Terdzo-KHI-046

From Rinchen Terdzö

སྙན་བརྒྱུད་སྲིད་པ་མོ་མོའི་གནད་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་མ་མོ་དགྱེས་པའི་དགའ་ཚལ་

snyan brgyud srid pa mo mo'i gnad tig gi phrin las dang dbang bskur ba'i lag len bklag chog tu bkod pa ma mo dgyes pa'i dga' tshal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་ (Snyan brgyud srid pa ma mo'i gnad tig)
Volume 32 (ཁི) / Pages 797-821 / Folios 1a1 to 13a5

[edit]

༄༅། །སྙན་བརྒྱུད་སྲིད་པ་མོ་མོའི་གནད་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་མ་མོ་དགྱེས་པའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨུཏྟ་ར་ཧེ་རུ་ཀཱ་ཡ། སྣང་སྲིད་ཡུམ་མཆོག་གསང་བའི་མཁའ་དབྱིངས་སུ། །རང་རིག་ངོ་བོ་མངོན་གྱུར་བླ་མེད་དཔལ། །མངོན་རྫོགས་རྒྱལ་པོ་འཁོར་ལོའི་མགོན་པོ་ལ།། གུས་པས་བཏུད་ནས་ཆོ་གའི་ལས་ཁྲིགས་དགོད། །སྙན་བརྒྱུད་མ་མོའི་གནད་ཏིག་ལག་ཏུ་ལེན་པ་ལ། ཉེ་བར་མཁོ་བའི་ཡིག་ཆ་ཁྲིགས་སུ་བསྡེབ་པ་ལ་གཉིས། ཕྲིན་ལས་ཀྱི་བྱང་བུ་དང་དབང་བསྐུར་བའི་རིམ་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་ཡོ་བྱད་ཀྱི་གཤོམ་ནི། དབང་དང་བསྙེན་སྒྲུབ་མདོས་གཏང་བའི་སྐབས་རྣམས་སུ་སོ་སོ་ལ་དགོས་པའི་དཀྱིལ་འཁོར་དང་རྟེན་ཚང་བར་བཤམ། ཚོགས་མཆོད་ལྟ་བུའི་ཕྲིན་ལས་དཀྱུས་ཙམ་ལ་རྟེན་ཇི་ལྟར་འཛོམས་པ་བཀྲམ་པའི་མདུན་དུ་སྟེགས་གཙང་མར་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་ཙམ་བཤམ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཚོགས་པར་བྱའོ། །སྔོན་འགྲོ་དངོས་ལ་བདུན། ཐོག་མར་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ལ་སྐྱབས་སུ་འགྲོ་བ་ནི། བླ་མ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་པ་ནི། བགེགས་གཏོར་ལ་ཆབ་བྲན་ལ། རཾ་ཡཾ་ཁཾ་གིས་སྦྱང། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནས། ཁཾ་གྲྀཧྣ་དཾ་བ་ལྱཱ་དི་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ལྔ་པ་བཀའ་བསྒོ་ཞིང་མཚམས་གཅད་པ་ནི། ཧཱུྃ་ཧཱུྃ༔ གློ་བུར་ལྟར་སྣང་འཁྲུལ་པའི་བགེགས༔ རང་གྲོལ་གཉུག་མའི་ཀློང་དུ་དེངས༔ ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ རྡོ་རྗེའི་སྲུང་འཁོར་ཆེན་པོར་གྲུབ༔ བཛྲ་རཀྵ་ཏིཥྛནྟུ༔ དྲུག་པ་བྱིན་འབེབ་པ་ནི། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ འགྲོ་རྣམས་ཡོངས་སུ་སྒྲོལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཡེ་ཤེས་ཀྱིས༔ མཆོག་ཐུན་གྲུབ་པའི་བྱིན་ཆེན་ཕོབ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ བདུན་པ་མཆོད་རྫས་བྱིན་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལའང་བདུན་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨ༔ སྟོང་པ་དེ་བཞིན་ཉིད་དབྱིངས་མཿ གསལ་བ་ཀུན་སྣང་བཙུན་མོའི་འཕྲུལཿ ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི༔ རྩ་རླུང་ཐིག་ལེའི་དྭངས་མ་ཧཱུྃཿ ནམ་མཁའི་དཀྱིལ་དུ་ཉི་ལྟར་ཤར༔ དེ་ལས་རིག་པའི་རྩལ་འཕྲོས་པས༔ མེ་ཆུ་རླུང་གི་བསྐལ་པ་སྟོངཿ ཅིར་ཡང་མི་དམིགས་སྟོང་ཉིད་ཀྱི༔ རོལ་པ་མཁའ་རླུང་མེ་ཆུ་ས༔ ཡུམ་ལྔའི་བྷ་ག་གསང་བའི་དབུས༔ ཟེའུ་འབྲུ་ལྷུན་པོ་བརྗིད་ཆགས་སྟེང༔ བྱང་ཆུབ་སེམས་ཀྱི་གཞལ་མེད་ཁངཿ དུར་ཁྲོད་འཇིགས་པའི་བཀོད་པ་རྫོགས༔ དབུས་སུ་པད་ཉི་དྲེགས་པའི་སྟེངཿ སྙིང་པོའི་སྲོག་ལས་ལྷ་སྐུར་བཞེངས༔ བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ འོད་ཟེར་ཁ་དོག་ཅིར་ཡང་འགྱུར༔ རྡོ་རྗེའི་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཉིད་ཞི་བདེ་མཆོག་མུ་ཁ་ལེཿ ཁ་ཊྭཱཾ་ཐོད་ཁྲག་བསྣམས་པས་འཁྲིལ༔ དྲེགས་པ་རུ་དྲའི་དཔུང་བཅོམ་པའི༔ ལོངས་སྤྱོད་ཆེན་པོའི་རྒྱན་གྱིས་བརྗིད༔ ཞབས་བཞི་དོར་སྟབས་བདེ་ཉམས་ཀྱིས༔ མེ་དཔུང་འཁྲུག་པའི་ཀློང་ན་གསལཿ དག་པའི་རྩ་རླུང་ཐིག་ལེའི་ཁམསཿ བསམ་མི་ཁྱབ་པའི་ཆོ་འཕྲུལ་ལས༔ རྟག་པའི་རྒྱལ་པོ་རིགས་ལྔ་དང༔ རྗེ་མོ་དམན་མོ་སྒོ་སྐྱོང་སོགས༔ སྣང་སྲིད་མ་མོའི་དཀྱིལ་འཁོར་པ༔ བདེ་དྲོད་གཟི་བྱིན་འབར་བར་བཞུགསཿ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ ཨ་ཧོ་ཨ་ཧོ་ཨ་ཧོ༔ རོལ་པ་ཆེན་པོའི་གར་དང་ནི༔ རྡོ་རྗེ་བདེ་ཆེན་གསང་བའི་གླུ༔ བཟོད་མེད་བདེ་བའི་ཉམས་འགྱུར་གྱིས༔ སྲས་བཅས་རྒྱལ་བ་ཞི་ཁྲོ་དང༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལཿ སྣོད་བཅུད་དྭངས་མ་མེར་མེར་གཡོས༔ དྲེགས་པའི་སྲོག་རྩ་གནད་ནས་བཟུང༔ ཐམས་ཅད་ཐིག་ལེ་འོད་ལྔའི་མདངསཿ ཡེ་ཤེས་ཆེན་པོའི་སྲོག་ཏུ་བསྡུས༔ དམ་ཚིག་ཡེ་ཤེས་རོ་མཉམ་པ༔ སྲིད་ཞིའི་སྤྱི་དཔལ་གཅིག་ཏུ་རྫོགས༔ གཉིས་པ་དབང་བསྐུར་རྒྱས་གདབ་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ ཡེ་ཤེས་ལྔ་ཡི་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ གསུམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་ནི། ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ དཔལ་ཆེན་ལྷ་ཚོགས་གཉིས་མེད་གཤེགས༔ དམ་ཡེ་རོ་མཉམ་ངང་དུ་བཞུགསཿ རང་བཞིན་ཡོངས་ཤེས་ཕྱག་གིས་འདུད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛནྟུ༔ ཨ་ཏི་པཱུ་ཧོ༔ ན་མ་དྷི༔ བཞི་པ་མཆོད་པ་ནི། ཨོཾ༔ ཡུལ་ལ་དབང་པོས་མཚམས་སྦྱར་བའི༔ ཅིར་སྣང་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ བདེ་སྟོང་རོལ་པའི་རྒྱན་དུ་མཆོད༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ལྔ་པ་བསྟོད་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་པའི་སྐུར་སྟོན་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ དྲུག་པ་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྒོམ་ཞིང་ལུས་སྦྱང་སྔོན་དུ་འགྲོ་བས་སྟོང་རའི་ནང་དུ་རྩ་འཁོར་ལྷ་ཚོགས་དང་བཅས་པ་གསལ་ཞིང་ཕྲ་མོའི་ཐིག་ལེར་སེམས་འཛིན་པའི་ཚུལ་ནུས་ན་གཞུང་ལྟར་བྱ། བདུན་པ་བཟླས་པའི་རྣལ་འབྱོར་ལ་གཉིས། བསྙེན་པ་དང་སྒྲུབ་པའོ། །དང་པོ་ནི། མི་བསྐྱོད་ཧེ་རུ་ཀ་དཔལ་གྱི༔ ཐུགས་ཀར་བདེ་སྟོང་ཉི་ཟླའི་སྦུབས༔ མར་མེ་ལྟར་འབར་ཧཱུྃ་ཡིག་གི༔ ནཱ་དའི་སྤྲིན་ལས་སྔགས་ཀྱི་ཕྲེང༔ བདེ་བའི་སྲོག་དང་ལྡན་པར་འཕྲོས༔ ཞལ་སྦྱོར་བར་ནས་མགལ་མེ་ལྟར༔ འཁོར་བའི་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ཉམས་འབར་ནས༔ ཨ་ཧཾ་སྔགས་ཀྱི་རང་སྒྲ་ཡིས༔ འཁོར་འདས་ཁམས་ཀུན་དབང་མེད་གཡོས༔ བདེ་བ་མེར་མེར་འོད་དུ་ཞུ༔ སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བཟླ། གཉིས་པ་སྒྲུབ་པ་ནི། བདེ་བའི་ལྕགས་ཀྱུས་རབ་འབྱམས་ཀྱི༔ སྣང་སྲིད་མ་མོའི་སྲོག་ནས་དྲངས༔ འཇིག་རྟེན་ལས་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། ཁྱད་པར་ལས་ཀྱི་མ་མོ་གཅུན་པའི་མན་ངག་གི་བཟླས་པ་ནི། རླུང་ནང་དུ་འཇུག་པ་ཨོཾ་ཞེས་དྲངས། གནས་པའི་ཚེ་ཨཱཿཞེས་པ་ལ་སེམས་ཡུན་རིང་དུ་གཟུང་། ཕྱི་ལ་ཧཱུྃ་ཞེས་འཕང་། དེ་རྣམས་ཀྱང་ཁ་དོག་དཀར་དམར་མཐིང་གསུམ་དང་སོ་སོའི་སྒྲ་གདངས་ལ་སེམས་གཏད། འབྱོངས་ནས་འབྱུང་གནས་གསལ་བའི་ཉམས་ཤར་ན་བུམ་ཅན་གྱི་རླུང་དང་སྦྱར་བར་གསུངས། གྲངས་ཚད་ནི་བསྙེན་པ་འབུམ་ཕྲག་བཅོ་ལྔ། ལས་སྒྲུབ་སྔགས་འབུམ་ཕྲག་བཞི་བཟླ་བར་གསུངས་པའོ། །སྟོང་ཚིགས་མཆོད་བསྟོད་སྤྱི་ལྟར་འབུལ། ཚེ་སྒྲུབ་སྦྱོར་ན་ཚེ་འབྲང་སོགས་རྟེན་བཤམས་ལ། བྷྲཱུྃ༔ སྙིང་པོ་ཐུགས་ཀྱི་ཐིག་ལེ་རུ༔ ཚེ་ཡི་ངོ་བོ་བྷྲཱུྃ་ལྗང་གུ༔ སྲོག་གི་ཕྲེང་བ་རྒྱུད་གསུམ་པོ༔ འོད་ཟེར་གཞའ་ཚོན་དྲྭ་བ་ཅན༔ ཉི་ཟླའི་གྭ་འུར་རྒྱས་གདབ་པ༔ སྤྲོས་པས་ནམ་མཁའ་གང་བའི་འོད༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ སྲིད་པ་མ་མོའི་སྤྲིན་ཕུང་འཕྲོ༔ བསྡུས་པས་བླ་ཚེ་ཆད་ཉམས་དང༔ སྲིད་ཞིའི་དྭངས་བཅུད་དབང་མེད་ཕྲོགས༔ བདུད་རྩིའི་བཅུད་ཀྱིས་རབ་ཏུ་གཏམས༔ སྙིང་པོ་ཚེ་ཡི་ངོ་བོར་ཐིམ༔ རྩ་ཡི་གསོས་གྱུར་ལང་ཚོ་འབར༔ རླུང་གི་སྲོག་བརྟན་རྡོ་རྗེའི་ཚེ༔ ཐིག་ལེ་མི་འགྱུར་གཞོམ་དུ་མེད༔ ཡེ་ཤེས་སྙིང་པོའི་དབྱིག་ཏུ་གྱུར༔ ཅེས་དམིགས་ལ་སྒྲུབ་སྔགས་ཀྱི་ཤམ་དུ། བཛྲ་ཛྙཱ་ན་བིནྡྷུ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ། གྲངས་ཚད་ནི་ཁྲི་འབུམ་བྱེ་བ་བརྡ་རྟགས་དང་སྦྱར་བར་གསུངས། ཐུན་མཐར་ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ འཁོར་འདས་མ་ཚོགས་ལས་ལ་བཞེངས༔ སྤྲུལ་པ་ཆེན་པོས་སྟོང་གསུམ་ཁོངསཿ སྲིད་ཞིའི་དྭངས་བཅུད་དབང་མེད་ཕྲོགས༔ བླ་ཚེ་ཡར་པ་རང་སོར་ཚུད༔ སྲོག་ཀླུང་དབང་ཐང་ཉམས་པ་གསོས༔ རྒས་པ་མེད་པ་རྡོ་རྗེའི་ལུས༔ འགྱུར་བ་མེད་པ་གཉུག་མའི་སྲོག༔ འཕོ་བ་མེད་པ་དབྱིངས་ཀྱི་ཚེ༔ མི་འགྱུར་མི་ཤིགས་དངོས་གྲུབ་སྩོལ༔ ཅེས་འཁོར་འདས་ཀྱི་ཚེ་བཅུད་བདག་དང་སྒྲུབ་པའི་རྫས་ལ་ཐིམ་པར་བསམ། ཆོས་གཏེར་སྲུང་མའི་གཏོར་ཆོག་བྱེད་ན་འདིར་སྦྱར། ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་དམ་རྫས་ཇི་ལྟར་འབྱོར་པ་བཤམས་ལ་བྱིན་བརླབ་པ་ནི། རཾ་ཡཾ་ཁཾ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྟོང་ཉིད་བྷནྡྷར་བདེ་བ་ཆེའི༔ ཚོགས་ཀྱི་འདུ་བ་རྒྱ་མཚོར་གྱུར༔ ཨོཾ་ཨཱ་ཧཱུྃ༔ ལན་གསུམ། ཚོགས་ཞིང་དྲང་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ དག་མཉམ་ཆོས་སྐུའི་ཀློང་ཡངས་ནས༔ ཁ་སྦྱོར་རྩལ་འཆང་ཧེ་རུ་ཀ༔ བླ་ན་མེད་པའི་མངོན་རྫོགས་རྒྱལ༔ ཚུར་གཤེགས་ཚོགས་ཀྱི་འདུ་བར་སྤྱོན༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ དང་པོ་མཆོད་བཤགས་བསྒྲལ་བསྟབ་ནི། ཨོཾ་ཨཱཿཧཱུྃ༔ དངོས་ཡིད་དམ་ཚིག་རྫས་ཀྱིས་མཆོད༔ ཉམས་ཆག་སྡིག་ལྟུང་སྙིང་ནས་བཤགས༔ གཟུང་འཛིན་འཁྲུལ་པ་བསྒྲལ་པའི་ཚོགས༔ ཁྲག་འཐུང་ཆེན་པོའི་ཞལ་དུ་སྦྱོར༔ ས་མ་ཡ་པཱུ་ཛ་ཧོ༔ སྐོང་བ་སྤྲོ་ན་སྐབས་འབྲེལ་འདིར་སྦྱར། བར་པ་ནང་གི་ཚོགས་སུ་རོལ་པ་ནི། ཨོཾ་ཨཱཿཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཏེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཨ་ལ་ལ་ཧོ༔ ཐ་མ་ལྷག་མ་ནི། བྱིན་རླབས་སྤྱི་ལྟར་བྱས་ལ། ཕེཾ་ཕེཾ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བ་དང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ དེའི་རྗེས་འབྲེལ་དུ་ཆད་མདོ་གཏང་བ་ནི། ཧཱུྃ༔ སྔོན་ཚེ་བླ་མེད་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ བྱིན་གྱིས་བརླབས་ཤིང་གསུངས་པའི་ཚེ༔ གཡར་དམ་བཞེས་པའི་སྲུང་མ་དང༔ རྗེས་འཇུག་རིག་འཛིན་གྲུབ་པ་ཡིས༔ དམ་ཚིག་གཉེར་དུ་གཏད་པ་ཀུནཿ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྣམ་བཞིའི་ལས་ཀུན་གྲུབ་པ་དང༔ བསྟན་པ་དར་བའི་ཕྲིན་ལས་སྒྲུབས༔ བསྟན་མ་སྐྱོང་བ་ནི། བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུས་བདུད་རྩི་བཞེས༔ གངས་ཅན་མཐའ་དབུས་བདེ་བ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་མནན་བྱ་བ་ནི། གཏོར་གཞོང་འོག་ཏུ་དགྲ་བགེགས་བཀུག་ལ། ཧཱུྃ༔ རྣམ་ཐར་གསུམ་དང་ལྡན་པའི་དབྱིངས༔ གློ་བུར་འཁྲུལ་པའི་དམ་སྲི་མནན༔ རིག་པ་ཡེ་ཤེས་བྲོ་བརྡུངས་པས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ ས་མ་ཡ་ཧོ་ཧོ༔ གསུམ་པ་རྗེས་སུ་བྱ་བ་ལ་བདུན་ལས། དང་པོ་གཏང་རག་མཆོད་བསྟོད་ནི་ཕྲིན་ལས་ལྟར་བྱ། གཉིས་པ་དངོས་གྲུབ་བླང་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་འགྲུབ་པའི་བྱིན་རླབས་སྩོལ༔ མ་ཧཱ་པ་ར་མ་སིདྡྷི་ཧཱུྃ༔ གསུམ་པ་ནོངས་བཤགས་བཟོད་གསོལ་ནི། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་ལན་གསུམ་བརྗོད། བཞི་པ་དཀྱིལ་འཁོར་སོགས་རྟེན་ཡོད་ན་ཚོགས་མགྲོན་སོགས་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ། ལྔ་པ་བདག་བསྐྱེད་བསྡུ་ལྡང་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ དྲུག་པ་བསྔོ་སྨོན་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མངོན་རྫོགས་རྒྱལ༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ བདུན་པ་བཀྲ་ཤིས་བརྗོད་པ་ནི། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་གདོད་མའི་མགོན༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྔོ་སྨོན་དང་ཤིས་བརྗོད་ཚིག་ཕྲེང་རྒྱས་པར་སྤེལ་ལོ།། ༈ །།གཉིས་པ་འདི་ཉིད་ཀྱི་གདམས་པའི་འཇུག་སྒོ་དབང་བསྐུར་བའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་སྟེང་དུ་ཁྲིའུའི་ཁར་གསང་བུམ་ཐོད་པ་མཚན་ལྡན་ལ་ཨ་མྲྀཏས་བཀང་བ་དར་མཐིང་ནག་གི་བཀབ་ལ་བཞག །མདུན་ངོས་སོགས་སུ། ཐོད་སྐུ །སྔགས་བྱང་དང་ཕྲེང་བ། ཤེལ་རྡོ་འམ་ཙིཏྟ། བདུད་རྩི་ཆོས་སྨན། གཏོར་སྣོད་དུ་རི་རབ་བང་རིམ་བཞིའི་སྟེང་དུ་དཔལ་བཤོས། གཡས་གཡོན་དུ་སྨན་རག །རྒྱབ་ངོས་སུ་ནམ་རྒྱང་མདའ་འཕང་ཤིང་རིས་བཙུགས་ཤིང་སྲིད་པའི་དཀོར་ཆ་ཡོད་དགུས་བརྒྱན་པའི་མདོས་རྣམས་དང་། རྒྱབ་མདུན་གང་བདེར། ཚེ་གལ་མཐུན་སྡེབ་ཀྱི་ཚེ་འབྲང་། ཚེ་ཆང་ཚེ་རིལ་བཅས་བཀོད། མཆོད་པའི་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་སྤྱི་མཐུན་བཤམ། ལས་བུམ་གཏོར་འབུལ་ཚོགས་མཆོད་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་ལས་བྱང་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བསྙེན་པ་དང་སྒྲུབ་སྔགས་མང་དུ་བཟླ། རྡོར་བཟླས་མ་གྲུབ་ཀྱང་ཆོག །ཚེ་སྒྲུབ་ཀྱི་དམིགས་བཟླས་བྱ་ཞིང་མཆོད་བསྟོད་འབུལ་ལ་ཚེ་འགུགས་གཏང་། སྲུང་མའི་གཏོར་ཆོག་དང་ཚོགས་བསྒྲལ་བསྟབ་ཀྱི་བར་དུ་བྱ། ལས་བུམ་དུ་དབྱིངས་ཕྱུག་མའི་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །གཉིས་པ་དངོས་གཞི་དབང་བསྐུར་བའི་རིམ་པ་ལ། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཁྱད་པར། དེའང་ཆོས་དབྱིངས་གདོད་ནས་རྣམ་པར་དག་པའི་རང་རྩལ་བྱང་ཆུབ་སེམས་ཀྱི་རོལ་པ་ཤིན་ཏུ་ཕྲ་བའི་རྩ་རླུང་ཐིག་ལེ་ལས་རགས་པར་ཁམས་གསུམ་གྱི་སྣོད་དང་བཅུད་དུ་སྣང་བ་ཐམས་ཅད། ཀུན་བཟང་མུ་ཁ་ལེའི་མཁའ་ཀློང་དབྱིངས་གསུམ་གྱི་རང་བཞིན་དུ་ཡེ་ནས་ཤར་བ་ལ་རང་བྱུང་རིག་པ་རང་ས་ཟིན་ནས་ཡེ་ཤེས་ཆེན་པོའི་རྩལ་རྫོགས་པ། དཔལ་བླ་ན་མེད་པའི་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོས་ཡེ་ཤེས་ཀྱི་མ་མོ་སྐུ་ལས་སྤྲུལ། ལས་ཀྱི་མ་མོ་རྣམས་དམ་ལ་བཞག་སྟེ་རྒྱུད་སྡེ་མཐའ་ཡས་པ་གསུངས། རིག་འཛིན་རྩལ་འཆང་རྣམས་ཀྱིས་དེ་ལ་བརྟེན་ནས་ལུང་དང་མན་ངག་གི་རིམ་པ་ཇི་སྙེད་བྱུང་བ་ཐམས་ཅད་འཕགས་ཡུལ་དུ་སློབ་དཔོན་དྷ་ན་སཾསྐྲྀཏ་དང་གངས་ཅན་གྱི་ལྗོངས་སུ་དཔལ་ཧེ་རུ་ཀ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་སྤེལ་བར་མཛད་ཅིང་། འབྲོག་མི་དཔལ་གྱི་ཡེ་ཤེས་སོགས་བཀའ་ནས་བཀར་བརྒྱུད་པ་དང་། སྤྲུལ་སྐུ་ར་ཤག་ཆེན་པོའི་ཟབ་གཏེར་ལས་བྱོན་པ་སོགས་སྔོན་དུས་མ་མོ་རོལ་པའི་བཤད་སྒྲུབ་ཕྲིན་ལས་ཤིན་ཏུ་དར་བས་གངས་ཅན་བསྟན་འགྲོའི་བདེ་སྐྱིད་སྤྲིན་བྲལ་ཡར་ཟླའི་དཔལ་ལྟར་རྒྱས་པར་གྱུར་ཀྱང་། དེང་སང་མཚན་ཙམ་གྱི་ལྷག་མར་གྱུར་ཅིང་སྙིགས་མའི་རྩལ་ཤུགས་ཇེ་རྒྱས་སུ་གྱུར་པའི་སྐབས་འདིར་རྩ་བའི་གཞུང་ཉིད་ལས། སྲིད་པ་མ་མོའི་ཏནྟྲའི་བཅུད༔ སྙིང་པོ་མཆོག་གི་ཐིག་ལེ་འདི༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ ཉི་མ་འོད་ཟེར་བདག་ལ་བསྩལ༔ མ་འོངས་བསྐལ་པའི་ཐ་མ་རུ༔ ཆོས་བྱེད་དམོད་ཅིང་སྡིག་བྱེད་བསྟོད༔ བཟང་པོའི་དྲིན་ལན་ངན་གྱིས་འཇལ༔ མནའ་དང་ཆད་ལ་ཅིར་མི་སེམས༔ མི་དགེ་འཇོལ་ཉོག་སྤྱོད་པ་དང༔ སྔགས་ཀྱི་འདའ་དཀའི་ས་མ་ཡ༔ ཁྲེལ་མེད་ཆུ་ལ་བསྐྱུར་བའི་དུས༔ སྲིད་པའི་མ་མོ་ཐམས་ཅད་འཁྲུགས༔ ནད་མུག་མཚོན་གྱི་བསྐལ་ངན་ལྡང༔ མཐའ་བཞིའི་འབྱུང་པོ་དབུས་སུ་ལྷགས༔ ཀླ་ཀློས་བསྟན་ཞབས་སྡུད་ཉེའི་ཚེ༔ ལས་འཕྲོ་ཅན་ལ་དངོས་སུ་སྟོན༔ དེས་ཀྱང་རང་གི་སྙིང་ལ་བཞག༔ དུས་ལ་བབས་ན་གསང་སྟེ་སྤེལ༔ རང་གཞན་མང་པོའི་དོན་དུ་འགྱུར༔ ཞེས་གསུངས་པ་ལྟར་མ་མོའི་རོལ་པའི་རྒྱུད་ལུང་མན་ངག་མཐའ་དག་གི་ཡང་སྙིང་བཅུད་དུ་དྲིལ་བའི་གནད་ཀྱི་ཏི་ཀ་འདི་ཉིད་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏས་བྱིན་གྱིས་བརླབས་ཤིང་རྣལ་འབྱོར་གྱི་དབང་ཕྱུག་ཉི་མ་འོད་ཟེར་གྱི་སྙན་བརྒྱུད་དུ་བསྩལ་པ་སྟེ། འདིའི་དགོས་པའང་གཞུང་ལས། རང་དོན་ཉམས་བླངས་བར་ཆད་ཞི༔ གཞན་དོན་ལས་སྦྱར་བསྟན་ལ་ཕན༔ ཟབ་དོན་སྙིང་པོའི་གསང་བ་ལ༔ རྩེ་གཅིག་བསྒོམས་པས་འཇའ་ལུས་སྐུ༔ ཟླ་བ་དྲུག་གི་ངེས་པར་འཐོབ༔ དེ་ཕྱིར་ཤིན་ཏུ་གཅེས་པའི་དོན༔ སྙིང་གི་ཏི་ལ་ཀ་རུ་ཟུངས༔ ཞེས་བསྔགས་པ་དོན་དང་ལྡན་པའི་སྲིད་པ་མ་མོའི་གནད་ཏིག་གི་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོར་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ འབྱུང་ལྔའི་ཁྱབ་བདག་རྟག་པའི་མ༔ དགྱེས་རོལ་ཧེ་རུ་ཀ་དཔལ་ཆེ༔ དམ་ཚིག་གསང་བའི་མཁའ་ཀློང་དུ༔ བདེ་ཆེན་བདུད་རྩི་དབབ་པར་མཛོད༔ ལན་གསུམ། དཔལ་ཆེན་མངོན་རྫོགས་རྒྱལ་པོ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ དབྱིངས་སྟོང་པ་ཉིད་ཡུམ་གྱི་མཁའ་ཀློང་ཆེན་པོར་བདེ་སྟོང་ཡེ་ཤེས་ཀྱི་སྣང་ཆར་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར། པདྨ་ཉི་མ་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་རང་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས། ཁྱེད་རང་དཔལ་ཆེན་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་སྐུ་མདོག་མཐིང་ནག་ནམ་མཁའ་དྭངས་པའི་མདོག་ཅན་ལས་ཁ་དོག་སྣ་ཚོགས་པའི་འོད་ཟེར་ཅིར་ཡང་འགྱུར་བ། ཁྲོ་ཞིང་སྒེག་ལ་ཆགས་པའི་ཉམས་ཅན། ཕྱག་གཡས་པས་རྡོ་རྗེའི་བྱ་ཁྱུང་དང་གཡོན་པས་ཞིང་གི་དབྱུག་ཏོ་ཕྱར་བ། དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཉིད་ཞི་བདེ་མཆོག་མུ་ཁ་ལེ་མཐིང་སྐྱ་ཁ་ཊྭཱཾ་ག་དང་ཐོད་ཁྲག་བསྣམས་ནས་འཁྲིལ་བ། ཞབས་བཞི་འདོར་སྟབས་མེ་དཔུང་འཁྲུགས་པའི་ཀློང་ན་