ་བབས་པའི་ཚེ་སྤྲུལ་པའི་གཏེར་སྟོན་བར་མ་ཆད་པར་བྱོན་ཏེ་ཟབ་གཏེར་གྱིས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་པ་སྟེ། མཚོན་ཙམ་ནི། གུ་རུ་ཆོས་དབང་གི་བླ་སྒྲུབ་གསང་བ་འདུས་པ། དྲི་མེད་ཀུན་དགའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། བྱང་གཏེར་རིག་འཛིན་གདུང་སྒྲུབ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས། རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས་རིན་ཆེན་གཏེར་སྤུངས། རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པ། པདྨ་གླིང་པའི་བླ་སྒྲུབ་ནོར་བུ་རྒྱ་མཚོ། མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ། གཏེར་བདག་གླིང་པའི་བླ་སྒྲུབ་རིག་འཛིན་ཐུགས་ཐིག །ཀུན་མཁྱེན་འཇིགས་མེད་གླིང་པའི་བླ་སྒྲུབ་རིག་འཛིན་འདུས་པ་སོགས་བླ་མའི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་མན་ངག་ལས་ཚོགས་དང་བཅས་པ་རྣམས་སོ། ༧ །གཉིས་པ་ནི་རྫོགས་ཆེན་དུ་བཞེད་ཀྱང་སྤྱིར་རྫོགས་རིམ་གྱི་མན་ངག་ནི། རྩ་བ་གསུམ་ཀ་ལས་འབྱུང་ཡང་། དམིགས་གསལ་མཁའ་འགྲོའི་སྒྲུབ་ཐབས་ཀྱི་ཆ་ལག་ཏུ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པའི་ཚུལ་མང་དུ་ཡོད་པ་རྣམས་ཏེ་མདོར་བསྡུ་ན་གྲོལ་ལམ་དང་ཐབས་ལམ་གྱི་རྫོགས་རིམ་གཉིས་སུ་འདུ་ཞིང་། དང་པོ་ནི་ཆོ་གའི་བསྙེན་ཡིག་སོ་སོ་ནས་གསལ་བ་བཞིན་བློ་ཆུང་གདམས་ངག་གིས་འཇོག་ཚུལ་དང་བློ་ཆེན་ཤེས་རབ་ཀྱིས་འཇོག་ཚུལ་གཉིས། དང་པོ་ལ་རྗེས་གཞིག་དང་རིལ་འཛིན་གཉིས། གཉིས་པ་ལ་མཐོང་བའི་རྗེས་ལ་འཇོག་པ་དང་། རིག་པ་སྤྱི་བླུགས་སུ་འཇོག་པ་རྣམས་ཏེ་གྲོལ་ལམ་རིམ་ཅིག་ཆར་གྱི་རྫོགས་རིམ་མོ། །གཉིས་པ་ཐབས་ལམ་ནི། སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བརྟེན་པའི་རྫོགས་རིམ་ཡིན་ལ། གཞན་དུ་རང་ལུས་དང་གཞན་ལུས་ཐབས་ལྡན་ཞེས་པ་དག་གོ །དེ་ལ་དཔལ་གསང་བ་འདུས་པ་སོགས་མ་ཧཱ་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར་གསལ་སྟོོང་རླུང་གི་རྫོགས་རིམ། འཁོར་ལོ་སྡོམ་པ་དང་ཀྱེ་རྡོ་རྗེ་སོགས་མ་རྒྱུད་ཨ་ནུ་ཡོ་གའི་དགོངས་པ་ལྟར་ཁམས་བྱང་ཆུབ་སེམས་ཀྱི་རྫོགས་རིམ་བདེ་སྟོང་ལ་ལམ་དུ་བྱེད་པ་དང་། གཉིས་མེད་ཀྱི་རྒྱུད་ཀུན་བྱེད་རྒྱལ་པོ་སོགས་ཨ་ཏི་ཡོ་ག་ལྟར་སེམས་ཉིད་ཀུན་ཏུ་བཟང་པོ་རིག་སྟོང་ཟུང་འཇུག་གི་གནས་ལུགས་ཡིད་དཔྱོད་ལས་འདས་པའི་དོན་རྣམས་རྩ་རླུང་ཐིག་ལེའི་བྱེད་བཅིངས་ལ་བརྟེན་ནས་བདེ་གསལ་རྣམ་པར་མི་རྟོག་པ་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྣམས་སྦྱོར་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལ་བརྟེན་ནས་ཉམས་སུ་ལེན་པའི་ཚུལ་རྒྱས་པར་འབྱུང་སྟེ། དེ་དག་ནི་ཐབས་ལམ་རིམ་ཅིག་ཅར་གྱི་རྫོགས་རིམ་མོ། །གཞན་ཡང་རྫོགས་ཆེན་ཐུན་མིན་གྱི་མན་ངག་རྟེན་ལ་བཟང་ངན་མེད་པ་ན་སོ་ལ་རྒན་གཞོན་མེད་པ། ཤེས་རབ་ལ་རྣོ་བརྟུལ་མེད་པར་ཐ་མལ་གྱི་ཤེས་པ་བཟོ་མ་བཅོས་སྤུ་མ་བརྗེས་པའི་སྟེང་ནས་མཚན་མེད་རྫོགས་རིམ་གྱི་མན་ངག་དབང་པོ་ཅིག་ཆར་བའི་འཇུག་ངོགས་དག་ཀྱང་ཡོད་དེ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ་ལ་སོགས་པ་བཞིན་ནོ། །དེ་ལ་ཁ་ཅིག་དོན་ལ་རྟོན་པའི་བློ་གྲོས་ཕྱོགས་མེད་དུ་མ་གྲོལ་བར་གཞུང་ལུགས་རྒྱ་ཆེན་པོ་ལ་ཐོས་བསམ་མ་བྱས་པར་ཐར་པ་དང་གྲོལ་བ་མེད་ཟེར་རོ། །མདོ་རྒྱུད་རྣམས་ལས་ཐོས་བསམ་དཀའ་ཐུབ་ལ་ལྟོས་དགོས་པར་བསྟན་པ་ནི་རིམ་གྱིས་པ་ལ་དགོངས་པ་ཡིན་གྱི་ཅིག་ཆར་བའི་ལམ་བགྲོད་ཚུལ་མེད་ཅེས་མཐའ་གཞན་ཁེགས་པ་མིན་ཏེ། འཕགས་ཡུལ་གྲུབ་ཆེན་རྣམས་ཀྱི་གྲོལ་ལུགས་དོ་ཧ་རྣམས་ལས་གསལ་བ་བཞིན་སྦྱངས་པ་སྔོན་སོང་འགའ་ཞིག་གི་སྤྱོད་ཡུལ་དུ་ངེས་པ་སྟེ། འཕགས་པ་བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཅིག་གིས་བཙལ་ཀྱང་མི་རྙེད། ཞེས་དང་། ཁ་ཅིག་གིས་མ་བཙལ་ཀྱང་རྙེད་པར་འགྱུར་བ་བཅོམ་ལྡན་འདས་འདིའི་རྒྱུ་གང་ལགས། ཞེས་གསོལ་བ་ལ་བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ་དེ་དེ་བཞིན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཙལ་ཞིང་རྗེས་སུ་བཙལ་ལ་ཡོངས་སུ་བཙལ་ཀྱང་མི་རྙེད་ལ། བྱང་ཆུབ་སེམས་དཔའ་ཁ་ཅིག་མ་བཙལ་རྗེས་སུ་མ་བཙལ་ཡོངས་སུ་མ་བཙལ་ཀྱང་རྙེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྔོན་གྱི་མཐར་ཡང་བརྩོན་པ་མ་བོར་བར་བཙལ་བ་དང་ཡོངས་སུ་བཙལ་བས་ན། དེ་དག་གིས་སྔོན་གྱི་དགེ་བའི་རྩ་བའི་འདུན་པ་དེ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་བཙལ་རྗེས་སུ་མ་བཙལ་ཡོངས་སུ་མ་བཙལ་ཀྱང་རྙེད་པར་འགྱུར་རོ། །ཞེས་སོགས་གསུངས་པ་བཞིན་ནོ། ༧ །གསུམ་པ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ནི། བོད་གངས་ཅན་གྱི་སྣོད་བཅུད་ཐམས་ཅད་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་པ་དང་། ལས་དང་ཐུགས་རྗེའི་འབྲེལ་བ་རྨད་དུ་བྱུང་བ་ལ་བརྟེན། འཕགས་པ་སེམས་ཉིད་ངལ་གསོ་མི་ཡི་བརྫུ་ལ་བཞུགས་པ་རྒྱལ་བློན་ལོ་པཎ་དུ་མ་དང་། གྲུབ་མཐའ་རིས་མེད་ནང་མཁས་གྲུབ་དགེ་བའི་བཤེས་གཉེན་གྱི་གཟུགས་ཀྱིས་གདུལ་བྱ་སྐྱོང་བའི་འཕྲིན་ལས་རྒྱུན་མི་འཆད་པར་འབྱུང་སྟེ། སྙིང་རྗེ་པདྨ་དཀར་པོ་ལས། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ་སྨིན་མཚམས་ཀྱི་མཛོད་སྤུ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་ཏེ་ཞལ་འཛུམ་པ་མཛད་པས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས་འདྲེ་སྲིན་དུ་མས་གང་བ། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པ་ན་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་དར་ཞིང་རྒྱས་པར་འདུག །སེམས་ཅན་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །མཐའ་འཁོབ་ཁ་བ་ཅན་དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ནོ། །དེ་གང་ཞེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གིས་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅགས་པའི་གནས་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་གདུལ་དཀའ་བ་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུར་ཅིག །མཐའ་འཁོབ་དེ་ཡང་བདག་གིས་གདུལ་བའི་ཞིང་དུ་གྱུར་ཅིག །ཅེས་སོགས་གསུངས་པ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཆོས་སྐོར་དང་། སློབ་དཔོན་ཆེན་པོའི་ཟབ་ཆོས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་མན་ངག་ལས་ཚོགས་མཐའ་ཡས་པར་བཞུགས་པ་ལས། རིམ་པར་བྱོན་པ་མངའ་བདག་ཉང་གི་འགྲོ་འདུལ་ཐུགས་ཆེན། གུ་རུ་ཆོས་དབང་གི་ཐུགས་ཆེན་ཡང་སྙིང་འདུས་པ། བྱང་གཏེར་ཐུགས་ཆེན་འགྲོ་བ་ཀུན་སྒྲོལ། དྲི་མེད་ཀུན་དགའི་ཐུགས་ཆེན་རྒྱལ་བ་རྒྱ་མཚོ། སངས་རྒྱས་གླིང་པའི་ཐུགས་ཆེན་ནོར་བུ་སྐོར་གསུམ། རྡོ་རྗེ་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས། རཏྣ་གླིང་པའི་ཐུགས་ཆེན་གསང་བ་འདུས་པ། པདྨ་གླིང་པའི་ཐུགས་ཆེན་མུན་སེལ་སྒྲོན་མེ། གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་སོགས་གཏེར་ཁ་སྣ་ཚོགས་ལས་བྱུང་བ་བཞིན། བོད་ཀྱི་སྐྱེ་འགྲོ་ཡིན་ནོ་ཅོག་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལ་ཡི་དམ་དུ་བསྙེན་ན་སྒྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་དུ་འཇུག་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་བརྟེན། བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཕྱིར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ལ་འབད་པ་ཆེ་ཐང་གིས་འཇུག་དགོས་པ་སྟེ། རྒྱལ་སྲས་ཞི་བ་ལྷས། དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་གྱི་འཇིགས་པ་སེལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །ཞེས་གསུངས་པ་ལྟར། འགྲོ་བ་འདུལ་བའི་ཐབས་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་སྟེ། ཟ་མ་ཏོག་བཀོད་པ་ལས། སྤྱན་རས་གཟིགས་ཀྱི་དབང་པོ་ནི་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། འཇིགས་ཤིང་སྐྲག་པ་རྣམས་ལ་མི་འཇིགས་པ་སྦྱིན་པ། མུན་པར་འཁྱམས་པ་རྣམས་ཀྱི་སྒྲོན་མེར་གྱུར་པ། ཉི་མས་གདུང་པ་རྣམས་ཀྱི་གདུགས་སུ་གྱུར་པ། ནད་ཀྱིས་བཏབ་པ་རྣམས་ཀྱི་མྱ་ངན་ལས་འདས་པ་སྟོན་པར་བྱེད་པ་སྟེ། སྤྱན་རས་གཟིགས་ཀྱི་དབང་པོའི་མིང་ཡིད་ལ་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་ན་རྒ་འཆི་བའི་སྡུག་བསྔལ་ལས་ཐར་ཏེ་འཁོར་བའི་མཐའ་མར་འགྱུར་ཞིང་བདེ་བ་ཅན་དུ་སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་ཅིང་རྟག་ཏུ་དེ་ན་གནས་པར་འགྱུར་རོ། །ཞེས་སོགས་མང་དུ་གསུངས་པ་བཞིན་རྒྱས་པར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་། ཆོས་རྒྱལ་བཀའ་འབུམ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས་གཟུངས་སྔགས་ཕན་ཡོན་བསྟན་པ་སོགས་སུ་ཤེས་པར་འགྱུར་རོ། ༈ །གཉིས་པ་དཔྱད་གཞི་ས་བོན་རྣམ་པར་གཞག་པ་ནི། ཟབ་མོ་གཏེར་ཆོས་རྣམས་ཀྱི་གཙོ་བོར་བླ་རྫོགས་ཐུགས་གསུམ་གྱི་ཐ་སྙད་གང་ལས་བྱུང་བའི་ཁུངས་ནི། ཐང་ཡིག་སོགས་ལོ་རྒྱུས་ཚད་མ་རྣམས་ལས། རྒྱལ་པོའི་བླ་གཏེར་བརྒྱད། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། ཞེས་གསལ་བ་ལྟར་གུ་རུའི་སྒྲུབ་ཐབས་སོགས་བླ་སྒྲུབ་ཕྱི་ནང་གསང་གསུམ་དང་། ཐུགས་གཏེར་ནི་བཀའ་བརྒྱད་དགོངས་འདུས་ཞི་ཁྲོ་རྡོར་སེམས་ཕུར་པ་སོགས་ཡི་དམ་ལྷག་པའི་ལྷ་རྣམས་ཀྱི་སྒྲུབ་ཐབས་དང་། ཟབ་གཏེར་ནི་མཁའ་འགྲོའི་སྒྲུབ་ཐབས་དང་འབྲེལ་མ་འབྲེལ་ཇི་ལྟར་ཡང་གཙོ་བོ་རྫོགས་རིམ་གྱི་ཆོས་སྐོར་རྩ་བ་གསུམ་ཀའི་ཁོག་ནས་བྱུང་བ་རྣམས་སོ། །ཤེས་བྱེད་ཀྱང་ལོ་རྒྱུས་ཁུངས་མ་དག་ལས། རྒྱལ་སྲས་ལྷ་རྗེ་ལ་ལྟ་བ་རྫོགས་ཆེན་སྙིང་ཐིག །ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཆོས་བདག་ཏུ་དབང་བསྐུར་ཞིང་གཏེར་སྟོན་ཨོ་རྒྱན་གླིང་པར་ལུང་བསྟན་ཞེས་གསལ་བ་ལ་ལེགས་པར་བརྟག་ན་ཡང་བླ་རྫོགས་ཐུགས་གསུམ་གསལ་བར་བསྟན་ཏོ། །དེ་ལ་བསྟན་གཉིས་སྐོར་གསུམ་ནི། བླ་མའི་སྒྲུབ་ཐབས་ཞི་དྲག་གཉིས་དང་། ཞི་བ་ལ་ཆོས་ལོངས་སྤྲུལ་གསུམ་སྟེ་ཕྱི་ནང་གསང་བའི་སྒྲུབ་ཐབས་རྣམས་སོ། །དེས་ན་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ནི་རྩ་གསུམ་དྲིལ་སྒྲུབ་དང་ཡ་གྱལ་སོ་སོའི་སྒྲུབ་ཐབས་གཉིས་ལས་ཕྱི་མ་ལྟར་བླ་མ་ལོངས་སྐུའི་སྒྲུབ་ཐབས་སུ་འདུ་བས་ཐ་དད་དུ་ཕྱེ་བ་དོན་མེད་ཅིང་། བྱེ་བྲག་སྤྱི་ཡི་དབྱེ་གཞིར་འཇོག་པ་མཁས་པའི་བཀའ་སྲོལ་ལས་ཉམས་པའི་སྐྱོན་སོ་ན་གནས་པ་ཡིན་ཏེ། བླ་རྫོགས་ཐུགས་གསུམ་གྱི་ནང་ཚན་ཕྱི་མ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཁོ་ན་ཡིན་ན། བཀའ་བརྒྱད་ཞི་ཁྲོ་རྡོར་སེམས་སོགས་གཏེར་ཆོས་ཕལ་ཆེ་བ་བླ་རྫོགས་ཐུགས་གསུམ་གང་ཡང་མ་ཡིན་པར་ཁས་ལེན་དགོས་པར་འགྱུར་རོ། །བྱེ་བྲག་སྤྱི་ལ་ཤོངས་པའི་ལུགས་སུ་བྱས་ན་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་བཀའ་བརྒྱད་ཀྱི་ནང་ཚན་ཞི་བ་ཐུགས་རྗེ་ཆེན་པོ་དང་ཁྲོ་བོ་རྟ་མགྲིན་དུ་འཇོག་པ་སྟེ་པདྨ་གསུང་གི་སྒྲུབ་ཐབས་བཀའ་བརྒྱད་བྱེ་བྲག་པར་གནས་པ་སོགས་སྐབས་ཐོབ་ཀྱི་འཇོག་ཚུལ་སྣ་ཚོགས་ཀྱང་ཤེས་པར་འགྱུར་རོ། །ཞི་ཁྲོ་དང་རྡོར་སེམས་ཀྱི་གཞུང་རྣམས་ཀྱང་དཀར་ཆག་རྙིང་པ་དག་ལས་རྒྱུད་དང་སྒྲུབ་ཐབས་གཉིས་ཀྱི་དང་པོར་བཞག་པ་ཡང་འཐད་པར་མ་མཐོང་སྟེ། རྒྱུད་ཡིན་ན་གོང་དུ་བསྟན་པ་བཞིན་རིང་བརྒྱུད་བཀའ་མའི་ཆོས་སྐོར་དུ་གཏོགས་ལ། སྒྲུབ་སྡེ་ཡིན་ནའང་ནང་རྒྱུད་སྡེ་གསུམ་ལ་བཀའ་གཏེར་ཡིན་མིན་ངོས་འཛིན་སོ་སོར་དགོས་པ་ཡིན་ནོ། །དེས་ན་ཞི་ཁྲོ་དང་རྡོར་སེམས་ཀྱི་གཞུང་རྣམས་ནི་ཡི་དམ་ལ་ལོངས་སྐུ་དང་སྤྲུལ་སྐུའི་སྒྲུབ་ལུགས་གཉིས་ཀྱི་དང་པོར་ངེས་ཤིང་། རྒྱུད་སྡེ་སྒྲུབ་སྡེ་གཉིས་ལས་སྒྲུབ་སྡེ་དང་། སྒྲུབ་སྡེ་ལ་ཅི་སྟེ་མ་ཧཱ་ཡོ་གར་གཏོགས་པ་ཞིག་ན་བཀའ་གཏེར་གཉིས་ལས་གཏེར་མ་དང་། གོང་མ་གཉིས་ཀྱི་སྒྲུབ་སྡེ་ཡིན་ན་གཏེར་མ་ཁོ་ནར་ངེས་པ་སོགས་རྣམ་དབྱེ་མ་འདྲེས་པར་ཤེས་པར་བྱའོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྣམས་ཀྱང་རྩ་བ་གསུམ་ལས་ཡི་དམ་བྱེ་བྲག་པ་ཡིན་ན་ཡང་བཀའ་བརྒྱད་ཀྱི་ནང་ཚན་ཡང་དག་གི་ཕྱོགས་སུ་གཏོགས་པ་དང་། ཚེ་སྒྲུབ་ཀྱི་རིགས་རྣམས་ནི་སྤྱིར་རྩ་བ་གསུམ་ཀའི་ཁོག་ནས་འབྱུང་ལ། ཚེ་དཔག་མེད་ཀྱི་སྒྲུབ་ཐབས་བྱེ་བྲག་པ་རྣམས་ནི་སྔར་སྨྲོས་པ་ལྟར། རྩ་བ་གསུམ་ལས་བླ་མ་ལོངས་སྐུ་དང་བཀའ་བརྒྱད་ལས་པདྨ་གསུང་གི་སྒྲུབ་ཐབས་སུ་བཞག་གོ །མདོར་ན་གུ་རུ་ཆོས་དབང་གི་རྣམ་ཐར་ནང་བླ་རྫོགས་ཐུགས་གསུམ་ལ་མགོ་ཅི་ཐོན་གྱིས་ཞེས་གསུངས་པ་ལྟར་རྩ་གསུམ་ཆོས་སྐྱོང་ནོར་ལྷ་དང་བཅས་པའི་སྒྲུབ་འཕྲིན་ཐམས་ཅད་བཀའ་དགོངས་ཕུར་གསུམ་ལ་མ་འདུས་པ་མེད། དེ་གསུམ་ཡང་བླ་རྫོགས་ཐུགས་གསུམ་དུ་དོན་གྱིས་འདུ་བ་ཡིན་ནོ། །འོ་ན་སོ་སོར་བསྟན་པས་ཅི་བྱ་ཞེ་ན། གཏེར་ཆེན་དང་གཏེར་ཕྲན་གྱི་ཁྱད་པར་འདི་དག་ལས་ཤེས་དགོས་པའི་ཕྱིར། གཏེར་ཁ་གང་ལས་བླ་རྫོགས་ཐུགས་གསུམ་མམ། དེ་ཡི་ནང་གསེས་གྲགས་ཆེ་བ་བཀའ་དགོངས་ཕུར་གསུམ་ཚང་བར་བྱོན་པའམ། རེ་རེ་ཙམ་ལ་རྫོགས་རིམ་གྱི་མན་ངག་དང་བཅས་པ་ནི་གཏེར་ཆེན་དང་། རྩ་བ་གསུམ་གྱི་སྒྲུབ་ཐབས་ཆིག་དྲིལ་ལམ་བྱེ་བྲག་པ་རྫོགས་རིམ་གྱི་མན་ངག་གུད་དུ་མི་ལྡན་པ་དང་། ཆོས་སྲུང་ནོར་ལྷའི་སྒྲུབ་སྐོར། སྨན་རྩིས་ནོར་རྫས་སོགས་ལེ་ལག་ཙམ་ཐོན་པ་ལ་གཏེར་ཕྲན་ཞེས་བྱ་བ་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་སྤྱི་ཁྱབ་ལ། རིག་འཛིན་འཇིགས་མེད་གླིང་པའི་དགོངས་འདུས་རྣམ་བཤད་སོགས་ལས་བླ་རྫོགས་ཐུགས་གསུམ་ཚང་བ་ལ་གཏེར་ཆེན་དང་། གཞན་རྣམས་ལ་གཏེར་ཕྲན་ཞེས་རྣམ་གཞག་མདོ་ཙམ་བསྟན་ཡང་། རིག་འཛིན་གཏེར་བདག་གླིང་པ་ནི། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་ལག་རྫོགས་པ་ལ་གཏེར་ཆེན་དང་། ཡན་ལག་ལས་ཚོགས་ཁ་ཡར་ཐོན་པ་ལ་གཏེར་ཕྲན་དུ་བཞེད་ཅེས་གུ་རུ་བཀྲ་ཤིས་པའི་ཆོས་འབྱུང་ལས་བཤད་དོ། །སྨིན་གླིང་གཏེར་ཆེན་གྱི་དྲིས་ལན་རིན་ཆེན་ཕྲེང་བ་ལས། སྤྱིར་གཏེར་ཆེན་དང་གཏེར་ཕྲན་གྱི་ཐ་སྙད་ནི། བླ་རྫོགས་ཐུགས་གསུམ་གྱི་ཆོས་སྐོར་ཚང་བར་ཡོད་ན་གཏེར་ཆེན་དང་། བླ་རྫོགས་ཐུགས་གསུམ་ནི། ཞི་དྲག་ཏུ་མ་ངེས་པའི་

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).