Terdzo-DA-069

From Rinchen Terdzö

གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་དབང་བསྐུར་རྒྱས་པ་སྨིན་ལམ་དབང་གི་རྒྱལ་པོ་མ་བུ་ཟུང་བསྡེབས་ཀྱི་ཡི་གེ་སྒྲིབ་གཉིས་གཡུལ་ལས་རྣམ་རྒྱལ་

gu ru drag po bde gshegs 'dus pa'i dbang bskur rgyas pa smin lam dbang gi rgyal po ma bu zung bsdebs kyi yi ge sgrib gnyis g.yul las rnam rgyal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  གུ་རུ་དྲག་པོ་དམར་པོ་བདེ་གཤེགས་འདུས་པ་ (Gu ru drag po dmar po bde gshegs 'dus pa)
Volume 11 (ད) / Pages 1135-1172 / Folios 1a1 to 19b6

[edit]

༄༅། །གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་དབང་བསྐུར་རྒྱས་པ་སྨིན་ལམ་དབང་གི་རྒྱལ་པོ་མ་བུ་ཟུང་བསྡེབས་ཀྱི་ཡི་གེ་སྒྲིབ་གཉིས་གཡུལ་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཀྲོ་དྷ་བཛྲ་ཀ་པཱ་ལ་མཱ་ལ་ཡ། །རྒྱལ་བ་ཀུན་གྱི་གསང་གསུམ་ཕྲིན་ལས་བཅས། །གཅིག་བསྡུས་བྱིན་རླབས་གཏེར་ཆེན་གུ་རུ་རྗེ། །རྡོ་རྗེ་ཁྲོ་བོའི་སྐུར་བཞེངས་བདེ་བར་གཤེགས། །ཡོངས་ཀྱི་སྟོབས་འདུས་དེ་ཡིས་བདག་བྱིན་རློབས། །སྔོན་དུས་དར་རྒྱས་ཆེ་དྲགས་ཕལ་ཆེར་འཆལ། །དེང་སང་དབང་རྒྱུན་ཙམ་ཡང་རྙེད་དཀའ་བས། །རྣམ་གསལ་ལག་ལེན་བཀོད་འདི་མཁས་འདོད་མིན། །བཀླག་ཆོག་ཁོ་ན་རྨོངས་ལ་བྲིམ་ཕྱིར་རོ། །བླ་མ་མངའ་བདག་ཆེན་པོའི་གཏེར་བྱོན་གུ་རུ་དྲག་པོའི་གཞུང་རྒྱས་པ་བདེ་གཤེགས་འདུས་པའི་དབང་ལ། རྩ་བ་མ་བུ་དོན་བསྡེབས། སྣང་སྲིད་ལྷ་འདྲེའི་སྲོག་དབང་སྨིན་ལམ་དབང་གི་རྒྱལ་པོ། རྡོ་རྗེ་སྤྱི་བླུགས། དབང་བསྐུར་ཆོས་ཀྱི་སྒོ་འབྱེད་བཞིར་བཞུགས་པ་ལས། འདིར་གཉིས་པ་ལྟར་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གཞུང་ནས་བཤད་པའི་དཔོན་སློབ་མཚན་ཉིད་དང་ལྡན་པས་གནས་དུས་ཀྱི་རྟེན་འབྲེལ་འགྲིགས་པ་ན། གཙང་མའི་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པའི་སྟེང་དུ་དཀྱིལ་འཁོར་ཁྲོ་དཀྱིལ་སྤྱི་མཐུན་ལ་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་སྐུའམ་ཕྱག་མཚན་བཀོད་པ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྔ་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་ཆས་སུ་བཅུག་པའི་ཁར་བྷནྡྷ་མཚན་ལྡན་བདུད་རྩིས་བཀང་བ་བཞག །དེ་སྟེང་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་བའི་དབུས་སུ་པདྨ་འདབ་བཞི་དབུས་དང་ལྔར་རིགས་ལྔའི་ས་བོན། མཐར་ཐོད་ཕྲེང་སྡེ་ལྔའི་སྔགས་གཡས་སྐོར་དུ་བཀོད་པ་བཞག་ལ་དར་དམར་གྱི་གུར་ཕུབ། མདུན་ཕྱོགས་སུ་ཐོད་ཕྲེང་སྡེ་ལྔ་དང་གོ་ཆ་ལྷ་ལྔའི་ཙཀླི། རྒྱབ་ཕྱོགས་སུ་གཏོར་མ་རིན་ཆེན་འབར་བ་ཟས་སྣ་སོགས་ཀྱིས་བརྒྱན་པ་ལ་སྐུ་ཙཀ་གཟུག་ཅིང་དར་གདུགས་ཕུབ། སྡེ་བརྒྱད་སྲོག་གཏད་བྱེད་ན་དེའི་འོག་ཏུ་ཐོད་པ་མཚན་ངན་ནང་སྡེ་བརྒྱད་བླ་རྡོ་བཞག །དེ་དག་གི་ཤར་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཅན། ལྷོར་བཟའ་བཏུང་ཚོགས་ཀྱི་ཡོ་བྱད། ནུབ་ཏུ་དཔལ་གཏོར་ཟླ་གམ་ཉི་ཟླ་ནོར་བུའི་རྒྱན་ལྡན་ཤ་ཆང་ཆོས་སྨན་བཏབ་པ། བྱང་དུ་ཕུར་པ་དར་ནག་གི་ཅོད་པན་ཅན། རྒྱབ་ངོས་གཏོར་ཆེན། གཡས་གཡོན་དུ་བཀའ་སྲུང་མ་མགོན་སྡེ་བརྒྱད་དང་སྤུ་གྲིའི་གཏོར་མ། དེ་དག་གི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་རྣམས་བཤམ། གཞན་ཡང་ཞི་ཆས། གུ་རུའི་ཆས་ཕྱོགས་བསྡུས། ཕྱག་མཚན་རྡོ་རྗེ་ལྕགས་སྡིག །ཁྲོ་ཆས་རུས་རྒྱན། དུར་ཁྲོད་ཆས་སོ་སོ་བ་རྣམས་ཀྱི་ཙཀླི། ཐོད་རྔ་། རྐང་གླིང་། ཐོད་སྐུ། ཁ་ཊྭཱཾ་ག །མིག་དར་མེ་ཏོག་སོགས་དབང་དུས་སུ་མཁོ་བའི་ཆས་རྣམས་དང་། སྔོན་གཏོར་ཚོགས་རྫས་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་ཀྱང་གང་བདེར་བཞག་གོ །གཉིས་པ་ལ་ཐོག་མར་དབང་དོན་དུ་སྒྲུབ་མཆོད་བྱ་བ་ནི། བརྒྱུད་འདེབས་དཀར་གཏོར་ནས་བརྩམ་ཕྲིན་ལས་གཞུང་ཉིད་མཐར་ཆགས་སུ་བཏང་བ་ལས། གོ་ཆ་ལྷ་ལྔ་བསྐྱེད་པ་ཡན་སོང་ནས་དབང་སྒྲུབ་ལྷ་ལྔའི་ཐེམས་ཡིག་སྦྱར་བ་བརྒྱུད་པའི་ཕྱག་ལེན་དུ་སྣང་བས། བདག་མདུན་གཏོར་མ་བུམ་ལྷའི་སྤྱི་བོ་དང༔ སིནྡྷུ་ར་ཡི་དཀྱིལ་འཁོར་དབུས་ཉིད་དུ༔ པཾ་ལས་པདྨ་འདབ་བཞི་མུ་ཁྱུད་བཅས༔ དེ་སྟེང་ཨ་དང་མ་ལས་ཉི་ཟླའི་སྟེང༔ དབུས་སུ་བུདྡྷ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ འཁོར་ལོ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ རྡོ་རྗེ་ཕག་མོ་གསང་བའི་ཡུམ་ལ་འཁྱུད༔ ཤར་དུ་བཛྲ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ རྡོ་རྗེ་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ ལྷོ་རུ་རཏྣ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ རིན་ཆེན་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ ནུབ་ཏུ་པདྨ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ པདྨ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ པདྨ་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ བྱང་དུ་ཀརྨ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ༔ རྒྱ་གྲམ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ ལས་ཀྱི་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ ཐམས་ཅད་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན༔ ཁྲོ་འཛུམ་འགྱིང་བག་འབར་བའི་གར་ཉམས་ལྡན༔ སྐུ་ལ་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ ཟ་འོག་སྨུག་བེར་ཤ་བའི་སྙན་ཞུ་མནབས༔ རྒོད་ཀྱི་རྩེ་རྒྱན་དར་གྱི་ཅོད་པན་འཕུར༔ ཐོད་དབྱུག་འོད་འབར་རྒྱན་ཅན་གྲུ་མོར་བརྟེན༔ ཞབས་གཉིས་སྐྱིལ་ཀྲུང་ཉི་ཟླའི་གདན་ལ་བཞུགས༔ ཡུམ་རྣམས་སྐུ་མདོག་སོ་སོའི་ཡབ་དང་མཚུངས༔ གྲི་གུག་ཐོད་ཁྲག་བཟུང་ནས་ཡབ་ལ་འཁྱུད༔ གཅེར་བུ་རུས་རྒྱན་བཅུ་དྲུག་ལོན་པའི་ཚུལ༔ མཁའ་གསང་མཉམ་སྦྱོར་བདེ་བའི་ཉམས་དང་ལྡན༔ ཡབ་ཡུམ་གཉིས་མེད་གཟི་བརྗིད་ལྡན་པ་འོ༔ པདྨ་ཕྱི་ཡི་མུ་ཁྱུད་ཁོར་ཡུག་ལ༔ དབང་བསྐུར་བྱིན་རླབས་མན་ངག་སྟེར་བ་ཡི༔ གྲུབ་ཐོབ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང༔ སྐུ་མདོག་སྣ་ཚོགས་མདོག་ཅན་མི་ཤ་ཁ༔ རུས་པའི་རྒྱན་ལྡན་རལ་པའི་ཐོར་ཚུགས་ཅན༔ ཅང་ཏེའུ་དྲིལ་བུ་ཁ་ཊྭཱཾ་རྩེ་གསུམ་འཛིན༔ ཨཱ་རལླི་དང་ཧཱུྃ་ཞེས་ཕེཾ་སྒྲ་སྒྲོག༔ གླུ་ལེན་གར་བྱེད་བྲོ་བརྡུང་བརྟུལ་ཞུགས་སྤྱོད༔ བདག་ལ་དབང་བསྐུར་བྱིན་གྱིས་རློབ་མཛད་ཅིང༔ དེ་དག་འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས༔ སྤྲིན་ལྟར་གཏིབས་ནས་དངོས་གྲུབ་སྟེར་བར་གྱུར༔ ལས་བུམ་ནང་དུ་ཡཀྴ་མེ་དབལ་སྨུག །ཐོ་བ་ལྕགས་ཀྱུ་འཛིན་ཅིང་ཁྲོ་རྔམ་འབར། །འདོར་ཐབས་པད་ཉི་མེ་ཀློང་གསལ་བར་གྱུར། །ཅེས་སྦྱར། དེ་ནས་གནས་གསུམ་ཡི་གེ་འབྲུ་གསུམ་སོགས་དབང་བསྐུར་བ་ནས་གཞུང་གི་བཟླས་པ་ཡན་གྲུབ་པར་བྱས་ནས་ལྷ་ལྔའི་བྱིན་རླབས་ཀྱི་བཟླས་པ་ནི། དེ་ནས་བདག་ཉིད་ཐུགས་ཀའི་ས་བོན་ལས༔ འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་སུ༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང༔ བླ་མ་ཡི་དམ་མཁའ་འགྲོ་མཆོད་པས་མཉེས༔ དེ་དག་སྐུ་གསུང་ཐུགས་དང་སྦྱོར་མཚམས་ནས༔ བྱང་ཆུབ་སེམས་ཀྱི་བདུད་རྩི་སྤྱན་དྲངས་ཏེ༔ དབང་གི་ལྷ་ལྔའི་སྤྱི་བོར་ཐིམ་པ་ཡིས༔ དག་བྱ་བཞི་དག་ཐོབ་བྱ་བཞི་ཐོབ་ནས༔ བསྐྱེད་བྱ་བཞི་བསྐྱེད་དབང་བྱ་བཞི་དབང་སྟེ༔ དགའ་བདེའི་ཉམས་ཀྱིས་སྐུ་ལུས་དགྱེས་པར་གྱུར༔ བདག་གི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་ནི༔ གཟུངས་ཐག་བརྒྱུད་ནས་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང༔ སིནྡྷུ་ར་དང་མདུན་བསྐྱེད་དབུ་གཙུག་གི༔ ལྷ་ལྔ་ཡབ་ཡུམ་ཐུགས་ཀའི་འོད་ཟེེར་གྱིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བྱིན་རླབས་བསྡུས༔ ཡབ་ཡུམ་ལ་ཐིམ་སྐུ་ལུས་བདེ་བས་གང༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན་བབས་པས༔ ཀ་པཱ་ལ་ཡི་བདུད་རྩིར་དབྱེར་མེད་འདྲེས༔ མདུན་བསྐྱེད་དང་ནི་གཏོར་བསྐྱེད་ཐུགས་ཀ་ཡི༔ འོད་ཀྱིས་རྒྱལ་བ་སྲས་བཅས་བྱིན་རླབས་བསྡུས༔ སོ་སོའི་ཐུགས་ཀར་ཐིམ་པས་གཟི་བརྗིད་རྒྱས༔ ལས་བུམ་ནང་གི་མེ་དབལ་སྐུ་ལུས་ལས། །བདུད་རྩིས་རྒྱུན་བབས་བུམ་པ་བདུད་རྩིས་གང་། །ཅེས་བསྒོམས་ལ། ཨོཾ་ཨཱཿཧཱུྃ་བུདྡྷ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་རཏྣ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་པདྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་ལས་མི་ཉུང་བ་དང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨ་ཙིག་ནེར་ཙིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཡ་མཱནྟ་ཀ༔ ཧ་ཡ་གྲཱི་བ༔ བཛྲ་པཱ་ཎི༔ ཌཱ་ཀི་ནཱི་ཧ་རི་ནི་ས༔ ག་རུ་ཌ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྵ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཅི་འགྲུབ་བཟླས་ནས་ལག་པ་རྒྱབ་སྦྱར་སོར་མོ་རྣམས་གཅིག་ལ་གཅིག་འཁྲིལ་བ་དབང་གི་ཕྱག་རྒྱ་བཅས་ལ། ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འོད་དཔག་མེད་སྤྲུལ་སྐྱེ་འགྲོ་ཡོངས་ཀྱི་མགོན༔ མྱ་ངན་མི་འདའ་རྡོ་རྗེ་ལྟ་བུའི་སྐུ༔ མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ༔ འགྲོ་མགོན་བླ་མ་མཆོག་ལ་སྐྱབས་སུ་མཆི༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཀྱེ༔ སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་ཕྲེང་རྩལ༔ གསུང་མཆོག་འགག་མེད་པདྨ་ཐོད་ཕྲེང་རྩལ༔ ཐུགས་མཆོག་སྐྱེ་མེད་བཛྲ་ཐོད་ཕྲེང་རྩལ༔ ཡོན་ཏན་ཀུན་རྫོགས་རཏྣ་ཐོད་ཕྲེང་རྩལ༔ ཕྲིན་ལས་ལྷུན་གྲུབ་ཀརྨ་ཐོད་ཕྲེང་རྩལ༔ གསང་མཚན་ལྔ་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཀྱེ༔ གུ་རུ་པདྨ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རྗེས་འཇུག་རྣལ་འབྱོར་དབང་ཕྱུག་བདག་ཅག་གི༔ ལུས་ལ་བརྟུལ་ཞུགས་གཟི་བརྗིད་བསྐྱེད་དུ་གསོལ༔ ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ༔ སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ༔ ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ༔ ཤིན་ཏུ་སྨིན་པར་མཛད་དུ་གསོལ༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ དེ་ལྟར་གུས་པས་གསོལ་བ་བཏབ་པ་ཡིས༔ དབང་གི་ལྷ་ལྔ་ཡབ་ཡུམ་སྦྱོར་མཚམས་ནས༔ བྱང་ཆུབ་སེམས་ཀྱི་བདུད་རྩི་བབས་པ་ཡིས༔ བདག་གི་སྤྱི་བོ་བདེ་ཆེན་འཁོར་ལོ་གང༔ ལུས་ཀྱི་སྒྲིབ་དག་སྐུ་ཡི་དམ་ཚིག་བསྐང༔ བུམ་པའི་དབང་རྣམས་ཡོངས་སུ་རྫོགས་པར་གྱུར༔ དེ་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་གང༔ ངག་སྒྲིབ་དག་ནས་གསུང་གི་དམ་ཚིག་བསྐང༔ གསང་བའི་དབང་རྣམས་ཡོངས་སུ་རྫོགས་པར་གྱུར༔ དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་གང༔ སེམས་སྒྲིབ་དག་ནས་ཐུགས་ཀྱི་དམ་ཚིག་བསྐང༔ ཤེས་རབ་ཡེ་ཤེས་དབང་རྣམས་རྫོགས་པར་གྱུར༔ དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་གང༔ སྒོ་གསུམ་སྒྲིབ་དག་སྐུ་གསུམ་དམ་ཚིག་བསྐང༔ ཚིག་དབང་ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར༔ དེ་ནས་རང་ལུས་རྩ་གསུམ་འཁོར་ལོ་ལྔ༔ བྱང་ཆུབ་སེམས་ཀྱིས་རབ་ཏུ་གང་བ་ཡིས༔ དགའ་བདེའི་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར༔ དེ་ནས་རང་གི་སྤྱི་བོར་བཞུགས་པ་ཡི༔ བརྒྱུད་པའི་བླ་མ་མཁའ་འགྲོའི་ཚོགས་བཅས་རྣམས༔ གུ་རུ་དབང་གི་ལྷ་ལྔ་དག་ལ་ཐིམ༔ དབང་གི་ལྷ་ལྔ་འོད་དུ་ཞུ་བ་ཡིས༔ རང་ལུས་རྩ་གནས་ཐམས་ཅད་ཧཱུྃ་གིས་མེར་གྱིས་གང༔ ཕྱི་ཡི་བ་སྤུའི་བུ་ག་ཐམས་ཅད་དུ༔ ཧཱུྃ་དམར་འོད་འབར་ཚྭ་ཚྭ་ཁོལ་བར་གྱུར༔ མེ་ལོང་སྟེང་གི་ལྷ་ལྔ་འོད་དུ་ཞུ༔ སིནྡྷུ་ར་དང་ཐོད་པའི་རྫས་ལ་ཐིམ༔ བུམ་ལྷ་ཞུ་བ་བུམ་ཆུའི་ངོ་བོར་གྱུར༔ ལས་བུམ་ཁྲོ་བོས་བགེགས་རྣམས་བཟློག་ཕྱིར་བཞུགས། །མདུན་བསྐྱེད་དབང་དྲག་པདྨ་ཐོད་ཕྲེང་རྩལ༔ འོད་ཞུ་དབང་རྫས་ཐམས་ཅད་ཀུན་ལ་ཐིམ༔ དབུས་སྟེང་ལྷ་ལྔ་དཀྱིལ་འཁོར་དབུས་དེར་བཞུགས༔ གཏོར་བསྐྱེད་ལྷ་ཚོགས་འོད་ཞུ་གནས་འགྱུར་ནས༔ པད་འབྱུང་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ རུས་རྒྱན་སྟག་ཤམ་དང་བཅས་ཕག་མོ་འཁྲིལ༔ རིགས་བཞིའི་མཁའ་འགྲོ་སངས་རྒྱས་བྱང་སེམས་དང༔ རྩ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་བར་གྱུར༔ ཅེས་འདོན་བསྒོམ་དུ་བྱའོ། །དེ་ནས་གཞུང་གསལ་བསྟོད་པ་དང་བཀའ་སྲུང་སྤྱི་དང་བྱེ་བྲག་ལ་གཏོར་འབུལ་རྒྱས་པར་བྱ། མི་ལྕོགས་པའམ་མ་ཤེས་ན་མདོར་བསྡུས་ནི། བཀའ་སྲུང་གཏོར་མ་གཉིས་བྲན་ལ། ཧཱུྃ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་དམ་སྲི་རྣམས༔ གཏོར་མ་འདི་ལ་བཛྲ་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་ཤ་ཁྲག་བདུད་རྩིའི་རང་བཞིན་གྱུར༔ བཀའ་སྲུང་མ་མགོན་སྡེ་བརྒྱད་འཁོར་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ སྔོན་གྱི་དམ་ལས་མ་འདའ་བར༔ བདག་གིས་དབང་བསྐུར་བྱེད་པ་ལ༔ འགལ་རྐྱེན་ཀོ་ལོང་མ་མཛད་པར༔ མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་རེ་མ་ཏི་མ་བྷྱོ་ཛ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཛཿཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་ལན་གསུམ། ཀྱེ༔ བཙན་བདུད་ཀླུ་མགོན་འཁོར་བཅས་ཀྱིས༔ གུ་རུ་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་ལས་མ་འདའ་ད་ཚུར་བྱོན༔ བསྟན་པ་སྲུང་བའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ བྱད་སྟེམས་ཟློག་པའི་དུས་ལ་བབ༔ དགྲ་བོ་ཁུག་ལ་མྱུར་དུ་སྒྲོལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་གིས་དབང་བསྐུར་བྱེད་པ་ལ༔ འགལ་རྐྱེན་ཀོ་ལོང་མ་བྱེད་པར༔ མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད༔ དུ་བཾ་ཏྲི་ཤུ་ལ་ནཱ་ག་རཱ་ཙ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་པ་ཙམ་བྱས་ལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་ཚང་བར་གཏང་། རིག་པའི་མེ་ཏོག་དོར་ལ་སློབ་མའི་དོན་དུ་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ནི། ཡོལ་བའི་ཕྱི་རོལ་དུ་སློབ་མ་རྣམས་ཚོགས་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཉམས་ཆག་ཐམས་ཅད་དག་པར་བསྒོམས་ལ་ཡིག་བརྒྱ་བརྗོད་བཞིན་དུ་ཁྲུས་གྱིས་ཤིག །ཇི་ལྟར་བལྟམས་པ་སོགས་དང་ཡིག་བརྒྱ་བརྗོད་ལ་ཁྲུས་བྱ། བགེགས་གཏོར་བྲན་ལ་བྱིན་རླབས་འགུགས་པ་ལས་བྱང་ལྟར་བྱ། བཀའ་བསྒོ་བ་ནི། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ གནས་འདིར་མ་འདུག་གཞན་དུ་སོང༔ ཇི་སྟེ་མི་འགྲོ་འདུག་གྱུར་ན༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་མཐུ་རྩལ་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་རང་རང་གནས་སུ་དེངས༔ སརྦ་བིགྷྣན་ཨུ་ཙ་ཏ་ཡ་ཕཊ༔ ཅེས་དང་རོལ་མོ་ཡུངས་ཐུན་དྲག་སྔགས་མེ་ཕུང་མ་སོགས་ཀྱིས་མཚམས་བཅད། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱི་རོལ་ཐམས་ཅད་གསེར་དང་མེའི་འཁོར་ལོ་གཡས་གཡོན་དུ་འཁོར་བ་ལ་ཁྲོ་ཆུང་དང་ལྕགས་སྡིག་མང་པོ་རླུང་ལྟར་འཚུབས་པས་བགེགས་དང་ལོག་འདྲེན་ཉེ་བར་མི་ནུས་པར་གྱུར། ཨོཾ་བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་གཤེགས་ཀུན་འདུས་པདྨ་དྲག་པོ་རྩལ་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གུ་རུ་དྲག་པོའི་དཀྱིལ་འཁོར་དུ་ཞུགས་ནས་རིམ་གཉིས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་ཆོས་གསན་པའི་ཀུན་སྤྱོད་རྣམས་ཀྱང་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གསན་པར་བྱ་བ་དམ་པའི་ཆོས། སྟོན་པའི་བསྟན་པ་རྒྱ་མཚོ་ལྟ་བུའི་ཡང་བཅུད། ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཉིང་ཁུ་ལམ་ཟབ་མོ་བླ་མ་སྒྲུབ་པའི་སྐོར་ལ། སྔ་འགྱུར་རྙིང་མའི་ཕྱོགས་སུ་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་སྐུ་གསུམ་རྣམ་པར་རོལ་པའི་སྤྲིན་ཆེན་པོ་བཀོད་ནས་སོ་སོར་ཡང་ཕུན་སུམ་ཚོགས་པ་ལྔ་ལྔ་དང་ལྡན་པའི་རྒྱུད་ལུང་མན་ངག་གི་གདམས་ཟབ་རྡོ་རྗེ་ནཱ་དའི་སྒྲ་དབྱངས་སྲིད་པ་ཇི་སྲིད་དེ་སྲིད་དུ་བསྒྲགས་ཏེ། མཁའ་ཁྱབ་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་འཇུག་པའི་སྣོད་དུ་མི་རུང་བའི་གདུལ་དཀའི་མི་དང་མི་མ་ཡིན་མཐའ་དག་གདོད་མའི་གྲོལ་སར་བདེ་བླག་ཏུ་དབུགས་འབྱིན་པར་མཛད་པའི་ཕྱིར་ན། ཨེ་མ་བདག་འདྲ་པདྨ་ཐོད་ཕྲེང་གིས༔ རང་གི་སྒྲུབ་པ་རང་གིས་བརྩམས༔ སུ་འཕྲད་བདེ་ཆེན་ཞིང་དུ་སྦྱོར༔ ཅེས་ཡང་ཡང་བཀའ་བསྩལ་པ་སྟེ། དེ་ལྟ་བུའི་བླ་མ་སྒྲུབ་པའི་ཐབས་ཐམས་ཅད་ཀྱང་ཕྱི་གསོལ་འདེབས་ཀྱི་སྐོར། ནང་བྱིན་རླབས་ཀྱི་སྐོར། གསང་བ་དངོས་གྲུབ་ཀྱི་སྐོར། ཡང་གསང་དྲག་པོ་ཕྲིན་ལས་ཀྱི་སྐོར་དང་བཞི་རུ་འདུ་བར་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི་དྲག་པོ་ཕྲིན་ལས་ཀྱི་སྐོར་ཡིན་ཞིང་། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་སྲོལ་མཐའ་ཡས་པ་མཆིས་པའི་ནང་ནས། ཤིང་རྟའི་ལམ་འདྲེན་ཀུན་གྱི་ཕྱི་མོར་གྱུར་ཅིང་ཟབ་རྒྱས་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བའི་གདམས་པ་འདི་ནི། ཇི་སྐད་དུ། ཡུལ་བརྗེ་ས་སྤོང་འཁྲུགས་པའི་བསྐལ་པ་འབྱུང༔ སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབས་འཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་ཁྲིད༔ སྲིན་མོ་སྦར་རྗེས་མཁོ་མཐིང་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ མངའ་བདག་སྤྲུལ་པ་ཉང་རལ་ཅེས་བྱ་འབྱུང༔ ཞེས་དང༔ ཨོ་རྒྱན་གླིང་པའི་ལུང་ལས། སྐུ་སྤྲུལ་ཉི་མ་འོད་ཟེར་ཡིན༔ གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་ཡིན༔ ཐུགས་སྤྲུལ་རྒོད་ཀྱི་ལྡེམ་འཕྲུ་ཡིན༔ ཡོན་ཏན་ཨོ་རྒྱན་གླིང་པ་ཡིན༔ ཕྲིན་ལས་ཚེ་བརྟན་རྒྱལ་མཚན་ཡིན༔ འདི་ལྔ་པདྨ་འབྱུང་གནས་དངོས༔ ཞེས་པས་མཚོན་སངས་རྒྱས་བླ་མ་སོགས་སྔ་ཕྱིའི་གཏེར་ཁ་ཐམས་ཅད་ལས་མགྲིན་གཅིག་ཏུ་བསྔགས་ཤིང་གངས་ཅན་གྱི་ལྗོངས་ན་རྩོད་པ་ཐམས་ཅད་དང་བྲལ་བའི་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོར་ཡོངས་སུ་གྲགས་པ་མཆོག་གཉིས་ཀྱི་དང་པོ་གཏེར་སྟོན་་རྒྱལ་པོ་ལྔའི་ཐོག་མ། འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་སྐྱེ་བ་བཅུ་བདུན་བརྒྱུད་པའི་ཕྱི་མ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ། གཏེར་ཁ་ཆེན་པོ་སུམ་ཅུ་རྩ་གཉིས་ལ་དབང་བ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་གྱི་ནང་ཚན་བདེར་འདུས་སྐོར་གསུམ་དུ་གྲགས་པའི་ཡ་གྱལ། ལྷོ་བྲག་གཏམ་ཤུལ་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པ་གུར་དྲག་བདེ་གཤེགས་འདུས་པའི་སྨིན་བྱེད་སྒྲུབ་པ་སྟེ། འདི་ལའང་རྒྱས་པ་བདེ་གཤེགས་འདུས་པ། འབྲིང་པོ་མེའི་སྤུ་གྲི །བསྡུས་པ་དཔའ་བོ་ལྷ་གསུམ་གྱི་སྐོར་དང་གསུམ་དུ་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་རྒྱས་པ་བདེ་གཤེགས་འདུས་པའི་སྨིན་ལམ་དབང་དང་འབྲེལ་བའི་ཆོས་སྡེ་བརྒྱད་ཀྱི་རྩ་བ་སྣང་སྲིད་ལྷ་འདྲེའི་སྲོག་ལ་དབང་སྒྱུར་བའི་སྨིན་ལམ་དབང་གི་རྒྱལ་པོ་ཉིད་བསྒྲུབ་པ་ཡིན། འདི་ཉིད་གུ་རུ་ཞི་དྲག་ཐམས་ཅད་ཀྱི་ཁྱབ་བྱེད་སྤྱི་དབང་ལྟ་བུ་ཡིན་པས་འདི་ཐོབ་ནས་གཏེར་ཁ་གཞན་རྣམས་ཀྱིའང་བླ་མའི་སྒྲུབ་ཐབས་ལ་ཉམས་ལེན་བྱར་རུང་བ་ཡིན། དེ་བྱས་པ་ལ་དགོས་པ་ཅི་ཡོད་སྙམ་ན། གུ་རུ་ཉིད་ཀྱི་ཞལ་ནས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ༔ དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས༔ རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང༔ དཔའ་བོ་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་རྣམས༔ ནོར་བུ་རིན་ཆེན་དགོས་འདོད་ཀུན་ཚང་ལྟར༔ དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོགས༔ ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང༔ རྒྱལ་བ་སྲས་བཅས་ཐུགས་རྗེས་དེ་ལ་གཟིགས༔ གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་བརླབ་དངོས་གྲུབ་སྟེར་བར་བྱེད༔ མ་མོ་མཁའ་འགྲོ་ཐམས་ཅད་སྤྲིན་ལྟར་འདུ༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་སྒྲུབ༔ ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་ལས་འབྱུང༔ དངོས་གྲུབ་ཐམས་ཅད་ང་ཉིད་བསྒོམས་པས་ཐོབ༔ ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ༔ ཅེས་གསུངས་པའི་དོན་ཐུགས་ལ་བཞག་ནས་ཐོག་མར་བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་སྤྱན་སྔར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་བཞུགས་པར་བསྒོམས་ལ། ཡན་ལག་བཅུ་པ་འབུལ་ཏེ་ཚོགས་གསག་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་མོས་པས་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་ལྟའི་བར་གྱི་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་རྗེས་ཡི་རང༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་མགོན་མྱ་ངན་མི་འདའ་རྟག་པར་བཞུགས༔ སྒོ་གསུམ་དགེ་སྤྱོད་མོས་གུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་འགྱུར་ཤོག༔ ལན་གསུམ། དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་བྱང་སེམས་ཐམས་ཅད་དང༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ དུས་ནི་ད་ལྟ་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཆོས་དང་འཕགས་པའི་དགེ་འདུན་ལ༔ སྙིང་ནས་རྟག་པར་སྐྱབས་སུ་མཆི༔ འཇིགས་པ་མྱུར་དུ་བསལ་དུ་གསོལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ དབུགས་དབྱུངས་མྱ་ངན་འདས་ལ་འགོད༔ ལན་གསུམ། རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ དུས་འདི་ནས་བཟུང་སྤྲོས་བྲལ་གྱི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བདེ་གཤེགས་ཁྱོད་ཀྱི་མཛད་སྤྱོད་ལྟར༔ བླ་མེད་མི་སྤང་བླ་མ་བཀུར༔ ཡང་དག་ལམ་དུ་ཞུགས་ལ་བྱམས༔ སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད༔ གསང་བའི་དོན་ཕྱིར་སྨྲ་མི་བྱ༔ བྱང་ཆུབ་སྙིང་པོ་བདག་ལ་སྩོལ༔ ས་མ་ཡ་ཨི་དན་ཏུ་ན་ར་ཀན༔ ལན་གསུམ། དེ་ཡན་ཆད་ཡོལ་བའི་ཕྱི་རོལ་དུ་བྱ་བའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་ལས་ཀྱི་སློབ་དཔོན་སྒོ་སྲུང་ཁྲོ་བོ་དབྱུག་སྔོན་ཅན་གྱི་སྐུར་གསལ་བ་ལ་གནང་བ་ཞུ་བ་འདིའི་རྗེས་ཟློས། ཀྱེ༔ ཁྲོ་བོ་སྔོན་པོ་མཛེས་པ་སྟེ༔ ཁྱོད་ནི་དམ་ཚིག་ཡིད་དུ་འོང༔ ནོར་བུ་རིན་ཆེན་སྤྱིར་བཅིངས་པའི༔ ཕྱག་ན་དབྱུག་པ་བསྣམས་པ་དེས༔ བདག་ཉིད་འཁོར་བ་ལས་བསྒྲལ་ཕྱིར༔ མཁའ་འགྲོ་མ་ཡི་ཚོགས་དབུས་དེར༔ བདག་ཉིད་མཆིས་པར་འཚལ་ལགས་ཀྱིས༔ བཟང་པོའི་སྒོ་འདི་རྣམ་པར་ཕྱེས༔ པྲ་བེ་ཤ་ཡ་ཕཊ༔ དེ་ལྟར་གསོལ་བ་བཏབ་པས་སྒོ་སྲུང་དེས་འདི་སྐད་གསུངས་པར་སྒོམས་ཤིག །ཀྱེ༔ ཐེག་དམན་ཉན་ཐོས་ལོག་ལྟ་མུ་སྟེགས་དང༔ མ་སྨིན་སྐྱེ་བོ་སྣོད་དང་མི་ལྡན་པ༔ དེ་དག་ནང་དུ་རྣམ་པར་གཏོང་བ་མིན༔ སྐལ་ལྡན་སྣོད་ལྡན་ལས་ཅན་ཡིན་ན་རུང༔ སྐལ་པ་དག་དང་ལྡན་པ་ཡིན་ལགས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། སྐལ་པ་དང་ལྡན་པ་ལགས་སོ༔ ཞེས་ལན་བཏབ་པས་སྐལ་པ་ཅན་དུ་རིག་ནས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ནས་ཕོ་བྲང་ནང་དུ་ཁྲིད་པར་མོས་ཏེ། རྡོ་རྗེ་སློབ་དཔོན་ལ་ཕྱག་དང་མཎྜལ་འབུལ་བར་ཞུ། ཡོལ་བ་བསལ། སྔོན་ཆད་དཀྱིལ་འཁོར་འདི་ཉིད་དུ་མ་ཞུགས་པར་མཚོན་བྱེད་གདོང་གཡོགས་དམར་པོ་རེ་འཆིང་བར་ཞུ། ཨོཾ་བཛྲ་ཡཀྴ་ཧཱུྃ༔ ཞེས་ལས་ཆུས་བསངས་པའི་མིག་དར། ཨོཾ་ཙཀྵུཿབནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ༔གིས་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་རེ་གཏད་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་ཅོད་པན་སྤྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ལན་གསུམ། བླ་མས། ཀྱེ་ཧོཿདད་ལྡན་བུ་ཁྱོད་ཉོན༔ ཡང་གསང་དོན་གྱི་སྙིང་པོ་འདི༔ མཐོང་ཐོས་ལན་གཅིག་དྲན་པས་ཀྱང༔ ངེས་པར་བྱང་ཆུབ་སར་བགྲོད་ཅིང༔ ཐེ་ཚོམ་ཡིད་གཉིས་སྐྱེས་གྱུར་ན༔ རྡོ་རྗེའི་དམྱལ་བར་སྐྱེ་བར་བྱེད༔ ལེགས་ཉེས་ཆེ་བར་བསམ་པར་གྱིས༔ དོན་དམ་བློར་ངེས་དམ་ཐུབ་ན༔ ཡང་གསང་སྙིང་པོ་བསྟན་པར་བྱ༔ ཞེས་པའི་ལན་གསོལ་བ་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ པདྨ་རྒྱལ་པོ་དགོངས་སུ་གསོལ༔ བདག་ཅག་ལས་ལྡན་ཐེག་ཆེན་རིགས༔ གསང་བ་མཆོག་ཏུ་བློ་ངེས་ཤིང༔ ལུས་དང་སྲོག་ལ་མི་བལྟ་བར༔ དམ་ཚིག་བཀའ་བསྩལ་གཞུང་བཞིན་བསྒྲུབ༔ ངེས་པར་གནང་ཞིང་བསྩལ་དུ་གསོལ༔ ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ བདག་ནི་ཉོན་མོངས་འཁོར་བ་ལས༔ བླ་མའི་ཐུགས་རྗེས་དྲང་བའི་ཕྱིར༔ དབང་དྲག་པདྨའི་དཀྱིལ་འཁོར་འདིར༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། བླ་མ་པདྨ་དྲག་པོ་ཉིད་མཆོག་གསུམ་རྩ་གསུམ་དམ་ཅན་དང་བཅས་པ་གཅིག་བསྡུས་སུ་ཤེས་པས་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་བློས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ཞེས་དང་། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། དེ་ནས་དུང་ཆོས་ཀྱི་ཆུ་བླུད་དེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སེམས་བསྐྱེད་དམ་ལ་མི་གནས་ན༔ བསྟན་ཀྱང་དོན་མེད་དེ་བས་ན༔ འདིར་འཇུག་སེམས་བསྐྱེད་དམ་ཚིག་སྲུངས༔ བཛྲ་ས་མ་ཡ་ཧྲཱིཿཐཱ༔ དམ་ཚིག་རྡོ་རྗེའི་མནའ་ཆུ་དེ་ཉིད་སྙིང་གི་དབུས་སུ་ཐིམ་ནས་དམ་ཚིག་བསྲུངས་ན་སྐྱོབ་པའི་ལྷ་རྡོ་རྗེ་སེམས་དཔར་འགྱུར་ལ། མ་བསྲུངས་ན་ཡཀྴ་ལྕགས་ཀྱི་སྡིག་པར་འགྱུར་ནས་འདི་ཕྱི་ཀུན་ཏུ་སྲེག་པར་བྱེད་པས་དེང་ཕྱིན་ཆད་དམ་ཚིག་ལ་གནས་པར་གྱིས་ཤིག །ཅེས་བསྒོ །ད་ནི་དབང་གི་གཞི་འགོད་པ་སློབ་མའི་ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་མོས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། ངེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཕུང་པོ་གདོས་བཅས་དང་བཅས་པ་འོད་དུ་ཞུ་སྟེ་མི་དམིགས་པ་སྟོང་པར་གྱུར་པའི་ངང་ལས་པད་ཉིའི་སྟེང་དུ་སེམས་ཉིད་ཧཱུྃ་ཡིག་དམར་པོ་འོད་ཟེར་འཕྲོ་བ་ཞིག་ཏུ་གྱུར། ཧཱུྃ་དེ་འོད་དུ་ཞུ་བ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དྲག་པོ་པདྨའི་སྐུ །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་ཞལ་གདངས་མཆེ་བ་གཙིགས་པ། སྤྱན་གསུམ་ཁྲོས་པའི་སྡང་མིག་གཟིགས་པ། དབུ་སྐྲ་ཕྱེད་བརྫེས་གྱེན་དུ་འཁྱིལ་བ། ཐོད་སྐམ་ལྔ་ཡིས་སྐྲ་མཚམས་བརྒྱན་པ། ཨག་ཚོམ་དམར་སེར་བསྐལ་པའི་མེ་ལྟར་འབར་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་དགུ་ཕཊ་དགུ་རཾ་དགུས་མཚན་པ་ལ་བསྐལ་པའི་མེ་དཔུང་འབར་བ་བསྣམས་པ། ཕྱག་གཡོན་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་པ་འཇིགས་སུ་རུང་བ་སྡིགས་མཛུབ་ཀྱི་རྩེ་ལས་འགྱེད་ཚུལ་དུ་བསྣམས་པ། སྟག་ལྤགས་ཀྱི་ཤམ་ཐབས་མཛད་པ། ཞིང་ལྤགས་ཀྱི་གཡང་གཞི་སྐེད་ལ་བཅིངས་པ། གླང་ཆེན་ཀོ་རློན་གྱིས་སྟོད་གཡོགས་མཛད་པ། རིགས་བཞིའི་སྦྲུལ་གྱིས་ཡན་ལག་དཀྲིས་པ། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཐོད་རློན་ལྔ་བཅུས་དོ་ཤལ་མཛད་པ། བརྗིད་ཅིང་གཏུམ་པ། རྔམ་ཞིང་ཁྲོས་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ནས་དྲེགས་པ་ཕོ་མོའི་གདན་ལ་འགྱིང་བ། སྐུའི་བ་སྤུའི་བུ་ག་ཐམས་ཅད་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་གང་སྟེ། རྡོ་རྗེའི་བར་ནས་དྲག་པོའི་ཚྭ་ཚྭ་སི་ལི་ལི་ཁོལ་བ་ཞིག་ཏུ་སྒོམས་ཤིག །དེའི་དཔྲལ་བར་འཁོར་ལོའི་སྟེང་དུ་ཨོཾ། མགྲིན་པར་པདྨའི་སྟེང་དུ་ཨཱཿ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཡུང་དྲུང་དགའ་བ་འཁྱིལ་པ་དམར་པོ། ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ་ལ། དེ་གཡོན་དུ་དྲག་ཏུ་འཁོར་བ་ལ་ཤེས་པ་གཏོད་ལ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པར་སྤྱན་དྲངས། ཁྱད་པར་དུ་མ་ཧཱ་གུ་རུ་ཐོད་ཕྲེང་རྩལ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་ཆར་བཞིན་དུ་བབས་ནས་ཐིམ་པས། ལུས་ཟག་མེད་ཀྱི་དགའ་བདེ་རྒྱས་པར་མ་ཡེངས་པར་རྩེ་གཅིག་ཏུ་སྒོམས་ཤིག །རོལ་མོ་དབྱངས་དང་བཅས་བྱིན་འབེབ་ཀྱི་རྫས་ཤ་ཆེན་གུ་གུལ་སྤོས་དཀར་བསྲེག །ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་སོགས་ཚིག་བདུན་གསོལ་འདེབས་དང་། ཐོད་ཕྲེང་སྡེ་ལྔ། ཨ་ཙིག །གོ་ཆ་ལྷ་ལྔ། མེ་དབལ་རྣམས་ཀྱི་སྔགས་ཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་དྲག་ཏུ་བརྗོད་ལ་ཡེ་ཤེས་པ་དབབ། དེ་ལྟར་བྱིན་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། མེ་ཏོག་དཀྱིལ་འཁོར་ལ་དངོས་སུ་འདོར་དུ་གཞུག་པའམ་ཚོམ་བུ་འདུ་བྱས་ལ། མདུན་འདི་ན་དབང་དྲག་པདྨའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་མངོན་སུམ་དུ་གསལ་བར་བཞུགས་པས། ཁྱེད་རང་རྣམས་ཀྱི་ཚེ་རབས་ཀྱི་ཡི་དམ་གྱི་ལྷ་གང་ཡིན་པ་ཞིག་ལ་མེ་ཏོག་གི་ཕྲེང་བ་འདི་འབབ་པར་གྱུར་ཅིག་སྙམ་པ་མཛོད་ལ་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། ཀྱེ༔ བླ་མ་ལྷ་རྣམས་དགོངས་སུ་གསོལ༔ བདག་ནི་ལས་ཅན་སྐལ་བར་ལྡན༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ཅི་བདེ་བར་ནི་བཞེས་སུ་གསོལ༔ བཛྲ་པུཥྤེ་བྷྲཱུྃ༔ མེ་ཏོག་སླར་སློབ་མའི་སྤྱི་བོར་བཞག་ལ། འོ་མེ་ཏོག་འདི་གར་བབ་ཀྱི་ལྷ་དེ་དབྱེར་མེད་དུ་སྤྱི་བོར་ཐིམ་པར་སྒོམས་ཤིག །ཨོཾ་པྲ་ཏི་གྲྀཧྞ་སྭ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཧཱུྃ་ལས་བྱུང་བའི་མིག་ཐུར་གྱིས་མ་རིག་པའི་མིག་གི་རབ་རིབ་ཐམས་ཅད་བསལ་བའི་མོས་པ་མཛོད་ཅིག །ཧཱུྃ༔ ང་ནི་མིག་མཁན་རྒྱལ་པོ་ཡིན༔ ཡེ་ཤེས་གསེར་གྱི་ཐུར་མ་འདིས༔ མ་རིག་འཁྲུལ་པའི་ལིང་ཏོག་བསལ༔ ཡེ་ཤེས་ཀུན་མཁྱེན་སྤྱན་མཆོག་གིས༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གསེར་གྱི་མིག་ཐུར་གྱིས་གདོང་གཡོགས་བསལ་ལ། རིགས་ཀྱི་བུ་ལེགས་པར་ལྟོས་ཤིག༔ འདི་ནི་ཡེ་ཤེས་ཀྱི་མེ་རི༔ འདི་ནི་སྲུང་བ་རྡོ་རྗེའི་གུར༔ འདི་ནི་དུར་ཁྲོད་ཀྱི་ཁོར་ཡུག༔ འདི་ནི་གཞལ་ཡས་ཁང་སྒོ་བཞི་རྟ་བབས་དང་བཅས༔ འདི་ནི་ཡེ་ཤེས་ལྷའི་ཕོ་བྲང་ངོ༔ དབུས་ན་བཞུགས་པ་ནི་བུདྡྷ་མ་ཧཱ་གུ་རུ༔ ཤར་ན་བཞུགས་པ་ནི་བཛྲ་མ་ཧཱ་གུ་རུ༔ ལྷོ་ན་བཞུགས་པ་ནི་རཏྣ་མ་ཧཱ་གུ་རུ༔ ནུབ་ན་བཞུགས་པ་ནི་པདྨ་མ་ཧཱ་གུ་རུ༔ བྱང་ན་བཞུགས་པ་ནི་ཀརྨ་མ་ཧཱ་གུ་རུ༔ ཁྱད་པར་དུ་ཁྱོད་ཀྱི་མེ་ཏོག་བབས་པའི་ལྷ་སྐལ་ནི༔ ཆེ་གེ་མོ་འདི་ཡིན་ཏེ། གསང་བའི་མཚན་ནི་འདི་ཞེས་བྱ་བ་ཡིན་ནོ༔ ཞེས་སོ་སོའི་རིགས་དང་མཐུན་པའི་མཚན་དེ་ཉིད་ལན་གསུམ་དུ་བསྒྲག་པར་གསུངས་ཏེ། དེའང་མེ་ཏོག་ཤར་དུ་བབས་ན་རྡོ་རྗེ་འགྱིང་བ་རྩལ། ལྷོར་བབས་ན་རིན་ཆེན་ཐོད་པ་རྩལ། ནུབ་ཏུ་བབས་ན་པདྨ་བཞད་པ་རྩལ། བྱང་དུ་བབས་ན་ཀརྨ་དྲག་པོ་རྩལ། དབུས་སུ་བབས་ན་སངས་རྒྱས་དགའ་བ་རྩལ། ཞེས་གདགས་སོ། །དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ལ། ཞུགས་ནས་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དབང་གི་དངོས་གཞི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྒྲུབ་རྫས་མཐའ་རྟེན་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བཅས་བརྒྱད་དུ་ཡོད་པ་ལས། དང་པོ་སྐུ་བུམ་པ་ལྷའི་དབང་ལུས་ལ་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་སྐུ་ཡི་ལྷ་དབང་རྣམས༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། བུམ་པ་ཐོགས་ལ། འོ་བུམ་པ་འདི་སྤྱི་བོར་བཞག་པའི་ཚེ་སློབ་དཔོན་དང་ལྷན་ཅིག་ཏུ་མདུན་གྱི་དཀྱིལ་འཁོར་ལས་སྤྲུལ་པའི་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་མཆོད་པའི་ལྷ་མོ་དང་བཅས་པས་དབང་བསྐུར་ཞིང་བཀྲ་ཤིས་བརྗོད་པས། ལས་དང་བག་ཆགས་ཀྱི་དྲི་མ་སྦྱངས་ནས་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་རུང་དུ་བྱིན་གྱིས་བརླབས་པར་སྒོམས་ཤིག །ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ་པོ་ནི༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྒོ་གསུམ་བག་ཆགས་དྲི་མ་ཀུན་སྦྱངས་ཏེ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུས་ཁྲུས་བྱ་ཞིང་འཐུང་དུ་གཞུག །དེ་ནས་ཐོད་ཕྲེང་སྡེ་ལྔའི་སྐུ་རིམ་པར་ཐོགས་ལ། དཀྱིལ་འཁོར་གྱི་གུ་རུ་ཐོད་ཕྲེང་སྡེ་ལྔ་ལས་དེ་འདྲ་བའི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་རིམ་པར་ཐིམ་པས་དེ་དང་དེའི་སྐུར་དངོས་སུ་གྱུར་པར་མོས་ཤིག །ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་གཟུགས་ཀྱི་ཕུང་པོ་གནས་འགྱུར་ནས༔ བུདྡྷ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་བུདྡྷ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་རྣམ་ཤེས་ཕུང་པོ་གནས་འགྱུར་ནས༔ བཛྲ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ཚོར་བའི་ཕུང་པོ་གནས་འགྱུར་ནས༔ རཏྣ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་རཏྣ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་འདུ་ཤེས་ཕུང་པོ་གནས་འགྱུར་ནས༔ པདྨ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧྲཱིཿ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་འདུ་བྱེད་ཕུང་པོ་གནས་འགྱུར་ནས༔ ཀརྨ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་སྐུའི་ལྷ་དབང་ལུས་ལ་བསྐུར་པས་ལུས་ཀྱི་སྒྲིབ་པ་དག་ནས། ཉོན་མོངས་པ་དང་ཕུང་པོ་ལྔ་གནས་འགྱུར་ཏེ། གུ་རུའི་སྐུ་ལྔའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས། ལུས་ལྷ་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་གསུང་གི་སྔགས་དབང་ངག་ལ་བསྐུར་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་གསུང་གི་སྔགས་དབང་རྣམས༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། ཐོད་པ་ཐོགས་ལ། ཧཱུྃ༔ ཐོད་པ་མཚན་ལྡན་རྡོ་རྗེ་ཀ་པཱ་ལ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་མ་ལུས་དག་ནས་ཀྱང༔ གསུང་གི་སྔགས་དབང་ངག་ལ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཀ་པཱ་ལ་ཨ་མྲིཏ་ཨ་བྷི་ཥིཉྩ་ཨཱ༔ ཅེས་མགྲིན་པར་གཏུགས་ཤིང་ངག་ཏུ་བླུད། དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བའི་སླད་དུ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཧཱུྃ་གི་མཐར་འཁོད་པའི་མོས་པས་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་མཛད་པར་ཞུ། ཐོད་ཕྲེང་སྡེ་ལྔ། ཨརྩིག །གོ་ཆ་ཁྱུང་བཅས། སྡེ་བརྒྱད། མེ་དབལ་ཤམ་བུ་བཅས་སྦྲེལ་ལ་རྗེས་ཟློས་ལན་གསུམ་བྱ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ སྔགས་དབང་བདག་ལ་གནང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། སླར་ཡང་མེ་ཏོག་སློབ་མའི་སྤྱི་བོར་བཞག་ལ། སྔགས་དབང་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་གསུང་གི་སྔགས་དབང་ངག་ལ་བསྐུར་པས། ངག་གི་སྒྲིབ་པ་དག །ཉོན་མོངས་པའི་འཁྲུལ་པའི་ངག་འདི་ཡི་དམ་ལྷའི་གསུང་ཡན་ལག་དྲུག་ཅུར་གྱུར་ཏེ། གུ་རུ་པདྨའི་གསུང་དུ་བྱིན་གྱིས་བརླབས་པ་ཡིན་པས། ངག་སྔགས་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་ཆོས་དབང་སེམས་ལ་བསྐུར་བའི་ཕྱིར་གསོལ་འདེབས་ཀྱི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་ཐུགས་ཀྱི་ཆོས་དབང་རྣམས༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་འོད་གསལ་ཆོས་སྐུ་དྲི་མ་མེད༔ སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུའི་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡིད་ཀྱི་དྲི་མ་མ་ལུས་དག་ནས་ཀྱང༔ ཐུགས་ཀྱི་ཆོས་དབང་ཡིད་ལ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག་ལ་སིནྡྷུ་རའི་ཐིག་ལེ་བྱ། རིགས་ཀྱི་བུ་ཁྱོད་ལ་དབང་དྲག་པདྨའི་ཆོས་དབང་སེམས་ལ་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག་ནས་ཉོན་མོངས་པ་དུག་ལྔ་གནས་འགྱུར་ཏེ། གུ་རུའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབས་པ་ཡིན་པས། སེམས་ཆོས་ཉིད་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་རོ། །བཞི་པ་ཡོན་ཏན་མངའ་གསོལ་གྱི་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་ཡོན་ཏན་མངའ་གསོལ་དབང༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་རྡོ་རྗེ་རིན་པོ་ཆེའི་ཁྲི་ལ་གུ་རུ་ཞི་བ་པདྨ་འབྱུང་གནས་ཀྱི་རྣམ་པས་འཁོད་པ་ལ་སྐུའི་ཆས་དང་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཞི་ཆས་རྣམས་གཏད་ལ། ཧཱུྃ༔ ཟ་འོག་སྨུག་བེར་ངུར་སྨྲིག་ཆོས་གོས་དང༔ ཤེའུའི་སྙན་ཞུ་རྒོད་ཀྱི་ལྡེམ་འཕྲུས་བརྒྱན༔ རིན་ཆེན་ཐོད་མཁར་འབར་བའི་ཕྱག་རྒྱ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ སྟོང་གསུམ་རྩད་ནས་གཅོད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་ཁྱེད་རང་སྐད་ཅིག་གིས་བླ་མ་དྲག་པོའི་སྐུར་གནས་གྱུར་པ་ལ་ཆས་རྣམས་ཀྱིས་མངའ་གསོལ་བའི་ཐོག་མ་ཡེ་ཤེས་ལྷའི་ཆས་གོ་ཆ་ལྷ་ལྔའི་དབང་བསྐུར་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་གོ་ཆ་མེ་དབལ་ཁྱུང་དང་བཅས་པའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་ལུས་ཀྱི་གནས་སོ་སོར་ཐིམ་པར་སྒོམས་ཤིག །ཙཀླི་རྣམས་གནས་སོ་སོར་བཞག་ལ། ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་ཡི་སྤྲུལ་པ་འཇམ་དཔལ་གྱིས༔ སྤྱི་བོའི་གནས་སུ་དབང་བསྐུར་བས༔ སྐུ་མི་ཤིགས་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ གསུང་གི་སྤྲུལ་པ་རྟ་མགྲིན་གྱིས༔ མགྲིན་པའི་གནས་སུ་དབང་བསྐུར་བས༔ གསུང་འགག་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེས༔ སྙིང་གའི་གནས་སུ་དབང་བསྐུར་བས༔ སེམས་འཁྲུལ་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡོན་ཏན་མཁའ་འགྲོ་སྡེ་ལྔ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་དྷཱ་ཀི་ནཱི་བཾ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་བྱ་ཁྱུང་མེ་དབལ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་མ་ལུས་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ག་རུ་ཎ་བཛྲ་ཡཀྴ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ དེ་ནས་ཕྱག་རྒྱ་རྟགས་ཀྱི་ཆས་ཕྱག་གཡས་སུ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་དགུ་རཾ་དགུ་ཕཊ་དགུས་མཚན་པ་གཏད་ནས་མངའ་གསོལ་བར་མོས་ཤིག །ཧཱུྃ༔ གསེར་གྱི་རྡོ་རྗེ་རྩེ་དགུས་ས་དགུ་གནོན༔ ཧཱུྃ་དགུ་རཾ་དགུ་ཕཊ་དགུས་མཚན་པ་སྟེ༔ རྡོ་རྗེ་ཐོད་ཕྲེང་པདྨ་རྒྱལ་པོ་ཡི༔ ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན་པར་བྱ༔ མི་ཤིགས་མི་འགྱུར་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་རྡོ་རྗེའི་དབང་བསྐུར་བ་ལ་བརྟེན་ནས་ཉོན་མོངས་པའི་དྲི་མ་དག །ས་དགུ་ནོན་ཏེ། མཐར་དབང་དྲག་པདྨའི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྟོགས་ཤིང་ཐོབ་པར་བྱས་པ་ཡིན་པས་དེ་ལྟར་ང་རྒྱལ་བསྐྱེད་ལ་རྡོ་རྗེ་ལན་གསུམ་གསོར་ཅིག །ཕྱག་གཡོན་དུ་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་པ་གཏད་པར་མོས་མཛོད། ཧཱུྃ༔ བཛྲ་ཀྲོ་དྷ་ཡཀྴ་མེ་དབལ་གྱི༔ ཐུགས་སྤྲུལ་ལྕགས་སྡིག་ཁ་དགུ་མིག་དགུ་ནི༔ པདྨ་ཐོད་ཕྲེང་རྡོ་རྗེ་གཤོག་རྒོད་ཀྱི༔ ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན་པ་ཡིས༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཡཀྴ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ལྕགས་སྡིག་ནག་པོས་དབང་བསྐུར་བ་ལ་བརྟེན་ནས། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འདུལ་བ་དང་རྒྱལ་བསེན་འབྱུང་པོ་འདུལ་བའི་དབང་ཐོབ་པར་གྱུར་ཅིག །དེ་ནས་བཀོད་པ་རྟགས་ཀྱི་ཆས་རུས་པ་དང་དུར་ཁྲོད་ཀྱི་རྒྱན་རྣམས་ཀྱིས་གནས་རྣམས་སུ་བརྒྱན་ཅིང་མངའ་གསོལ་བར་མོས་ཤིག །རུས་པའི་རྒྱན་དྲུག་འཆིང་ཚུལ་བྱས་ལ། ཧཱུྃ༔ རྡོ་རྗེ་ཐོད་ཕྲེང་སྣང་སྟོང་བདེ་བའི་སྐུ༔ གསལ་ལ་མ་འདྲེས་དུར་ཁྲོད་རུས་པས་བརྒྱན༔ སྦྱིན་པའི་རང་བཞིན་ཕྱག་གདུབ་ཞབས་གདུབ་དང༔ བཟོད་པའི་རང་བཞིན་ཐོད་པའི་སྙན་ཆ་དང༔ ཚུལ་ཁྲིམས་རང་བཞིན་འོད་ཀོར་སྐེད་རྒྱན་དང༔ བརྩོན་འགྲུས་རང་བཞིན་རིན་ཆེན་སེ་མོ་དོ༔ བསམ་གཏན་རང་བཞིན་ནོར་བུའི་མགུལ་རྒྱན་ཆས༔ ཤེས་རབ་རང་བཞིན་མཛེས་པའི་དབུ་རྒྱན་ཏེ༔ རྒྱན་དྲུག་ཕ་རོལ་ཕྱིན་པའི་དབང་བསྐུར་རོ༔ ཨོཾ་སརྦ་བི་མ་ཨ་བྷི་ཥིཉྩ་མཱཾ༔ དུར་ཁྲོད་བདག་པོ་པདྨ་ཐོད་ཕྲེང་རྩལ༔ བུ་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཥ་ཊ་ཨ་ལཾ་ཀ་ར་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་རྒྱན་དྲུག་གིས་དབང་བསྐུར་བ་ལ་བརྟེན་ནས་ཉོན་མོངས་པའི་དྲི་མ་དྲུག་དག །ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་མཐར་ཕྱིན། འབྲས་བུ་ཡེ་ཤེས་དྲུག་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །དུར་ཁྲོད་ཆས་བརྒྱད་བྱིན་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྟོད་ལ༔ གླང་ཆེན་ཀོ་རློན་འདི་གསོལ་བས༔ གཏི་མུག་འཇོམས་པའི་སྟོབས་ལྡན་ནས༔ ཤེས་རབ་མཆོག་ལྡན་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཧསྟི་ཙམ་ར་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་རྒྱབ་ཏུ་བཀོན་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྐེད་ལ༔ མི་ཡི་པགས་ཆེན་འདི་གསོལ་བས༔ འཁོར་བར་མི་དོགས་ནུས་སྟོབས་ལྡན༔ རྟོགས་གྲོལ་ལྡན་པའི་དབང་ཐོབ་ཤོག༔ ཨོཾ་ནྲྀ་ཙམ་ར་ཨ་བྷི་ཥིཉྩ་ཧཱུྃ༔ སྐེད་པར་འཆིང་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྨད་ལ༔ སྟག་གི་ཤམ་ཐབས་འདི་གསོལ་བས༔ འཁོར་བ་སྒྲོལ་བའི་ནུས་སྟོབས་ལྡན༔ མཐའ་གཉིས་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་བྱ་གྷྲ་ཙམ་ར་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་སྨད་ལ་འཆིང་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་ལུས་ལ༔ ཐོད་ཕྲེང་རྒྱན་གྱིས་རབ་བརྒྱན་པས༔ ཆོས་སྐུ་མཐར་ཕྱིན་ནུས་སྟོབས་ལྡན༔ རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་ཀ་པཱ་ལ་མཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ མགུར་པར་བཀོད་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ གདུག་པ་སྦྲུལ་གྱིས་རབ་བརྒྱན་པས༔ ཞེ་སྡང་རྣམ་དག་མཐུ་སྟོབས་ལྡན༔ དུག་ལྔ་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་ཀ་མ་དྷུ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བརྒྱན་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ རཀྟའི་ཐིག་ལེ་འདི་གསོལ་བས༔ འཁོར་བ་འདྲེན་པའི་ནུས་སྟོབས་ལྡན༔ མཆོག་གི་འགྲོ་དོན་བྱེད་པར་ཤོག༔ ཨོཾ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཁུར་ཚོས་གཉིས་སུ་བྱུགས་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་ཞལ་ངོ་ལ༔ ཞག་གི་ཟོ་རིས་འདི་གསོལ་བས༔ ཡེ་ཤེས་བདུད་རྩིའི་བཅུད་སྟོབས་ལྡན༔ ཡེ་ཤེས་བདུད་རྩིས་སྨིན་པར་ཤོག༔ ཨོཾ་ཛྙཱ་ན་ཨ་མྲིཏ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བྱུགས། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་ཞལ་རས་ལ༔ ཐལ་ཆེན་ཚོམ་བུ་འདི་གསོལ་བས༔ མ་མོ་མཁའ་འགྲོ་དབང་སྡུད་ནས༔ བདུད་བཞི་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་བ་སུ་ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར་བྱུགས་ཚུལ་བྱ། དེ་ལྟར་དུར་ཁྲོད་ཆས་བརྒྱད་ཀྱི་དབང་ལ་བརྟེན་ནས། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག །འཕགས་ལམ་ཡན་ལག་བརྒྱད་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །དེ་ལྟར་སྐུའི་ཆས་དང་ཕྱག་མཚན་གྱིས་མངའ་གསོལ་བས་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་ང་རྒྱལ་སྐྱེད་མཛོད། རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་ཡོན་ཏན་མངའ་གསོལ་གྱི་དབང་བསྐུར་པས། ལུས་ངག་ཡིད་གསུམ་གནས་འགྱུར་ཏེ། གུ་རུ་པདྨའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་ཡིན་པས། དུས་རྟག་ཏུ་བདེ་གཤེགས་འདུས་པ་བླ་མའི་ང་རྒྱལ་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་མ་ལུས་པ་ཐོབ་པར་འགྱུར་རོ། །ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་ཞུ་བའི་ཕྱིར་གསོལ་འདེབས་ཀྱི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་ཕྲིན་ལས་རྣམ་བཞིའི་དབང༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། དཀྱིལ་འཁོར་གྱི་ཕྱོགས་བཞིའི་དབང་རྫས་རྣམས་རིམ་པར་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས་བྱུང་བའི་བུམ་པ་ལ་སོགས་པ་ལས་སོ་སོར་སྒྲུབ་པའི་ནུས་པ་དང་ལྡན་པས་རིམ་པར་དབང་བསྐུར་བར་སྒོམས་ཤིག །ཤར་གྱི་བུམ་པ་གཏད་ལ། ཧཱུྃ༔ རྡོ་རྗེ་རྣམ་རྒྱལ་བདུད་རྩིའི་བུམ་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་མཐུན་འཇིགས་པ་བརྒྱད་ལས་སྐྱོབ་པ་ཡི༔ ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཤཱནྟིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་ཚོགས་གཏད་ལ། ཧཱུྃ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོངས་སྤྱོད་འབྱོར་པ་དྲུག་དང་ལྡན་པ་ཡི༔ རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་གཏོར་མ་གཏད་ལ། ཧཱུྃ༔ ཤ་ལྔ་བདུད་རྩི་དམར་གྱི་གཏོར་མ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མོས་པ་རྣམ་བཞིས་འགྲོ་བ་འདུལ་བ་ཡི༔ དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཱ་ཤཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་ཕུར་པ་གཏད་ལ། ཧཱུྃ༔ དབང་དྲག་ཕུར་པ་ཡེ་ཤེས་ལྷ་ཡི་སྐུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པ་ཡི༔ དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་མཱ་ར་ཡ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྲིན་ལས་རྣམ་པ་བཞི་ཡི་དབང་རིགས་ཀྱི་བུ་ཁྱོད་ལ་བསྐུར་བས། ཞི་རྒྱས་དབང་དྲག་བཞི་ཡི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །མཐར་ཐུག་འབྲས་བུ་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ། །དྲུག་པ་སྒྲུབ་ཅིང་མཆོད་པའི་རྫས་རྣམས་ཀྱིས་དབང་བསྐུར་བས། ལྷ་དང་སྲུང་མ་རྣམས་འབོད་པ་དང་མཆོད་པ་དང་བསྟེན་པའི་དབང་ཐོབ་པར་སྒོམས་ཤིག །སྨན་རཀ་གཏོར་གསུམ་ལག་ཏུ་གཏད་ཅིང་མདུན་དུ་བཤམ། ལག་གཡས་གཡོན་དུ་ཌཱ་རུ་རྐང་གླིང་དང་ཐོད་སྐུ་ཁ་ཊྭཱཾ་རྣམས་གཏད་ལ། ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་རྣམས༔ འབོད་པའི་དམ་རྫས་ཐོད་རྔ་རྐང་གི་དུང༔ མཆོད་པའི་དམ་རྫས་སྨན་རཀ་གཏོར་མ་གསུམ༔ བསྟེན་པའི་དམ་རྫས་ཐོད་སྐུ་ཁ་ཊྭཱཾ་ག༔ འབོད་མཆོད་བསྟེན་གསུམ་གསང་བའི་དམ་རྫས་འདི༔ སྐལ་ལྡན་སྒྲུབ་མཆོག་ཁྱོད་ལ་གཏད་པར་བགྱི༔ རྟག་ཏུ་མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས༔ ཨོཾ་ཨཱཿཧཱུྃ་གུ་ཧྱ་ས་མཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་བུ་ཁྱོད་ལ་སྒྲུབ་རྫས་ཀྱི་དབང་འདི་བསྐུར་པས༔ འབོད་མཆོད་བསྟེན་གསུམ་གྱི་རྫས་འདི་དག་དང་དུས་རྟག་ཏུ་མི་འབྲལ་བར་གྱིས་ཤིག །དུས་རྟག་ཏུ་ཡི་དམ་གྱི་ལྷ་ཚོགས་མཆོད་པ་དང་བསྟེན་པའི་ལས་མཛོད་ཅིག །ཅེས་རྗེས་གནང་སྦྱིན། བདུན་པ་མཐའ་རྟེན་ལ་གཉིས། གཏོར་དབང་དང་། དྲེགས་པའི་སྲོག་དབང་ངོ། །དང་པོ་ནི། ཆགས་མེད་དབང་བསྒྲིགས་ལས་དབང་གཏོར་སྒྲུབ་ཚུལ་གོང་དུ་སྨོས་པ་ལྟར་བསྟན་པ་ནི་གཞུང་གི་སྨིན་བྱེད་གཏོར་མའི་རྗེས་སུ་གནང་བ་ཞེས་བྱིན་རླབས་བསྡུས་པ་ཟུར་དུ་བཞུགས་པའི་དགོངས་པར་སྣང་བ་མ་ཟད། ལ་ལས་དབང་གཏོར་བཤམས་ནས་གཏོར་དབང་མེད། །ཅེས་གསུངས་པ་ལ་དཔག་ན་གཏོར་མའི་སྨིན་བྱེད་དེ་ངེས་པར་འདིར་བླངས་ཡོད་པར་འདྲའང་ད་ལྟའི་དབང་བསྒྲིགས་དང་དབང་རྒྱུན་གཉིས་ཀར་དེ་འདྲའི་སྒྲོས་མི་འདུག་པས་ས་བཅད་ཙམ་དུ་རྡོ་རྗེ་སྤྱི་བླུགས་ནས་བཀབ་པ་ནི། སྒྲུབ་གཏོར་ཐོགས་ལ། བདུན་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛད་འཚལ། གཏོར་མ་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སློབ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་སུ་བཅུག་ལ། ཧཱུྃ། འགྲོ་བ་འདྲེན་མཛད་དྲག་པོ་ཐོད་ཕྲེང་སྐུ །ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་དྲངས། །རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར། །བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ། །སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས། །ཐུགས་ཀྱི་དགོངས་པ་དད་ལྡན་བུ་ལ་འབེབ། །སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན། །སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཧཱ། ཞེས་གནས་གསུམ་དུ་བཞག་སྟེ་དབང་བསྐུར་བའི་མཐར་གཏོར་མའི་ལྷ་སློབ་མ་ལ་ཐིམ་པར་མོས། གཉིས་པ་ནི། སློབ་མ་དམ་ཚིག་དང་ནུས་པའི་གདིང་ལྡན་པ་རེ་རེ་ཙམ་ལས་ཁྱབ་བརྡལ་དུ་བྱ་བ་མིན་པས་དེའི་ཚུལ་ཟུར་དུ་ཤེས་སོ། །བརྒྱད་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་བའི་དོན་དུ། ཁྱེད་རང་རྣམས་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག སྒལ་ཚིགས་དོང་རྩེ་བརྩེགས་པ་ལྟ་བུ། མིག་སྣ་རྩེ། ལྕེ་ཡ་རྐན། མཆུ་དང་སོ་རང་བབ། མགྲིན་པ་ཡིད་ཙམ་དགུག །སེམས་རྣམ་དག་སྤྲིན་མེད་ཀྱི་ནམ་མཁའ་ལ་བསིལ་བུས་མ་བསྐྱོད་པ་ལྟ་བུ་སྟེ་གནས་ལུགས་ཀྱི་སྟེང་དུ་ཡུལ་དྲུག་འཛིན་པས་མ་བསླད་པར་རང་སར་ཆམ་མེར་ཞོག་ཅིག་བྱས་ལ། བླ་མས་རྡོ་རྗེ་དྲིལ་བུ་ནམ་མཁར་འཛིན་པས་ཚིག་འདིས་གསལ་གདབ་བོ། །ཧཱུྃ༔ ལྟོས་ཤིག་ལྟོས་ཤིག་ནམ་མཁའ་འདི་ལ་ལྟོས༔ ནམ་མཁའ་མཐའ་དབུས་མེད་པ་ཆོས་ཀྱི་སྐུ༔ ནམ་མཁའ་གསལ་འགྲིབ་མེད་པ་ཆོས་ཀྱི་སྐུ༔ ཁ་དོག་ངོས་བཟུང་མེད་པ་ཆོས་ཀྱི་སྐུ༔ ནམ་མཁའ་འདི་དང་རང་སེམས་གཉིས་སུ་མེད༔ བདེ་ཆེན་ཕྱག་རྒྱ་ཆེན་པོའི་དབང་བསྐུར་རོ༔ ཞེས་བརྗོད་ལ་གསལ་སྟོང་དབྱེར་མེད་དོན་ལ་ཅི་གནས་བཞག་གོ །དེ་ལྟར་བཞི་པ་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་པ་ལ་བརྟེན་ནས། དྲི་མ་བག་ཆགས་དང་བཅས་པ་དག །ལམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྒོམ་པ་ལ་དབང་། མཐར་ཐུག་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །བླ་མ་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན་ཞིང་མེ་ཏོག་གི་ཆར་བསྙིལ་བས་ཁྱེད་རང་རྣམས་ལ་དབང་གི་ཡེ་ཤེས་སྔར་མ་སྐྱེས་པ་རྣམས་སྐྱེས་ཤིང་། །སྐྱེས་པ་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བྱས་པར་མོས་ཤིག །ཞལ་ནས་གསུངས་པས་ཐོག་དྲངས་ཤིས་པ་ཅི་རིགས་དང་། རྟེན་སྙིང་། སུ་པྲ་ཏིཥྛ་རྣམས་བརྗོད་ལ་མེ་ཏོག་འཐོར་རོ། །དེ་དག་གིས་སྤྲུལ་པའི་གཏེར་ཆེན་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་ལས་བྱོན་པའི་གུ་རུ་དྲག་པོ་བདེར་གཤེགས་འདུས་པའི་རྩ་བའི་དབང་སྨིན་ལམ་དབང་གི་རྒྱལ་པོ་མ་བུ་ཟུང་བསྡེབས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་བསྐུར་གྲུབ་པ་ཡིན་པས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་བླ་མ་ཞི་དྲག་ཡི་དམ་གྱི་ལྷར་བཟུང་ཞིང་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ པདྨ་རྒྱལ་པོ་དགོངས་སུ་གསོལ༔ བདག་ཅག་ལས་ལྡན་ཐེག་ཆེན་རིགས༔ གསང་བ་མཆོག་ཏུ་བློ་ངེས་ཤིང༔ ལུས་དང་སྲོག་ལ་ལྟོས་མེད་པར༔ དམ་ཚིག་བཀའ་བསྩལ་གཞུང་བཞིན་བསྒྲུབ༔ ངེས་པར་གནང་ཞིང་བཟུང་དུ་གསོལ༔ ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ། བསྐུལ་ཆད་བརྟན་རྟ་བྲོ་དངོས་གྲུབ་བླང་བ། གཏང་རག་མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་དུ་ལས་བྱང་ལྟར་བྱའོ། །བླ་མ་ཞི་དྲག་སྒྲུབ་ལ་དབང་། །ལྷ་འདྲེའི་སྲོག་ལ་དབང་སྒྱུར་ཐོབ། །བྱེ་བྲག་ཕྲིན་ལས་རང་དབང་འགྲུབ། །དེ་ཕྱིར་སྨིན་ལམ་དབང་གི་རྒྱལ། །གང་འདིས་མི་སྲུན་ནག་པོའི་ཕྱོགས་ལ་སོགས། །སྐྱེ་རྒུའི་རྒྱུད་ལ་རིགས་ཁམས་ཡེ་ཤེས་མཆོག །གསོས་ཐེབས་སྨིན་གྲོལ་མྱུ་གུ་སྟོབས་རྒྱས་ཏེ། །འབྲས་བུའི་བླ་མ་དྲག་པོ་མངོན་བྱེད་ཤོག །ཅེས་པ་འདིའང་གང་ལས་བརྒྱུད་པའི་ཁུངས་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་རབ་སོར་བཞག །རྩ་བའི་གཞུང་དང་། མངའ་རིས་པཎ་ཆེན་རིན་པོ་ཆེའི་བཞེད་པར་བསྟུན་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).