Terdzo-LA-038

From Rinchen Terdzö

གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་དབང་བསྐུར་བའི་རིམ་པ་རིན་ཆེན་གཏེར་བུམ

gsang thig snying po'i skor las byung ba'i 'chi med dbang gi tshe sgrub kyi dbang bskur ba'i rim pa rin chen gter bum

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
in cycle  གསང་ཐིག་སྙིང་པོའི་སྐོར་བདུན་ (Gsang thig snying po'i skor bdun)
Volume 26 (ལ) / Pages 607-625 / Folios 1a1 to 10a3

[edit]

༄༅། །གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་དབང་བསྐུར་བའི་རིམ་པ་རིན་ཆེན་གཏེར་བུམ་ཞེས་བྱ་བ་བཞུགས། ། རྟ་སྐད་ཀྱིས་མཚོན་གཞི་ལམ་འབྲས། །དབང་ཆེན་འབར་བའི་དཀྱིལ་འཁོར་དུ། །མངོན་སྣང་བླ་མ་དབང་ཆེན་ལ། །བཏུད་དེ་སྨིན་བྱེད་མདོར་བསྡུས་བཀོད། །དེ་ལ་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་སྨིན་བྱེད་བསྒྲུབ་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཕྲིན་ལས་བདུད་རྩིའི་བུམ་བཟང་གི་དབུར་འབྱུང་བ་ལྟར་བཤམ་བཀོད་ཚད་ལྡན་དང་། དེ་སྟེང་དབང་ལ་ཉེ་བར་མཁོ་བའི་ཕྲེང་བ་དམར་པོ་དང་རྡོ་རྗེ་རྩེ་ལྔ་པ་རྣམས་བཀོད། གཉིས་པ་དངོས་གཞི་ལ། དབང་དོན་སྒྲུབ་མཆོད་དང་། དབང་དངོས་བསྐུར་བའོ། །དང་པོ་ནི། བརྒྱུད་འདེབས་སོགས་གསོལ་འདེབས་སྔོན་དུ་བཏང་ནས། སྐྱབས་སེམས་ཚོགས་གསག་མཎྜལ་བཅས། སྒྲུབ་གནས་གསར་པ་ཡིན་ན་དཀར་གཏོར་སྤྱི་ལྟར་བསྔོ། གང་ལྟར་ཡང་བགེགས་གཏོར་བྱིན་གྱིས་བརླབས་ལ་སྔགས་ཀྱིས་བསྔོས་ལ། བཀའ་བསྒོ་བགེགས་བསྐྲད་ནས་བཟུང་ལས་བྱང་མཐར་ཆགས་སུ་བཏང་ལ་བདག་མདུན་དབྱེར་མེད་དུ་བསྐྱེད་པ་ལས་ལྷ་བསྐྱེད་སྐབས། ཡེ་ཤེས་མེ་འབར་ཀློང་ན་གསལ༔ ཞེས་པའི་མཚམས་སུ་ལུས་དཀྱིལ་སྦྱར་ཏེ། ཡབ་ཀྱི་ཐུགས་ཀ་ཆོས་ཀྱི་འཁོར་ལོ་སོགས་ལྟར་གསལ་བཏབ་ཅིང་། གཙོ་འཁོར་ཐམས་ཅད་ཀྱི་སོགས་གནས་གསུམ་བྱིན་གྱིས་བརླབ་པའི་བར་སྦྱར་དགོས། བཟླས་པའི་དབུར་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་དང་བཟླས་པ་ཅི་འགྲུབ་དང་། ནང་སྒྲུབ་ལྟར་ཁྱད་པར་གྱི་དམིགས་བཟླས་ཡང་སྦྱར་ལ་དེའི་སྔགས་ཅི་འགྲུབ་བཟླ། བུམ་ལྷ་གསལ་བཏབ་དང་བདུད་རྩི་འབེབ་པའི་དམིགས་པ་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་དབུས་སུ་ལྷ་ཚོགས་ཐམས་ཅད་རང་འདྲ་བ་ལྟ་བུ་མངོན་སུམ་དུ་བཞུགས་པའི་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། གཟུངས་ཐག་ལ་བརྒྱུད་དེ་རང་གི་ཐུགས་ཀར་ཐིམ་པས་ཚེ་དབང་དངོས་གྲུབ་ཐོབ་པར་བསྒོམ་ལ་གཟུངས་ཐག་བཅས་རྩ་བའི་བཟླས་པ་ཡང་ཡང་བྱས་ཏེ་ནུས་ལྡན་དུ་བསྒྲུབས། ཚེ་འགུགས་པའི་དམིགས་པ་དྲག་ཏུ་གཅུན་ཏེ་མདའ་དར་གཡབ་ལ་ཚེ་འགུགས་གྱེར་ཞིང་བདག་མདུན་བསྒྲུབ་རྫས་རྣམས་ལ་ཚེ་བཅུད་བསྡུ། མཆོད་བསྟོད་དང་ནོངས་བཤགས་བྱས་ལ་བུམ་ལྷ་དེ་གར་བཞག །ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བྱིན་གྱིས་བརླབས། སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཀྱི་བར་བཏང་ལ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པར་བྱའོ། །གཉིས་པ་སློབ་མ་ལ་དབང་བསྐུར་བ་ལ་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས་ཆོས་བཤད་ཅི་ལྟར་རིགས་པ་རྒྱས་པར་བྱ་བའམ། མཚམས་སྦྱོར་གྱི་ཁྱད་པར་མདོར་བསྡུས་པ་ནི། འོ་ན་ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་རྟ་སྐད་ཐེངས་གསུམ་གྱིས་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་སྦྱོར་བའི་དཔལ་རྟ་མཆོག་རྒྱལ་པོའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་མྱུར་ལམ་རྡོ་རྗེ་ཐེག་པའི་འཇུག་སྒོ་དང་པོར་གྱུར་པ་རྡོ་རྗེ་བཞིའི་ས་བོན་གདབ་པའི་ཐབས་མཁས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཚུལ་བཞིན་དུ་གསན་ནས་གྲོགས་སྡོམ་པའི་ཀུན་སྤྱོད་དག་པར་བྱས། དབང་དོན་གྱི་ཡེ་ཤེས་རང་རྒྱུད་ལ་སྒྲུབ་པའི་བསྐྱེད་རྫོགས་ལ་བརྩོན་པས་ཉམས་སུ་བླང་སྟེ་རིང་པོར་མི་ཐོགས་པར་དོན་གཉིས་འགྲུབ་པའི་མཐར་ཐུག་གི་འབྲས་བུ་མཆོག་ལ་སྦྱོར་བར་བྱའོ་སྙམ་པའི་ཐུགས་བསྐྱེད་རྣམ་དག་དང་། ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཉེ་རྒྱུ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཀུན་སློང་ཁྱད་པར་བ་དང་། ཆོས་གསན་པའི་ཀུན་སྤྱོད་ཚུལ་མཐུན་དང་བཅས་ཏེ་གསན་པར་འཚལ། དེ་ལ་འདིར་གང་ཞིག་གསན་པར་བྱ་བ་ནི། དེའང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་གཅིག་ཏུ་བསྡུས་པ་པདྨའི་རིགས་མཆོག་ཀུན་གྱི་མགོན་པོ། བཅོམ་ལྡན་འདས་ཆོས་སྐུ་འོད་སྣང་མཐའ་ཡས་ཉིད་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུར་བཞེངས་པ་འཇིག་རྟེན་དབང་ཕྱུག་པདྨའི་སྣང་བ་རབ་ཏུ་རྒྱས་པ་ཉིད། གདུལ་བྱ་མི་སྲུན་པ་སྤྱི་དང་ཁྱད་པར་སྔོན་གྱི་དུས་སུ་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དོན་ལོག་པར་སྤྱད་པའི་རྣམ་སྨིན་གྱི་རང་གཟུགས་མ་ཏྲཾ་རུ་དྲ་འཇིགས་བྱེད་དྲག་པོ་དབང་ཕྱུག་ཆེན་པོ་ཞེས་བྱ་བ། སྲིད་གསུམ་ལ་དབང་བྱེད་ཅིང་འགྲོ་བ་རྣམས་དམྱལ་ཐག་གཅོད་པར་བྱེད་པའི་དྲེགས་པ་སྟོབས་ལྡན་ཞིག་བྱུང་བ་དེ་འདུལ་བའི་ཕྱིར། རྒྱལ་བ་རྣམས་བཀའ་བགྲོས་ཏེ་རྒྱལ་བའི་གསུང་གི་དབང་ཕྱུག་ཉིད་སྤྲུལ་པའི་སྐུ་དྲག་པོར་ཁྲོས་པའི་ཚུལ་བསྟན་ཏེ་པདྨ་ཧེ་རུ་ཀ་དབང་ཆེན་རྟ་མཆོག་རོལ་པའི་རྣམ་པར་སྣང་སྟེ། འགྲོ་བའི་དོན་ཁམས་དབང་དང་མཐུན་པར་མཛད་ནས་དཀྱིལ་འཁོར་གཅིག་ཏུ་སྦྱོར་བར་མཛད་ཅིང་། རྗེས་འཇུག་གི་དོན་དུ་རྒྱུད་ལུང་མན་ངག་གི་བྱེ་བྲག་ཟབ་ཅིང་རྒྱ་ཆེ་བར་བསྟན་ཅིང་བཞུགས་པ་རྣམས་ལ་བརྟེན་ནས། རྩོད་པའི་དུས་མཐར་དབང་ཆེན་གསུང་གི་བཀའ་བབས་སློབ་དཔོན་ཀླུའི་དབང་པོ་གཙོར་གྱུར་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་རིག་འཛིན་རྣམས་ཀྱིས་མན་ངག་གི་བཀའ་སྲོལ་རྒྱས་བསྡུས་མང་དུ་བཀྲལ་བ་རྣམས་དང་། ཁྱད་པར་དུ་དབང་ཆེན་ཁྲོས་པ་དངོས་དང་རྣམ་དབྱེར་མེད་པ་རྡོ་རྗེའི་སློབ་དཔོན་པདྨཱ་ཀ་རས་གདུལ་ཞིང་ཐམས་ཅད་དང་། དམིགས་སུ་བཀར་ཏེ་ལས་སྨོན་དུས་སུ་སྨིན་པའི་གངས་ལྗོངས་སུ་གདུལ་བྱ་མཆོག་རྣམས་ཀྱི་མོས་བློ་དང་ཡུལ་དུས་གནས་སྐབས་ལ་དགོངས་ཏེ་དབང་ཆེན་རྟ་མགྲིན་དམར་ནག་གི་སྒྲུབ་ཐབས་མན་ངག་ཆེ་ཕྲ་དུ་མ་མཛད། ཕལ་ཆེར་མ་འོངས་སྙིགས་དུས་ཀྱི་གདུལ་བྱ་གདུལ་དཀའ་བ་རྣམས་ཀྱི་དོན་དུ་གཏེར་གྱི་བྱེ་བྲག་དུ་མར་སྦས་པ་ལས་སྐབས་སུ་བབས་པའི་གདམས་སྐོར་འདི་ནི། སློབ་དཔོན་ཆེན་པོ་པདྨ་དང་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཟབ་ཆོས་ལོ་ཆེན་བཻ་རོ་ལ་མནོག་ཆོས་སུ་བསྩལ་པ་ཉིད་དུས་ཀྱི་མཐའ་ལ་དགོངས་ཏེ། གཞུང་ལས། བདག་འདྲ་སློབ་དཔོན་པདྨ་ཡིས༔ སྙིགས་དུས་དུས་མིན་འཆི་བའི་དཔུང༔ འཇོམས་བྱེད་མན་ངག་ཟབ་མོ་འདི༔ སྐལ་ལྡན་དོན་ཕྱིར་ལག་ལེན་བཀོད༔ ལན་གཅིག་ཕྱི་མའི་དུས་ཀྱི་ཚེ༔ ཐུགས་ཀྱི་སྲས་དང་འདི་འཕྲད་ནས༔ འགྲོ་དོན་ཕྲིན་ལས་མཐའ་རྒྱས་ཤོག༔ ཅེས་གསུངས་པ་ལྟར། ཕྱི་དཀྱིལ་རྟ་མགྲིན་དང་ནང་དཀྱིལ་སྤྲུལ་གཞི་ཚེའི་དཀྱིལ་འཁོར་ཡོངས་སུ་སྒྲུབ་པའི་རིམ་པ་ཟབ་འདྲིལ་རྨད་དུ་བྱུང་བ། ཕྱི་ནག་ཕྱོགས་ཀྱི་བདུད་རིགས་དང་གཟའ་ཀླུ་རྒྱལ་གསུམ་གྱི་གཉེན་པོ་དང་། ནང་ཚེའི་བར་ཆད་ཞི་ཞིང་། གསང་བ་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འཐོབ་པར་བྱེད་པ་ཉིད། གནས་ཀྱི་མཆོག་གྱུར་ཙ་རི་དྲ་གཉིས་པ་རིན་ཆེན་བྲག་གི་གནས་ཀྱི་སྙིང་པོར་གྱུར་པ་དཔལ་གྱི་དེའུའི་ཨོ་རྒྱན་མཁའ་འགྲོའི་གསང་ཕུག་ཤིན་ཏུ་གཉན་པར་གཏེར་དུ་སྦས་པ་ཉིད། གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་བསྟན་པ་རྒྱ་མཚོའི་མངའ་བདག་ལོ་ཆེན་བཻ་རོ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་ཡོངས་སུ་གྲགས་ཤིང་བསྔགས་པའི། སྐུའི་སྐྱེས་རབས་ཇི་སྙེད་བསྟན་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ཕྲིན་ལས་ཟླ་དང་བྲལ་བ། རྒྱལ་བས་ལུང་བསྟན་བརྙེས་པའི་གྲུབ་དོན་ཡོངས་སུ་རྫོགས་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་༧པདྨ་གར་དབང་བློ་གྲོས་མཐའ་ཡས་པས་གཏེར་གནས་དེ་ཉིད་ནས་གསང་གཏེར་དུ་སྤྱན་དྲངས་ཤིང་སྐལ་ལྡན་མཆོག་གི་འདུས་པ་རྣམས་རྗེས་སུ་བཟུང་པ་ལས། སྨིན་གྲོལ་གྱི་བྱིན་རླབས་གཟི་བྱིན་དང་ལྡན་པའི་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི། འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་ཕྲིན་ལས་བདུད་རྩིའི་བུམ་བཟང་དང་འབྲེལ་བའི་སྨིན་བྱེད་ཚེ་དབང་ཟབ་མོ་རིན་ཆེན་གཏེར་བུམ་སྒྲུབ་པ་ལ་བདག་ཉིད་ཀྱིས་བྱ་བ་རྣམས་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རང་རྣམས་ཀྱིས་བླ་མ་དང་དབང་ཆེན་དབྱེར་མེད་པ་ལ་དེ་ལྟ་བུའི་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཞེས་བརྡ་སྤྲད་ལ་འབུལ་དུ་གཞུག །དེ་ནས་སློབ་དཔོན་དབང་ཆེན་རྟ་མཆོག་རོལ་པར་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ འཆི་མེད་མཆོག་སྩོལ་ལྷ་ཡི་ལྷ༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས༔ བདག་ལ་འཆི་མེད་དབང་མཆོག་སྩོལ༔ བཀའ་བཞིན་རྗེས་སུ་བསྒྲུབ་པར་བྱ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་དཀྱིལ་འཁོར་གྱི་བདག་པོ་དང་དབྱེར་མེད་པའི་རྡོ་རྗེའི་སློབ་དཔོན་གྱིས་མཁྱེན་བརྩེའི་སྒོ་ཕྱེས་ཏེ་གསུང་གི་གནང་བ་སྦྱིན་ཞིང་བསླབ་བྱའི་གནས་ལ་གདམས་པ་བྱ་བ་ཡིན་པས་སྙན་གཏོད་འཚལ། ཞེས་སྐྱབས་སྦྱིན་བཅས། ཧོ༔ ཡང་གསང་ཚེ་ཡི་དཀྱིལ་འཁོར་དུ༔ དངོས་གྲུབ་རྣམ་གཉིས་འཐོབ་བྱའི་ཕྱིར༔ དབང་མཆོག་དམ་པ་བདག་གིས་སྦྱིན༔ བསྙེན་སྒྲུབ་དམ་ཚིག་རྒྱུན་དུ་ཟུངས༔ ཞེས་བཀའ་བསྒོ། དབང་ཆེན་རྟ་མཆོག་རོལ་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་བླ་མ་དང་དབྱེར་མེད་པ་མཁའ་ཁྱབ་ཏུ་བཞུགས་པ་ལ་ཁྱད་པར་གསུམ་ལྡན་གྱིས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་གཞན་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོ་མ་འཐོབ་བར༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་བྱ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་པདྨ་དབང་ཆེན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོར་ཞུགས་ཏེ་སྨིན་གྲོལ་གྱི་ཐབས་མཁས་ཟབ་མོ་ལ་བརྟེན་ཏེ་རྡོ་རྗེ་འཆང་གི་གདུང་འཚོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས་མཛོད། ན་མོ༔ འདི་བཟུང་འཁོར་བ་མ་སྟོངས་བར༔ སེམས་ཅན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ འཆི་མེད་ཚེ་ལ་དབང་བ་ཡི༔ རིག་འཛིན་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཞིང་མཆོག་དེ་དག་གི་སྤྱན་སྔར་ཚོགས་གསག་པའི་ཐབས་མཁས་ཀྱི་སྒོ་ཁྱད་པར་ཅན་གསག་སྦྱང་སྤེལ་གསུམ་གྱི་དམིགས་གནད་ཚིག་གི་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས། ན་མོ༔ བདེ་གཤེགས་རྒྱལ་བ་མ་ལུས་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་མཆོད་བདག་ལུས་ལོངས་སྤྱོད་འབུལ༔ སྡིག་སྒྲིབ་ཉེས་པའི་ཚོགས་རྣམས་མ་ལུས་བཤགས༔ བསོད་ནམས་དགེ་ཚོགས་ཀུན་ལ་རྗེས་ཡི་རང༔ འགྲོ་རྣམས་སྒྲོལ་ཕྱིར་ཆོས་འཁོར་བསྐོར་དུ་གསོལ༔ མགོན་པོ་མྱ་ངན་མི་འདའ་གཞན་དོན་བཞུགས༔ དུས་གསུམ་དགེ་བའི་རྩ་བ་གང་ལགས་པ༔ འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལན་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་བསྒྲུབ་གཞི་གཞི་འབྲས་དབྱེར་མེད་པ་དབང་ཆེན་གྱི་གསང་བ་གསུམ་གྱི་ཡེ་ཤེས་སྐུ་ཐུགས་ཟུང་འཇུག་ཏུ་བཞུགས་པ་གློ་བུར་ཀུན་བརྟགས་ཀྱི་སྒྲིབ་པས་བསྒྲིབས་ཙམ་པ་ཉིད། སྒྲུབ་བྱེད་རྡོ་རྗེ་ཐེག་པའི་རྨད་དུ་བྱུང་བའི་དགོངས་སྤྱོད་སངས་རྒྱས་ཀྱི་མཛད་པ་ཟབ་མོས། བསྒྲུབས་འབྲས་བསལ་བཞག་མེད་པའི་འབྲས་བུ་ལྷུན་གྱིས་གྲུབ་པ་ཉིད་མྱུར་དུ་འགྲུབ་པར་བྱ་སྙམ་པའི་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བ་འདིའི་རྗེས་ཟློས་མཛོད། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། དེ་རྣམས་ཀྱིས་དབང་གི་སྔོན་དུ་བྱ་བའི་རིམ་པ་རྣམས་གྲུབ་ནས་དངོས་གཞིའི་ཐོག་མར་དབང་གི་གཞི་འགོད་ཅིང་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། ཁྱེད་རང་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསངས་ལ། སྭ་བྷཱ་ཝས་སྦྱང་། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་འོད་གསལ་ཀ་དག་ཆེན་པོའི་དབྱིངས་སུ་ཐིམ་པར་གྱུར། དེའི་ངང་ལས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སྣོད་རྣམ་པར་དག་པ་ཟླ་གམ་དབང་ཆེན་རོལ་པའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པདྨ་ཉི་ཟླའི་སྟེང་དུ་འཆི་བདག་ཕོ་མོ་བསྣོལ་བའི་གདན་ལ། བཅུད་རྣམ་པར་དག་པ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ་གསལ་བར་གྱུར། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་ངོ་བོ་དཔལ་ཆེན་རྟ་མཆོག་གར་གྱི་དབང་པོ་པདྨ་ཧེ་རུ་ཀ་སྒེག་ཅིང་དཔའ་ལ་འཇིགས་སུ་རུང་བའི་ཉམས་ཅན། སྐུ་མདོག་དམར་གསལ་འབར་བའི་གཟི་བྱིན་ཅན། སྐུ་གསུམ་མཚོན་པའི་ཞལ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ནག་རབ་ཏུ་ཁྲོས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་ཏེ་ལྗགས་འདྲིལ་བ། འབར་བའི་སྤྱན་དགུ་རྔམ་པ། རལ་པ་ཁམ་ནག་གྱེན་དུ་འབར་བའི་དབུས་སུ་རྟ་མགོ་ལྗང་གུ་རབ་ཏུ་འཇིགས་ཤིང་རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱག་དྲུག་གི་གཡས་གསུམ་ན་པདྨ་དམར་པོའི་སྡོང་པོ་དང་། ཁ་ཊྭཱཾ་ག །དབྱུག་ཏོ་ཕྱར་ཞིང་། གཡོན་གསུམ་ན་བྷནྡྷ་ཁྲག་གིས་གང་བ་དང་། ལྕགས་སྒྲོག །མདུང་ཐུང་བསྣམས་ཤིང་། ཚད་མེད་བཞིའི་ཞབས་བཞི་གར་གྱིས་གདན་ལ་རོལ་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་འཇིགས་པར་བརྒྱན་པའི་པང་དུ་དབྱིངས་ཀྱི་རང་བཞིན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་སྟོབ་པ་དབུ་གཙུག་ཕག་ཞལ་ནག་པོ་ངུར་བ་དང་འཁྲིལ་བ། སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ། ཞབས་གཉིས་བརྐྱང་བསྐུམ་གྱིས་བདེ་བར་རོལ་ཞིང་ཡེ་ཤེས་ཀྱི་རང་རྩལ་མེ་འབར་བའི་ཀློང་ན་གསལ་བའི། ཡབ་ཀྱི་ཐུགས་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཀྱི་དབུས་སུ་རྨ་བྱ་པདྨ་ཉི་ཟླ་བརྩེགས་པའི་གདན་ལ་ཚེ་དཔག་མེད་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་ཅན་གཡས་གསེར་གྱི་རྡོ་རྗེ་དང་བཅས་པའི་མདའ་དར་དང་། གཡོན་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པའི་པང་དུ་ཚེ་ཡུམ་གོས་དཀར་མོ་དམར་སྐྱ་གཡས་མདའ་དར་དང་། གཡོན་པདྨ་རཱ་གའི་ཚེ་བུམ་བསྣམས་པས་འཁྱུད་པ། དར་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཡབ་ཡུམ་གཉིས་ཞི་འཛུམ་རྗེས་ཆགས་ཀྱི་ཉམས་དང་ལྡན་པ། དེ་རྒྱབ་རྩ་འདབ་བཞི་ལ་རིགས་བཞིའི་ཚེ་དཔག་མེད་ཡབ་ཡུམ། དེ་རྒྱབ་རྩ་འདབ་བརྒྱད་ལ་ལྷ་མོ་བཞི་དང་མགྱོགས་མ་བཞི། དེ་རྒྱབ་ཕྱོགས་བཞིའི་རྩ་འདབ་ལ་སྒོ་མ་བཞི་རྣམས་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་དབང་ཆེན་རྟ་མཆོག་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པ་དང་། གཞན་ཡང་ཕྱོགས་བཅུའི་ཞིང་ནས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འུབ་ཀྱིས་དྲངས་པ་དང་བཅས་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབ་པ་དང་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབ་བརྗོད་ལ། རྩ་སྔགས་ལ་འབེབ་པའི་སྔགས་བཏགས་པ་ཡང་ཡང་བརྗོད་པས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག །དེ་ནས་ཐོག་མར་ཚེ་ཡི་བཅུད་འགུགས་པའི་སླད་དུ་ཁྱེད་རང་རྣམས་ཀྱི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཚེའི་རྟེན་ཧྲཱིཿདམར་པོ་སྔགས་ཕྲེང་གིས་བསྐོར་བ་གསལ་ཐོབ་ལ་དེ་དང་། ཁྱད་པར་སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས། ཕོ་ཉ་མགྱོགས་མ་ལས་བྱེད་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲུལ་པ་ཡང་སྤྲུལ་ནམ་མཁའ་གང་བར་སྤྲོས་པ་རྣམས་ཀྱིས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་དབང་མེད་དུ་བསྡུས། འཆི་མེད་ཚེ་ཡི་བདུད་རྩི་ཉི་མ་འཆར་ཁའི་མདངས་འོད་ལྟ་བུ་སྙིང་གའི་ཚེ་རྟེན་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པ་དང་། མདུན་གྱི་ཚེ་རྫས་རྣམས་ལའང་ཐིམ་པས་རྡོ་རྗེའི་བཅུད་ལེན་གྱི་རྫས་སུ་གྲུབ་པའི་མོས་པ་མཛོད་ཅིག །མདའ་དར་གཡབ་ཅིང་ལས་བྱང་ལྟར། ཧྲཱི༔ འཁོར་འདས་དབང་བསྒྱུར་ཚེ་ཡི་བདག༔ སོགས་ཚེ་འགུགས་གཏང་། ཚེ་ཡི་བུམ་པ་ལྷ་དང་གཞལ་ཡས་ཁང་གི་རྣམ་པར་གསལ་བ་སྤྱི་བོར་བཞག་པས་སྣང་མཛད་ཚེ་དཔག་མེད་ཀྱི་སྐུ་མི་འགྱུར་རྟག་པ་དམ་པའི་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་བུམ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན་ལ། ཧྲཱི༔ རིན་ཆེན་དབང་གི་བུམ་པ་རུ༔ བདེ་གཤེགས་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྲེང་བ་གཏད་ལ། ཕྲེང་བ་དམར་པོ་སྔགས་ཀྱི་རང་བཞིན་ཅན་དངོས་གྲུབ་ཀྱི་རེ་བ་སྐོང་བའི་ཐབས་མཁས་ཀྱི་རྣམ་པ་མགྲིན་པར་བཞག་པས་སྣང་མཐའ་ཚེ་དཔག་མེད་ཀྱི་གསུང་མི་འགག་པ་ནཱ་ད་གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ གང་ཞིག་རབ་ཏུ་བཟླས་པ་ན༔ དངོས་གྲུབ་འདོད་པ་རྫོགས་པའི་ཐབས༔ གསུང་དབྱངས་སྔགས་ཀྱིས་དབང་བསྐུར་བས༔ ངག་ལ་ནུས་པ་མཆོག་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་གཏད་ལ། རྒྱལ་བ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་མཚོན་པའི་རང་གཟུགས་རྡོ་རྗེ་རྩེ་ལྔ་སྙིང་གར་བཞག་པ་ལ་བརྟེན་ནས། ཡེ་ཤེས་ལྔའི་རང་བཞིན་མངོན་དུ་གྱུར་པས་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་མི་ཤིགས་པ་ཀ་དག་འོད་གསལ་ཆེན་པོའི་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ རྒྱལ་བ་རྣམས་ཀྱི་མཁྱེན་བརྩེའི་ཐུགས༔ ཡེ་ཤེས་ལྔ་རུ་རྣམ་པར་དག༔ རྣམ་དག་བདེ་ཆེན་ཐུགས་ཀྱི་དབང༔ བུ་ཁྱོད་ཡིད་ལ་རབ་རྫོགས་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྤྱིན་ལ། འཁོར་འདས་ཀྱི་དྭངས་བཅུད་གཅིག་ཏུ་འདྲིལ་བའི་རིལ་བུ་ལྟེ་བར་བཞག་ཅིང་ཞལ་དུ་གསོལ་བས་རིན་འབྱུང་ཚེ་དཔག་མེད་ཀྱི་ཡོན་ཏན་རེ་སྐོང་གི་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ སྙིང་པོ་ཡེ་ཤེས་ལྔ་རྫོགས་པའི༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་དཔལ༔ འབད་མེད་ལྷུན་གྱིས་གྲུབ་པའི་གཏེར༔ བུ་ཁྱོད་ལ་ནི་ཡོངས་རྫོགས་ཤོག༔ རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཚེ་ཆང་བླུད་ལ། བརྟན་གཡོའི་དྭངས་བཅུད་མ་ལུས་པ་འདུས་པའི་ཛ་གད་གསང་བར་གཏད་ཅིང་མགྲིན་པར་མྱོང་བས་དོན་གྲུབ་ཚེ་དཔག་མེད་ཀྱི་ཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ རྒྱལ་ཀུན་ཐུགས་རྗེ་མ་འགགས་པའི༔ ཕྲིན་ལས་འབད་མེད་ཆུ་རྒྱུན་བཞིན༔ མི་ཟད་དངོས་གྲུབ་གཏེར་ཆེན་པོ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཚེ་འབྲང་ཐོགས་ལ། ཚེའི་འབྲང་རྒྱས་འདི་ཉིད་རྡོ་རྗེ་རིན་ཆེན་འོད་ལྔ་འབར་བའི་གཞལ་མེད་ཁང་གི་དབུས་སུ་འཆི་མེད་ཚེ་ཡི་དབང་པོ་དཔལ་དབང་ཆེན་རྟ་མགྲིན་སྐུ་དཀྱིལ་ཚེའི་དཀྱིལ་འཁོར་ཡོངས་རྫོགས་བཅས་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། འཆི་བདག་གི་འཇིགས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་གྱུར་པར་མོས་ཤིག །ཧྲཱི༔ ཟླ་གམ་དབང་གི་གཞལ་ཡས་འདིར༔ མ་ཆགས་ཐབས་ཀྱི་རོལ་པ་ཆེ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ མ་འདྲེས་གསལ་རྫོགས་ཆེན་པོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ ལུས་ཀྱི་ནད་གདོན་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་གྲུབ་པར་ཤོག༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་གསུང་དུ་གྲུབ་པར་ཤོག༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས༔ སེམས་རྟོག་ཉོན་མོངས་ཀུན་དག་ནས༔ རྡོ་རྗེའི་ཐུགས་སུ་གྲུབ་པར་ཤོག༔ རང་བཞིན་རྣམ་དག་སྐུ་གསུང་ཐུགས༔ མི་ཟད་རྒྱན་གྱི་འཁོར་ལོ་ཉིད༔ གློ་བུར་སྒྲིབ་ལས་རབ་གྲོལ་ནས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གནས་གསུམ་དུ་བཞག་ལ་དབང་བསྐུར། དེ་ལྟར་དབང་བསྐུར་པས་ཚེའི་བཅུད་ཀྱིས་ལུས་ཀྱི་ནང་གང་བའི་དྭངས་བཅུད་ཐམས་ཅད་སྲོག་རྟེན་མི་ཤིགས་པའི་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། རྟག་ཏུ་བགྲེས་རྒུད་དང་བྲལ་བ་འཆི་མེད་ཚེའི་རིག་འཛིན་ཐོབ། ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་འོད་འབར་བས་ཞུ་ལུགས་སུ་བགོས་པས་ཅིས་ཀྱང་གཞོམ་གཞིག་དང་བྲལ་བ་འཇིག་མེད་རྟག་པ་དམ་པའི་སྐུ་གསུང་ཐུགས་ཀྱི་གོ་འཕང་མངོན་དུ་གྱུར་པར་མོས་ཤིག །མདའ་དར་སྤྱི་བོར་བསྣོལ་མར་བཞག་ལ། ཨོཾ༔ རྡོ་རྗེའི་སྐུ་སྟེ་སྐྱེ་འཆི་མེད༔ འགྱུར་མེད་སྐུ་ཡི་རྒྱས་བཏབ་བོ༔ ཨཱ༔ རྡོ་རྗེའི་གསུང་སྟེ་འགག་པ་མེད༔ འགག་མེད་གསུང་གིས་རྒྱས་བཏབ་བོ༔ ཧཱུྃ༔ རྡོ་རྗེའི་ཐུགས་ཏེ་འཁྲུལ་པ་མེད༔ འཕོ་མེད་ཐུགས་ཀྱིས་རྒྱས་བཏབ་བོ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ ཕྱག་རྒྱ་བཞི་ཡིས་རབ་ཏུ་བཏབ༔ གང་གིས་མི་ཚུགས་མི་ཤིགས་པའི༔ ཡང་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ བཛྲ་རཀྵ་ཧཱུྃ་ཧཱུྃ༔ དྷརྨ་རཀྵ་ཧཱུྃ་ཧཱུྃ༔ ཛྙཱ་ན་རཀྵ་ཧཱུྃ་ཧཱུྃ༔ མཚམས་སྦྱོར་སྤྱི་མཐུན་བཅས་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ་ལ་རོལ་མོ་འཁྲོལ་བས་མངའ་གསོལ། དེ་དག་གིས་དབང་ཆེན་རྟ་མཆོག་རོལ་པ་འཆི་མེད་ཚེའི་དབང་བསྐུར་ལེགས་པར་གྲུབ་པས་དབང་དུས་སུ་ཐོབ་པའི་དམ་ཚིག་སྤྱི་དང་ལྷག་པར་ཚེ་ཡི་དངོས་གྲུབ་སྒྲུབ་པའི་བསླབ་བྱ་རྣམས་ཀྱང་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་སླད་དུ་མཎྜལ་ལེགས་པར་ཕུལ་མཛོད། ཅེས་འབུལ་དུ་གཞུག །དེ་ཙམ་དུ་མ་ཟད་ལུས་ལོངས་སྤྱོད་བཅས་འཁོར་ལོས་སྒྱུར་བའི་འབྱོར་པ་ལྟར་དམིགས་ཏེ་འབུལ་ན་ཆ་ཤས་ནས་བཞེས་ལ་ནམ་ཡང་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པར་མཛད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟར་དབང་ཐོབ་པའི་དགེ་བ་འདིས་མཚོན་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་མཐའ་ཡས་པའི་སེམས་ཅན་རྣམས་དཔལ་པདྨ་དབང་ཆེན་གྱི་གོ་འཕང་མྱུར་དུ་འཐོབ་པའི་ཆད་དུ་བསྔོ་བ་དང་། ཐུགས་བསྐྱེད་རྣམ་པར་དག་པའི་སྨོན་ལམ་བཅས་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་སློབ་བར་བགྱིའོ་སྙམ་པས་བསྔོ་སྨོན་ལྷན་ཅིག་ཏུ་མཛད་འཚལ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་གྱེས་པས་དབང་བསྐུར་བའི་རིམ་པ་གྲུབ། གསུམ་པ་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། སྲུང་མའི་གཏོར་འབུལ་གྱི་རིམ་པ་བྱ། གཏང་རག་གི་མཆོད་བསྟོད་བྱས་ལ་སྒྲུབ་རྫས་སྤྱི་བོར་གཏུག་ཅིང་རོལ་ལ་དངོས་གྲུབ་བླང་བ་ནི། ཧཱུྃ༔ མི་གནས་ཆོས་དབྱིངས་སོགས་བརྗོད། མ་རྙེད་ཡོངས་སུ་མ་ཚང་ཞིང་། །སོགས་དང་ཡིག་བརྒྱ་ཡང་ཡང་བརྗོད་པས་ནོངས་པ་བཤགས། རྟེན་ཡོད་མེད་དང་བསྟུན་མདུན་བུམ་གྱི་ལྷ་ཚོགས་གཤེགས་བསྟིམ་གང་འོས་བྱ། བསྡུ་ལྡང་དང་བསྔོ་སྨོན་ཤིས་བརྗོད་བཅས་ལེགས་པར་བྱའོ། །འདི་བསྟན་ཕན་བདེའི་དཔལ་སྟེར་པའི། །སྐྱེས་ཀུན་མི་ཤིགས་སྐུར་འགྲུབ་སྟེ། །སྙིགས་མའི་རྒུད་པ་ཡོངས་བསལ་ནས། །དོན་གཉིས་དཔལ་ལ་སྤྱོད་པར་ཤོག །རྟོག་སྒྲིབ་དོན་ལ་མི་གནས་ལྕགས་ཀྱི་ཁམས། །གདོད་ནས་སྐུ་དང་ཡེ་ཤེས་གསེར་གྱི་དངོས། །མངོན་འགྱུར་ཐབས་མཁས་ཟབ་མོའི་འགྱུར་རྩི་ཡིས། །ཐེབས་ནས་མེད་སྣང་ཁམས་གསུམ་དོང་སྤྲུགས་ཤོག །ཅེས་པ་འདིའང་རིན་པོ་ཆེ་གཏེར་གྱི་ཆོས་མཛོད་རྒྱ་མཚོ་ཆེན་པོ་རུ་འཇམ་མགོན་རྡོ་རྗེ་འཆང་གི་ཟབ་གཏེར་སྐོར་བཞུགས་རིགས་ཚང་བ་ཞིག་བྱུང་ན་དགོས་གལ་ཆེ་བར་བསམ་སྟེ། བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེ་བཀྲ་ཤིས་འོད་ཟེར་སོགས་རྡོ་རྗེ་འཆང་གི་ཐུགས་སྲས་རྣམས་ལ་གསོལ་བ་ཡང་ཡང་བཏབ་པས་དགྱེས་པའི་དབུགས་དབྱུང་དང་འཆད་ཕྲིན་གྱི་བཀའ་དྲིན་བསྐྱང་བ་ལ་བརྟེན་ནས། མཚུངས་པ་མེད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱིས་རྗེས་སུ་བཟུང་བའི་བྱིན་གྱིས། བསྟན་པ་རིས་མེད་ལ་མི་ཕྱེད་པའི་དད་པས་ཞུགས་པའི་བཙུན་གཟུགས་དམན་པ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་དཔལ་བཟང་པོས་བླ་མའི་བཀའ་ལ་བརྟེན་ནས་དཔལ་སྤུངས་ཀྱི་ཆོས་གྲར་བྲིས་པ་དགེ་ལེགས་འཕེལ། ༈ །འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).