Terdzo-CI-017

From Rinchen Terdzö

འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་

'phags ma yid bzhin zla ba tshe sbyin ma'i sgrub thabs snying por dril ba 'chi med bdud rtsi'i gter mdzod

by  ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ (Khatok Rigdzin Tsewang Norbu)
revealed by  ཞིག་པོ་གླིང་པ་, ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ (Zhikpo LingpaKhatok Rigdzin Tsewang Norbu)
in cycle  འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མ་ ('phags ma yid bzhin zla ba tshe sbyin ma)
parent cycle  རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ (Rdzogs pa chen po gsang ba snying thig yang zab bsdus pa'i snying po)
Volume 35 (ཅི) / Pages 613-630 / Folios 1a1 to 9b3

[edit]

༄༅། །འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མསྟཱ་རཻ། གང་གི་མཚན་ཐོས་པས་ཀྱང་འཇིགས་ཀུན་སྒྲོལ། །འཁོར་བའི་དུཿཁ་མ་ལུས་སེལ་མཛད་མ། །འོད་དཔག་མེད་འཆང་རྒྱལ་བ་ཀུན་སྐྱེད་ཡུམ། །འཆི་མེད་གཏེར་འཆང་འཕགས་མར་ཕྱག་འཚལ་ལོ། །དུས་དགྲའི་དཔུང་འཇོམས་མི་ཤིགས་དྭངས་མའི་ཚེ། །བསྒྲུབ་ཕྱིར་བཅོམ་ལྡན་འདས་མ་ཉེར་བསྙེན་པའི། །མན་ངག་ཀུན་སྤྱོད་བདུད་རྩི་ཟབ་མོ་ནི། །ལམ་བཟང་སྙེགས་ལ་ཁོ་བོས་འདིར་བསྟན་བྱ། །དེ་ཡང་གནས་དབེན་ཞིང་གཙང་ལ་ཡིད་དུ་འོང་བར། དུས་ཡར་ངོའི་ཚེས་བརྒྱད་དམ་གཟའ་སྐར་བཟང་པོར་བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞི། དབུས་སུ་ཟླ་བ་སྣ་ཚོགས་རྡོ་རྗེ་པད་དཀར་འདབ་བརྒྱད་མུ་ཁྱུད་ལྔ་ལྡན་མཛེས་ཤིང་ཡིད་དུ་འོང་བ་བྲི། དེ་སྟེང་བུམ་པ་མཚན་ལྡན་དར་དཀར་ཆིངས་ལྡན་ནང་གཏན་འཁྱིལ་མཚོའམ་རྒྱུན་འབབ་གངས་ཆུ་བུ་མོ་གཙང་མས་བླངས་ལ་ལྔ་ཚན་ལྔའི་རྫས་བཅས་བླུག །ཁ་རྒྱན་ཤིང་གིས་བྱས་པའི་གསེབ་ལ་འཕགས་མའི་སྐུ་རི་མོའམ་འབུར་དུ་དོད་པ་བཤམ། དེའི་མདུན་དུ་གཏོར་མ། གཡས་སུ་ཚེ་རིལ། གཡོན་དུ་བདུད་རྩི། རྒྱབ་ངོས་མདའ་དར་སྣ་ལྔ། མཐར་མཆོད་པའི་བྱེ་བྲག་གིས་ལེགས་པར་བསྐོར། དེ་ལྟར་གལ་ཏེ་མ་ལྕོགས་ན། རས་དཀར་གྱི་གཞི་མའི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་དགུ་པའི་དབུས་སུ། གཏོར་མ་བུམ་པ་སྐུ་གཟུགས་གང་རུང་གཅིག་གི་མཐར། མཆོད་པ་ལྔས་བསྐོར་ནས་བཤམས་ཀྱང་འཐུས་ལ། དེ་ཙམ་གྱི་སྤྲོས་པ་མེད་ན་སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་གི་དཔེ་ལ་མཆོད་པ་བཤམས་ཀྱང་ཤིན་ཏུ་ནས་རུང་ཞིང་། སྤྱིར་སྤྲོས་པ་མེད་པ་ཏིང་ངེ་འཛིན་ཁོ་ནས་ཀྱང་ཡོང་ངོ། །དེ་ལྟར་སྟ་གོན་གྲུབ་ནས། གཞི་བདག་འབྱུང་པོའི་ཚོགས་གཏོར་མས་བརྔན་ལ་སྲུང་འཁོར་ཟབ་མོ་བསྒོམ། དྲི་བཟང་གི་ཆུས་གདོང་བཀྲུས་ཤིང་བདེ་བའི་གདན་ལ་སྙོམས་པར་འདུག་ནས་ལྷག་པའི་བསམ་པ་དང་ལྡན་པས། ན་མོ་ཧཱུྃ། སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་འཕགས་མ་བསྒྲུབ་པར་བྱ། །ཚོགས་ཞིང་བླ་ན་མེད་པའི་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་དགེར་ཡི་རང། །ཆོས་འཁོར་བསྐོར་བསྐུལ་རྒྱལ་བ་བཞུགས་གསོལ་འདེབས། །དགེ་བསགས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །རཾ་ཡཾ་ཁཾ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ། སྥ་ར་ཎ་ཕཊ། འདིར་བཤམས་པ་དང་ཡིད་ཀྱིས་མཆོད་པའི་རྫས། རིན་པོ་ཆེའི་གཞལ་མེད་ཁང་ཁོ་ལག་ཡངས་ཤིང་རྒྱ་ཆེ་བར་ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ནམ་མཁའ་མཛོད་ཀྱི་རང་བཞིན་རྒྱལ་བའི་ཞིང་ཐམས་ཅད་ཁྱབ་པར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། ཨརྒྷཾ། པཱ་དྱཾ་སོགས་ནས། ཤབྡ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་པས་བྱིན་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་ཀུན་སྤྲོས་བྲལ་སྟོང་པ་ཆེན་པོའི་ངང་། །ཀུན་ཁྱབ་སྙིང་རྗེའི་རོལ་པ་བསམ་ཡས་སྤྲོ། །རང་སེམས་ཡེ་ཤེས་ངོ་བོ་ཏཱྃཿདུ་ཤར། །འཕྲོས་པའི་འོད་ཀྱིས་ཁམས་གསུམ་དྲི་མ་སྦྱངས། །སྟེང་འོག་ཁོར་ཡུག་རྡོར་གུར་མེ་རིས་གཏམས། །དེ་དབུས་འཇིག་རྟེན་ཆུ་ཤེལ་གཞལ་ཡས་ཁང་། །འདོད་ཡོན་ཕུན་ཚོགས་བདེ་བ་ཅན་གྱི་དབུས། །རང་མདུན་ནམ་མཁར་པད་དཀར་འདབ་སྟོང་སྟེང་། །གསེར་གྱི་རྒྱ་གྲམ་ཟླ་བའི་དཀྱིལ་འཁོར་ལ། །རྒྱུ་ཡི་ས་བོན་ཏཱྃཿལས་རྒྱལ་ཀུན་གྱི། །ཐུགས་རྗེ་ཕྲིན་ལས་ཡོངས་འདུས་ཨུཏྤལ་དཀར། །ཡོངས་གྱུར་ཡིད་བཞིན་ཟླ་བ་ཚེ་སྦྱིན་མ། །དཀར་དྭངས་ཆུ་ཤེལ་ཟླ་ལྟར་རབ་ཏུ་འཚེར། །ཞི་འཛུམ་སྒེག་ཆགས་ལྔ་ལྡན་འོད་ཟེར་འཕྲོ། །རིན་ཆེན་རྒྱན་རྫོགས་མེ་ཏོག་ཕྲེང་བས་སྤྲས། །དར་དཀར་སྟོད་གཡོགས་སྣ་ཚོགས་སྨད་གཡོགས་གསོལ། །དཔྲལ་བ་ཕྱག་ཞབས་ཞི་སྤྱན་བདུན་གྱིས་བརྒྱན། །ཨུཏྤལ་དཀར་པོ་ཆེར་རྒྱས་སྡོང་བུ་ནི། །ཕྱག་གཡོན་མཐེབ་སྲིན་དག་གིས་ཐུགས་ཀར་འཛིན། །པདྨ་དཀར་པོ་མཆོག་སྦྱིན་ཕྱག་རྒྱ་གཡས། །དབུ་སྐྲ་ཐོར་ཅོག་ལྟག་ཟར་རྣམ་པར་གཡོ། །འོད་ནི་དཔག་མེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གཞོན་ནུ་འགྱིང་ཚུལ་ཟླ་རྒྱས་རྒྱབ་ཡོལ་མཛེས། །དཔྲལ་མགྲིན་སྙིང་གར་ཟླ་བ་པད་ཉི་ལ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན། །ཐུགས་ཀར་པད་ཟླའི་སྟེང་དུ་རྩིབས་བརྒྱད་དཀར། །ལྟེ་བར་ཟླ་སྟེང་ཏཱྃཿཡིག་འོད་དཔག་མེད། །རྩིབས་བརྒྱད་སྔགས་ཕྲེང་བཅས་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་མར་སངས་རྒྱས་བྱང་ཆུབ་སེམས། །མ་ལུས་བསྐོར་ཏེ་མདུན་གྱི་མཁའ་ལ་བྱོན། །མཆོད་ཅིང་བསྟོད་པར་དབང་བསྐུར་གསོལ་བཏབ་པས། །ཡེ་ཤེས་འཁོར་དང་བཅས་པས་བུམ་པའི་ཆུས། །དམ་ཚིག་པ་ལ་དབང་བསྐུར་སྐུ་ལུས་ཁེངས། །ཕྱི་ནང་སྒྲིབ་གཉིས་དྲི་མ་ཐམས་ཅད་དག །ཆུ་ལྷག་ཡར་ལུད་འོད་དཔག་མེད་དབུ་བརྒྱན། །དམ་ཚིག་ཡེ་ཤེས་དབྱེར་མེད་ངོ་བོར་གྱུར། །ཨཱརྱ་ཏཱ་རེ་བཛྲ་ས་མ་ཡ་ཛཿ ཨོཾ་ཨཱརྱ་ཏཱ་རེ་ཨེ་ཧྱེ་ཧི་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལ་ཡང་། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད་སྭཱ་ཧཱ། །བརྩེ་ལྡན་ལྷ་མོ་ཚེ་དབང་མྱུར་སྩོལ་མ། །བདག་ཡིད་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས། །འཆི་མེད་ཚེ་དབང་ལོངས་སྤྱོད་དཔལ་འབྱོར་དང་། །ཕྲིན་ལས་རྣམ་བཞི་ཅི་འདོད་བསྩལ་དུ་གསོལ། །འདི་ཕྱི་བར་དོ་གནས་སྐབས་ཐམས་ཅད་དུ། །མ་ཁྱེད་འབྲལ་མེད་རྟག་ཏུ་ཐུགས་རྗེས་ཟུངས། །སྐྱེ་བ་འདི་ནས་བྱང་ཆུབ་མཆོག་གི་བར། །ལུང་བསྟན་ཆོས་གསུང་འབྲལ་མེད་འགྲོག་ཏུ་གསོལ། །རྟག་ཏུ་ཉམས་ལེན་སྐྱོ་དུབ་མེད་པ་དང་། །གཞན་དོན་ལྷུར་ལེན་བདེ་ལེགས་ཕུན་ཚོགས་ཤིང། །ཚེ་དང་སྒྲུབ་པ་རླབས་ཆེན་མཐར་ཕྱིན་ནས། །ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག །ཅེས་བསྟོད་གསོལ་བ་བཏབ་པས་སྒྲོལ་མཛད་མའི། །སྐུ་ལས་འོད་ཟེར་དཔག་མེད་འཕྲོས་པ་ཡིས། །སངས་རྒྱས་བྱང་སེམས་མ་ལུས་རིགས་ལྔ་ཡི། །རྣམ་པར་སྤྱན་དྲངས་འཕགས་མའི་སྐུར་ཐིམ་ཞིང་། །མདུན་གྱི་འཕགས་མ་འོད་ཕུང་གྱུར་ནས་ནི། །རང་གི་ལུས་ལ་ཐིམ་པས་སྐད་ཅིག་དེར། །རང་ཉིད་འཕགས་མའི་སྐུར་གྱུར་རྒྱན་ཆ་ལུགས། །སྐུ་མདོག་ཕྱག་མཚན་མ་འདྲེས་ལམ་མེར་གསལ། །སྙིང་གར་པད་དཀར་འདབ་བརྒྱད་ཅུང་ཁ་ཟླུམ། །དེ་དབུས་ཟླ་སྟེང་རྩིབས་བརྒྱད་ཡིག་འབྲུ་བརྒྱད། །ལྟེ་བར་ཟླ་གདན་སྟེང་དུ་ཏཱྃཿཡིག་དཀར། །ཅུང་ཟད་ཁ་ཟླུམ་རིང་ཆ་ཚེགས་དྲག་བརྒྱན། །ཕྱི་རིམ་མུ་ཁྱུད་སྔགས་ཕྲེང་སྤེལ་ཚིག་བསྐོར། །སྔགས་ཀྱི་འོད་ཟེར་ཆོས་འཁོར་ལྔ་ལྡན་འཕྲོས། །ལྗང་གུས་མི་ཤིགས་རྡོ་རྗེའི་གུར་ཁང་སྤྲས། །དཀར་པོས་འཇིག་རྟེན་ཁྱབ་བྱས་བདག་སོགས་ཀྱི། །ནད་གདོན་བར་ཆད་དགྲ་བགེགས་མཐའ་དག་ཞི། །དེ་བཞིན་དམར་པོས་འཁོར་འདས་ཚེ་བསོད་བསྡུས། །སེར་པོས་ཚེ་བསོད་དཔལ་འབྱོར་མངའ་ཐང་འཕེལ། །མཐིང་གས་གཉེན་པོས་མི་འཇིགས་རྡོ་རྗེའི་སྐུ །གཞོམ་གཞིག་མེད་སྐུར་གྱུར་པས་རྩེ་གཅིག་ཏུ། །ཐུགས་ཀའི་སྔགས་ཕྲེང་ས་བོན་དམིགས་གཏད་ལ། །ཡེངས་མེད་ངང་ལས་རླུང་སྔགས་དབྱེར་མེད་པར། །བཟླས་པའི་སྐྱོན་ལྔ་སྤངས་ལ་དག་པར་བཟླའོ། །ཨཱོྃ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྫྙཱན་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་གོང་མ་རྩ་སྙིང་འབྲུ་བརྒྱད་པ་དང་འོག་མ་ལས་སྔགས་སྤེལ་ཚིག་དང་བཅས་པ་སྟེ། བསྙེན་པའི་སྐབས་སུ་གོང་མ་གཙོ་བོ་དང་སྤེལ་ཚིག་ཅན་དེའི་དྲུག་ཆ་ཙམ་དུ་བཟླ་ལ། སྒྲུབ་དང་རྒྱུན་གྱི་བཟླས་པ་ལ་ནི་སྤེལ་ཚིག་ཅན་གཙོ་བོར་བྱའོ། །ཐུན་མཐར་རྫོགས་པའི་རིམ་པ་དང་ལྷར་ལྡང་མཉམ་པར་གཞག་པའི་རིམ་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་ཕུང་ཆེན་པོའི་རང་བཞིན་དུ་གྱུར་ནས་རྡོ་རྗེའི་གུར་ལ་ཐིམ། དེ་ཡང་འོད་ཟེར་དཀར་པོར་ཐིམ། དཀར་པོ་ཡང་དམར་པོར་ཐིམ། དམར་པོ་སེར་པོར་ཐིམ། སེར་པོ་མཐིང་གར་ཐིམ། མཐིང་ག་འཕགས་མར་ཐིམ། འཕགས་མ་ཡང་ཐུགས་ཀའི་འཁོར་ལོ་ལྔ་ལྡན་ལ་ཐིམ། ལྔ་ལྡན་རྩིབས་ཕྲེང་སྔགས། ས་བོན་དེ་ཡང་ཏཱྃ། ཁོག་པ། མགོ །ཟླ་ཚེས། ཐིག་ལེ། ནཱ་ད་ཡལ་ཏེ་ཟབ་ཞི་འོད་གསལ་ལ་ཞུགས། སླར་ཡང་སྔགས་རྐྱེན་གྱིས་སད་དེ་འཕགས་མར་ལྡང་བར་འབྲུ་གསུམ་གྱིས་བརྒྱན་པར་གྱུར། དེ་ལྟར་ཡང་ངོ་བོ་སྟོང་ཉིད་ཆེན་པོ་གང་གི་ཡང་སྤྲོས་པ་མེད་པར་རྟོགས་པ་རྫོགས་རིམ། རང་བཞིན་ལྷར་སྣང་སྒྱུ་མ་ལྟ་བུར་ལམ་ཁྱེར་བསྐྱེད་རིམ། ཐུགས་རྗེ་ཟུང་འཇུག་རིམ་པའི་ངང་ལ་རོ་གཅིག་པ་བསྐྱེད་རྫོགས་གཉིས་མེད་དེ། དེར་མ་ཟད་ཆོས་ཀུན་ཆོས་ཀྱི་སྐུར་རོ་གཅིག་པའོ། །དགེ་འདིས་བདག་གི་ཚོགས་གཉིས་རྫོགས། །མྱུར་དུ་སྒྲོལ་མའི་ས་མཆོག་བརྙེས། །འགྲོ་ཀུན་སྒྲིབ་པ་གཉིས་སྤངས་ཏེ། །འཆི་མེད་རིག་འཛིན་ཐོབ་པར་ཤོག །ཅེས་རིམ་གཉིས་དགེ་བ་འགྲོ་ལ་བསྔོ་བས་རྒྱས་གདབ་པའོ། །དེ་ནས་ཐུན་མཚམས་གཏོར་མའི་རྣལ་འབྱོར་ནི། དཀར་གསུམ་གཙོ་བོར་བྱས་པའི་ཟླུམ་གཏོར་མར་ཁུས་བྱུགས་པ་མཐེབ་ཀྱུའི་མཐའ་སྐོར་ཅན་སྣོད་གཙང་མར་ཆང་ངམ་ཆུ་དང་སྣོད་གཅིག་ཏུ་བཤམས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ལས་ཆུས་བསང་ཞིང་། རཾ་ཡཾ་ཁཾ་གཏོར་མ་རྫས་མ་དག་པ་ཐམས་ཅད་སྦྱངས། སྟོང་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་སྣོད་བཅུད་ཕུན་སུམ་ཚོགས་ཤིང་འདོད་ཡོན་དུ་མས་བརྒྱན་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། འཁོར་འདས་ཀྱི་སྣོད་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས། བཅུད་མ་ལུས་ཤིང་ལུས་པ་མེད་པ་བཅོམ་ལྡན་འདས་མའི་རང་བཞིན་འཁོར་ལོ་གསུམ་དུ་གྱུར་ཅིང་། དེ་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་ཉེར་གཅིག་གིས་འབུལ་མཐར་གོང་དུ་བསྟན་པའི་བསྟོད་པའམ། སྤྲོ་ན་ཕྱག་འཚལ་ཉེར་གཅིག་གིས་རབ་ཏུ་བསྟོད་ཅིང་ཡིད་ལ་འདོད་དོན་གང་ཡིན་པ་དེ་འགྲུབ་པར་གསོལ་བ་དྲག་ཏུ་གདབ་བོ། །གཞན་ཡང་མདུན་བསྐྱེད་མཆོད་བསྟོད་མཎྜལ་གྱི་བྱ་བ་གཞན་ནས་བྱུང་ལྟར་ཤེས་ཤིང་སྤྲོ་བས་བགྱིས་ཀྱང་ལེགས་ལ་མ་གྲུབ་ཀྱང་རུང་ངོ་། །མཐར་ཡིག་བརྒྱ་ཅི་ནུས་ཀྱིས་ཉེས་བྱས་བཤགས་ཤིང་ལྷག་ཆད་གསོ། ཨཀྵ་དང་རྟེན་འབྲེལ་སྙིང་པོ་ཡང་བཀླགས་ལ་འཁོར་འདས་དག་པ་འོད་གསལ་གྱི་འཁོར་ལོ་རྫོགས་པའི་རིམ་པ་ལ་བསྡུའོ། །སྤྲོས་བཅས་ཀྱི་ཆོ་ག་དང་རྗེས་མཐུན་དམ་ཡེ་རྣམས་ཡེ་ཤེས་རྟེན་ལ་བསྟིམ་པའམ་གཤེགས་སུ་གསོལ་བ་དང་། དམ་ཚིག་བསྡུས་ཀྱང་འགལ་བར་མི་འགྱུར་ལ། གང་ཡང་མཐར་བསྔོ་སྨོན་བཀྲ་ཤིས་ཀྱི་རྒྱས་གདབ་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་མ་བསྙེན་པའི་ཚད་ནི། དུས་ཞག་གཅིག་ནས་གསུམ་བདུན་ཉེར་གཅིག་དང་ཟླ་བ་ལོ་སོགས་གང་ཡང་རུང་ཞིང་། གྲངས་ནི་སྤྱིར་སྔགས་ཡི་གེ་བཅུ་པ་འབྲུ་འབུམ་གྱི་དབང་དུ་བྱས་ཏེ་བྱེ་བས་ལས་དང་དངོས་གྲུབ་རྣམས་བསྒྲུབ་པ་ལ་དབང་ཞེས་རྒྱུད་དོན་ལྟར་བཤད་ཀྱི། འདིར་ནི་རྩ་སྔགས་ཀྱི་ཡི་གེ་བརྒྱད་པ་དང་འབྲུ་བཅུ་པ་ལས་སྔགས་སྤེལ་བ་སྦྲགས་མ་དག་པར་འབུམ་ཕྲག་དྲུག་ཡིད་གཞན་དུ་མ་ཡེངས་པར་རྩེ་གཅིག་པར་བཟླས་པས། ཚེའི་རིག་འཛིན་ཐོབ་པར་ཁ་ཆེའི་པཎྜི་ཏ་འོད་ཀྱི་ལུས་ཅན་བྱེ་མ་ལ་མུ་དྲའི་མན་ངག་ལས། ཡེངས་མེད་རྩེ་གཅིག་འབུམ་ཕྲག་གཅིག༔ བཟླས་ན་ཚེ་ཡི་རིག་འཛིན་ཐོབ༔ ཅེས་གསུངས་པས་དེ་ཡང་སྐལ་པ་དང་བློ་ཡི་རིམ་པས་དུས་མིན་འཆི་རྐྱེན་ཐ་དག་སེལ་ནས་ཚེ་ཚད་ལ་བསྐྱལ་བ་དང་། ཚེ་ཚད་ལྷག་པར་བསྲིང་བ་དང་། འཆི་མེད་རིག་འཛིན་ཐོབ་པ་རྣམས་འགྱུར་རོ། །རྟགས་ཀྱི་བསྙེན་པ་ནི་དབང་པོའི་གོ་རིམ་བཞིན། དངོས་ཉམས་རྨི་ལམ་གྱི་སྣང་བར་འཕགས་མའི་ཞལ་མཇལ་ལུང་བསྟན་གདམས་ངག་འབོགས་པ་རྣམས་འབྱུང་ཞིང་། གཞན་ཡང་ཉི་ཟླ་ཤར་བ་དང་། མེ་ཏོག་དཀར་པོ་འཐུས་པ་དང་། ཤིང་ཐོག་ཟོས་པ་དང་། བདུད་རྩི་འཐུང་བ་དང་། མཆོད་རྟེན་སཱཙྪ་བཞེངས་པ་དང་མང་པོ་མཐོང་བ་དང་། བུ་མོ་དཀར་མོ་ཡིད་དུ་འོང་བས་རྒྱན་ཕྲེང་དཀར་པོ་བྱིན་པ་རྣམས་ཚེ་འགྲུབ་པའི་ལྟས་ཡིན་ནོ། །དེ་ལྟར་འཕགས་མའི་དུས་བསྙེན་གྲུབ་པའི་སྐབས་སམ། གཞན་ཡང་གནས་སྐབས་ཅི་རིགས་པར་བྱིན་རླབས་འཇུག་ཕྱིར་དབང་ལེན་པར་འདོད་ན། མདུན་གྱི་དཀྱིལ་འཁོར་གཏོར་མ་བུམ་པ་ཉིད་འཕགས་མར་བལྟས་ཤིང་གཟུངས་ཐག་རྡོ་རྗེ་འཛིན་ནས་སྔགས་བརྒྱ་སྟོང་ཁྲི་འབུམ་ཅི་རིགས་བཟླས་ནས། མཐར་ཨོཾ་ཨཱཿཧཱུྃ། ཞེས་ལྷ་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་རྫས་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་། དེ་ནས་ངོ་བོ་རྩ་བའི་བླ་མ་དང་དཀྱིལ་འཁོར་གཙོ་མོ་ཐ་མི་དད་པ་རྡོ་རྗེ་སློབ་དཔོན་དང་། དེའི་ཐུགས་ཀ་ནས་རིག་རྩལ་སྤྲུལ་པའི་ལྷས་རྒྱལ་ཐེབས་མཛད་པར་མོས་ནས། རང་གློ་བུར་ཞུ་བ་པོའི་ཚུལ་གྱིས་ཕྱག་དང་བཅས་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་ནི། ཨེ་མ་བླ་མ་རིན་པོ་ཆེ། །སངས་རྒྱས་ཀུན་བདག་རྡོ་རྗེ་འཛིན། །ཉོན་མོངས་དྲི་མ་རབ་དབེན་ཕྱིར། །དཔལ་ལྡན་ཡིད་བཞིན་འཁོར་ལོ་ཡི། །འཆི་མེད་དབང་བསྐུར་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ཅིང་། དེ་ནས་སྐྱབས་སེམས་སྡོམ་གཟུང་གཞན་ནས་འབྱུང་བ་ལྟར་རམ། གོང་གི་སྐྱབས་སེམས་ཡན་ལག་བདུན་པས་ཀྱང་འགྲུབ་པས་རྗེས་ཟློས་ལན་གསུམ་བྱས་ལ། སླར་དཀྱིལ་འཁོར་དངོས་ལ་འཇུག་པའི་དོན་དུ་གསོལ་བ་གདབ་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་ཅེས་བྱ་བའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཕྱིར་བཅོམ་ལྡན་འདས་མའི་དབང་མ་ལུས་པ་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པའི་མཐར་ཡེ་ཤེས་དབབ་པ་ནི། སློབ་མ་ལས་ཆུས་བསང་། མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱངས་ནས་འཕགས་མའི་སྐུ་མངོན་རྟོགས་ལྟར་གསལ་བཏབ་ཅིང་གནས་གསུམ་བྱིན་གྱིས་བརླབ། སློབ་མའི་གནས་གསུམ་དང་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བའི་ཞིང་ཐམས་ཅད་གཡོས་ཏེ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས། འཕགས་མ་ཡིད་བཞིན་འཁོར་ལོའི་སྐུར་སློབ་མའི་སྤྱི་བོ་ནས་སིབ་སིབ་ཐིམ་པར་བསམ་ལ། རྡོར་དྲིལ་གསོར་འཁྲོལ་འཇམ་རོལ་སྤོས་དུད་བཅས་ཏེ། རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པས་ཉེར་གཅིག་ནས་བརྒྱ་རྩའི་བར་དུ་ཡེ་ཤེས་བསྟིམ་ཞིང་། མདའ་དར་གཡབ་ཅིང་ཁམས་གསུམ་སྣོད་བཅུད་ཀྱི་ཚེ་བཅུད་སྡུད་པའི་དམིགས་པས་གསོལ་འདེབས་ལས་སྔགས་བཟླ་ཞིང་སློབ་མའི་སྙིང་གར་བསྟིམ། རྡོ་རྗེ་སྤྱི་བོར་རེག་ཅིང་སུ་པྲ་ཏིཥྛས་བརྟན་པར་བྱས་ནས། དེ་ནས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའ་གང་བའི་སངས་རྒྱས་སྤྱན་དྲངས། ཏིང་ངེ་འཛིན་གྱིས་མཆོད་ཅིང་དབང་བསྐུར་བར་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བར་བསམ་ལ། ཨོཾ། བུམ་པ་བཟང་པོ་ལྷ་ཡི་གཞལ་ཡས་ཁང་། །འཆི་མེད་བདུད་རྩིའི་བཅུད་ཀྱིས་རབ་ཏུ་གང་། །ཀུན་བཟང་རིགས་ལྔ་རིགས་གསུམ་མགོན་པོ་དང་། །ཡིད་བཞིན་འཁོར་ལོ་པདྨ་འབྱུང་གནས་བཅས། །ཕྱོགས་བཅུའི་རྒྱལ་བ་མ་ལུས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩི་མཆོག་གི་དབང་བསྐུར་བས། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དང་། །འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨཱརྱ་ཏཱ་རེ་ཨཱ་ཡུརྫྙཱ་ན་སརྦ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་བུམ་པ་གནས་ལྔར་རེག་ཅིང་བུམ་ཆུ་མྱངས་པས་ཆུས་ལུས་ཁེངས་སྒྲིབ་པ་དག །ཆུ་ཐིགས་སྤྱི་བོར་བླུགས་པའི་ཆུ་ལྷག་ཡར་ལུད་པས་རིགས་བདག་གིས་མཚན་པར་བསམ། དེས་ནི་སྐུ་བུམ་པའི་དབང་ཐོབ་ཅིང་དེ་ཡི་སྦྱངས་རྟོགས་སྨིན་པའི་བྱ་བ་མཐའ་དག་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་ལྷ་དང་སློབ་མའི་སྙིང་གར་པད་ཟླ་ཙཀྲ་ས་བོན་སྔགས་ཕྲེང་སྤེལ་ཚིག་བཅས་གསལ་ཞིང་། སློབ་མའི་མོས་གུས་ཀྱི་རྐྱེན་གྱིས་སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་རྒྱུད་བསྐུལ། ཐུགས་ཀ་ནས་ས་བོན་སྔགས་ཕྲེང་བཅས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་བྱུང་། ལྷའི་ཞལ་ནས་སློབ་མའི་ཁར་ཞུགས། སྙིང་གའི་སྔགས་འཁོར་ལ་ཐིམ་པར་བསམ་ཞིང་། རྩ་སྔགས་ལས་སྔགས་རྗེས་ཟློས་ཚར་བདུན་དང་། དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཡང་རྗེས་ཟློས་བྱའོ། །དེ་ནས་ཕྲེང་བ་མགྲིན་པར་བཞག་ཅིང་ལག་ཏུ་བྱིན། ཨཱཿ འགག་མེད་ཚངས་པའི་གསུང་དབྱངས་བདུད་རྩིའི་བཅུད། །གྲགས་སྟོང་བརྗོད་འཛིན་རྟོག་པ་བྲལ་བའི་ངང་། །ཚངས་དབྱངས་སྐྱེ་འགག་མེད་པ་ཚངས་པའི་གསུང་། །སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག །ཨཱོྃ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་གཏད་ནས་མཐེབ་གུང་གིས་བགྲང་། དེས་ནི་གསུང་གི་གསང་དབང་ཐོབ་ཅིང་དེ་ཡིས་སྦྱངས་རྟོགས་སྨིན་པའི་བྱ་བ་མཐའ་དག་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་དུས་རྒྱལ་བའི་ཐུགས་ཀྱི་ཡེ་ཤེས་མ་ལུས་པའི་རང་བཞིན་ཕྱག་མཚན་ཨུཏྤལ་དཀར་པོ་དྲི་མེད་འོད་རབ་འཚེར་བའི་རྣམ་པར་སྤྱན་དྲངས། སློབ་མའི་སྤྱི་བོ་ནས་ཞུགས། སྙིང་གའི་ཏཱྃཿལ་སིབ་སིབ་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ། ཨུཏྤལ་དཀར་པོའམ་ཤེལ་རྡོ་སྙིང་གར་བཞག་ལ། ཧཱུྃ། མཚན་ལྡན་རྒྱལ་ཡུམ་འཕགས་མ་ཐུགས་རྗེ་ཅན། །འཁྲུལ་མེད་སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེས་ལ། །འཁྲུལ་མེད་འུབ་ཆུབ་བློ་འདས་ཐུགས་ཀྱི་དབང་། །སྐལ་ལྡན་བུ་མཆོག་ཡིད་ལ་བསྐུར་དུ་གསོལ། །ཨཱོྃ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། དེས་ནི་ཐུགས་ཡེ་ཤེས་ཀྱི་དབང་ཐོབ་ཅིང་དེ་ཡི་སྦྱངས་རྟོགས་སྨིན་པའི་བྱ་བ་མཐའ་དག་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་འཕགས་མར་ཕོག །དེ་སློབ་མའི་སྙིང་གར་ཞུགས་པ་དང་སྣང་སྲིད་འོད་ཀྱི་གོང་བུར་ཞུ་ནས་ཐིམ་ཞིང་སྐུ་ཡང་ཐུགས་ཀར་ས་བོན་ལ་ཐིམ་ཞིང་། དེ་ཡང་ནཱ་དར་ཡལ་ནས་སེམས་སྐྱེ་འགག་གནས་བྲལ་མ་བཅོས་སོ་མ་རང་ཐོག་ཁྱབ་གདལ་རིག་པ་ཀ་དག་ཆེན་པོར་མཉམ་པར་བཞག་གོ །སློབ་དཔོན་གྱིས། ཨ་ཨ་ཨཿ ཞེས་རིང་བར་བརྗོད། དེས་ནི་དེ་ཁོ་ན་ཉིད་དོན་དམ་པའི་དབང་ཐོབ་པ་སྟེ་དབང་ཀུན་གྱི་མཆོག་ཏུ་གྱུར་ཅིང་དེ་ཡི་སྦྱངས་རྟོགས་སྨིན་པའི་བྱ་བ་ཐམས་ཅད་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་གཏོར་མ་ལྷར་གསལ་བ་སློབ་མའི་གནས་གསུམ་དུ་བཞག་པས་འཕགས་མའི་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་ཅིང་། སླར་གཏོར་མ་སྤྱི་བོར་བཞག་པས་འོད་དུ་ཞུ་ནས་སློབ་མར་ཐིམ་པར་བསམ་ལ། ཧྲཱིཿ གཏོར་མ་སྤྲོས་བྲལ་ཟླུམ་པོའི་ཕོ་བྲང་ནས། །རྗེ་བཙུན་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་བཞུགས། །བྱིན་རླབས་ཀློང་ཡངས་ཐུགས་རྗེའི་འོད་ཕུང་འབར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་རྫོགས་ནས། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །འཆི་མེད་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ། །ནད་མེད་བདེ་བའི་དབང་མཆོག་བསྐུར་དུ་གསོལ། །རྩ་སྔགས་ལས་སྔགས་བཅས་པའི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ ཞེས་པས་གཏོར་དབང་བསྐུར་ཞིང་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། དེས་ནི་དབང་བཞི་ཡོངས་རྫོགས་བྱིན་རླབས་མཆོག་ཐུན་གྱི་དངོས་གྲུབ་ཆེན་པོ་ལ་དབང་བར་བྱེད་དོ། །མཐར་གཏོར་མ་བདུད་རྩིའི་རང་བཞིན་དུ་ཤེས་ནས་ཅུང་ཟད་རེ་མྱང་བར་བྱ་ཞིང་། དེ་ནས་ཚེ་རིལ་དང་ཚེ་ཆང་ཡང་རིགས་མཐུན་ཚིགས་བཅད་བླངས་ཏེ་སྦྱིན་པའམ། ཡང་ན་ལས་སྔགས་སྤེལ་ཚིག་ཅན་གྱིས་ཚེ་རིལ་གཡས་ཚེ་ཆང་གཡོན་དུ་སྟེར་ལ་རོལ་ལོ། །དེ་མཐར་མདའ་དར་དང་རྡོ་རྗེ་རྒྱ་གྲམ་དུ་སྤེལ་ལ། ཤིས་བརྗོད་བདེན་སྟོབས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཡེ་ཤེས་བརྟན་པའི་སྔགས་རྣམས་བརྗོད་ཅིང་སྤྱི་བོར་བཞག །མེ་ཏོག་ཀྱང་གཏོར། སྤྲོ་ན། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱང་སྦྱིན་ནོ། །རྗེས་དམ་ཚིག་ཁས་བླང་བ། མཎྜལ་ཡོན་འབུལ། བཀྲ་ཤིས་བསྔོ་སྨོན་རྣམས་སྤྱི་མཐུན་བྱ། ཨོཾ་ཨཱཿཧཱུྃ། ཞེས་ལྷ་དང་བླ་མ་རང་སེམས་དབྱེར་མེད་གཉུག་མ་བརྗོད་བྲལ་ངང་དུ་བཞག་གོ །དེ་ལྟར་བདག་འཇུག་ལམ་དབང་ལ་བརྩོན་ན་ཉེས་བྱས་དག་ཅིང་སྔགས་སྡོམ་གོང་དུ་འཕེལ་བ་དང་། ཚེ་བསོད་རྒྱས་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་མཐའ་དག་མྱུར་དུ་ཐོབ་པར་འགྱུར་རོ། །གཞན་ལ་བསྐུར་ན་ཁྲུས་དང་བགེགས་བསྐྲད། སྲུང་འཁོར་སྔོན་དུ་འགྲོ་ཞིང་། ཆོས་བཤད་རྒྱས་བསྡུས་ཅི་རིགས་པས་སྤྲོ་བ་བསྐྱེད་ཅིང་། དེ་ནས། གསོལ་འདེབས་ནས་གཟུང་ཁས་བླང་མཎྜལ་ཡོན་འབུལ་བར་དུ་དཀྱུས་སུ་བསྟན་པ་དེ་ཉིད་རྡོ་རྗེ་སློབ་དཔོན་དངོས་གྲུབ་ཀྱི་བདག་པོས་སློབ་མ་ལ་ཉེ་བར་སྟོན་པ་དེ་ཀས་འགྲུབ་བོ། །དེ་ཡང་དཀྱུས་འདི་ཟབ་པར་བསྟན་པ་སྟེ། གཞན་དུ་ནི། བུམ་པ། བཟླས་ལུང་། སྔགས་ཕྲེང་། ཕྱག་མཚན་བྱིན་མཐར་གཏོར་མ་སྤྱི་བོར་བཞག་ནས། ལྷ་མོའི་གནས་གསུམ་གྱི་འོད་ཟེར་སློབ་མར་བསྟིམ་པ་ལས། ལྷ་བསྟིམ་པ་མི་དགོས་སོ། །གཞན་ཡང་གནས་སྐབས་རྐྱེན་སེལ་བྱིན་རླབས་ཚེ་དབང་ལ་ནི། བུམ་པ། གཏོར་མ། ཚེ་རིལ། ཚེ་ཆང་བྱིན་པ་དེ་ཡིས་གྲུབ། འདི་ལ་བརྒྱ་རྩ་སོགས་བསགས་ཀྱང་དེ་ལྟར་བྱའོ། །ལུགས་གཞན་གྱི་རྗེས་གནང་ལྟར་བྱེད་ན། ཡེ་ཤེས་དབབ་པ་སྐུའི་རྗེས་གནང་། བཟླས་ལུང་དང་མེ་ཏོག་འཐོར་བ་གསུང་གི་རྗེས་གནང་། ཕྱག་མཚན་བསྟིམ་པ་ཐུགས་ཀྱི་རྗེས་གནང་། དེ་མཐར་ཁས་བླང་ཡོན་འབུལ་ལ་འཇུག་པས་ཀྱང་རུང་ངོ་། །དེ་ནས་དཀྱིལ་འཁོར་རྗེས་ཀྱི་བྱ་བ་མཆོད་པ་གསོ། བྱིན་གྱིས་བརླབས་ནས་སྔགས་ཕྱག་རྒྱས་ཕུལ་ཞིང་བསྟོད། དེ་ནས་ཉེས་བཤགས་བཟོད་གསོལ་ཡེ་ཤེས་པ་རྟེན་ཡོད་ན་དེར་བསྟིམ། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་བཅོམ་ལྡན་ཚེ་དབང་ལྷ་མོ་ཡིད་བཞིན་གྱི། །སྒྲུབ་ཐབས་རྣམ་མང་རིན་ཆེན་འདུས་པའི་ཕུང་པོའི་དབུས། །འཆི་མེད་འོད་གསལ་རྡོ་རྗེའི་སྐུ་ཅན་གདམས་ངག་མཆོག །བསམ་འཕེལ་ནོར་བུ་བདག་བློའི་རྒྱལ་མཚན་རྩེ་མོར་མཛེས། །འདི་བཀོད་ནོངས་ཀུན་འཕགས་མས་བཟོད་བཞེས་དབུགས་དབྱུང་ཞིང་། །ལེགས་ཚོགས་གྱུར་ལས་སྲིད་པའི་ཆུ་ཀླུང་སྒྲོལ་གྱུར་ནས། །བདེ་ཆེན་བྱ་བ་ཡོངས་གྲུབ་འགྱུར་མེད་ཡེ་ཤེས་ཁམས། །འཕགས་མའི་གོ་འཕང་བདག་སོགས་འགྲོ་བས་མྱུར་ཐོབ་ཤོག །ཅེས་འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འདི་ཉིད་རང་གི་ཡིད་ལའང་བཀོད་འདོད་པ་ཞིག་བྱུང་ལ། སྐབས་དེར་གསེར་བཟང་སྤྲུལ་པའི་སྐུ་མཆོག་པདྨ་འགྱུར་མེད་ནོར་བུའི་སྡེས་ཡང་ཡང་གསུང་གིས་བསྐུལ་པ་དང་། གཞན་ཡང་མཆོག་དོན་གཉེར་བ་དུ་མ་ལ་ཕན་པའི་ལྷག་བསམ་འབའ་ཞིག་གིས་མན་ངག་རྩ་བ་འཆི་མེད་འོད་ཀྱི་ལུས་ཅན་པཎྜི་ཏ་བྱེ་མ་མུ་ཏྲའི་གསུང་མན་ངག་སྲོག་ཏུ་བཀོད། ཡན་ལག་གཞན་རྣམས་དང་སྨིན་བྱེད་ཀྱི་གཞུང་འོད་དཔག་མེད་པ་ཚེ་ཡི་རིག་པ་འཛིན་པའི་ཚུལ་དུ་སྣང་བ་པདྨ་སཾ་བྷ་ཝའི་གདམས་པ་བསླད་མེད་བླ་མ་དམ་པའི་ཕྱག་ལེན་གྱིས་གསལ་བར་བྱས་ཏེ། ནོར་འཁྲུལ་གྱི་སྐྱོན་མེད་ཅིང་ཟབ་ལ་ཁྱེར་བདེ་བ་འདི་ཉིད་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་པ་ཤཱཀྱའི་དགེ་བསྙེན་ཚངས་པར་སྤྱོད་ཅིང་གསང་སྔགས་ནང་གི་དགེ་སློང་དུ་ཕྱོགས་ཙམ་གཏོགས་པ་རིག་སྔགས་འཛིན་པ་ཚེ་དབང་ནོར་བུས་སྟོད་མངའ་རིས་མང་ཡུལ་དབུས་རི་བོ་དཔལ་འབར་བདུད་རྩི་ཕུག་ཏུ་ཕུར་བུ་ཞེས་པ་ས་སྤྲེལ་ཧོར་ཟླ་ལྔ་པའི་དུས་ཚེས་བཟང་པོར་བྲིས་པ་འགྲོ་ཀུན་འཆི་མེད་དྭངས་མ་འཕགས་མའི་སྐུ་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། གསུང་གི་རྡོ་རྗེ་པདྨ་ཚེ་དཔག་མེད། །འཆི་མེད་མཆོག་སྦྱིན་འཕགས་མ་སྒྲོལ་མ་ཡུམ། །བི་མ་ལ་དང་ཉང་བན་ཏིང་འཛིན་བཟང་། །ཆོས་ཀྱི་བདག་པོ་གར་དབང་ཞིག་པོ་གླིང་། །པདྨ་རྒྱལ་མཚན་པདྨ་མ་ཏིའི་མཚན། ཁྱབ་བརྡལ་ལྷུན་གྲུབ་ཀུན་བཟང་རྣམ་པར་རྒྱལ། །བཀའ་བབས་སྐྱེས་མཆོག་ཚེ་དབང་ནོར་བུའི་སྡེ། །ཚེ་དབང་དཔལ་དང་གཙུག་ལག་ཆོས་ཀྱི་རྒྱལ། །གསང་སྔགས་མགོན་དང་བཀའ་ཡི་སྡུད་པ་པོ། །འཇམ་མགོན་བླ་མ་པདྨ་གར་དབང་ཞབས། །རིམ་བྱོན་རྩ་བརྒྱུད་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་དང་། ཁྱད་པར་འཆི་མེད་ཚེ་དབང་བསྩལ་དུ་གསོལ། །རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་དབང་ཟིན་ལས་སོ།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).