Terdzo-DZI-028

From Rinchen Terdzö

འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་

'chi med tshe lha rnam gsum gyi bstod pa

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  བླ་མ་ཚེ་ལྷ་རྣམ་གསུམ་སྐོར (Bla ma tshe lha rnam gsum skor)
Volume 49 (ཛི) / Pages 331-358 / Folios 1a1 to 14b4

[edit]

འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱཡུརཾ་སྟོཏྲཾ། བོད་སྐད་དུ། ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀུན། །མ་ལུས་པར་ནི་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང་། །ཉེས་པའི་དྲི་མ་ཀུན་བཅོམ་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་དཔལ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང་། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་པའི། །པདྨ་ཚེ་དཔག་མེད་ཕྱག་འཚལ། །འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ཀྱིས་རྫོགས་པའི་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་ཁྱོད་གྲོལ་ནས། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མི་མཐུན་ཕྱོགས་རྣམས་མ་ལུས་འཇོམས། །སྟོན་པ་སྲེད་མེད་བུ་ཡི་སྟོབས། །ཡོན་ཏན་ཚེ་དཔག་མེད་ཕྱག་འཚལ། །མེ་ལོང་མཉམ་ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། །རྣམ་པར་རྟོག་ལས་ཁྱོད་གྲོལ་ནས། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པའི། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་གང་ཡང་རུང་། ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ། །འཆི་མེད་མགོན་པོའི་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་བསྟོད་པའི་མཐུས། །བདག་གི་རྒྱུད་ལ་ངེས་འབྱུང་དང་། །བྱང་ཆུབ་སེམས་གཉིས་རྒྱས་གྱུར་ཅིག །ཚོགས་ཟུང་ཆུ་གཏེར་ལས་འཁྲུངས་པའི། །ཚེ་མཐའ་ཡས་པའི་ལྷ་སྔགས་དང་། །ཏིང་འཛིན་སྣང་བས་གྲུབ་གཉིས་ཀྱི། །པདྨོ་མཆོག་ཏུ་རྒྱས་པར་ཤོག །རྣམ་སྣང་རྡོ་རྗེ་རིན་ཆེན་དང་། །པདྨོ་ལས་རིགས་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བའི། །སྐལ་བཟང་ལྷག་པར་གྲུབ་གྱུར་ཅིག །སྐྱེ་ཀུན་དུག་ལྔས་བསགས་པ་ཡི། །འཚོ་བ་ཐུང་བའི་སྒྲིབ་བྱང་ནས། །རིགས་ལྔ་ཚེ་དཔག་མེད་མགོན་གྱི། །གོ་འཕང་རྒྱུད་ལ་འཇོག་པར་ཤོག །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོའི་རང་བཞིན་ཟིལ་དངར་གྱིས། །འགལ་རྐྱེན་བཀྲུ་ཞིང་བྱང་བ་དང་། །རྡོ་རྗེའི་སྲུང་བ་མཆོག་གྱུར་ཅིག །བདག་གི་སྙིང་དབུས་པདྨོ་དང་། །སྤྱི་བོར་བཞུགས་པའི་ཡེ་ཤེས་ལྷ། །བདེ་འཐུང་བཅུད་དུ་ཞུ་བ་ཡིས། །ལུས་སེམས་འཆི་མེད་གྲུབ་པར་ཤོག །རིན་ཆེན་བདུན་དང་རྫས་བརྒྱད་སོགས། །སྲིད་ཞིའི་འབྱོར་པས་དགེ་བྱས་མཐུས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བཀྲ་ཤིས་སྣང་བ་འབར་གྱུར་ཅིག །མདོར་ན་འདི་ནས་བྱང་ཆུབ་བར། །དཔག་མེད་མགོན་པོས་རྗེས་བཟུང་ནས། །ཚེ་དང་བསོད་ནམས་ཡེ་ཤེས་ཀྱི། །གྲུབ་གཉིས་དགེ་མཚན་འཕེལ་བར་ཤོག །ཅེས་པའི་འདོད་གསོལ་སྨོན་ཚིག་འདིའང་གཞུང་དང་མཐུན་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །། ༈ རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་ཨུཥྞཱི་ཥ་བི་ཛ་ཡེ་སྟོཏྲཾ། བོད་སྐད་དུ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཙོ་མོ་བཅོམ་ལྡན་འདས་མ་ནི། །པུཎྜ་རཱི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆར་བཅས། །རིན་ཆེན་སྣ་ཚོགས་མཛེས་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ཞལ་སྔོ། ཁྲོ་མོའི་ཆ་ལུགས་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། །པད་སྟེང་རྒྱལ་བ་འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱ་འོ། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཞུ་དང་མི་འཇིགས་ཕྱག་རྒྱ་དང་། །བུམ་པ་དག་ནི་ལེགས་པར་བསྣམས། །རྣམ་པར་སྣང་མཛད་དབུར་བརྒྱན་ཅིང་། །འོད་ཟེར་དཀར་པོ་འཕྲོ་ཞིང་འདུ། །སྟོད་གཡོགས་ལྷ་ཡི་ན་བཟའ་ཅན། །བློ་དང་ཚེ་འཕེལ་མཛད་པ་མོ། །པུ་རིའི་ནང་དུ་མཛེས་པར་བཞུགས། །བཅོམ་ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱོན་མ་གོས། །གཡོན་ན་པད་བསྣམས་གཡས་པ་ན། །རྔ་ཡབ་འཛིན་ལ་བདག་ཕྱག་འཚལ། །གཡོན་གྱི་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་པ་རྔ་ཡབ་མཛེས་འཛིན་པ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། ཁྲོ་བོའི་རྒྱལ་པོ་བཞི་པོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་བ། །སྔོ་བསངས་གཡས་ན་རལ་གྲི་འཛིན། །གཡོན་ན་སྡིགས་མཛུབ་སྐྲ་བརྫེས་པ། །སྦྲུལ་རྒྱན་སྟག་གི་ཤམ་ཐབས་ཅན། །པདྨ་ཉི་མའི་གདན་ལ་བཞུགས། །མ་རུངས་འདུལ་ལ་ཕྱག་འཚལ་ལོ། ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི། །སྔོ་བསངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུངས་འདུལ་བའི་རྒྱན་ཆ་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། ཁྲོ་ཆེན་དབྱུག་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་ནི། །དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །སྔོ་བསངས་ཀུན་འདུལ་ཁྱོད་ལ་བསྟོད། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །ཀུན་ཀྱང་སྟག་དང་སྤྲུལ་གྱིས་བརྒྱན། །པདྨ་ཉི་མའི་གདན་ལ་བཞུགས། །བར་ཆད་ཞི་མཛད་ཁྱེད་ལ་བསྟོད། །སྟེང་གི་ཕྱོགས་ན་མཛེས་པ་ཡི། །གནས་གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་རྒྱན་དང་ན་བཟས་མཛེས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆར་འབེབ་ཀུན་ལ་སྙོམས། །དག་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་ཞིག་ནངས་ནངས་སྔར་ལངས་ཏེ། །བསྟོད་པ་འདི་ཡིས་དུས་ཀུན་ཏུ། །འཁོར་དང་བཅས་ལ་བསྟོད་གྱུར་ན། །བློ་དང་ཚེ་རྣམས་འཕེལ་བ་དང་། །དཔལ་དང་འབྱོར་པའི་དངོས་གྲུབ་སྟེར། །མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། །གུས་པའི་སེམས་ཀྱིས་སྔར་ལངས་ནས། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །གཙུག་གཏོར་རྣམ་པར་རྒྱལ་མའི་བསྟོད་པ་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ།། །། ༈ རྒྱ་གར་སྐད་དུ། ཨཱརྻ་ཏཱ་ར་སྟོཏྲཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། ཨོཾ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་རྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་འཆི་བདག་བསླུ་བའི་རྟོག་པའི་མངོན་རྟོགས་བསྟོད་པར་ཁ་བསྒྱུར་པའོ། །གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལ། །བསྣམས་མ་ཁྱེད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟཱ་རེ། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་མ་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་རྣམས་ལས། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མར་གྱུར་བཅོམ་ལྡན་འདས། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པའང་ངག་དབང་གྲགས་པས་མཛད། འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པ་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། ཁྱེད་ལ་ཆ་ཙམ་བསྟོད་པ་ཡིས། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་གཟུང་བྱང་ཆུབ་བར། །མི་མཐུན་རྐྱེན་རྣམས་ཞི་གྱུར་ཏེ། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །འདོད་གསོལ་འདི་འབྲོམ་སྟོན་པའི་གསུང་བྱིན་རླབས་ཅན་ཡིན་པར་ཡོངས་སུ་གྲགས་པའོ།། །། ༄༅། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བསྟོད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཏ་ཐཱ་ག་ཏཱཔ་རི་མི་ཏཱཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱཛྙེ་སྟོཏྲཾ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཟག་མེད་ཡེ་ཤེས་དམ་པའི་སྣོད་གྱུར་ངོ་མཚར་མཚན་དཔེའི་འཇོ་སྒེག་ཅན། །གདུལ་བྱའི་དབང་པོར་འཚམ་པར་འཇུག་པའི་གསུང་གསང་བརྗོད་བྲལ་ནཱ་དའི་དབྱངས། །སྤྲོས་པའི་མཐའ་དང་མཛའ་བ་མ་ཡིན་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་དགྱེས་རོལ་བདེ་ལྡན་ཞིང་གཙོ་ཚེ་མཐའ་ཡས། །གང་མཚན་ནོར་བུའི་དོ་ཤལ་གཡོ་བ་ལུས་ཅན་བསོད་ནམས་རྣ་ལུང་དུ། །དཔྱངས་པ་ཙམ་གྱིས་སྡུག་བསྔལ་གསུམ་གྱི་མྱ་ངན་གྲོང་ལས་དབུགས་འབྱིན་ནས། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་གི་འདོད་དོན་ཅི་དགར་འཇོ་བ་ཡིས། །རེ་བའི་ཤིང་རྟ་ཕྱུར་བུར་འགེངས་ཕྱིར་སུ་ཞིག་རབ་ཏུ་བསྟོད་མི་བྱེད། །ཆོས་ཀྱི་འབྱུང་གནས་རྣམ་དག་བདེན་སྨོན་སྤྲིན་དཀར་མེ་ཏོག་འཇོ་བ་ལས། །གནས་ངན་ལེན་གྱི་རྡུལ་དང་མི་མཛའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་བཀོད་ཡོན་ཏན་གཅིག་བསྡོམས་ཟ་མ་ཏོག །དག་པ་རབ་འབྱམས་དགའ་ཚལ་དམ་པར་ཕུལ་བྱུང་བསྔགས་འོས་བརྗོད་མི་ལང་། །ཤིན་ཏུ་གཞོན་ཤ་ཆགས་པའི་ལག་མཐིལ་ཛམྦུ་ནཱ་དས་མདངས་པའི་དབྱིག །གང་གི་གཞིར་ཆགས་ཨུཏྤལ་གྱིས་བསྲུངས་མནན་ནེམ་བཏེག་འཕར་ས་འཛིན་ངོས། །ཡན་ལག་བརྒྱད་ལྡན་ཅ་ཅོ་རྣམ་སྤངས་ཞི་བསིལ་བདེན་གཉིས་ཆོས་ཀྱི་སྒྲས། །ཀུན་རྨོངས་མ་རིག་གཉིད་ལས་སད་མཛད་བདེ་འབྱུང་ཆུ་གཏེར་གཡོ་བའི་འགྲམ། །བཻ་ཌཱུརྻ་དང་ཨིནྡྲ་ནཱི་ལ་ཤེལ་དང་མརྒད་ལ་སོགས་པའི། །རིན་ཆེན་སྣ་ཚོགས་མནྡཱ་ར་བ་ཡིད་འོང་གཡོ་བའི་བར་བར་ནས། །གསེར་གྱི་དྲ་བས་རྣམ་པར་སྦྲེལ་གྱུར་དྲི་བཞོན་ཕོ་ཉས་བསྐུལ་བ་ལས། །མཉན་པར་འོས་པའི་སྒྲ་དབྱངས་ཟད་མེད་ཆོག་མི་ཤེས་པར་ཀུན་ཏུ་སྒྲོག །དེ་དག་རྣམས་ཀྱི་ཡལ་འདབ་གཞོན་ནུས་བསྟི་སྟང་བྱས་པའི་དོ་ཀེར་རྩེར། །ཤིན་ཏུ་རབ་སྒེག་ངང་ཚུལ་ཞི་ཞིང་ཕན་ཚུན་རྩེ་བའི་ཤ་ཀུ་ན། །གཙུག་ཕུད་མདངས་ཅན་མ་རྒད་གཤོག་ལྡན་མགྲིན་པའི་རྫ་རྔ་འཁྲོལ་ལ་སོགས། །སྣ་ཚོགས་ཤིང་རྟའི་གླུ་དབྱངས་ལས་ལྷག་རབ་སྙན་རོལ་མོས་ཡོངས་སུ་བཀང་། །དེ་ན་ཐུན་མཚམས་མངའ་བ་མ་ཡིན་ཁོར་ཡུག་འོད་སྣང་ཕྲེང་བས་གཏམས། །མཆོག་ཏུ་མཛེས་པའི་དགའ་ཚལ་ལས་བྱུང་འདོད་པའི་ཡོན་ཏན་གཞལ་དཀའ་བ། །གཞན་འཕྲུལ་དབང་བྱེད་བཀོད་པས་མི་བསྒྲུན་ཕུན་སུམ་ཚོགས་པའི་བདེ་བ་ཆེར། །ངོམས་པ་མེད་པར་ལོངས་སུ་སྤྱོད་ཕྱིར་མཚན་གྱི་སྤྲིང་ཡིག་རྣམ་པར་གསལ། །མདོར་ན་ཀུན་མཁྱེན་ཡེ་ཤེས་ཀྱིས་སྦྱངས་དག་པའི་རྡུལ་བྲལ་སྤྱན་རྣོན་པོས། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་བཙལ་ཀྱང་མཚུངས་ཟླས་དབེན་པར་རབ་གཟིིགས་ནས། །མཆོག་ཏུ་བསྔགས་པའི་སྤྲིན་གྱི་མེ་ཏོག་རྨད་བྱུང་འཇོ་བའི་ངོ་མཚར་ཁུར། །ནོར་འཛིན་བུ་མོས་ཐེག་པར་དཀའ་བའི་དོགས་པས་རིང་དུ་འདར་བ་བཞིན། །གང་ན་རིན་ཆེན་སྣ་ཚོགས་ཕ་གུས་རྣམ་པར་བརྩེགས་པའི་གཞལ་ཡས་ཁང་། །འཆི་མེད་གྲུབ་པའི་གྲོང་ཁྱེར་ལས་ལྷག་བྱང་ཆུབ་ཕྱོགས་ཆོས་ཡོངས་རྫོགས་དབུས། །མདངས་ལྡན་གཞོན་ནུའི་རོལ་སྒེག་གིས་བསྟེན་ནོར་བུའི་བ་གམ་གཡོ་བའི་ཁྲིར། །ལོ་འདབ་གོས་བཟང་མངོན་པར་འཛིན་པའི་ཆུ་སྐྱེས་སར་པའི་འཛུམ་ཕྲེང་གིས། །ཐིག་ལེ་མཆོག་མའི་ལང་ཚོ་སྨ་དབབ་ལྟ་ན་སྡུག་དེའི་དཔལ་འཕྲོག་ཕྱིར། །པདྨའི་རྩ་ལག་ཀུནྡཱའི་བཤེས་ཟུང་དོ་ཟླར་ལྷགས་པའི་དེ་མ་ཐག །གང་གི་ཞལ་བཟང་བལྟ་བས་མི་ངོམས་འོད་ཟེར་བརྒྱ་ཕྲག་གཡོ་བའི་དཔལ། །ཆ་ཤས་ཙམ་ཡང་བཟོད་པར་མ་ནུས་ཞབས་མཐིལ་འཁོར་ལོར་ཡིབས་པ་བཞིན། །བྱེ་རུའི་ལྷུན་པོ་ཉི་གཞོན་འཆར་ཀའི་དྲྭ་བས་མཛེས་པའི་ལང་ཚོ་ལྟར། །ཀུན་ཏུ་རབ་དམར་གཟུགས་སྐུའི་དཀྱིལ་འཁོར་མཐོང་ན་མི་མཐུན་བྲལ་བ་དེར། །མཚན་དཔེའི་འཇོ་སྒེག་གསར་པས་འཁྱུད་གྱུར་འོད་ཟེར་དཔག་མེད་ཕྲེང་བ་ཡིས། །ཕྱོགས་བཅུའི་ཁྱོན་ཀུན་ཡོངས་སུ་རབ་འགེངས་སྒྲིབ་པའི་མུན་པ་རྣམ་པར་བཅོམ། །ཐལ་མོའི་ཨུཏྤལ་དམར་པོ་ཕན་ཚུན་མཉམ་གཞག་གིས་སྦྲེལ་ཆུ་སྐྱེས་སྦུབས། །སྣ་ཚོགས་དར་གྱི་ལོ་འདབ་རབ་གཡོ་པདྨ་རཱ་གའི་ཀེ་ལ་ཤ །སྲིད་ཞིའི་བཅུད་བསྡུས་འཆི་མེད་ཆུ་གཏེར་རིང་འཚོའི་ཟླ་ཤེལ་འཛུམ་དཀར་ཅན། །འགྲོ་ཀུན་ཚེ་ཡི་ཀུ་མུ་དཱ་དཔལ་ཡིད་འོང་དབྱེ་བའི་བྱེད་པོར་གྲུབ། །ཞལ་གྱི་དཀྱིལ་འཁོར་བནྡྷུ་ཛཱི་བའི་འདབ་བརྒྱ་དགོད་པའི་སྤྱན་རས་ཟུང་། །ཀུན་ནས་དཀྱུས་རིང་རྟག་ཏུ་འགྲོ་ལ་རྗེས་སུ་ཆགས་པའི་རོལ་སྒེག་ཅན། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུ་སྣ་ཚོགས་རིན་ཆེན་དྲྭ་བ་ཡིས། །རྣམ་པར་བཅིངས་བྱས་རལ་པའི་གདེངས་ཀ་དགོས་འབྱུང་ནོར་བུའི་རྒྱན་གྱིས་སྤུད། །དབང་པོའི་གཞུ་ལྟར་ཁ་དོག་ཡིད་འོང་ལྕིད་ཀྱིས་ནོན་སྤངས་རེག་བྱ་ཡི། །སྟོད་གཡོགས་སྨད་དཀྲིས་མཛེས་པར་འཆང་ཞིང་དོ་ཤལ་དཔུང་རྒྱན་གདུ་བུ་སོགས། །རིན་ཐང་བྲལ་བའི་རཏྣའི་རྒྱན་དང་མེ་ཏོག་ཕྲེང་བའི་ཚངས་སྐུད་རྣམས། །བྱང་ཆུབ་ཡན་ལག་བདུན་གྱི་མཚོན་བྱེད་གང་སྐུའི་གསང་བར་ཡོངས་སུ་འཛིན། །དེ་ནི་མཐའ་གཅིག་ཁོ་ན་ཉིད་མོད་གཞན་དུ་ཚོགས་གཉིས་ཆུ་གཏེར་ཆེ། །བསྐལ་པར་གོམས་པའི་མནྡཱ་རས་བསྲུབས་ཟག་བྲལ་ཟླ་བའི་ལང་ཚོ་ལ། །སྐྱེ་དང་འབྲི་སོགས་དོན་ལ་མེད་ཀྱང་སྣང་ཚུལ་རྣམ་མང་སྤྲུལ་པའི་གར། །ཉན་རང་སོ་སྐྱེའི་བློ་ལས་འདས་དེར་རབ་གུས་ཀུ་མུད་འཛུམ་ཕྲེང་དགོད། །གསུང་གི་གསང་བ་མཆོག་ཏུ་མི་འགྱུར་སྒྲ་དང་སྒྲ་མིན་རྣམ་དཔྱད་ལས། །ཡོངས་སུ་བརྒལ་ཀྱང་ཐ་དད་རྟོག་པའི་རྗེས་སུ་འགྲོ་བའི་ནཱ་དའི་དབྱངས། །ཡན་ལག་དྲུག་ཅུའི་འཇོ་སྒེག་གིས་འཁྱུད་བདེན་གཉིས་ཆོས་ཚུལ་རྒྱ་མཚོ་ཡིས། །ཐར་པ་མཆོག་གི་གོ་འཕང་ལ་སྦྱོར་འབྲས་བུའི་ཁུར་གྱིས་ལྕི་ལ་འདུད། །རྟག་ཆད་གདོན་དང་མཛའ་བ་མ་ཡིན་སྤྲོས་པ་ཀུན་བྲལ་དེ་བཞིན་ཉིད། །གཅིག་པུ་ཉིད་མིན་དུ་མ་ལས་འདས་བསམ་གྱིས་མི་ཁྱབ་ཡེ་ཤེས་ནི། །སོ་སོ་ཡང་དག་རིག་པའི་རང་བཞིན་ཇི་ལྟ་ཇི་སྙེད་མཁྱེན་དང་བརྩེའི། །ཐུགས་རྗེའི་རྣམ་རོལ་བྲི་གང་མེད་པར་ལྷུན་གྱིས་གྲུབ་པ་མཆོག་ལ་འདུད། །ཕྱོགས་བཅུའི་ཞིང་བཞུགས་གངྒཱའི་བྱེ་སྙེད་དེ་བཞིན་གཤེགས་པའི་ཚོགས་རྣམས་ཀྱང་། ཁྱོད་ཀྱི་སྤངས་རྟོགས་རྗེས་སུ་བསྔགས་པའི་རོལ་མོ་རྣམ་པར་འཁྲོལ་བ་དང་། །མིག་མི་འཛུམ་དང་གསང་བ་འཛིན་སོགས་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གིས། །སྤྱི་བོས་ཞབས་མཐིལ་འཁོར་ལོ་ལ་བཏུད་ཡོན་ཏན་དཔག་ཡས་དེ་ལ་འདུད། །འདི་ན་སྣ་ཚོགས་ལས་ཀྱི་ཕྱི་བཞིན་རྣམ་པར་འཁྱམས་པའི་འགྲོ་བ་ཀུན། །སྒྲིབ་གཉིས་ཉོན་མོངས་ལིང་ཏོག་གིས་ལྡོང་ཐར་པའི་ལམ་ལས་ཕྱིར་ཕྱོགས་པར། །བརྩེ་ཆེན་ཐུགས་རྗེའི་ཞགས་པས་འཛིན་ཕྱིར་སྣ་ཚོགས་སྤྲུལ་པའི་ཟློས་གར་ནི། །སེམས་ཅན་ཁམས་དང་མཐུན་པར་འཇུག་པའི་ཕྲིན་ལས་མཆོག་མངའ་ཁྱོད་ལ་འདུད། །དེ་ལྟར་གསེར་གྱི་མངལ་ཅན་བློས་ཀྱང་གཞལ་བར་མི་ནུས་ཡོན་ཏན་ཕུལ། །ཟླ་བས་འཕེལ་བའི་གཏིང་ལས་རབ་ཟབ་ཀུན་གསལ་ཁམས་ལས་རྒྱ་ཆེ་བའི། །རྣམ་པར་ཐར་པ་སོ་སྐྱེའི་ཡིད་ངོར་ཆ་ཤས་ཕྲ་བའང་མི་མཐོང་མོད། །འདིར་ནི་རྟག་ཏུ་དད་པའི་དབང་གྱུར་བསྟོད་ཚིག་རོལ་མོ་གསར་པས་མཆོད། །སྙན་པའི་སྒྲ་དབྱངས་དྲི་བཞོན་དགའ་མ་དལ་བུར་གཡོ་བའི་འཇོ་སྒེག་གིས། །ཀུན་ནས་མཁྱེན་པའི་ཡེ་ཤེས་ཆེ་ལྡན་ཐུགས་རྗེའི་སྤྲིན་དཀར་ལ་འཁྱུད་པས། །རྗེས་སུ་བརྩེ་བའི་སྙིང་རྗེའི་དབང་གྱུར་གློག་ཕྲེང་དོ་ཤལ་གཡོ་བ་དང་། །ལྷན་ཅིག་བདག་བློའི་ཆུ་སྐྱེས་མཛེས་པར་ཕན་བདེའི་བདུད་རྩིས་བརླན་གྱུར་ཅིག །གནས་སྐབས་གང་མཚན་དཔལ་གྱི་དུམ་བུའི་བསིལ་ངད་ལས་ལྷག་ཟླ་གཞོན་ཟེར། །བརྒྱད་གཉིས་འཇིགས་པའི་ཚ་གདུང་གིས་ཉེན་ས་ཡི་གདུ་བུ་ལ་རྩེན་པས། །མི་མཐུན་ཕྱོགས་ཀུན་ཡོངས་སུ་བཅོམ་སྟེ་མཐོ་རིས་ཡོན་ཏན་བདུན་ལ་སོགས། །ལེགས་ཚོགས་འདབ་མའི་འཛུམ་ཕྲེང་གྲོལ་བས་ཀུན་ཡིད་དགའ་བ་སྦྱིན་གྱུར་ཅིག །ཁྱད་པར་སྲིད་དང་ཞི་བར་ཡོངས་ཁྱབ་རིང་འཚོའི་ཆུ་གཏེར་འཕྱུར་བ་ཉིད། ཁྱོད་སྐུའི་འོད་ཟེར་རྣམ་པར་གཡོ་བའི་མནྡཱ་ར་ཡིས་བསྲུབས་པ་ལས། །ཕུན་ཚོགས་བདུད་རྩིའི་སྣང་བས་རབ་མཛེས་འཆི་མེད་གྲུབ་པའི་ཀཏྤུར་དབང་། །རབ་ཏུ་གུས་པས་བསྟོད་པ་ལྷུར་ལེན་སྐལ་བཟང་བདེ་འབྱུང་རལ་རྩེར་སྩོལ། །དེ་མཐུས་འཚོ་བའི་འཁྲི་ཤིང་ཡིད་འོང་གཡོ་མེད་གཅིག་ཏུ་བཙུགས་པའི་མོད། །མི་བགྲེས་ལང་ཚོའི་མེ་ཏོག་འཛུམ་དཀར་ཐར་པ་ཉིན་མོའི་ཕྱོགས་སུ་གྲོལ། །ལུང་རྟོགས་འབྲས་བཟང་ཁུར་གྱིས་རབ་དུད་ལྷ་དང་བཅས་པའི་འགྲོ་ཀུན་ལ། །དགའ་དང་གཏན་བདེའི་ནོར་གྱིས་ཚིམ་བྱེད་ཡོན་ཏན་མཆོག་གིས་ལྕི་བར་ཤོག །གང་སྐུ་ཡིད་འོང་མཚན་དཔེའི་རླབས་ཕྲེང་ལྟ་ན་སྡུག་པའི་ཞིང་ཁམས་བཅས། །རྟག་ཏུ་གསལ་བཏབ་གསང་སྔགས་མཆོག་བཟླས་ཟབ་མོའི་ཏིང་འཛིན་ལ་གཞོལ་ཚེ། །དཔག་མེད་འདྲེན་པ་ཀུན་གྱི་འཁོར་བཅས་བྱེ་རུའི་ཞལ་བཟང་གཡོ་བའི་རྡུལ། །མངོན་སུམ་མིག་གི་བདུད་རྩིར་བཏུང་བས་དོན་གཉིས་ལང་ཚོ་རྒྱས་གྱུར་ཅིག །གཞན་ཡང་ཐོས་བསམ་སྒོམ་པའི་ཆུ་གཏེར་རླབས་ཆེན་འཕྱུར་བ་ལས་ཐོན་པའི། །རྩོད་འཆད་རྩོམ་སོགས་ལུང་རྟོགས་ཆོས་ཚུལ་འོད་ཟེར་འབུམ་ཕྲག་བཞུ་བའི་རྡུལ། །འཁོར་ལོ་གསུམ་ལྡན་དགེ་འདུན་འདུས་པའི་བློ་མཆོག་སྤོབས་པས་གཟུང་བ་ལས། །རྒྱལ་བསྟན་རིན་ཆེན་པདྨའི་དགའ་ཚལ་དར་བབས་གཡོ་བའི་རྒྱུར་གྱུར་ཅིག །ཤིན་ཏུ་དབེན་པའི་ནགས་ཀྱི་སྤྱིལ་པོར་ཀུ་ཤ་འཇམ་པོའི་གདན་གྱི་སྟེང་། །དག་བྱེད་ཁྲུས་བཏུང་དཀའ་ཐུབ་ལ་གནས་དྲང་སྲོང་ཆེན་པོའི་ངང་ཚུལ་ལྟར། །གཅིག་ཏུ་ངེས་འབྱུང་སེམས་ཀྱིས་རབ་བསྐུལ་ཐར་པ་དོན་དུ་གཉེར་རྣམས་ཀྱི། །སྦྱངས་པའི་ཡོན་ཏན་ཆ་ཤས་ཀུན་གང་ངེས་ལེགས་ཐེམ་སྐས་ལ་འཛེགས་ཤོག །ནམ་ཞིག་བདག་གཞན་འདིར་སྣང་རྫོགས་ཏེ་སྲོག་གི་དབང་པོ་སྡུད་པའི་ཚེ། །མགོན་པོ་གང་གིས་དགྱེས་པའི་ཕྱག་གིས་འཁོར་བའི་གཡང་ས་ལས་དྲངས་ཏེ། །ཡོན་ཏན་བཀོད་པ་གཞལ་གྱིས་མི་ལང་དག་པའི་ཞིང་དེར་པདྨོའི་སྦུབས། །མཚན་དཔེའི་ལུས་མཆོག་རྣམ་པར་འཛིན་ནས་ཁྱོད་ཞབས་རྟག་ཏུ་བསྙེན་པར་ཤོག །དེ་ལྟར་བསྟོད་བསྔགས་འོད་ཟེར་ཕྲེང་ལྡན་ཟླ་ཤེལ་མྱུ་གུ་གསར་པའི་གཟུགས། །ཤིན་ཏུ་གུས་པའི་བདེ་འབྱུང་རལ་རྩེར་བྲལ་ཐོབ་སྤངས་པར་སོན་པ་ལས། །ཚེ་བསོད་དཔལ་འབྱོར་ཀུ་མུད་འཛུམ་དཀར་ཡིད་འོང་བྱེ་བའི་དེ་མ་ཐག །རྣམ་པ་ཐམས་ཅད་མཁྱེན་པའི་གེ་སར་རྟག་ཏུ་ལྕི་བ་ཐོབ་པར་འགྱུར། །དེ་ལྟར་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པའི་རབ་ཏུ་བྱེད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་འདི་ནི། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་དང་མཐུན་ཅིང་མངོན་རྟོགས་དག་གི་དོན་དང་ཡང་མི་འགལ་བར་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅོ་བརྒྱད་པར་བྲྀཥབྷ་ཞེས་ཁྱུ་མཆོག་ཟླ་བའི་དགའ་བ་གཉིས་པའི་གྲལ་ཚེས་དགེ་བར་ཡོངས་སུ་གྲུབ་པར་བགྱིས་པའི་དགེ་བས། གནས་སྐབས་ལུས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱི་ཆུ་གཏེར་ལས་བསྒྲལ་ནས་མཐར་ཐུག་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་དབུགས་འབྱིན་ཐོབ་པའི་རྒྱུར་གྱུར་ཅིག། །། ༈ འཕགས་མ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྻ་ཨུཥྞཱི་ཥ་བི་ཛ་ཡེ་སྟོཏྲཾ་ནཱ་མ། བོད་སྐད་དུ། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བློ་ལྡན་གང་ཞིག་མཚན་ཙམ་འཛིན་ནམ་འོན་ཏེ་ཐོས་པ་དག་གིས་ཀྱང་། །སྣ་ཚོགས་འཇིགས་སྟེར་སྡུག་བསྔལ་ཚོགས་ཀུན་ཉེ་བར་བཅོམ་པའི་དེ་མ་ཐག །འཆི་མེད་ཚེ་དང་རྒ་ན་རྒུད་པའི་རྐྱེན་གྱིས་མི་འཕྲོག་ལང་ཚོའི་སྟོབས། །དད་དང་ཤེས་རབ་བསོད་ནམས་འབྱོར་པ་མངོན་དུ་སྩོལ་མཛད་དེ་བསྟོད་བྱ། །གཟོད་མ་ཉིད་ནས་བསྐལ་པ་དུ་མར་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཐར་པ་མཆོག་གི་ཆ་ཤས་ཡོངས་གང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི། །རི་དྭགས་གཞོན་ནུའི་རྟགས་ཀྱིས་མངོན་རོལ་བདེ་གཤེགས་ཆོས་སྐུའི་རྟེན་མཆོག་གི །གཞལ་ཡས་ཁང་ཆེན་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །དེ་དབུས་ཆར་སྤྲིན་དཀར་པོའི་བར་བར་ཨུཏྤལ་དམར་པོས་མདངས་པ་བཞིན། །སྲབ་འཇམ་མཉེན་ལྕུག་མཆོག་ཏུ་ཡིད་འོང་འདབ་སྟོང་རྒྱས་པའི་ཆུ་སྐྱེས་རྩེར། །བརྒྱད་གཉིས་ཆ་ལྡན་རྙོག་པའི་ར་རི་ཀུན་ནས་བྲལ་བའི་དཔལ་དེ་ཡིས། ཁྱོད་ཞབས་འཁོར་ལོའི་རེ་ཁཱས་མཚན་པ་ཉེ་བར་བསྟན་པ་དེ་ལ་འདུད། །གང་སྐུ་སྟོན་ཟླ་ཆ་རྫོགས་འོད་ཟེར་བརྒྱ་སྟོང་བརྩེགས་པའི་དཔལ་ལྟར་གསལ། །སྤྱན་གྱི་གེ་སར་རྣམ་པར་མཛེས་ལྡན་འགྲོ་ལ་རྗེས་སུ་བརྩེ་བའི་གཟུགས། །གནག་སྣུམ་རལ་པའི་ཆུན་པོ་གཡོ་བ་པུཎྜ་རཱི་ཀས་རྣམ་བཅིངས་རྩེར། །ཆོས་དབྱིངས་ཡེ་ཤེས་མཚན་པའི་ཟློས་གར་རིགས་ཀྱི་བདག་པོ་འཛིན་དེར་འདུད། །རྩ་བའི་ཞལ་ནི་ཆུ་ཤེལ་ཇི་བཞིན་གཡས་པ་འཛམ་བུའི་གསེར་གྱི་མདོག །གཅིག་ཤོས་ཨིནྡྲ་ནཱི་ལའི་འོད་ལྟར་ཀུན་ཏུ་སྔོ་བའི་གཟི་བརྗིད་ཀྱིས། །ལོག་འདྲེན་ཚོགས་ཀུན་རྣམ་པར་འཆིང་བའི་ཞགས་པ་ཉིད་དོ་དེ་ལྡོག་པའི། །ཡོན་ཏན་མ་ལུས་མངོན་དུ་འགུགས་བྱེད་དབང་གི་མཆིལ་པ་རྣོན་པོའང་ལགས། །རྣམ་པར་ཐར་པ་གསུམ་དང་ལྡན་པའི་སྤྱན་གྱི་ཡེ་ཤེས་མེ་བོ་ཡིས། །སྡུག་བསྔལ་གསུམ་གྱི་གཅོང་རོང་གཏིང་ཟབ་འཁོར་བའི་ཚང་ཚིང་བསྲེགས་ནས་སླར། །དུས་གསུམ་ཀུན་ཏུ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སྣང་བ་དེས། ཁམས་གསུམ་འཛིན་པའི་རབ་རྨོངས་མུན་པ་ཡོངས་སུ་བསལ་མཛད་དེ་ལ་འདུད། །ཕྱག་གི་དཀྱིལ་འཁོར་བརྒྱད་ཀྱི་གཡས་པར་ཕྲིན་ལས་བཞི་སྟེར་རྡོ་རྗེ་དང་། །པདྨ་དཀར་པོའི་ཞབས་མཐིལ་མངོན་བསྟེན་བཅོམ་ལྡན་འོད་སྣང་མཐའ་ཡས་ཚེ། །དུས་མ་ཡིན་པའི་ཉི་བུའི་སྙིང་འབིགས་མྱུར་དུ་འགྲོ་བའི་མཚོན་ཆའི་དབལ། །ཐར་པའི་དཔལ་ཀུན་ཡོངས་སུ་སྟེར་བྱེད་མཆོག་སྦྱིན་ཕྱག་རྒྱས་མཛེས་དེར་འདུད། །གཅིག་ཤོས་དང་པོར་བགེགས་ཀྱི་ཚོགས་ཀུན་གཟིར་དང་འགུགས་པའི་སྡིགས་མཛུབ་ཞགས། །སྙིང་རྗེ་ཆེན་པོས་འགྲོ་ཀུན་སྡུད་མཛད་ཤེས་རབ་མཆོག་གི་རཏྣའི་གཞུ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་དབུགས་འབྱིན་ཐར་པའི་དཔལ་སྟེར་མི་འཇིགས་རྒྱ། །ལས་དང་ཉོན་མོངས་སྒྲིབ་གཉིས་འཁྲུད་མཛད་བདུད་རྩིའི་བུམ་བཟང་འཛིན་དེར་འདུད། །བརྟེན་པ་མེད་པར་མཁའ་དབྱིངས་ལ་ཤར་དབང་པོའི་གཞུ་ཡི་ཞུན་མ་ཡིས། ཁ་དོག་བསྒྱུར་འདྲའི་ལྷ་རྫས་རེག་བྱ་ལྕིད་ཀྱིས་སྤངས་པའི་ཤམ་ཐབས་དང་། །ག་པུར་འཛིན་པའི་ཚོན་གྱིས་མངོན་བསྒྱུར་སྟོད་གཡོགས་སར་པས་མཛེས་བྱས་ཤིང་། །ཡན་ལག་འཁྲི་ཤིང་རིན་ཆེན་དྲྭ་བའི་རྒྱན་གྱིས་ཀུན་ཏུ་སྤྲས་ལ་འདུད། །འཁོར་གྱི་ཚོགས་ནི་སྙིང་རྗེའི་གཏེར་འཛིན་འཕགས་པ་མཆོག་དང་གསང་བའི་བདག །བསྡུ་དངོས་བཞི་ཡི་རང་བཞིན་ལས་སྐྱེས་ཉོན་མོངས་བདུད་དགྲ་ཀུན་བཅོམ་པའི། །མི་གཡོ་མགོན་དང་འདོད་པའི་རྒྱལ་པོ་དབྱུག་སྔོན་བཟུང་དང་སྟོབས་པོ་ཆེ། །མེ་ཏོག་ཕྲེང་འཛིན་གཙང་རིས་ལྷ་བུ་གཞོན་ནུ་གཉིས་བཅས་ཀུན་ལ་འདུད། །གང་ཞིག་ཀུན་ཏུ་ཉེ་བར་རབ་ཞི་གདོད་ནས་རྣམ་དག་ཡེ་ཤེས་ནི། །སྣ་ཚོགས་གཟུང་འཛིན་སྤྲོས་པ་ཀུན་བྲལ་འོད་གསལ་དབུ་མའི་ཆོས་ཉིད་ཅན། །འཕོ་འགྱུར་མེད་བཞིན་གང་འདུལ་མཛད་པ་ལྷུན་གྱིས་གྲུབ་པར་རྟག་འཇུག་པའི། །ཟག་བྲལ་མཆོག་གི་ཡོན་ཏན་གྱིས་དགྱེས་གཙུག་ཏོར་ཆོས་ཀྱི་སྐུ་ལ་འདུད། །སྨོན་ལམ་སྟོབས་ཀྱིས་མངོན་པར་བསྐྱེད་བསྲིངས་དཔག་ཡས་དག་པའི་ཞིང་ཁམས་སུ། །རྨད་བྱུང་ཚོགས་གཉིས་བྱེད་པོས་རབ་བསྐྲུན་མཚན་དཔེའི་འོད་ཟེར་དྲྭ་བ་ཡིས། ཁྲག་ཁྲིག་བདུད་ཀྱི་མུན་པ་ཕམ་བགྱིད་གདུལ་བྱའི་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པར་དགའ་བས་ཚིམས་མཛད་གཙུག་ཏོར་ལོངས་སྤྱོད་རྫོགས་ལ་འདུད། །འགྲོ་འདིའི་ཀུན་རྟོག་རྒྱ་མཚོའི་རླབས་བཞིན་ཐ་དད་བར་མེད་མངོན་འཕྱོ་བ། །རྒ་ན་འཆི་དང་སྐྱེ་བ་ལ་སོགས་སྡུག་བསྔལ་འཛིན་ཁྲིའི་གྲོང་ཁྱེར་ཅན། །དེ་ལས་སྣ་ཚོགས་ཐབས་ཚུལ་དུ་མའི་མཛད་པ་དཔག་ཡས་རིན་ཆེན་གྲུས། །ཞི་བདེ་ཐར་པའི་གླིང་དུ་འདྲེན་མཛད་གཙུག་ཏོར་སྤྲུལ་པའི་སྐུ་ལ་འདུད། །འོད་སྣང་མཐའ་ཡས་ཚེ་དཔག་མེད་མགོན་གཙུག་ཏོར་གདེངས་ཀའི་ཆུ་གཏེར་ལས། །ཐབས་དང་ཤེས་རབ་མི་ཕྱེད་འདྲེས་གྱུར་ཐུགས་རྗེ་ཆེན་པོའི་ཟླ་ཤེལ་དབང་། །མངོན་པར་མཐོན་གང་ཕན་དང་བདེ་བའི་འཛུམ་ཟེར་གསར་པའི་འཇོ་སྒེག་གིས། །སྲིད་པའི་མུན་ནག་ཕུང་པོར་རྣམ་རྒྱལ་ཞི་བའི་ཀུ་མུད་བཞད་དེར་འདུད། །གང་གསུང་སྒྲ་དང་ཚིག་གིས་མི་མཚོན་ལུང་རྟོགས་ཆར་སྤྲིན་རོལ་མོ་ནི། །སྐལ་བཟང་གཉིས་སྐྱེས་རྣ་བའི་བཅུད་ལེན་རྟག་པར་སྦྱིན་པའི་དེ་མ་ཐག །བྱང་ཆུབ་སྤྱོད་པའི་སྒྲོ་གཤོག་ཟླུམ་པོས་གྲུབ་གཉིས་རོལ་གར་བསྒྱུར་བ་དང་། །ལྷན་ཅིག་རྣམ་གྲོལ་མཆོག་གི་མངལ་ཁུར་མངོན་པར་འཛིན་མཛད་དེ་ལ་འདུད། ཁྱོད་ནི་འཇིག་རྟེན་གསུམ་གྱི་ཐོར་ཚུགས་རིན་ཆེན་དྲྭ་བས་སྤ་བ་དེར། །ཞབས་མཐིལ་བཀོད་ལ་ངོ་མཚར་ཅི་ཞིག་དེ་ཀུན་འདྲེན་པའི་རྒྱལ་བ་ཡིས། །ཐུགས་རྗེ་སྐུལ་མཛད་ཡེ་ཤེས་རབ་བསྐྱེད་ཡུམ་གྱུར་ཤེས་རབ་ཕར་ཕྱིན་དང་། །གཉིས་སུ་མ་ཡིན་མཉམ་པར་བཞུགས་པའི་ངོ་མཚར་མཆོག་དེར་བསྟོད་པར་བགྱི། །རྟག་ཏུ་མི་འབྲལ་ཏིང་འཛིན་བྱེད་པོས་ཁྱོད་སྐུ་རབ་མཛེས་ལྷུན་སྟུག་པ། །ཡིད་ཀྱི་ཐིག་ལེར་རོ་གཅིག་བཀོད་ཅིང་གྲགས་སྟོང་གསང་སྔགས་རོལ་མོ་ནི། །མགྲིན་པའི་རྒྱན་དུ་བར་མེད་འཁྲོལ་བས་དགྱེས་པའི་སྤྱན་ཟུར་གཡོ་བའི་འོད། །གུས་པ་ཆེན་པོའི་ཆུ་སྐྱེས་རྩེར་སོན་དགེ་མཚན་འདབ་བརྒྱ་དགོད་པར་ཤོག །བརྟན་གཡོའི་འབྱུང་ལྔའི་དྭངས་མ་ཀུན་དང་ཕུན་ཚོགས་རིང་འཚོའི་ཟིལ་དངར་གྱིས། །སྲོག་གི་མདུད་པ་དམ་པོར་བཅིངས་གྱུར་ལྷ་དང་དྲང་སྲོང་གྲུབ་པའི་སྡེ། །སྐྱེ་སོགས་བརྒལ་དཀའི་ཕ་མཐར་སོན་པའི་སྲས་བཅས་རྒྱལ་བའི་ཐུགས་རྗེའི་དཔལ། །ཀུན་ནས་བསྡུས་ཏེ་རྣལ་འབྱོར་ལ་བརྩོན་སྐལ་བཟང་འགྲོ་ལ་རྒྱ་ཆེར་སྩོལ། །དེ་མཐུས་མི་བགྲེས་ལང་ཚོའི་སྟོབས་ཀྱིས་གཉིས་འཐུང་དབང་པོ་ཟིལ་གནོན་ཅིང་། །བསྲུབས་སྐྱེས་བདུད་རྩིའི་བཅུད་ལེན་གྲུབ་བཞིན་བསྐལ་པར་མི་ཤིགས་རྡོ་རྗེའི་སྲོག །ཚེ་གྲངས་མེད་པར་ཀུན་ནས་ཐོབ་པའི་ལྷ་ཡི་ཚལ་སྐྱེས་གོ་བི་དཱ། །བསོད་ནམས་ཡེ་ཤེས་ལོ་འདབ་རབ་གཡོ་མཆོག་གི་འབྲས་བུ་འཛིན་པར་ཤོག །ཁྱད་པར་དུས་མིན་འཆི་བའི་འཇིགས་སྟེར་ཤ་ཟ་ཁྲོས་པའི་གདོང་པ་ལྟའི། །ནད་ཀྱིས་འཚེ་དང་རྒྱལ་པོའི་ཆད་པ་གཅན་གཟན་ཆུ་གཏེར་འཁྲུགས་པའི་རླབས། ཆོམ་རྐུན་བྲང་འགྲོ་སེང་གེ་ཁྲོས་དང་གཉིས་འཐུང་ལ་སོགས་གདུག་པའི་རྐྱེན། །ཐུགས་བརྩེའི་ཤུགས་ཀྱིས་མྱུར་དུ་བཅོམ་ནས་བདེ་བའི་གོ་སར་སོན་གྱུར་ཅིག །ལམ་གསུམ་འགྲོ་བས་རྟག་པར་བཀྲུས་ཀྱང་ཅུང་ཟད་དག་པའི་སྐབས་བྲལ་ཞིང་། །ལྷ་ཡི་དབང་པོའི་ལག་ན་ཉལ་བའི་རྡོ་རྗེའི་མཚོན་གྱིས་བརྡར་བས་མིན། །ཤིན་ཏུ་གནག་པའི་ལས་ཀྱི་མུན་པས་མཐའ་མེད་འཁོར་བར་འཕྱན་གྱུར་གང་། ཁྱོད་ཞལ་དྲན་ཅིང་རིག་སྔགས་བཟླས་པའི་ཟླ་བའི་ཟེགས་མས་མྱུར་བཅོམ་མཛོད། །སྔོན་བྱུང་སྐབས་གསུམ་གྲོང་ཁྱེར་ལ་རྩེན་ཤིན་ཏུ་བརྟན་པར་དུས་མིན་གྱི། །འཆི་དང་ལས་ཀྱིས་སྡུག་བསྔལ་ཕུང་པོར་མངོན་པར་འཇུག་ཐོས་དེ་ཡི་ཚེ། །ཀུན་ནས་གདུང་བའི་སྤྲིན་བཞོན་བསྐུལ་ཏེ་བཅོམ་ལྡན་འདས་ལ་གསོལ་བའི་མོད། ཁྱོད་ཀྱི་རིགས་སྔགས་བསྟན་ནས་ཞི་བཞིན་བདག་ཀྱང་དེ་འདྲར་མཛད་དུ་གསོལ། །འདི་ན་པདྨ་གཞོན་ཤ་ཆགས་པས་འགྲམ་པའི་འཇོ་སྒེག་བསྟེན་བྱས་པའི། །རི་དྭགས་ཚོགས་རྣམས་ནགས་ན་རོལ་བཞིན་རྣལ་འབྱོར་ལ་བརྩོན་འཁོར་བཅས་ཀྱང་། །བས་མཐའི་གནས་མཆོག་ཤིན་ཏུ་ཉམས་དགར་ཤིང་ཤུན་འཇམ་པོའི་ཁང་བཟང་དབུས། །སྦྱངས་ཡོན་བཅུ་གཉིས་ཚུལ་བཞིན་སྤྱོད་ནས་སྲོག་གི་ལྷག་མ་དོན་ལྡན་ཤོག །སྟོང་ཉིད་སྙིང་རྗེའི་ཤིང་རྟའི་དབང་གྱུར་ཁྱོད་ཞབས་པདྨའི་རྩ་ལག་གིས། །བརྒྱད་གཉིས་འཇིགས་པའི་མུན་པ་རབ་ཞི་རིག་པའི་བློ་དང་བསོད་ནམས་དཔལ། །དད་ནོར་གཏོང་སོགས་ཡོན་ཏན་བདུན་ལྡན་ཨུཏྤལ་གཞོན་ནུ་ཉེར་རྒྱས་ཤིང་། །ལེགས་ཚོགས་དབང་གྱུར་ཚུལ་མིན་ཀུ་མུད་ཀུན་ནས་ཀུན་ཏུ་ཟུམ་པར་མཛོད། །ནམ་ཞིག་འདི་སྣང་ནུབ་པར་གྱུར་ཚེ་གང་གི་ཐུགས་རྗེའི་ཕྱག་སོར་གྱིས། །དགྱེས་པར་བཟུང་ནས་ཉམ་ངའི་འཕྲང་ལས་དབུགས་འབྱིན་སྩོལ་བའི་དེ་མ་ཐག །ཆུ་སྐྱེས་གཞོན་ནུའི་མངལ་ལས་གྲོལ་བའི་དག་པའི་ལུས་མཆོག་འཛིན་པའི་མོད། །ཚེ་དང་ཡེ་ཤེས་འོད་ཟེར་དཔག་མེད་མགོན་པོ་དེ་ཡི་ཞལ་མཐོང་ཤོག །དེ་ལྟར་གུས་པས་གསོལ་བ་བཏབ་ཅིང་ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ། །ངག་གི་གདུང་དབྱངས་མགྲིན་པར་བརྩེགས་ནས་ཡིད་ཀྱིས་ཉིན་མཚན་བར་མེད་དུ། །འཕགས་མ་གང་གི་ཡོན་ཏན་ལ་དད་བསྟོད་པའི་རྒྱལ་པོ་འདི་བཀླགས་པས། །ཇི་སྐད་གསུངས་པའི་དོན་རྣམས་གྲུབ་སྟེ་སྐལ་པ་བཟང་ལྡན་སྐྱེ་བོར་འགྱུར། །དེ་ལྟར་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་འདི་ནི་རང་གཞན་གྱི་དོན་དུ་ཉེ་བར་དམིགས་ཏེ། བློ་གསལ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་ལེགས་པར་སྦྱར་བ་འདིས་ཀྱང་བླ་ན་མེད་པའི་དགེ་མཚན་དམ་པ་རྨད་དུ་བྱུང་བ་འབྱུང་བར་གྱུར་ཅིག། །། ༈ རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྻ་ཏཱརཱཙིཏྟཱཙཀྲེ་སྟོཏྲཾ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ན་སྣ་ཚོགས་ལས་ཀྱི་འཁྲི་ཤིང་མཐའ་མེད་བཙུགས་ཀུན་སྡུག་བསྔལ་ཁུར། །བརྒྱ་ཕྲག་འབྲས་བུའི་ངལ་བས་གཙེས་བྱས་དེ་ཚེ་འཕགས་མ་གང་གི་མཚན། །འཛིན་པ་ཡིས་ཀྱང་བྱུང་དང་འབྱུང་འགྱུར་འཇིགས་པའི་ཆུ་གཏེར་བསྒྲལ་མཛད་ཕྱིར། །དེ་ཉིད་ཁོ་ནར་བསྟོད་པའི་ཚིག་འདི་བློ་ལྡན་སུ་ཞིག་འཛིན་མི་བྱེད། །གང་ན་ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་ཚོགས་ཀྱི་དགའ་ཚལ་ནི། །མནན་ནེམ་བཏེག་འཕར་རཏྣའི་ས་གཞི་བཻ་ཌཱུརྻ་ཡི་བྲག་རིས་བརྗིད། །དྭངས་པའི་རོལ་མཚོར་པུཎྜ་རཱི་ཀའི་དྲྭ་བས་སྦྲེལ་བའི་བར་བར་དུ། །དབང་པོའི་བྱ་ཚོགས་ཁ་དོག་སྣ་ཚོགས་ཡིད་འོང་སྙན་པའི་སྒྲ་སྒྲོག་དེར། །རིན་ཆེན་ལྗོན་ཤིང་བལྟ་ན་ལྷུན་སྟུག་ཡལ་འདབ་གཡོ་བའི་བསྟི་སྟང་གིས། །རྟ་བབས་བསྟེན་འདྲའི་གཞལ་མེད་ཁང་ཆེན་བཀོད་པས་ཁྱད་པར་གྱུར་པ་གང་། །སྒྱུ་མའི་ཟློས་གར་རྩེ་བ་ཇི་བཞིན་སྒོ་འཕར་གཡོ་བའི་དཔལ་དེ་ཡིས། །ཏིང་འཛིན་བརྒྱ་ཕྲག་དུ་མ་ཐོབ་བྱེད་ལྷ་ཡི་སྐྱེད་ཚལ་ལས་འཕགས་དབུས། །རབ་མཛེས་གཞོན་ནུའི་མཆུ་སྒྲོས་ལས་ལྷག་ཨུཏྤལ་དཀར་པོའི་འདབ་མ་ཡི། །འཛུམ་ཕྲེང་དགོད་པ་ཆུ་གཏེར་ལ་ཞུགས་ཉིན་མོའི་ཕྱོགས་ཀྱིས་སྨད་བྱས་པར། །གཅིག་ཤོས་འོད་ཟེར་ཕྲེང་བས་མངོན་བསུས་རང་དྲིན་དྲན་པས་འདེགས་རྩོམ་ཚེ། ཁྱོད་ཞབས་སྙིང་རྗེའི་གཞོན་ཤ་ཆགས་དེའི་འབབ་སྟེགས་གཅིག་ཏུ་གྱུར་པ་བཞིན། །ག་པུར་འཛིན་པའི་འོད་རིས་ཀྱིས་ཕྱེ་ཀུ་མུད་འཛུམ་ཕྲེང་གཡོ་བ་དང་། །ཆུ་འཛིན་གཞོན་ནུའི་བླ་བྲེ་ལས་བྱུང་ཁ་བའི་རྡུལ་བརྩེགས་ཀཻ་ལ་ཤས། །མཚོན་པ་མ་ཡིན་ཁྱོད་སྐུ་རབ་མཛེས་རྡུལ་གྱི་ཐིག་ལེའི་ལང་ཚོ་ལ། །མཚན་དཔེའི་ཡོན་ཏན་རི་དྭགས་ཀྱིས་འཁྱུད་ཀུན་རྨོངས་མ་རིག་སེལ་ལ་འདུད། །ཕྱག་གཡས་ལྕུག་ཕྲན་གཞོན་ནུའི་འཁྲི་ཤིང་མཆོག་སྦྱིན་བསིལ་ཡབ་དམ་པ་དེར། །གཟུང་འཛིན་འཁྲུལ་པའི་མྱ་ངམ་ཐང་ལ་མཐའ་མེད་འཁྱམས་གྱུར་སྲིད་པའི་འགྲོ། །སྣ་ཚོགས་འཇིགས་སྟེར་སྡུག་བསྔལ་གསུམ་གྱི་ཚ་གདུང་དག་ལས་དབུགས་འབྱིན་ནས། །དགའ་དང་གཏན་བདེའི་ངལ་བསོ་སྦྱིན་མཛད་ཐུགས་རྗེ་བརྩེ་ལྡན་ཁྱོད་ལ་འདུད། །གཡོན་པས་རིན་ཆེན་རྣམ་གསུམ་མཚོན་བྱེད་ཕྱག་རྒྱ་དང་བཅས་མཐེབ་སྲིན་གྱིས། །སྙིང་རྗེའི་བདུད་རྩིས་མངོན་པར་ཕྱེ་བའི་པུཎྜ་རཱི་ཀའི་མེ་ཏོག་གསར། །ལོ་འདབ་དང་བཅས་རབ་ཏུ་སྒེག་པར་འཛིན་དེས་སྐལ་བཟང་སྐྱེ་བོ་ལ། །ཐར་པ་མཆོག་གི་བཅུད་ལེན་སྦྱིན་མཛད་ཀུན་ནས་ཞི་མ་ཁྱོད་ལ་འདུད། །གནས་སྐབས་བྱང་ཆུབ་ཡན་ལག་བདུན་ལྡན་འདྲེན་བྱེད་ཟིམ་བུའི་འཇོ་སྒེག་གིས། །མངོན་པར་མཐོ་བའི་གོ་འཕང་ཆེན་པོ་ནེམ་ནུར་མེད་པར་སྦྱིན་པ་དང་། །ཆབས་ཅིག་མཐར་ཐུག་སྐུ་བཞིའི་འབྱོར་པ་རྨད་དུ་བྱུང་བའི་རྒྱལ་སྲིད་ལ། །མཆོག་ཏུ་དབང་བསྒྱུར་ཕྲིན་ལས་སྩོལ་མཛད་ཀུན་མཁྱེན་མ་ཁྱོད་ལས་གཞན་སུ། །ཤིན་ཏུ་ཞི་ཞིང་འཛུམ་པའི་བཞིན་ཅན་སྣ་ཚོགས་འོད་ཟེར་ཕྲེང་བས་མཛེས། །ལྕིད་ཀྱིས་ནོན་སྤངས་ལྷ་རྫས་མཆོག་གི་སྟོད་གཡོགས་སྨད་དཀྲིས་རབ་འཆང་ཞིང་། །ཐ་དད་རིན་ཆེན་དྲྭ་བར་འབྲེལ་བ་ཕྱག་ཞབས་མགུལ་པར་སྤྲས་པ་དེས། །འགྲོ་ལ་མི་འཇིགས་སྦྱིན་པ་སྟེར་བའི་ཡོན་ཏན་མངའ་བ་ཁྱོད་ལ་འདུད། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུའི་འོད་ཟེར་གྱིས་བོས་རིགས་ཀྱི་བདག །མི་བགྲེས་སྐྱེ་འཆིའི་རྟོག་པ་རྣམ་སྤངས་ཚེ་དང་ཡེ་ཤེས་དཔག་མེད་པའི། །ཞབས་མཐིལ་བཅིངས་པས་འགྲོ་ཀུན་འཆི་མེད་བདེ་བའི་བཅུད་ལེན་སྦྱིན་པ་དེ། །གེ་སར་ཉིད་ཡིན་གཞན་དུ་སྲིད་ན་འདུ་འབྲལ་དབྱེན་གྱིས་ཕྱེད་མི་འགྱུར། ཁྱོད་སྐུ་རབ་མཛེས་ཀུན་ཏུ་ཞི་ཞིང་རྣམ་པར་དག་པའི་དཔལ་དེ་ཡི། །གཟི་བྱིན་འགོག་ཕྱིར་བཅུ་དྲུག་ཆ་ལྡན་དོ་ཟླར་འོངས་པའི་དེ་མ་ཐག །ཅུང་ཟད་ཙམ་ཡང་བསྒྲུན་པར་མ་བཟོད་སླར་ཡང་ངོ་ཚའི་གྲིབ་མ་རུ། །མངོན་པར་ཡིབས་དེས་རྒྱབ་ཡོལ་མཛད་པའི་ངོ་མཚར་མཆོག་ལྡན་དེ་ལ་འདུད། །ཆོས་ཀུན་གཟོད་ནས་བདག་གིར་མ་བཅིངས་རྣམ་ཐར་གསུམ་ལྡན་མཁའ་འདྲའི་དབྱིངས། །མཚན་རྟོག་སྤྲོས་པའི་སྦུབས་སུ་མི་གནས་ཡང་དག་དབུ་མའི་ལམ་རིག་པས། །གཉིས་སྣང་རྟོག་པའི་ཕ་མཐར་བརྒལ་ཀྱང་བདེ་ཆེན་སྙིང་རྗེའི་འཇོ་སྒེག་ཅན། །ཟུང་འཇུག་དབྱེར་མེད་རྣམ་ཀུན་མཆོག་ལྡན་འོད་གསལ་ཆོས་ཀྱི་སྐུ་ལ་འདུད། །གང་གི་རང་བཞིན་གཡོ་བ་མེད་ཀྱང་སྟོང་གཟུགས་སྒྱུ་མའི་རོལ་མོ་ནི། །ཟག་བྲལ་བདེ་བ་མཆོག་གིས་རྒྱས་བཏབ་ཀུན་ཏུ་མཉམ་པར་སྦྱར་བ་ཡིས། །འོག་མིན་གནས་སུ་མཚན་དཔེའི་རོལ་གར་སྒྱུ་འཕྲུལ་དྲྭ་བའི་རྣམ་པ་ཅན། །དག་པའི་གདུལ་བྱའི་ཚོགས་རྣམས་སྨིན་མཛད་ལོངས་སྤྱོད་རྫོགས་སྐུ་ཁྱོད་ལ་འདུད། །འདི་ན་བློ་མིག་ཉོན་མོངས་ཀྱིས་ལྡོངས་སྣ་ཚོགས་རྟོག་པར་འཕྱན་པའི་འགྲོ། །སྐད་ཅིག་རེར་ཡང་དེ་སྙེད་བརྩེ་བའི་ཟློས་གར་ཟད་མེད་བསྒྱུར་བ་ཡིས། །ལམ་གྱི་སྟེགས་དང་ལམ་དང་ལམ་གྱི་འབྲས་བུར་སྦྱོར་བར་མཛད་པའི་དཔལ། །ཚད་མེད་འཇུག་པ་དུས་ལས་མི་ཡོལ་སྤྲུལ་པའི་སྐུ་མངའ་ཁྱོད་ལ་འདུད། །རིན་ཐང་བྲལ་བའི་རཏྣས་གཙུག་ཕུད་དམ་པོར་བཅིངས་བྱས་འཇིག་རྟེན་ན། །གྲགས་པའི་དཔལ་ནི་ཉི་མ་ལྟར་གསལ་དེ་དག་གིས་ཀྱང་ཁྱོད་ཞབས་ལ། །བཏུད་པར་མཛད་པའི་ངོ་མཚར་འགོག་ཕྱིར་དུས་གསུམ་རྒྱལ་བ་སྲས་བཅས་ཀུན། །སྐྱེད་པའི་ཡུམ་གཅིག་ཤེས་རབ་ཕར་ཕྱིན་མཆོག་གི་སྐུ་རུ་བསྟན་ལ་འདུད། །ཤིན་ཏུ་རབ་མཛེས་ཆུ་སྐྱེས་གཞོན་ནུའི་དཔལ་ལྟར་གསལ་བའི་མཚན་དཔེའི་གཟུགས། །སྙིང་རྗེའི་དྲི་བསུང་མངར་པོས་ཕྱོགས་ཀུན་ཡོངས་སུ་འགེངས་བྱས་དེ་ཡི་མཐུས། །བྱང་སེམས་ལྷ་དབང་དྲང་སྲོང་གྲུབ་པའི་འཁོར་ཚོགས་རཿཡིག་གཉིས་པའི་སྤྲིན། །གྲངས་མེད་རོལ་སྒེག་རྣམ་པར་གཡོ་བས་གསུང་གི་བཅུད་ལེན་བཏུང་ལ་འདུད། །དེ་ལྟར་རབ་སྙན་བསྟོད་ཚིག་དྲི་བཞོན་དལ་བུར་རྒྱུ་བའི་ཕོ་ཉ་ཡིས། །སྤྲོས་བྲལ་ཀུན་གསལ་གཞོན་ནུར་རབ་ཆགས་མཁྱེན་བརྩེའི་སྤྲིན་དཀར་འཛུམ་ཞལ་ལ། །རྣམ་པར་འཁྱུད་པས་རྗེས་སུ་གཟིགས་པའི་བྱིན་རླབས་བདུད་རྩིའི་ཐིགས་ཕྲེང་གིས། །བདག་སོགས་གུས་པའི་བ་ཀུ་ལར་རེག་ཕན་བདེའི་འདབ་ཕྲེང་གྲོལ་མཛོད་ཀྱེ། །གནས་སྐབས་བསོད་ནམས་མ་ཡིན་ཆང་གི་བཏུང་བས་མྱོས་པའི་སྣ་ཞགས་ཅན། །བརྒྱད་གཉིས་འཇིགས་པའི་མཚོན་འཁོར་གཡོ་བས་བདག་གཞན་སྡུག་བསྔལ་གསུམ་ལྡན་གྱི། །ཟུག་རྔུའི་ཚོར་བས་རྣམ་པར་འཆིང་བྱེད་ཐུགས་རྗེའི་མཆིལ་པས་དབང་བསྡུས་ཏེ། །མཐོ་རིས་ཡོན་ཏན་བདུན་གྱི་བདག་ཉིད་བདེ་བའི་ཤུལ་ལམ་ལ་ཞུགས་མཛོད། ཁྱད་པར་དུས་མིན་འཆི་བའི་རླབས་ཕྲེང་མི་བཟད་ལྡན་པའི་སིནྡྷུའི་བདག །མ་རུངས་འབྱུང་པོ་རལ་གྲིའི་སོ་ཅན་སྣ་ཚོགས་ཀུན་གྱིས་གང་བ་དེར། །བསྟི་བར་ཕྱོགས་ཚེ་ཁྱོད་ཀྱི་ཐུགས་རྗེའི་ཆུ་གཏེར་ལམ་ལས་ལེགས་བསྐྱོད་ནས། །འཆི་མེད་བདེ་ལྡན་རིན་ཆེན་གླིང་ཕྱིན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྟག་ཏུ་གང་སྐུའི་ཤར་གྱི་ཐིག་ལེ་རབ་གུས་བདེ་འབྱུང་གཙུག་ཏོར་རྩེར། །སྣང་སྟོང་ཟུང་འཇུག་འཁོར་ལོར་བསྒོམས་ནས་གསང་སྔགས་འབྲུ་བརྒྱད་འབར་བའི་མོད། །དུས་ཀུན་སྙིང་གི་ཀུནྡཱར་བརྟེན་ལས་རིང་འཚོའི་བཅུད་ལེན་གྲུབ་པ་དང་། །ལྷན་ཅིག་དགྱེས་ཞལ་རྣམ་པར་གཡོ་མཐོང་ལུང་བསྟན་དབུགས་དབྱུང་སྩོལ་བར་མཛོད། །གཞན་ཡང་ཕན་བདེའི་རྩ་ལག་གཅིག་གྱུར་རྒྱལ་བསྟན་འཛིན་པའི་ཨུཏྤ་ལ། །ལུང་རྟོགས་ཉིན་མོའི་འོད་ཟེར་ལ་ཕྱོགས་རིག་གྲོལ་འཛུམ་ཕྲེང་དགོད་པ་རྣམས། །སྐྱེ་རྒུའི་དད་པའི་ཐོར་ཚུགས་རྩེར་བཀོད་དེ་མཐུས་སྣོད་བཅུད་ཐམས་ཅད་ལ། །སླར་ཡང་རྫོགས་ལྡན་གསར་པའི་དགའ་སྟོན་ནུབ་པ་མེད་པར་སྦྱིན་གྱུར་ཅིག །ནམ་ཞིག་འདིར་སྣང་ཟད་པར་གྱུར་ཚེ་འབྱུང་བཞི་འདུས་པའི་ཡིད་ཀྱི་ལུས། །རབ་ཏུ་འཇིགས་བཅས་འཐོར་རླུང་གིས་བསྐྱོད་རྣལ་དུ་གནས་མིན་དེ་ཡི་ཚེ། །ཀུན་ནས་བརྩེ་ལྡན་འཕགས་མ་ཁྱོད་མཐོང་ཐུགས་རྗེའི་ར་བར་བཟླུམས་པ་ལས། །དག་པའི་ཞིང་དུ་དབུགས་འབྱིན་མཛད་ནས་གནས་ངན་ལེན་པ་ཡོངས་སྤོང་ཤོག །མཐར་ཐུག་བློ་ཡིས་གཞལ་བར་མི་ནུས་ཡོན་ཏན་རིན་ཆེན་ཡོངས་ཀྱི་མཛོད། །དྲན་པས་སྲིད་ཞིའི་དགོས་འདོད་ཀུན་འབྱུང་རྒྱལ་བའི་ཡུམ་གཅིག་ཁྱོད་བཞིན་དུ། །སྤངས་རྟོགས་ཕུན་ཚོགས་འགྲོ་ཀུན་སྒྲོལ་མཛད་གོ་འཕང་མཆོག་དེར་མྱུར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཕ་མཐའ་འཛིན་གྱུར་ཅིག །དེ་ལྟར་བསྔགས་བརྗོད་ཆུ་འཛིན་གཞོན་ནུ་ཚིག་སྙན་གློག་ཕྲེང་དོ་ཤལ་ཅན། །དོན་བཟང་སྤྲིན་གྱི་རོལ་མོ་གསར་པས་རབ་གུས་ལྡན་པའི་གཉིས་སྐྱེས་ཚོགས། །གནས་སྐབས་མངོན་མཐོའི་ཟློས་གར་བསྒྱུར་བས་སྲིད་ཞིའི་ཕུན་ཚོགས་འགུགས་པ་དང་། །མཐར་ཐུག་ཟུང་འཇུག་སྐུ་གསུམ་དབྱེར་མེད་མངལ་ཁུར་མཆོག་གིས་ལྕི་བར་འགྱུར། །དེ་ལྟར་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་འདི་ནི། ཞིང་གི་བཀོད་པ་དང་མཐུན་པར་རྟེན་དང་བརྟེན་པ་ཀུན་ལ་བསྔགས་བརྗོད་ཀྱི་ཚུལ་དུ་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་སྦྱར་པའི་དགེ་བས་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག་རྣམས་རྟག་ཏུ་ཞབས་པད་བརྟན་ཅིང་། བདག་གཞན་ཐམས་ཅད་དུས་མིན་གྱི་འཆི་བའི་འཇིགས་པ་ལས་གྲོལ་བའི་རྒྱུར་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).