Terdzo-DZI-019

From Rinchen Terdzö

པདྨ་ཚེའི་སྙིང་ཏིག་ལས། ཚེ་ཡུམ་ཙཎྜ་ལཱིའི་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་

pad+ma tshe'i snying tig las/_tshe yum tsaN+Da lI'i dbang gi cho ga bdud rtsi'i zil thigs

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  པདྨ་ཚེ་ཡི་སྙིང་ཏིག (Pad+ma tshe yi snying tig)
Volume 49 (ཛི) / Pages 225-238 / Folios 1a1 to 7b2

[edit]

༄༅། །པདྨ་ཚེའི་སྙིང་ཏིག་ལས། ཚེ་ཡུམ་ཙཎྜ་ལཱིའི་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། འཆི་མེད་བདེ་ཆེན་བདུད་རྩིའི་བཅུད། །མོས་པའི་སྣོད་དུ་འབེབ་པ་དང་། །ལྷན་ཅིག་ཡེ་ཤེས་སད་མཛད་པ། །བླ་མ་དབྱིངས་ཀྱི་ཡུམ་ལ་འདུད། །པདྨ་ཙཎྜ་ལཱིའི་སྨིན་བྱེད་སྒྲུབ་པ་ལ་སྦྱོར་བ་ནི། དཀྱིལ་འཁོར་ཟླ་གམ་དམར་པོ་སྒོ་གཅིག་གི་དབུས་སུ་ཆོས་འབྱུང་བསྣོལ་བའི་ལྟེ་བར་ལྷ་མཚན་ལྕགས་ཀྱུ་ཚེ་བུམ། ཟུར་དྲུག་དང་སྒོ་གཅིག་ལ་ཐིག་ལེ་དམར་པོ་རེ་རེ་བཀོད་པའམ། མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་བརྒྱད་དེ་མཚུངས་བཀོད་པས་ཀྱང་རུང་སྟེ། གང་ལྟར་དེའི་སྟེང་ཁྲིའུར་རྣམ་བུམ་ཉེར་ལྔའི་བཅུད་དང་ལེ་བརྒན་མགུལ་ཆིངས་ཁ་རྒྱན་ལྡན་པ། གཡས་གཡོན་དུ་ཚེ་རིལ་ཚེ་ཆང་། མདུན་དུ་ཚེ་གཏོར། རྒྱབ་ཏུ་འཇའ་ཤེལ་རྣམས་དགོད། ཕྱི་མཆོད། སྨན་རག་གཏོར་མ་རྣམས་སྤྱི་ལྟར་བཤམ། ཚོགས་དང་གཏོར་མ་ཉེར་མཁོའི་རིགས་སྤྱི་ལྟར་འདུ་བྱའོ། །དངོས་གཞིའི་ཐོག་མར་སྐྱབས་སེམས་ནས་བརྩམ་ཕྲིན་ལས་མཐར་ཆགས་སུ་གཏང་ཞིང་བདག་མདུན་དབྱེར་མེད་དུ་བསྒོམ། བཟླས་པའི་ཐོག་མར་ཛཔ྄་ཁང་དབྱེ། བདག་མདུན་གཉིས་ཀར་དང་ཁྱད་པར་སྒྲུབ་རྫས་རྣམས་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བཅས་བསྙེན་པ་ཅི་འགྲུབ་བཟླས་ལ་མཆོད་བསྟོད་དང་ཚེ་འགུགས་གཏང་། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་སྤྱི་ལྟར་བསྔོ། བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། སྐབས་དང་འབྲེལ་བའི་ཆོས་བཤད་ཅི་རིགས་བྱ། ཁྱད་པར། དེའང་དལ་འབྱོར་ཆོས་ལྡན་རིང་དུ་འཚོ་བའི་ཐབས་ལ་བརྩོན་པ་ནི་འཇིག་རྟེན་ན་དོན་དུ་གཉེར་བྱའི་གཙོ་བོ་ཡིན་ལ། དེའི་ཐབས་ཚུལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གྲངས་མཐའ་ཡས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པ་རྣམས་ཡིན་ཅིང་། དེ་དག་གི་ནང་ནས་ཟབ་པའི་ཕུལ་དུ་ཕྱིན་པ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཀུན་ཏུ་བཟང་མོ་ཉིད་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོའི་སྐུར་བསྟན་པ། དབང་གི་ལྷ་ལོ་ཙཎྜ་ལཱིའི་བསྐྱེད་རྫོགས་སྨིན་བྱེད་དང་བཅས་པའི་གདམས་ངག་ཤིན་ཏུ་ཟབ་ལ་འདྲིལ་བ་འདི་ནི། འཇམ་མགོན་ཁྲི་ལྡེའི་ཡེ་ཤེས་ཀྱི་རོལ་གར་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན་གཅིག་༧པདྨ་འོད་གསལ་མདོ་སྔགས་གླིང་པ་དགུང་ལོ་བཅོ་ལྔ་བཞེས་པ་ཤིང་ཕོ་རྟ་ལོ་རྒྱལ་ཟླ་བའི་ནང་ཚེ་སྒྲུབ་ཟབ་མོའི་ལྗགས་བསྙེན་གནང་བའི་ཚེས་བཅུའི་ཐོ་རངས་བཟླས་ཐུན་མཛད་སྐབས། ནམ་མཁའ་ནས་ཌཱ་མ་རུའི་སྒྲ་དང་དྲི་བཟང་གི་ངད་པ་འཐུལ་བའི་རྐྱེན་གྱིས་སྒྲུབ་རྫས་ཀྱི་སྟེང་དུ་འོད་དམར་པོ་ཤིན་ཏུ་གསལ་བ་ཞིག་ཞུགས་སོང་བའི་ཀློང་ན་འཆི་མེད་མནྡཱ་ར་བ་ཉིད་ཚེ་ཡུམ་ཙཎྜ་ལཱིའི་རྣམ་པས། ཡབ་བཀའ་ཚེ་དཔག་མེད་ཧྲཱིཿགཅིག་མའི་སྐོར་དང་། ཚེ་ཡུམ་ཙཎྜ་ལཱིའི་གདམས་ངག་རྗེས་སུ་བསྟན་པ་དབང་བསྐུར་བཅས་བསྩལ་པའི་མཐར་ཤིས་བརྗོད་སྐབས་མེ་ཏོག་དམར་པོའི་ཆར་སིལ་མར་བསྙིལ་པའི་ཐུགས་ཉམས་བྱུང་། ཕྱིར་ནང་སྒྲུབ་གཞིའི་སྟེང་དབྱར་མོ་ཐང་ལྟ་བུའི་མེ་ཏོག་དམར་པོ་ཁ་ཤས་དངོས་སུ་ཡོད་པའི་དག་སྣང་ཁྱད་པར་ཅན་བྱུང་བའི་དེ་འཕྲལ་ཉིད་དུ་ལས་བྱང་རྩ་བ་ཙམ་གཏན་ལ་ཕབ་སྟེ་ཉམས་བཞེས་མཛད་ནས་གསང་བའི་རྒྱས་བཏབ། ཕྱིས་དགུང་ལོ་ང་དགུ་རབ་ཚེས་ས་སྟག་ལོའི་དབྱར་ཐོག་སྨིན་གྲོལ་གདམས་པའི་བདུད་རྩི་ཐོག་མར་བཀའ་དྲིན་དུ་བསྩལ་བའི་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་ཡེ་ཤེས་མཁའ་འགྲོ་དབྱེར་མི་ཕྱེད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་སྟོན་པ་མཆོག་གཅིག་པུ༔ བླ་མ་འཆི་མེད་ཙཎྜ་ལཱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ ཡེ་ཤེས་ཚེ་ཡི་དབང་བསྐུར་སྩོལ༔ ལན་གསུམ། ཅེས་གསོལ་བ་བཏབ་པས་སྣོད་དུ་རུང་བ་ལ། དབང་དོན་གྱི་ཡེ་ཤེས་བརྟན་ཅིང་མཐར་ཕྱིན་པའི་སླད་དུ་འདའ་དཀའ་རྡོ་རྗེའི་དམ་ཚིག་ལ་གནས་པར་གདམས་པ་དང་བདུད་རྩིའི་ཆུ་ནན་སྦྱིན་པ་ཡིན་པས་ངེས་འཚལ། དམ་ཆུ་སྦྱིན་ཅིང་སྙིང་གར་རྡོ་རྗེ་བཞག་ལ། འཆི་མེད་དངོས་གྲུབ་དོན་གཉེར་ན༔ དད་དང་སྙིང་རྗེས་གཞི་གཟུང་སྟེ༔ དབང་དོན་དམ་ཚིག་སྲོག་བཞིན་སྲུངས༔ ཟབ་མོའི་ལམ་ལ་བརྩོན་པར་གྱིས༔ པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ༔ རྡོ་རྗེའི་ཡལ་གམ་གཉན་པོ་ལས་ནམ་ཡང་འདའ་བར་མི་བགྱིད་སྙམ་པས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དནྟི་ན་ར་ཀན༔ དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་གཉིས་སུ་མེད་པ་ལ་རྩ་གསུམ་ཚེའི་ལྷ་ཚོགས་ནམ་མཁའ་གང་བའི་འཁོར་དང་བཅས་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་འདི་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། སྨོན་པ་དང་འཇུག་པའི་བསམ་སྦྱོར་བརྟན་པོས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བསྐྱེད་པ་དང་། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་སྡོམ་པ་བརྟུལ་ཞུགས་དམ་ཚིག་རྣམས་ཚུལ་བཞིན་བླངས་ནས་ལེགས་པར་བསྲུང་བར་བགྱི་འོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། ཡེ་ཤེས་མཁའ་འགྲོ་སྐྱབས་ཀྱི་མཆོག་ཏུ་གཟུང༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