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ལས་བདེ་བའི་སྒྲ་དང་འོད་ཟེར་གྱིས་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་སྙིང་པོའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་པ་གསང་བ་ཤེར་ཡེ་བཞི་པ་རྣམས་དང་མཐའ་རྟེན་རྣམ་པ་ལྔའི་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་བུམ་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། གསང་བའི་བུམ་པ་དཔལ་ཆེན་ཧེ་རུ་ཀའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་ངོ་བོས་དབང་བསྐུར་བར་མོས་ཤིག །བྷནྡྷ་སྤྱི་བོར་བཞག་ལ། ཨོཾ༔ ལྔ་ལྡན་ཡུམ་གྱི་བྷནྡྷ་རུ༔ མངོན་རྫོགས་སྤྲུལ་པར་བཅས་པ་བཞུགས༔ བྱང་ཆུབ་ཐིག་ལེ་གཅིག་ཏུ་རྫོགས༔ རྡོ་རྗེ་རྒྱལ་པོར་ཁྱོད་དབང་བསྐུར༔ གུ་ཧྱ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེས་བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ལྟ་བ་ངོ་བོ་ཉིད་གསུམ་མངོན་དུ་བྱེད་པ་དང་། གྲུབ་མཐའ་འཁོར་འདས་དབྱེར་མེད་སྙོག །འདའ་ཀ་འོད་ཀྱི་གོང་བུ་སྒྲས་འཕོ་བར་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ཀྱི་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན། པདྨ་བྷཉྫའི་བཅུད་དུ་བསྐྱིལ་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་མྱང་བས་ལུས་ཐམས་ཅད་བདེ་བས་གང་བར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ རྩ་སྲོག་ཙིཏྟའི་རྒྱུན་ལས་དྲངས༔ མཆོག་གི་བདུད་རྩིར་རོ་མཉམ་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོའི་ལྕེ་ལ་བཞག༔ གུ་ཧྱ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེས་གསང་བའི་དབང་ཐོབ། ལམ་བདག་བྱིན་བརླབ་པ་བསྒོམ་པ་ལ་དབང་། ལྟ་བ་རང་བྱུང་ཡེ་ཤེས་མངོན་དུ་བྱེད་པ་དང་། གྲུབ་མཐའ་མ་འདྲེས་ཡོངས་རྫོགས་སྙོག །འདའ་ཀ་དཔེའི་འོད་གསལ་དུ་འཕོ་བ་ལ་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རྣམ་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་བཅས་ཕྱག་རྒྱའི་གཟུགས་སུ་ཤར་བ་རིགས་ཅན་མཆོག་གི་མཚན་ཉིད་རྫོགས་པའི་ཕོ་ཉ་གཞོན་ནུ་མ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས། ཡས་བབ་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་བཞིའི་མཐར་ལྷན་སྐྱེས་དཔེའི་འོད་གསལ་མངོན་དུ་བྱས་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་འབྱུང་བ་ལྔ་ཡི་བདག༔ སྲིད་ཞིའི་སྤྱི་དཔལ་ཆེན་མོ་སྟེ༔ ལུས་ངག་འདོད་པ་མཉམ་ལྡན་པས༔ ལྷན་ཅིག་སྐྱེས་དགའ་བསླབ་པར་གྱིས༔ གུ་ཧྱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་བསྒོམ་པ་ལ་དབང་། ལྟ་བ་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱེད་པ་དང་། གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་སྙོག །འདའ་ཀ་རྡོ་རྗེ་སེམས་དཔར་འཕོ་བ་ལ་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེའི་སླད་དུ། སྔར་དཔེ་ལས་སྐྱེས་པའི་ལྷན་སྐྱེས་བདེ་བ་ཆེན་པོའི་རང་ངོ་བལྟས་ནས་མཉམ་པར་བཞག་པས། དཔེ་བྲལ་རང་བྱུང་གི་ཡེ་ཤེས་སྨྲ་བསམ་བརྗོད་པ་ལས་འདས་པ་འོད་གསལ་ཆོས་སྐུའི་དགོངས་པའི་རང་མདངས་བསྐྱང་བར་མཛོད་ཅིག །ཧོ༔ ལྟོས་ཤིག་ཅིར་ཡང་གྲུབ་པ་མེད༔ གྲུབ་པ་མེད་པའི་སེམས་ཉིད་ལ༔ བདེ་བའི་རོལ་རྩལ་མཁའ་དང་མཉམ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དེས་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལམ་རྡོ་རྗེ་རྦ་རླབས་བསྒོམ་པ་ལ་དབང་། ལྟ་བ་ཆོས་རྣམས་རྣམ་དག་མངོན་དུ་བྱེད་པ་དང་། གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་སྙོག །འདའ་ཀ་ཕྱག་རྒྱ་ཆེན་པོར་འཕོ་བ་ལ་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ། མཐའ་རྟེན་རྗེས་སུ་གནང་བ་ལ་རྣམ་པ་ལྔར་ཡོད་པ་ལས། དང་པོ་སྐུ་ཕྱག་རྒྱའི་རྗེས་སུ་གནང་བའི་སླད་དུ་དཀྱིལ་འཁོར་གྱི་དཔལ་ཧེ་རུ་ཀའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་འཕྲོས། ཁྱེད་རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གནས་གྱུར། སྣང་བ་ཐམས་ཅད་ལྷའི་འཁོར་ལོར་ཤར་བར་གྱུར་པར་མོས་ཤིག །ཐོད་སྐུ་སྤྱི་བོར་བཞག་ལ། ཨོཾ༔ བླ་ན་མེད་པའི་ཧེ་རུ་ཀ༔ འབྱུང་བ་ལྔ་བདག་མ་མོའི་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་གསུང་སྙིང་པོ་སྔགས་ཀྱི་རྗེས་སུ་གནང་བའི་སླད་དུ་དཀྱིལ་འཁོར་གྱི་དཔལ་ཧེ་རུ་ཀའི་མགྲིན་པ་ནས་བསྙེན་སྒྲུབ་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་སྲོག་རྩོལ་རླུང་གི་རྒྱུ་བ་ཐམས་ཅད་རྡོ་རྗེའི་སྔགས་སུ་གནས་གྱུར། སྒྲ་གྲགས་ཐམས་ཅད་མི་ཤིགས་ནཱ་དའི་རང་སྒྲར་འཆར་བར་གྱུར་པར་མོས་ཤིག །སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། ཨཱ༔ འཇིག་རྟེན་རྩ་ལ་ལས་རླུང་སྔགས༔ ཐིག་ལེ་ཡི་གེའི་གཟུགས་སུ་ཤར༔ རྟག་ཏུ་ཆུ་བོའི་རྒྱུན་བཞིན་ཟློས༔ རྡོ་རྗེའི་གསུང་མཆོག་ཐོབ་པར་འགྱུར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཐུགས་ཡེ་ཤེས་ཆེན་པོའི་རྗེས་སུ་གནང་བའི་སླད་དུ། དཀྱིལ་འཁོར་གྱི་དཔལ་ཧེ་རུ་ཀའི་ཐུགས་ལས་འོད་ཟེར་གྱི་གོང་བུ་ཁ་དོག་ལྔ་ལྡན་ཙིཏྟའི་དབྱིབས་ཅན་འཕྲོས། ཁྱེད་རང་གི་སྙིང་གི་དབུས་སུ་ཐིམ་པས་ངར་འཛིན་གྱི་རྟོག་པ་རིག་སྟོང་འོད་གསལ་ཆེན་པོར་གནས་གྱུར། རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་འཆར་བར་གྱུར་པར་མོས་ཤིག །ཙིཏྟའམ་ཤེལ་རྡོ་སྙིང་གར་བཞག་ལ། ཧཱུྃ༔ ཙིཏྟ་རང་བྱུང་གསང་བའི་སྦུབས༔ ཡེ་ཤེས་གཅིག་ལས་འགྱུར་བ་མེད༔ འདི་ཉིད་བསྒོམ་པའི་རྣལ་འབྱོར་པ༔ རྡོ་རྗེ་སྙིང་པོའི་ཐུགས་སུ་འགྱུར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཡོན་ཏན་བདུད་རྩིའི་རྗེས་སུ་གནང་བའི་སླད་དུ། ཚུལ་བཞིན་དུ་སྦྱར་ནས་བསྒྲུབས་པའི་མྱོང་གྲོལ་བདུད་རྩི་རཱ་སཱ་ཡ་ན་དམ་ཚིག་གི་རྫས་སུ་བརྟེན་པས་སྤངས་རྟོགས་འབྲས་བུའི་ཡོན་ཏན་འབད་མེད་དུ་རྒྱས་པར་མོས་ཤིག །ཆོས་སྨན་སྦྱིན་ལ། སྭཱ༔ མྱང་བས་གྲོལ་བའི་བདུད་རྩི་ནི༔ དྲན་པ་ཙམ་གྱིས་བདེ་ཆེན་སྐྱེ༔ སྔགས་ཀྱི་དམ་ཚིག་འདི་སྤྱོད་ལ༔ འབྲས་བུའི་ཡོན་ཏན་རྒྱས་པར་གྱིས༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ལྔ་པ་ཕྲིན་ལས་མདོས་གཏོར་གྱི་རྗེས་སུ་གནང་བའི་སླད་དུ། སྣོད་བཅུད་ཡོངས་རྫོགས་ཀྱི་མདོས་གཏོར་སྨན་རཀ་ཕྱག་ཏུ་གཏད་པས་སྲིད་པ་མ་མོ་རོལ་པའི་ཕྲིན་ལས་རྣམ་པ་བཞི་ལ་རང་དབང་ཐོབ་པར་གྱུར་པར་མོས་ཤིག །མདོས་རཀ་གཏད་ལ། ཧཱ༔ སྣང་བ་གཞིར་བཞེངས་མདོས་སུ་བྱས༔ སྲིད་པ་སྨན་དང་རཀྟར་བསྐྱིལ༔ སྣོད་བཅུད་ཡོངས་རྫོགས་མདོས་ཆེན་པོས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་གྱིས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་རྣམས་ཀྱི་རྗེས་འབྲེལ་དུ་བཀྲ་ཤིས་ཚེའི་དབང་དང་དངོས་གྲུབ་སྦྱིན་པ་ལ། ཁྱེད་རང་རྣམས་དཔལ་ཆེན་མངོན་རྫོགས་རྒྱལ་པོར་གསལ་བའི་ཐུགས་ཀར་ཚེ་རྟེན་ཉི་ཟླའི་གྭའུའི་དབུས་སུ་དྭངས་སྲོག་བྷྲཱུྃ་ཡིག་ལྗང་གུ་འོད་ཟེར་གྱི་ཕྲེང་བ་ཅན་དུ་གསལ་ཐོབས། སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དང་། ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲིད་པ་མ་མོའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་བཀུག །ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་དང་མདུན་གྱི་སྒྲུབ་རྫས་ལ་སིབ་སིབ་ཐིམ་པར་མོས་ཤིག །ཅེས་བྱས་ལ་ཚེ་འགུགས་གཏང་། ཚེ་འབྲང་དཔལ་ཆེན་པོར་གསལ་བའི་གནས་གསུམ་ནས་འོད་ཟེར་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཞུགས་ཏེ་ལུས་ཐམས་ཅད་གང་བས་རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་བྱས། སྒོ་གསུམ་མི་ཤིགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར། དྭངས་མ་སྙིང་གའི་ཚེ་རྟེན་ལ་ཐིམ། ཉི་ཟླའི་གྭའུ་ཁ་བསྒྲིགས། འོད་ཟེར་རྡོ་རྗེའི་དྲྭ་བས་འགྱུར་མེད་དུ་རྒྱས་གདབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། བྷྲཱུྃ༔ འཆི་མེད་བཅུད་ཀྱིས་གཏམས་པ་ཡི༔ དངོས་གྲུབ་མཆོག་གི་ཚེ་དང་དཔལ༔ སྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ སྒྲུབ་མཆོག་སྲོག་གི་ཐིག་ལེར་སྩོལ༔ ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། མཚམས་སྦྱོར་སྤྱི་མཐུན་བྱས་ལ་ཤིས་བརྗོད་ཀྱི་ཚིག་ཕྲེང་ཅི་རིགས་བརྗོད། དེ་དག་གིས་སྲིད་པ་མ་མོའི་གནད་ཏིག་གི་སྨིན་བྱེད་རྗེས་འབྲེལ་བཅས་ཚང་བར་གྲུབ་པ་ལགས། དེའི་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་རྩ་བའི་གཞུང་ཉིད་ལས་གསལ་ཞིང་རྒྱས་པར་བསྟན་པ་འདི་ལ་རྩེ་གཅིག་ཏུ་གསན་པར་ཞུ། འདོད་པའི་ཁམས་ནི་རྩ་ཡིན་ཏེ༔ ཞེས་པ་ནས། དོན་གྱི་བཙན་ས་ཟིན་པ་འོ༔ ས་མ་ཡ༔ ཞེས་མ་མོ་བཀའ་གཏེར་གྱི་རྒྱུད་ལུང་ཆེན་པོ་རྣམས་སུའང་གབ་འཐོར་སྦས་པའི་ཚུལ་གྱིས་དཀྱུས་གཅིག་ཏུ་མ་བསྟན་པའི་ཟབ་གནད་མཐའ་དག་དཀྱུས་གཅིག་ཏུ་བསྟན་པའི་ཟབ་ཁྲིད་འདི་ལྟ་བུ་ཤིན་ཏུ་དཀོན་ཅིང་། འདིའི་གནད་དོན་སྙིང་པོ། འདོད་ཁམས་རྩ་གཙོ་བོར་གྱུར་པའི་རགས་པ་ལུས་ཀྱི་སྣང་ཞེན་སྦྱོང་བའི་བསྐྱེད་རིམ་རྣལ་འབྱོར་ལུས་དཀྱིལ་དང་ཕྲ་ཐིག་ལ་བརྟེན་ནས་སྔགས་ཀྱི་ཞི་གནས་སྒྲུབ་པ། གཟུགས་ཁམས་རླུང་གཙོ་བོར་གྱུར་པའི་ངག་གི་ཞེན་པ་སྦྱོང་བའི་བཟླས་པའི་རྣལ་འབྱོར་ལ་ངག་བཟླས་རྡོར་བཟླས་བུམ་པ་ཅན་ལ་བརྟེན་ནས་ལྷག་མཐོང་གི་གཞི་སྒྲུབ་པ། གཟུགས་མེད་ཁམས་སེམས་གཙོ་བོར་གྱུར་པའི་ཐིག་ལེ་བདེ་བ་ཆེན་པོར་ལམ་དུ་བསླང་བ་རང་ལུས་དང་གཞན་ལུས་ལ་བསྟེན་ནས་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་སྒྲུབ་པ་རྣམས་ཀྱིས་བསྡུས་པ་སྟེ། དེ་ལྟ་བུའི་ཟབ་དོན་ཉམས་སུ་བླངས་ནས་ཚུལ་བཞིན་དུ་རྒྱུད་ལ་སྦྱོར་བར་མཛོད་ཅིག །དེ་རྣམས་ཀྱིས་མ་མོའི་གནད་ཏིག་གི་དབང་ཁྲིད་ཆིག་རྫོགས་སུ་བགྱིས་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་སྤྱི་ལྟར་བྱ། སློབ་དཔོན་གྱིས་རྗེས་ཀྱི་བྱ་བ་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་རྟ་བྲོ་རྣམས་སོང་ནས་གཏང་རཀ་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། མདུན་བསྐྱེད་ཡེ་ཤེས་པ་སྐབས་བསྟུན་གྱིས་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱའོ། །དབྱིངས་ཀྱི་མ་མོ་ཤེར་ཕྱིན་དགོངས་དོན་རྟོགས། །ཡེ་ཤེས་མ་མོ་རིགས་ལྔའི་ཕྱག་རྒྱར་རྫོགས། །འཇིག་རྟེན་མ་མོའི་སྟོང་སྲོག་རང་དབང་ཐོབ། །ལས་ཀྱི་མ་མོ་བྲན་དུ་བཀོལ་བྱེད་ཤོག །ཅེས་སྔ་ན་མེད་པའི་ཟབ་གསང་རྨད་དུ་བྱུང་བ་འདི་ཉིད་སྙིགས་མའི་དུས་འདིར་ལྷག་པར་མཁོ་བར་མཐོང་ནས་འཕེལ་རྒྱས་སུ་འགྱུར་བའི་སྒོར་དམིགས་ཏེ་ཕྱོགས་བྲལ་དུ་སྤྱོད་པའི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).