པའི་དོན་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་དག་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་རང་བཞིན་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། རང་ཉིད་གནས་པའི་གོ་སར་ཆུ་སྐྱེས་དམར་པོ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་སྟེང་དུ་རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ་འོད་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་པདྨ་ཙཎྜ་ལཱི་དམར་གསལ་པདྨ་རཱ་གའི་མདངས་འོད་འཚེར་བ། སྤྱན་གསུམ་ཁྲོ་ཞིང་འཛུམ་ལ་རྗེས་སུ་ཆགས་པའི་ཉམས་ཅན་དབུ་སྐྲ་སིལ་བུར་གྲོལ་བ། ནུ་མ་འབུར་ཞིང་གསང་བའི་ཆུ་སྐྱེས་རྒྱས་པ། དར་སྣ་ལྔའི་ཅོད་པན་འཕུར་ཅིང་སྟོད་གཡོགས་དང་སྨད་ཤམ་བཀླུབས་པ། རུས་པ་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཕྱག་གཡས་པས་ལྕགས་ཀྱུ་ཕྱར་ཞིང་གཡོན་པས་བདུད་རྩིས་གང་བའི་འཆི་མེད་ཚེ་ཡི་བུམ་བཟང་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས་འོད་ཟེར་སྣ་ཚོགས་འབར་བའི་ཀློང་ན་འགྱིང་བའི་སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་ཅན། ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་པ། མིག་ཏུ་གཟུགས་རྡོ་རྗེ་མ། རྣ་བར་སྒྲ་རྡོ་རྗེ་མ། སྣར་དྲི་རྡོ་རྗེ་མ། ལྕེ་ལ་རོ་རྡོ་རྗེ་མ། གསང་བར་རེག་བྱ་རྡོ་རྗེ་མ། སྙིང་གར་ཆོས་རྡོ་རྗེ་མ་རྣམས་དམར་མོ། ཕྱག་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་གཡོན་པ་རྣམས་ཀྱིས་འདོད་ཡོན་དྲུག་གི་མཆོད་སྤྲིན་སྤྲོ་ཞིང་ཆ་ལུགས་གཙོ་མོ་དང་མཚུངས་པ། ཡན་ལག་བཞི་ལ་པདྨ་དབྱིངས་ཕྱུག་མ་དམར་མོ་ཁྲོ་མོའི་ཆས་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པ། གཞན་ཡང་སྐུའི་གནས་ཐམས་ཅད་དུ་རྩ་གསུམ་ཚེ་ལྷ་རབ་འབྱམས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་ཆོས་དབྱིངས་ཁྱབ་པར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་ནམ་མཁའ་གང་བ་ཙམ་དུ་བྱོན། སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པའི་མོས་པ་མཛོད། འབེབ་པའི་རྫས་དང་རོལ་མོ་དབྱངས་ཀྱིས་བསྐུལ་ལ། ལས་གཞུང་གི་སྤྱན་འདྲེན། ཧྲཱི༔ ཀ་དག་དབྱིངས་ལས་འཆི་མེད་མཁའ་འགྲོའི་ཚོགས༔ ལྷུན་གྲུབ་རིག་རྩལ་རོལ་པས་གནས་འདིར་གཤེགས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་བཞུགས༔ མི་འབྲལ་བྱིན་རློབས་ཚེ་དབང་དངོས་གྲུབ་སྩོལ༔ ཛྙཱ་ན་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ཨེ་ཨཱ་རལླི་ཧྲིང་ཧྲིང་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དང་། བསྙེན་སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་བརྗོད་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། རྒྱ་གྲམ་མགོར་བཞག །དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། མོས་གུས་ཀྱི་སྟོབས་དང་གདུང་ཤུགས་ཀྱིས་ཐུགས་དམ་བསྐུལ་པས་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་གྱི་རྡོ་རྗེའི་ལྷ་མོ་རྣམས་ལ་ཕོག །དེ་དག་ལས་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། ཁྱེད་རང་གི་བླ་ཚེ་སྲོག་དབུགས་གདོན་བགེགས་ཀྱིས་བརྐུས་ཕྲོགས་ཆད་ཉམས་ཡར་པ་ཐམས་ཅད་དང་། སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞིའི་བཅུད་དང་དྭངས་མ། བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་ཚེ་བསོད་དཔལ་འབྱོར། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་བདུད་རྩིའི་རྒྱུན་དང་འཇའ་འོད་ཟེར་ཐིག་གི་རྣམ་པར་བསྡུས་ཏེ་བ་སྤུའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བར་གྱུར་པའི་མོས་པ་མཛོད། མདའ་དར་གཡབ་ལ་ལས་བྱང་གི་ཚེ་འགུགས། ཧྲཱི༔ རང་སྣང་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་པདྨ་ཙཎྜ་ལཱི༔ གང་འདུལ་ལས་མཛད་རྡོ་རྗེའི་ལྷ་མོ་དྲུག༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ བདག་ཅག་བླ་ཚེ་ཆད་ཉམས་ཡར་པ་ཁུག༔ ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་ཁུག༔ འཁོར་འདས་ཚེ་དང་བསོད་ནམས་ཡེ་ཤེས་ཁུག༔ སྲོག་ཚེ་ཆད་པ་ཆོས་ཉིད་བདེན་པས་མཐུད༔ འཚོ་ཁམས་ཉམས་པ་བདུད་རྩིའི་བཅུད་ཀྱིས་གསོས༔ བླ་ཚེ་ཡར་པ་པདྨའི་ལྕགས་ཀྱུས་ཁུག༔ སྒྲུབ་པའི་རྫས་ལ་བརྟན་གཡོའི་དྭངས་མ་སྟིམས༔ རྣལ་འབྱོར་སྒོ་གསུམ་འཆི་མེད་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་དེང་འདིར་སྩོལ༔ རྩ་སྔགས་དང༔ ཚེ་བྷྲཱུྃ་ཧྲཱིཿཛ༔ གཡུ་བྷྲཱུྃ་ནྲྀ་ཛ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གྱེར་ཞིང་བརྗོད། དབང་དངོས་ལ་རྣམ་གྲངས་ལྔ་ཡོད་པ་ལས། དང་པོ་བུམ་པའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་པ་རྣམས་དང་། སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིའི་རྒྱུན་གྱིས་གང་བ་སྤྱི་བོ་ནས་གཏོར་ཞིང་བླུགས་པའི་ཆོ་ག་སྩོལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧྲཱི༔ བཀྲ་ཤིས་བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ ནང་བཅུད་གཟུགས་སྐུ་མཁའ་འགྲོའི་དཀྱིལ་འཁོར་ཤར༔ འོད་ཞུ་འཆི་མེད་བདུད་རྩིས་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་མགོར་བཞག་ཅིང་བུམ་ཆུ་སྦྱིན། དེས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་ཞི། སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ། བླ་མ་ཚེ་བདག་ཙཎྜ་ལཱི་རང་འོད་ཀྱི་ཡབ་ཚེ་དཔག་མེད་དང་མཉམ་པར་སྦྱོར་བའི་དཀར་དམར་ལྷག་པའི་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བ། ལྕེ་ལ་བཞག་པས་རྩ་ཁམས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ བླ་མ་འཆི་མེད་ཡེ་ཤེས་ཙཎྜ་ལཱི༔ པདྨ་ཚེ་དཔག་མེད་དང་མཉམ་སྦྱོར་བའི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསང་བ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གསང་བའི་དབང་ཐོབ། ངག་གི་སྡིག་སྒྲིབ་ནད་གདོན་ཞི། གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེར་ཡེའི་དབང་བསྐུར་བ་ལ། འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐིག་ལེའི་གཟུགས་སུ་འཁྱིལ་པ་འཆི་མེད་ཚེའི་རིལ་བུ་མགྲིན་པར་མྱངས་པས། མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱི༔ སྲིད་ཞིའི་དྭངས་མ་མི་འགྱུར་ཐིག་ལེའི་གཟུགས༔ བཅུད་ལེན་ཚེ་ཡི་རིལ་བུ་འདི་བྱིན་པས༔ རྩ་རླུང་ཐིག་ལེ་དགའ་བཞིའི་ནུས་སྟོབས་འབར༔ བདེ་ཆེན་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་བདེ་ཆེན་གྱི་དབང་ཐོབ། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་ཞི། བདེ་སྟོང་རྩོལ་བཅས་ཀྱི་ལམ་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །བཞི་པ་རིག་པ་རྩལ་གྱི་དབང་བསྐུར་བ་ལ། ཤེལ་དང་འཇའ་ཚོན་གྱི་བརྡས་མཚོན་ཏེ་ནང་དབྱིངས་ཀ་དག་གཏིང་གསལ་ཤེལ་གོང་ལྟ་བུ་ལས་ཕྱིར་གསལ་ལྷུན་གྲུབ་ཀྱི་སྣང་བ་འཇའ་ཚོན་ལྟ་བུར་ཤར་ཡང་། རྐྱེན་གྱིས་སྣང་བ་ཙམ་ལས་གདོད་ནས་གཞི་ལས་མ་གཡོས་པ་རང་གྲོལ་ཅོག་བཞག་ཆེན་པོའི་དགོངས་པར་ལ་བཟླ་བར་གྱིས་ཤིག །འཇའ་ཤེལ་གྱི་བརྡ་བསྟན་ལ། ཧྲཱི༔ སེམས་ཉིད་ངོ་བོ་ཀ་དག་ཤེལ་ལྟ་བུ༔ ལྷུན་གྲུབ་རོལ་པ་འཇའ་ཟེར་བཞིན་དུ་ཤར༔ དབྱེར་མེད་གཉུག་མ་དོན་གྱི་དབང་བསྐུར་བས༔ རིག་རྩལ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ དེས་རིག་རྩལ་ཡེ་ཤེས་ཀྱི་དབང་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་སྒྲིབ་ནད་གདོན་ཞི། རིག་སྟོང་རྩོལ་མེད་ཀྱི་ལམ་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །ལྔ་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་ཟླ་གམ་དབང་གི་གཞལ་ཡས་ཁང་དུ་གཏོར་མ་ཚེ་བདག་ཙཎྜ་ལཱི་གཙོ་འཁོར་རིག་འཛིན་བརྒྱུད་པའི་བླ་མ། རྩ་གསུམ་ཚེའི་ལྷ་ཚོགས་རྣམས་མངོན་སུམ་བཞིན་དུ་བཞུགས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཤིང་ཐུགས་དམ་བསྐུལ་བས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་ཆེན་ཕབ། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བསྩལ། སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་དབྱིངས་ཕྱུག་ཚེ་བདག་གཙོ་འཁོར་དང་གཉིས་མེད་དུ་གྱུར་པར་མོས་ཤིག །ཚེ་གཏོར་མགོར་བཞག་ལ། ཧྲཱི༔ ཆོས་སྐུའི་བདག་ཉིད་བཅོམ་ལྡན་སྣང་མཐའ་ཡས༔ ལྔ་ལྡན་ལོངས་སྐུ་མགོན་པོ་ཚེ་དཔག་མེད༔ སྤྲུལ་སྐུ་འཆི་མེད་ལྷ་མོ་ཙཎྜ་ལཱི༔ སྐུ་གསུམ་དབྱེར་མེད་པདྨ་སཾ་བྷ་བ༔ དབྱིངས་ཕྱུག་ཚེ་ཡི་བདག་ཉིད་མནྡཱ་ར༔ རྗེ་འབངས་གྲོགས་གསུམ་གནུབས་ཆེན་ནམ་སྙིང་སོགས༔ འཆི་མེད་གྲུབ་པའི་རིག་འཛིན་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་གཟི་བྱིན་སྐྱེད༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ཀྱི༔ བླ་ཚེ་ཆད་ཉམས་ཡར་པ་དེང་འདིར་ཁུག༔ བར་ཆད་ཚེ་འཕྲང་འོད་གསལ་དབྱིངས་སུ་སོལ༔ འཁོར་འདས་དྭངས་བཅུད་སྙིང་དབུས་ཐིག་ལེར་སྟིམས༔ གཞོན་ནུ་བུམ་སྐུ་སྐྱེ་འཆི་བྲལ་བའི་ཀློང༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ སྔགས་མཐར། སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས། དེ་ལྟར་འཆི་མེད་ཚེའི་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་ཚེའི་བཅུད་ཀྱིས་གང་བའི་དྭངས་མ་ཐམས་ཅད་འུབས་ཀྱིས་འདུས་ནས་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་ལ་ཐིམ། དེའང་གདོད་ནས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་གཉུག་མ་འོད་གསལ་ཆེན་པོའི་ཀློང་དུ་རྒྱས་བཏབ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། འཁོར་འདས་ཚེ་ཡི་དྭངས་མ་ཀུན༔ མི་ཤིགས་ཐིག་ལེ་ཧྲཱིཿལ་ཐིམ༔ དེ་ཡང་བརྗོད་བྲལ་ཀ་དག་ཀློང༔ སྐྱེ་འཆི་མེད་པར་རྒྱས་གདབ་བོ༔ ཧྲཱིཿབྷྲཱུྃ་ཨཱ་ཡུརྫྙཱ་ན་ཨ་ཨ༔ ཞེས་བརྗོད། རྒྱལ་བས་བྱིན་གྱིས་བརླབས་པའི་བཀྲ་ཤིས་པའི་རྫས་རྣམས་མདུན་དུ་བདར་ཏེ་མངའ་གསོལ་བར་མོས་ཤིག །ཅེས་ཚིགས་བཅད་རྒྱས་བསྡུས་གང་རུང་གིས་རྫས་བརྒྱད་སྦྱིན། ཤིས་པ་བརྗོད་ལ་མེ་ཏོག་འཐོར། དེ་དག་གིས་པདྨ་ཚེའི་སྙིང་ཐིག་ལས་འཆི་མེད་མཁའ་འགྲོ་ཙཎྜ་ལཱིའི་སྨིན་བྱེད་གྲུབ་པ་སྟེ། གཞུང་ལས། དེ་ལྟར་ཟབ་མོའི་དབང་བསྐུར་མཆོག༔ འདིས་ནི་ལམ་གྱི་སྣོད་དུ་འགྱུར༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཐར་ཐུག་འཆི་མེད་སྐུ་འགྲུབ་ཕྱིར༔ སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ ཞེས་གདམས་པར་མཛད་པ་ལ་ངེས་ཤེས་དྲགས་པོས་འདི་ཉིད་གཡར་དམ་དུ་འཆང་བའི་མཚོན་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། རྗེས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། སློབ་དཔོན་གྱིས་སྲུང་མའི་གཏོར་འབུལ། ཚོགས་མཆོད་ནས་ཤིས་བརྗོད་བར་རྗེས་ཀྱི་རིམ་པ་ལས་གཞུང་ལྟར་བྱས་པས་གྲུབ་བོ། །བདེ་ཀློང་འཁྱིལ་པ་ཡུམ་གྱི་མཁར། །ཟག་མེད་ཡེ་ཤེས་རྡོ་རྗེར་སྨིན། །རྟག་པ་དམ་པར་བྱང་ཆུབ་པའི། །གོ་འཕང་ཀུན་ལ་སྩོལ་ནུས་ཤོག །ཅེས་པའང་གཏེར་ཆེན་བླ་མ་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་སྨིན་གྲོལ་བདུད་རྩིའི་བཅུད་མཆོག་ཐོག་མར་བསྩལ་ཞིང་བཀའི་གནང་བ་ཐོབ་པ་ལ་བརྟེན། འདུ་གསུམ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྤེལ་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).