Terdzo-CA-016

From Rinchen Terdzö

འཆི་མེད་གར་དབང་རྩ་གསུམ་འདུས་པའི་དབང་ཆོག་ཉེར་མཁོ་རབ་གསལ་

'chi med gar dbang rtsa gsum 'dus pa'i dbang chog nyer mkho rab gsal

by  པདྨ་ཉིན་བྱེད་དབང་པོ་ (Ninth Tai Situpa Pema Nyinje Wangpo)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ (Bde gshegs rtsa gsum 'chi med dril sgrub)
Volume 5 (ཅ) / Pages 295-316 / Folios 1a1 to 11b3

[edit]

༄༅། །འཆི་མེད་གར་དབང་རྩ་གསུམ་འདུས་པའི་དབང་ཆོག་ཉེར་མཁོ་རབ་གསལ་བཞུགས་སོ། ། ཨོཾ་སྭསྟི། མི་འགྱུར་གདོད་ནས་རྟག་པའི་རང་བཞིན་ཅན། །རྒྱལ་ཀུན་ཡོངས་འདུས་པདྨ་གར་གྱི་དབང་། །བྱིན་རླབས་སྨིན་བྱེད་ཟབ་མོས་སྐལ་ལྡན་གྱི། །རྒྱུད་གྲོལ་དཔྱིད་དུ་མཚམས་སྦྱོར་ཁྱེར་བདེ་བཀོད། །དེ་ལ་འདིར་ཆོས་གླིང་གཏེར་བྱོན་རྫོགས་པ་ཆེན་པོའི་ཟབ་ཁྲིད་དང་འབྲེལ་བའི་རྩ་གསུམ་དྲིལ་སྒྲུབ་ཀྱི་རྩ་བའི་དབང་ཆེན་སྤྲོ་ན། གནས་དང་དུས་དགེ་བར་སློབ་དཔོན་མཚན་ཉིད་ལྡན་པས་སློབ་མ་དམ་ཚིག་ལ་གནས་པ་རྗེས་སུ་འཛིན་པ་ལ། ཐོག་མར་དབེན་པའི་གནས་སུ་རྟེན་སྐུ་བརྙན་ནམ་ཞལ་ཐང་བཤམས་པའི་དྲུང་། སྟེགས་དམར་པོའི་ཁར་དཀྱིལ་འཁོར་རས་བྲིས་སམ། ཡང་ན་མཎྜལ་ལྷ་གནས་རྣམས་སུ་དྲི་བཟང་གི་ཐིག་ལེ། རྩ་སྔགས་བརྗོད་བཞིན་འབྲུ་དཀར་ཚོམ་བུ་ལྷ་གྲངས་མཉམ་པར་བཀོད། དེ་སྟེང་མཉྫིའི་དབུས་རིན་པོ་ཆེའི་བུམ་པ་ལེ་བརྒན་དར་གྱི་མགུལ་ཆིངས། ཉེར་ལྔའི་རྫས་ལྡན། ཁ་རྒྱན་ལ། སྐུའི་ཙཀ་ལི། གཟུངས་རྡོར། མདུན་ངོས་ཚེ་གཏོར་བུམ་གཟུགས་རྟ་མགོས་མཚན་པ་དང་། ལས་བུམ། ལྷ་འཁོར་རྣམས་ཀྱི་ཙཀ་ལི། སྔགས་བྱང་མཚལ་བྲིས། བྱེ་རུའམ་པད་རཀ་ཕྲེང་བ། ཤེལ་གྱི་མེ་ལོང་རྣམས་གང་བདེར་བཞག །གཡས་ཚེ་རིལ། གཡོན་ཀ་པཱ་ལར་ཚེ་ཆང་ཆོས་སྨན་བཏབ་པ། རྒྱབ་ཏུ་ཚེ་མདའ། མདུན་ངོས་ཆོ་གའི་གཏོར་མ་པད་འདབ་བཞི་ལྡན་ཟླུམ་པོ་ཟར་སྒང་ལྟ་བུ་གཡས་དཀར་གཡོན་དམར་རྩེར་རྡོ་རྗེ་ཕྱེད་པ་ཕྱོགས་མདོག་གམ་སེར་པོ་ཉི་ཟླའི་ཏོག་གིས་མཚན་པ། གཡས་གཡོན་སྨན་དང་རཀྟ །ཉེར་སྤྱོད་མཆོད་པ་བསྐོར་བཤམས་སམ་ཕྲེང་ཚར་གང་བདེ། རྒྱབ་ངོས་དབང་གི་ལྷ་མོར་མཆོད་གཏོར་ལྕོག་ཟླུམ་འདབ་བཞི་ཚེ་རིལ་ཅན། བཀའ་སྲུང་ལ་ལྷ་དཀར་བཤོས། བདུད་ཟུར་གསུམ་ནག་པོ་རྩེ་གུག །བཙན་ཟུར་གསུམ་དམར་པོ་ར་མགོས་མཚན་པ། དེ་གསུམ་ཞབས་དཀྲིས་ལྡན་པ། ཆད་ཐོ་དམར་གཏོར་དང་བརྟན་སྐྱོང་དཀར་བཤོས། ཚོགས་ཀྱི་ཡོ་བྱད། བགེགས་གཏོར་གླུད་གཟུགས་གཉིས། གཞན་ཡང་མཎྜལ་དང་། མེ་ཏོག མིག་དར། མིག་ཐུར། སློབ་དཔོན་མདུན་དུ་རྡོར་དྲིལ། ཌཱ་རུ། ནས་བཟེད་སྤོས་ཐུན་སོགས་འདུ་བྱས་ལ། དང་པོ་ལས་བྱང་དོན་ཚན་གསུམ་པ་གཏང་འོས་ཆེ་བར་ཞལ་རྒྱུན་ངེས་པས་བརྒྱུད་འདེབས་ནས་བཟུང་མཐར་ཆགས་བཏོན་པའི། བསྐྱེད་རིམ་ཏིང་ངེ་འཛིན་གྱི་འཕྲོ་འདུས་སྒྲུབ་རྫས་མཚན་མའི་དཀྱིལ་འཁོར་དང་། རང་སྣང་དམ་ཚིག་པའི་དཀྱིལ་འཁོར། ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་རྣམས་ཐ་དད་མ་ཡིན་པར་སེམས་ཉིད་གཅིག་པུའི་སྒྱུ་འཕྲུལ་དུ་ངེས་པས་དབྱེར་མེད་ཟུང་འཇུག་ཏུ་དམིགས་ལ། ཛཔ྄་ཀྱི་དམིགས་བཟླས་གཞུང་བཞིན་སྤྲོ་བསྡུས་སྲིད་ཞིའི་ཚེ་བཅུད་ཐམས་ཅད་བདག་མདུན་སྒྲུབ་རྫས་རྣམས་ལ་བསྟིམ་པར་མོས། མཐར་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེེལ་མ་ཚར་གསུམ་དང་། ལས་བུམ་ལ་དམིགས་ཏེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ལས་བུམ་གྱི་ནང་དུ་པདྨ་ཉི་མའི་གདན་ལ་ལས་རབ་དབང་ཆེན་སྐུ་མདོག་དམར་པོ་གཡས་པདྨས་མཚན་པའི་དབྱུག་ཐོ་ཕྱར་ཞིང་། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ། ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཅི་ནུས་བཟླས་མཐར། ཁྲོ་བོ་འོད་ཞུ་ཆུ་ལ་ཐིམ་པ་དེའི་རྡུལ་ཕྲ་རབ་ཀྱི་གྲངས་རྙེད་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར་པར་བསམས་ལ། དེ་ནས་ཚོགས་མཆོད་འབུལ་ཞིང་། དངོས་གྲུབ་རོལ། སློབ་མ་རྣམས་ལ་དབང་གི་མཐའ་རྟེན་སྐབས་དམ་རྫས་སྦྱིན་ཞིང་། གཙང་ལྷག་འདིར་བསྔོ། ཐུགས་དམ་བསྐུལ་བ་དང་། གཏེར་སྲུང་གཏོར་མ་བཏང་། དབང་གི་ལྷ་མོའི་གཏོར་མ་རང་སར་བཞག །གཞན་གསུམ་ཆད་ཐོའི་གཏོར་མ་དང་བསྡེབས་ཏེ་ཕུལ། བརྟན་མ་དང་། རྟ་བྲོ། དངོས་གྲུབ་དབང་བླང་བ་ནི་བུམ་པ་དང་། ཚེ་རིལ་ཆང་། ཚེ་གཏོར། མདའ་དར། ཙཀ་ལི་རྣམས་དང་། སྔགས་བྱང་། དབང་ཕྲེང་སོགས་རིམ་པར་བླངས་ལ། ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔སོགས་བརྗོད་ལ། སྔགས་ལན་གསུམ། བདག་འཇུག་ཟིན་པ་དང་། དེ་ནས་སློབ་མ་རྣམས་འཚོགས་ཡོལ་བའི་ཕྱིར་འཁོད། ཇི་ལྟར་བལྟམས་པ་སོགས་གྱིས་ཁྲུས་ཆབ་བཀྱེ། མཎྜལ་བཀྲམ་བསྡུ་བྱ། སློབ་དཔོན་གྱིས་འདི་སྐད་དོ། །འོ་ན་ད་ལམ་སྐལ་པ་མཆོག་དང་ལྡན་པའི་ལས་ཅན་དམ་ཚིག་དག་གཙང་རྡོ་རྗེའི་སློབ་མ་ཁྱེད་རྣམས་སྔོན་བསགས་ཚོགས་གཉིས་ལེགས་པར་འདུ་བྱས་པའི་མཐུ་ལས། དེང་འདིར་གསང་སྔགས་ཐེག་པ་རིམ་དགུའི་ཡང་རྩེ་ཨ་ཏི་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་སྒོ་ནས་སྨིན་ཅིང་གྲོལ་བའི་ཆོས་ཟབ་མོས་རྗེས་སུ་འཛིན་པའི་སྐབས་འདིར། འཆི་མེད་གར་དབང་རྩ་གསུམ་ཡོངས་འདུས་ཀྱི་རྩ་བའི་དབང་བསྐུར་བ་ལ། དང་པོ་ཁྱེད་རྣམས་དཀྱིལ་འཁོར་དུ་འཇུག་པའི་བློས་ཕྱི་རོལ་གྱི་སྒོ་མ་རྣམས་ལ་གསོལ་བཏབ་ཀྱི་ཆེད་དུ་འདིའི་རྗེས་ཟློས་མཛོད། ཀྱཻ༔ གཞལ་ཡས་ཕོ་བྲང་སྲུང་མཛད་པའི༔ སྒོ་མ་ཆེན་མོ་གསན་དུ་གསོལ༔ བདག་ཅག་ཚེ་ཡི་གསང་བའི་དཀྱིལ་འཁོར་དུ༔ འཇུག་སྤྲོ་བདེ་གཤེགས་རྩ་གསུམ་ཞི་ཁྲོ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཚལ་ལགས་པས༔ བཀའ་གསང་དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ༔ ཞེས་གནང་བ་ཞུ། དེ་ལྟར་གསོལ་བ་བཏབ་པས་སྒོ་མ་བཞིའི་བཀའ་ཡིས་གནང་བ་ཐོབ་པའི་མོས་པ་མཛོད། དེ་ནས་སྔོན་འགྲོའི་གཏོར་མ་བྲན་ལ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་བཟའ་བཏུང་འདོད་ཡོན་གྱི་སྤྲིན་ཕུང་ཅིར་ཡང་འཆར་བའི་ཟག་པ་མེད་པའི་བདུད་རྩིར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་སྔགས་རྒྱས་ལན་གསུམ་བྱིན་གྱིས་བརླབས་ནས་བསྔོས་ཤིང་བཀའ་བསྒོ་བ་ནི། ཧཱུྃ༔ མ་རྟོགས་བགེགས་དང་ལོག་པར་འདྲེན་པའི་གདོན༔ རང་རིག་གཉིས་མེད་ཁྲོ་རྒྱལ་བཀའ་བྱུང་གིས༔ སྤྲུལ་བསྒྱུར་འདོད་ཡོན་གླུད་གཏོར་འདི་ཁྱེར་ལ༔ ཡེ་ཤེས་མ་སྒྲིབས་ཀ་དག་དབྱིངས་སུ་དེངས༔ གལ་ཏེ་མི་འགྲོ་བར་གཅོད་འབྲས་འབྱིན་ན༔ སྙིང་རྗེའི་རང་སྣང་རྟ་མཆོག་ཧེ་རུ་ཀ༔ སྟོང་ཁམས་གང་བའི་ཕོ་ཉ་མེ་ཆར་གྱིས༔ སྐད་ཅིག་བརླག་པར་འགྱུར་བ་གདོན་མི་ཟ༔ པདྨ་ཀྲོ་དྷ་ཧྱ་གྲཱི་བ་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཞེས་དྲག་སྔགས་དང་། སྤོས་ཐུན་ཌཱ་དྲིལ་དྲག་སྦྱོར་གྱིས་གཏོར་མ་བཏང་བགེགས་བསྐྲད་ལ། མཚམས་གཅོད་ནི། ཧཱུྃ༔ བདག་ཉིད་དབང་ཆེན་འབར་བའི་ཐུགས་ཀ་ནས༔ ལྔ་ལྡན་ཡེ་ཤེས་རྡོ་རྗེ་ལུག་རྒྱུད་ཀྱི༔ ཟེར་ཐག་ཕྱོགས་དང་ཕྱོགས་མཚམས་སྟེང་འོག་ཟུག༔ ཕྱི་ནང་མེད་པ་འཇའ་ཟེར་འོད་ཀློང་འཁྱིལ༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ སྲུང་འཁོར་དང་། ད་ཁྱེད་རྣམས་གཞལ་ཡས་ཕོ་བྲང་གི་ནང་དུ་འཇུག་པར་མོས། ཡོལ་བ་བསལ་ནས་ཕྱག་འཚལ་གྲལ་ལ་འཁོད། ད་སྨིན་བྱེད་དབང་གི་རིམ་པ་ཟབ་མོ་གསན་པར་བྱ་བའི་དོན་དུ་མཎྜལ་གནང་བར་ཞུ། ཞེས་མཎྜལ་ཕུལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་དང་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མེད་པ་གར་དབང་རྩ་གསུམ་འདུས་པ་འཆི་མེད་རྡོ་རྗེ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འོད་ཀྱི་སྣང་བ་མཐའ་ཡས་མཆོག་གི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་ཐུགས་བསྐྱེད་ཟབ་མོ་ལེགས་པར་གསལ་བཏབ་ནས་གསན་འཚལ། དེའང་ཚེ་གཅིག་ལུས་གཅིག་ལ་འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་ཏུ་སྒྲུབ་པའི་ཉེ་ལམ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཡང་གསང་བླ་ན་མེད་པ་དོན་གྱི་སྙིང་པོ་མཆོག་གི་ཡང་རྩེ་བཀའ་རྫོགས་པ་ཆེན་པོ་འདི་ཉིད། དང་པོའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོའི་དགོངས་དོན་ཁྱད་པར་དུ་འཕགས་པ་བསྐྱེད་རིམ་ཐམས་ཅད་ཀྱི་འདུས་སོ། རྫོགས་རིམ་མ་ལུས་པ་ཀུན་གྱི་མཐར་ཐུག་པ་སྟེ། ཨོ་རྒྱན་སངས་རྒྱས་གཉིས་པ་མཚོ་སྐྱེས་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་བདེ་གཤེགས་རྩ་གསུམ་དྲིལ་སྒྲུབ་ཅེས་གྲགས་པ་འདིའི་ལོ་རྒྱུས་ཀྱི་བཀའ་བབས་ལུགས་ནི། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། སྨོན་ལམ་བཀའ་གཏད། ཤོག་སེར་ཚིག་བརྒྱུད་དེ་རྣམ་པ་ལྔར་འདུས་ལ། དེ་ལ་དང་པོ་རྒྱལ་བ་དགོངས་པས་བརྒྱུད་ཚུལ་ནི། པདྨོ་བདེ་བ་ཅན་རྒྱ་ཚད་བཀོད་པ་ཕྱོགས་ལྷུང་དང་བྲལ་བའི་ཞིང་ཁམས་སུ། ཀ་དག་ཆོས་ཀྱི་དབྱིངས་ལས་ལྷུན་གྲུབ་རང་བྱུང་གི་སྟོན་པ་འོད་མི་འགྱུར་བས་ཡེ་ཤེས་ཐུགས་རྗེའི་རྩལ་རྡོ་རྗེ་སེམས་དཔའ་སོགས་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་སུ་སྣང་བར་རང་གི་དགོངས་པ་བྱ་རྩོལ་དང་བྲལ་བ་རྫོགས་པ་ཆེན་པོའི་ངོ་བོ་ཞལ་ནས་མ་གསུང་ཚིག་དང་དཔེས་མ་མཚོན་པར་དགོངས་པས་བརྒྱུད་དེ་དུས་བཞི་མཉམ་ཉིད་ཆེན་པོར་གསུངས་སོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱ་རྩོལ་དང་བྲལ་བར་གསུངས། དགའ་རབ་རྡོ་རྗེས་དུར་ཁྲོད་རྩུབ་འགྱུར་གྱི་ཚལ་དུ་རིག་འཛིན་ཤྲཱི་སིང་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས་སོ། །གཉིས་པ་རིག་འཛིན་བརྡ་བརྒྱུད་ནི་ཤྲཱི་སིཾ་ཧས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་དང་ཡེ་ཤེས་མདོ་གསུམ་ལ་ཡིད་དཔྱོད་དང་བྲལ་བར་བརྡ་དང་བརྡ་ཡི་སྒོ་ནས་གསུངས་པའོ། །གསུམ་པ་གང་ཟག་སྙན་བརྒྱུད་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གངས་ཅན་བོད་ཀྱི་ཡུལ་འདིར་རྗེ་འབངས་ཉེར་ལྔ་དང་སྙིང་གི་བུ་དགུ་སོགས་ལ་གསང་སྔགས་སྙིང་པོའི་མཐར་ཐུག་ཐེག་མཆོག་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བར་དང་། བྱེ་བྲག་ཏུ་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཚེ་ཉི་ཟླ་དང་མཉམ་པར་གསོལ་བ་བཏབ་པའི་སྐབས་སུ། གང་ཟག་རབ་འབྲིང་ཐ་མ་ཡང་ཐ་བཞིར་དགོངས་ཏེ། སྐལ་པ་རབ་རྣམས་ལ་བསྐྱེད་རྫོགས་ཀྱི་གདམས་པ་ཟབ་མོས་ལུས་སྣང་སེམས་གསུམ་འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་ཏུ་བསྒྲུབ་པ། འབྲིང་ལ་སྨིན་བྱེད་ཀྱི་དབང་དང་ལྷའི་བཟླས་བརྗོད་ཐུན་མོང་གི་ལས་རབ་འབྱམས་ཙམ་ལ་བརྟེན་ཏེ་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བྱེད་པ། ཐ་མ་ལ་འཆི་མེད་ཚེའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་གི་བྱིན་རླབས་ཀྱིས་ཚེ་སྤེལ་བ། ཡང་ཐ་རྣམས་རྫས་ཀྱི་སྒོ་ནས་མྱོང་གྲོལ་བཅུད་ལེན་གྱི་རིལ་བུ་དང་། འཆི་མེད་ཀྱི་ཚེ་ཆུ་ཙམ་གྱིས་ཚེ་རིང་པོར་བྱེད་པ་སྟེ། ཚུལ་དེ་ལྟ་བུའི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བ་དུ་མ་ཞིག་སྩོལ་བར་བཞེད་ཀྱང་རྗེ་འབངས་རྣམས་ཀྱི་བསོད་ནམས་ཀྱི་སྐལ་པར་མ་ཤོང་བས་དུས་ལས་ཡོལ་ཞིང་། སླད་དུ་སློབ་དཔོན་ཉིད་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་ཀར་ར་ས་འཕྲུལ་སྣང་གི་ཤར་ལྷོ་མཚམས་ཀྱི་གཡུང་དྲུང་ཕུག་ཏུ་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ། རྒྱལ་སྲས་ཆོས་རྗེ་སོགས་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་གོང་དུ་བཤད་པའི་གདམས་པ་དེ་དག་གིས་སྨིན་ཅིང་གྲོལ་བར་མཛད་དོ། །བཞི་པ་སྨོན་ལམ་བཀའ་གཏད་ནི་དེ་ལྟ་བུའི་ཆོས་བཀའ་རྣམས་དུས་མ་འོངས་སྙིགས་མ་རྩོད་ལྡན་གྱི་གདུལ་བྱ་ད་ལྟ་བ་རྣམས་ལ་དགོངས་ནས་གུ་རུའི་གསུངས་བཞིན་དུ་ཨ་ཙརྻ་ས་ལེས་གཏེར་ཤོག་ལ་བཀོད་ཅིང་ཁྱད་པར་དུ་འཕགས་པའི་གཏེར་རྫས་དང་བཅས་ཏེ་མི་འཇིག་པའི་ཚས་དང་མི་བརླག་པའི་རྒྱས་བསྡམས། ཟབ་གཏེར་གྱི་སྒྲོམ་བུ་རྒྱལ་སྲས་ཀྱི་དབུ་ཐོག་ཏུ་བཞག་སྟེ་མ་འོངས་རྩོད་ལྡན་སྙིགས་མའི་དུས་དེར་འཕྲད་པའི་སྨོན་ལམ་བཀའ་གཏད་མཛད་པ་དཔེར་མཚོན་ན། གཏེར་གཞུང་ཉིད་ཀྱི་ཀ་དག་གི་དབུར། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི༔ ཁྱད་པར་འཕགས་པ་དྭངས་མའི་བཅུད་ལྟ་བུ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་འདི༔ བདག་འདྲ་སྤྲུལ་སྐུས་མ་འོངས་དོན་ཕྱིར་བཀོད༔ ད་ལྟ་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ནམ་ཞིག་སྨོན་ལམ་ལས་སད་སྐལ་ལྡན་པ༔ བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ༔ དེ་དང་འཕྲད་དེ་འགྲོ་དོན་བྱེད་པར་ཤོག༔ ཅེས་གསུངས་ཤིང་རྨ་སྐུང་ལུང་ཟག་མེད་འཇའ་ཚོན་གྱི་ཕུག་པར་གཏེར་བདག་རྣམས་ལ་གཉེར་དུ་བཅོལ་ཏེ་མི་སྣང་བར་རྒྱས་བཏབ། ལྔ་པ་ཤོག་སེར་ཚིག་བརྒྱད་ནི་ད་ལྟ་སྐལ་ལྡན་ཆོས་ཀྱི་བདག་པོས་སྔོན་སྨོན་གྱི་མཚམས་སྦྱོར་སད་དེ་ཟབ་གཏེར་གྱི་རྒྱ་བཀྲོལ་ནས་སྐལ་ལྡན་རྣམས་ལ་རྒྱ་ཆེར་སྤེལ་བ་སྟེ། དེ་ལྟ་བུའི་ལྔ་ལྡན་གྱི་བརྒྱུད་པ་འདི་ལ་མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་ཡལ་ཞིང་དམ་ཉམས་དང་འདྲེས་ཁྱེར་གྱི་བསྲེ་བསླད་མ་ཞུགས་པས་བརྒྱུད་པ་གཞན་དག་ལ་ལྟོས་ན་ཁྱད་པར་དུ་འཕགས་པ་ཞིག་གོ །དེ་ལྟ་བུའི་དབང་བསྐུར་བ་ལ་ཐོག་མར་སློབ་དཔོན་གྱིས་ལྷ་བསྐྱེད་བཟླས་དཀྱིལ་འཁོར་གཞུང་བསྲང་བ་སོགས་ཇི་བཞིན་ལེགས་པར་གྲུབ་ཟིན་ཅིང་། ཁྱད་པར་སློབ་མ་རྣམས་ཀྱིས་དད་གུས་མོས་པའི་སྤྲོ་བ་དང་བཅས་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་རིགས་འདུས་གར་གྱི་དབང་ཕྱུག་དང་། སློབ་དཔོན་རྣམས་དབྱེར་མེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དགོངས༔ བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ ཚེ་ཡི་དབང་དང་དངོས་གྲུབ་སྩོལ༔ ལན་གསུམ། སློབ་དཔོན་གྱིས། ཧོ༔ རྩ་གསུམ་བདེ་གཤེགས་ཚེ་ཡི་དཀྱིལ་འཁོར་དུ༔ འཇུག་སྤྲོ་དབང་དང་དངོས་གྲུབ་ལེན་སྤྲོ་ན༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ འབྲེལ་བའི་ཡན་ལག་དམ་ཚིག་མ་ལུས་སྲུངས༔ བརྗོད་ལ། དེའི་ལན་དུ་འདིའི་རྗེས་ཟློས། ཚེ་ཡི་མ་དྷལ་གསང་བའི་ཕོ་བྲང་འདིར༔ རྡོ་རྗེ་སློབ་དཔོན་གཉན་ཀྱི་བཀའ་ལུང་བཞིན༔ རྩ་གསུམ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ དེ་དང་འབྲེལ་བ་ཡན་ལག་དམ་ཚིག་ཚོགས༔ བཀའ་ལས་གསུངས་ཤིང་གཞུང་ནས་བཤད་པ་རྣམས༔ སྲོག་གི་ཕྱིར་ཡང་མི་གཏོང་ཡོངས་སུ་བཟུང༔ ལན་གསུམ། སྔོན་ཆད་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བ་དང་། སླད་ཀྱི་ཕྱག་རྟེན་རིན་པོ་ཆེའི་མེ་ཏོག་ཐོགས་པར་མོས། ཨོཾ་ཨཱཿཧཱུྃ༔ བརྗོད་ལ་མིག་དར་འཆིང་། མེ་ཏོག་བཟུང་། དེ་ནས་སྒོ་མ་ལྷ་མོ་བཞིས་དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་དབྱེ་བའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོ༔ པྲ་ཝེ་ཤ་ཡ་ཕཊ༔ ཚེ་ཡི་ཕོ་བྲང་ཤར་ལྷོ་ནུབ་བྱང་གི༔ གཞལ་ཡས་སྲུང་མཛད་སྒོ་མ་ཆེན་མོ་བཞི༔ ཞི་རྒྱས་དབང་དྲག་ལས་མཛད་མཁའ་འགྲོ་མ༔ སྐལ་ལྡན་བུ་དང་ཡེ་ཤེས་ལྷ་གཉིས་སྤྲོད༔ དེ་ནས་རིགས་ཀྱི་ལྷ་སྐལ་བརྟག་པའི་དོན་དུ་འདིའི་རྗེས་ཟློས། ཧཱུྃ༔ བྱང་ཆུབ་སེམས་ཀྱི་རིག་པའི་མེ་ཏོག་འདི༔ ཚེ་ཡི་ཕོ་བྲང་གསང་བའི་ལྷ་ལ་འབུལ༔ ལས་ཀྱིས་འབྲེལ་བའི་ལྷ་དེར་ཕོག་ནས་ཀྱང༔ དེ་དང་འབྲེལ་བའི་ཕྲིན་ལས་ལྷུན་གྲུབ་ཤོག༔ བོ་དྷི་ཙིཏྟ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པས་དཀྱིལ་འཁོར་དུ་མེ་ཏོག་འདོར་བར་ཞུ། ཞེས་མེ་ཏོག་ཕུལ་ནས་རིགས་བརྟགས་ལ། སྔོན་སྦྱངས་འབྲེལ་བའི་ལྷ་དེ་ཉིད་ཀྱིས་རྗེས་སུ་འཛིན་ནས་གཉིས་མེད་དུ་ཐིམ་པར་མོས། ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ རིགས་དང་མཐུན་པའི་མིང་བཏགས། མིག་རས་བསལ་བ་ནི་མིག་ཐུར་ཐོགས་ལ། ཧཱུྃ༔ སྔོན་ཆད་ཡེ་ཤེས་ལྷ་དང་རང་འགྲོགས་ཀྱང༔ རང་ངོ་མ་ཤེས་མ་རིག་སྒྲིབ་པས་བསྒྲིབས༔ དེང་འདིར་ཐུགས་རྗེའི་ཐུར་མས་མིག་ཕྱེ་སྟེ༔ རང་བྱུང་ཡེ་ཤེས་ལྷ་དང་མངོན་སུམ་སྤྲད༔ ཛྙཱ་ན་ཙཀྵུ་ཧཱུྃ༔ གིས་གདོང་གཡོགས་བཀྲོལ་ནས་ལྷ་ངོ་བསྟན་པ་ནི། ད་ཁྱེད་རང་རྣམས་ཀྱིས་དོན་དམ་རང་སྣང་གི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ལ་བརྡ་སྤྲད་པ་ནི། དེའང་འབྱུང་བ་རིམ་བརྩེགས་ཀྱི་སྟེང་རྡོ་རྗེའི་རྭ་གུར་མེ་རིས་བསྐོར་བའི་ནང་། སྣ་ཚོགས་པདྨ་ཉི་མའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་བཞི་དེའི་ལྟེ་བར་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་། རྨ་བྱ་སེང་གེ་གླང་ཆེན་རྟ་དང་ཁྱུ་མཆོག་གིས་བཏེགས་པའི་ཁྲི་དང་པདྨ་ཉི་མའི་གདན་ལ་རྒྱལ་ཀུན་འདུས་པ་ཚེའི་བདག་པོ་འགྲོ་ལ་ཐུགས་རྗེས་ཆགས་པའི་སྐུ་མདོག་དམར་པོ་ཞལ་གསུམ། གཡས་དཀར། གཡོན་མཐིང་། སྤྱི་གཙུག་རྟ་ཞལ་ཧཱུྃ་སྒྲ་ལྡིར་ཞིང་། ཕྱག་དྲུག་དང་པོ་མཉམ་གཞག་གིས་ཚེའི་བུམ་པ། བར་གཉིས་པདྨའི་ཕྲེང་བ་དང་། ཨུཏྤལ་དམར་པོ། མཐའ་གཉིས་གྲི་གུག་ཐོད་ཁྲག །དར་དང་རིན་ཆེན་ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་གསལ་འཛུམ་མཛེས་དབུ་གཙུག་ཕག་གདོང་ཕེཾ་སྒྲ་སྒྲོག་པ། གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ། སྣང་སྟོང་བདེ་ཆེན་ཟུང་འཇུག་གར་གྱིས་རོལ་པ། མདུན་དུ་པད་ཉིའི་སྟེང་དུ་སྲས་མཆོག་ཧ་ཡ་གྲཱི་ཝ་གཏུམ་རྔམ་ཁྲོ་བོའི་ཆས་དང་ལྡན་པ། དེའི་ཕྱི་རིམ་པད་འདབ་བཞི་ལ་འཕགས་པ་འཇམ་དཔལ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། པདྨ་འབྱུང་གནས། དཀྱིལ་འཁོར་གྲུ་ཆད་མཚམས་བཞིར་ཚེ་ལྷ་མགྱོགས་མ་བཞི། ཕྱོགས་ཀྱི་སྒོ་བཞིར་ལྷ་མོ་སྒོ་མ་བཞི་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གང་འདུལ་དེར་སྣང་དུ་སྟོན་པ། གཞན་ཡང་བླ་མ་ཡི་དམ། རིག་འཛིན་དཔའ་བོ་ཌཱ་ཀི་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་ལྟར་གཏིབས་པ་གསལ་སྟོང་འཛིན་མེད་ཀློང་དུ་བཀྲ་ལམ་མེར་མཐོང་བར་མོས་མཛོད། ཅེས་བརྗོད་ནས་སློབ་མ་ལྷར་བསྐྱེད་པ་དང་སྤྱན་འདྲེན་པ་ནི། དེ་ནས་དབང་གི་གཞི་འགོད་པའི་ཕྱིར་སྣོད་བཅུད་ཐ་མལ་གྱི་ཞེན་འཛིན་སྤངས་ཏེ་ཆོས་དབྱིངས་པདྨ་དབང་གི་དཀྱིལ་འཁོར་བསྐྱེད་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཧཱུྃ༔ ཆོས་དབྱིངས་སྤྲོས་དང་བྲལ་བ་ལས༔ སོགས་ནས་དབང་དང་བྱིན་རླབས་སྤྱན་འདྲེན་སྤོས་རོལ་དང་བཅས་བྱས་ལ། ཧཱུྃ༔ ཡེ་ནས་ཡེ་ཤེས་རང་ལ་སོགས་བརྟན་བཞུགས། ཏིཥྛནྟུ༔བར་བརྗོད་ཅིང་རྡོ་རྗེ་སྤྱི་བོར་བཞག་ལ་མེ་ཏོག་གཏོར། དེ་དག་གིས་དམ་ཚིག་ཡེ་ཤེས་དབྱེར་མེད་གཅིག་ཏུ་གྱུར་པའི་མོས་པ་མཛོད། དེ་ནས་དབང་གི་དངོས་གཞི་ལ། བུམ་པ་ལ་བརྟེན་ནས་སྐུ་བུམ་དབང་། ཛ་གད་ལ་བརྟེན་པའི་གསུང་གསང་དབང་། མྱོང་གྲོལ་ཚེའི་རིལ་བུ་ལ་བརྟེན་ནས་ཐུགས་ཤེར་དབང་། ཚེ་གཏོར་བུམ་གཟུགས་ལ་བརྟེན་པའི་ཡོན་ཏན་རེ་སྐོང་དབང་། མདའ་དར་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་ཀྱི་དབང་དང་ལྔ་ཡོད་པ་ལས། བུམ་པ་ཐོགས་ལ། དང་པོ་བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ། ནང་ཡེ་ཤེས་འོད་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་ཚེ་ལྷའི་དཀྱིལ་འཁོར་མངོན་སུམ་བཞུགས་པའི་ཟ་མ་ཏོག་ཏུ་གྱུར་པ་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ལ་བརྟེན་ནས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང་ནས་འཆི་མེད་རྡོ་རྗེའི་སྐུ་མཆོག་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཚེ་ཡི་གསང་བའི་ཕོ་བྲང་མཆོག༔ བཀྲ་ཤིས་རིན་ཆེན་བུམ་པ་རྒྱན་ལྡན་པ༔ ནང་ན་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ གཉིས་མེད་བདུད་རྩིའི་ཆུ་ཡིས་དབང་བསྐུར་བས༔ ལས་དང་ཉོན་མོངས་བག་ཆགས་དྲི་མ་བཀྲུས༔ ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་སཏྭཾ༔ ཞེས་དབང་བསྐུར་བུམ་ཆུ་སྦྱིན། དེ་ལྟར་བུམ་པས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །ལུས་འཆི་མེད་རྡོ་རྗེའི་སྐུ་མཆོག་ཐོབ། ལྷའི་བསྐྱེད་རིམ་བསྒོམ་པར་དབང་། མཆོག་གི་སྤྲུལ་པའི་སྐུ་གྲུབ་པའི་མོས་པ་མཛོད། ཚེ་ཆང་བདུད་རྩི་ཀ་པཱ་ལ་ཐོགས་ལ། གཉིས་པ་ཚེའི་ཛ་གད་ལ་བརྟེན་ནས་གསང་བའི་དབང་སྐུར་བར་བྱེད་པ་ལ། དུང་ཆེན་བདེ་བ་ཆེན་པོའི་སྣོད་དུ་ཚེ་ལྷ་ཡབ་ཡུམ་བདེ་སྦྱོར་མཛད་པའི་བྱང་ཆུབ་ཀྱི་སེམས་འཆི་མེད་བདུད་རྩི་སྨན་དང་སྦྱར་བ་མྱང་བ་ལ་བརྟེན་ནས་ལུས་ཀྱི་རྩ་གནས་ཐམས་ཅད་བདུད་རྩིས་གང་སྟེ་གསང་བའི་དབང་མཆོག་དམ་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ དུང་ཆེན་བདེ་བ་ཆེན་པོའི་སྣོད་ནང་དུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཛ་གད་སྨན༔ རྩ་གསུམ་ལྷ་ཚོགས་མཉམ་སྦྱོར་བྱང་ཆུབ་སེམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྩ་ཁམས་མདུད་གྲོལ་ཡེ་ཤེས་རྩ་ཁ་བྱེ༔ བདེ་སྟོང་གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གུ་ཧྱ་ཨ་བྷི་ཥིཉྩ་སཏྭཾ༔ དེ་ཉིད་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན། དེ་ལྟར་ཚེའི་ཛ་གད་ཀྱིས་དབང་བསྐུར་ཅིང་མྱངས་པ་ལ་བརྟེན་ནས་ངག་གི་སྒྲིབ་པ་དག །ངག་འཆི་མེད་རྡོ་རྗེའི་གསུང་སྔགས་སུ་སྨིན། རླུང་སྔགས་ཟབ་མོའི་ཉམས་ལེན་ལ་དབང་། ལོངས་སྤྱོད་རྫོགས་པའི་སྐུ་གྲུབ་པའི་མོས་པ་མཛོད། ཚེའི་རིལ་བུ་ཐོགས་ལ། གསུམ་པ་འབྲུ་བཅུད་དམ་རྫས་དང་སྦྱར་བ་ཚེའི་བཅུད་ལེན་གྱི་རིལ་བུ་ཐབས་ཤེས་ཟུང་འཇུག་མྱང་གྲོལ་རྫས་མཆོག་ཆེན་པོས་དབང་བསྐུར་བས། རོ་མྱང་སྟོང་ཤེས་རབ་ཡེ་ཤེས་ཀྱི་དབང་མཆོག་ཐོབ་པའི་མོས་པ་མཛོད། ཧཱུྃ༔ འབྲུ་བཅུད་དམ་རྫས་སྦྱར་བ་ཚེའི་བཅུད་ལེན༔ ཐབས་ཤེས་ཟུང་འཇུག་མྱང་གྲོལ་རིལ་བུ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མྱང་སྟོང་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་སཏྭཾ༔ སྙིང་གར་རེག་ཅིང་རིལ་བུ་སྦྱིན། དེ་ལྟར་ཚེའི་རིལ་བུས་དབང་བསྐུར་པ་ལ་བརྟེན་ནས་ཡིད་ཀྱི་སྒྲིབ་པ་དག །ཡིད་འཆི་མེད་རྡོ་རྗེའི་ཐུགས་སུ་གྲོལ། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་དབང་། ཆོས་ཀྱི་སྐུ་ཐོབ་པའི་མོས་པ་མཛོད། ཚེ་གཏོར་ཐོགས་ལ། བཞི་པ་ཡོན་ཏན་ཚེའི་གཏོར་མས་དབང་བསྐུར་བ་ལ། ཕྱི་ལྟར་ན་དམ་ཚིག་རྫས་མཆོག་ཉེར་ལྔ། ནང་ལྟར་ན་ཚེ་གཏོར་བུམ་གཟུགས་ཀྱི་རྣམ་པ། གསང་བ་ལྟར་ན་འཆི་མེད་རྩ་གསུམ་ཡོངས་འདུས་ལྷའི་དཀྱིལ་འཁོར་གྱི་རང་བཞིན་འདི་ཉིད་ཀྱིས་དབང་བསྐུར་བ་ལ་བརྟེན་ནས། རྟག་བརྟན་གཞོམ་གཞིག་དང་བྲལ་བ། འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། དཔལ་དང་འབྱོར་པ་ལ་སོགས་ཡོན་ཏན་རེ་བ་སྐོང་བའི་དབང་མཆོག་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྤྱི་བོར་བཞག་ལ། ཧཱུྃ༔ ཕྱི་ལྟར་དམ་རྫས་རྫས་མཆོག་ཉི་ཤུ་ལྔ༔ ནང་ལྟར་བ་ལིཾ་བུམ་གཟུགས་ལྷའི་གཞལ་ཡས༔ གསང་བ་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་དང་འཛད་མེད་ཟས་ནོར་སོགས༔ ཡོན་ཏན་རེ་བ་སྐོང་བའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གུ་ཎ་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ འདོད་གསོལ་མེ་ཏོག་འཐོར་བཞིན། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག༔ ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག༔ ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག༔ ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ དེས་ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་ཉམས་པ་གསོས། ཆད་པ་མཐུད། འཐོར་བ་བསྡུས། གས་པ་སྦྱོར། འཆི་བ་མེད་པ་རྡོ་རྗེའི་སྐུ་ཐོབ་པ་དེ་ལས་མི་འདའ་ཞིང་མི་འགྱུར་བར་རྒྱས་གདབ་པར་བྱ་བའི་ཕྱིར། མདའ་དར་ཐོགས་ལ། པདྨ་གར་དབང་རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན། ཚེའི་མདའ་དར་གྱི་རྒྱས་གདབ་པ་ལ་བརྟེན་ནས་འགྱུར་བ་མེད་པར་རྡོ་རྗེ་དང་གཡུང་དྲུང་གི་སྐུ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཚེ་ཡི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་རྒྱས་བཏབ་བོ༔ འཆི་མེད་རྡོ་རྗེའི་སྲོག་ཏུ་གྲུབ་ནས་ཀྱང༔ འགྱུར་མེད་རྡོ་རྗེ་གཡུང་དྲུང་ཚེ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཀརྨ་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ་ནྲྀ་བྷྲཱུྃ་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་སཏྭཾ༔ གནས་ལྔར་རེག་ཅིང་རྒྱས་གདབ་བོ། །དེ་ནས་ཐུན་མོང་མ་ཡིན་པ་སྐུ་ལྷ་སྐུ་ཕྱག་རྒྱའི་དབང་། གསུང་སྔགས་བྱང་ལུང་གི་དབང་། ཐུགས་རིག་རྩལ་བརྡའི་དབང་རྣམས་བསྐུར་བ་ལ། གཙོ་མཆོག་ཡབ་ཡུམ་ཙཀ་ལི་ཐོགས་ལ། དང་པོ་དཀྱིལ་འཁོར་གཙོ་བོ་མཆོག་དང་རིམ་བཞིན་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་འཕྲོས་ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་དབྱེར་མེད་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་མཛོད། ཧཱུྃ༔ བདེ་གཤེགས་རྩ་གསུམ་ཞི་ཁྲོ་མ་ལུས་པ༔ གཅིག་བསྡམས་གར་གྱི་དབང་ཕྱུག་ཚེ་ཡི་བདག༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀྱི༔ ལུས་ལ་ལྷ་སྐུ་ཕྱག་རྒྱས་བྱིན་རློབས་ཤིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་པདྨ་ནཱི་རྟེ་ཤྭ་ར་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་སྤྱི་བོར་བཞག །རྟ་མགྲིན་ཙཀ་ལི་ཐོགས་ལ། ཧཱུྃ༔ བཅོམ་ལྡན་ཡབ་ཡུམ་ཟུང་འཇུག་རོལ་པའི་སྲས༔ ཕྲིན་ལས་ལས་རབ་རྫོགས་པའི་དབང་གི་ལྷ༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀྱི༔ ལུས་ལ་ལྷ་སྐུ་ཕྱག་རྒྱས་བྱིན་རློབས་ཤིག༔ ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ རིགས་བཞིའི་ཙཀ་ལི་ཐོགས་ལ། ཧྲཱི༔ རིགས་གསུམ་མགོན་པོ་རིགས་མཆོག་པདྨ་འབྱུང༔ མཁྱེན་བརྩེ་ནུས་མཐུ་འཆི་མེད་ཐུགས་རྗེ་ཅན༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀྱི༔ ལུས་ལ་ལྷ་སྐུ་ཕྱག་རྒྱས་བྱིན་རློབས་ཤིག༔ མཱུཾ་ཧྲཱིཿཧཱུྃ་ཨཱཿཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ མགྱོགས་མ་བཞིའི་ཙཀ་ལི། ཧཱུྃ༔ པུཥྤེ་དྷཱུ་པེ་ལོ་ཀེ་གནྡྷེ་མ༔ ཕྱོགས་བཞི་མཚམས་བརྒྱད་བླ་ཚེ་ཡར་བ་འགུགས༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀྱི༔ ལུས་ལ་ལྷ་སྐུ་ཕྱག་རྒྱས་བྱིན་རློབས་ཤིག༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ སྒོ་མ་བཞིའི་ཙཀ་ལི། ཧཱུྃ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ སྐྱེ་རྒ་ན་འཆིའི་འཁོར་བའི་སྒོ་མོ་གཅོད༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀྱི༔ ལུས་ལ་ལྷ་སྐུ་ཕྱག་རྒྱས་བྱིན་རློབས་ཤིག༔ ཛཿཧཱུྃ་བཾ་ཧོཿཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད། དེ་ནས་གཉིས་པ་བཟླས་པའི་ལུང་འབོག་པའི་དོན་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་དང་བཅས་ཞལ་ནས་ཐོན། ཁྱེད་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿ དེ་ལས་འོད་ལྔའི་ཟེར་ཐག་ལུག་རྒྱུད་སྦྲེལ་བའི་ནང་སྔགས་ཕྲེང་རང་སྒྲ་དང་བཅས་འཁོར་བར་མོས་མཛོད། སྔགས་བྱང་དང་རཏྣ་དམར་པོའི་ཕྲེང་བ་ལག་ཏུ་བྱིན་ལ། ཧཱུྃ་ཨཱ༔ བདེ་གཤེགས་རྩ་གསུམ་ཐུགས་སྲོག་ཡང་སྙིང་ནི༔ གསང་སྔགས་ཡིག་འབྲུ་ཉི་ཤུ་རྩ་དྲུག་སྟེ༔ ཚེ་ཡི་གྭ་འུ་ཉི་ཟླ་ལུག་རྒྱུད་ནང༔ བུང་བ་བཅུད་འཁོར་རང་གདངས་བྲག་ཆ་ཡི༔ གྲགས་སྟོང་དབྱེར་མེད་ཆུ་བོའི་གཞུང་བཞིན་བཟླ༔ སྨྲ་བྱེད་ལྕེ་ལ་སྔགས་ཀྱི་ཡིག་འབྲུ་བསྟིམ༔ རང་བྱུང་སེམས་ལ་དམིགས་པའི་འཕྲོ་འདུ་ཕོག༔ གྲགས་པའི་སྒྲ་ཀུན་སྔགས་ཀྱི་ངོ་བོར་སྦྱངས༔ རྩ་གསུམ་གསུང་སྔགས་དབང་མཆོག་ཐོབ་པར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་པདྨ་རཱ་ག་ཨཀྵོ་བྷྱ་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ་ཧཱུྃ་ནྲྀ་ཛ༔ ལན་གསུམ། ཚེ་བསོད་རྒྱས་དབང་དུ་གྱུར་ཅིག་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཡང་ལན་གསུམ་སྔགས་ཤམ་དང་བཅས་བརྗོད། ད་གསུམ་པ་ཐུགས་སྐྱེ་མེད་རིག་རྩལ་བརྡའི་དབང་ལ་མཚན་མའི་རྟེན་གྱིས་དཔེ་དང་བརྡ་ཙམ་མཚོན་ཏེ། ཚིག་གི་བརྗོད་པས་ངོ་སྤྲད། རྩ་གསུམ་བྱིན་རླབས་རྟོགས་པ་རྒྱུད་ལ་འཕོ་བ་སྟེ། འདི་ལ་གཉིས་ཀ་དག་ཁྲེགས་ཆོད་ཀྱི་ངོ་སྤྲོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ངོ་སྤྲོད་དོ། །དང་པོ་ཀ་དག་ཁྲེགས་ཆོད་ཀྱི་སྤྲོད་ནི་མན་ཤེལ་དྲི་མ་མེད་པ་གཅིག་བསྟན་ཏེ། འོ༔ རང་གི་སེམས་འདས་མ་འོངས་ད་ལྟའི་རྟོག་པ་གང་གིས་ཀྱང་མ་བསླད་པ་བཟོ་མེད་གསལ་ལེ་བ་དེའི་རང་ངོ་ལ་ཧྲིག་གེར་བལྟས་པས༔ ངོས་བཟུང་དང་བྲལ་བ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དེ་དཔེ་ཅི་འདྲ་ན་མན་ཤེལ་དྲི་མ་མེད་པ་གསལ་ལྷང་ངེ་བ་འདི་འདྲ་བའོ༔ དེ་ནི་ཁྲེགས་ཆོད་ཀ་དག་གི་ཉམས་ལེན་ཡང་དག་པའོ༔ གཉིས་པ་ཐོད་རྒལ་ལྷུན་གྲུབ་ཀྱི་ངོ་སྤྲོད་ལ་མན་ཤེལ་དེར་གཟུགས་བརྙན་གྱི་ཚོན་རིགས་སྣ་ཚོགས་ཤར་བཅུག་ལ། དེ་ཡང་མན་ཤེལ་དྲི་མ་མེད་པ་ལ་གཟུགས་བརྙན་གྱི་ཚོན་རིགས་སྣ་ཚོགས་ཤར་བ་འདི༔ མེད་བཞིན་སྣང་ལ་སྣང་བའང་ངོ་བོས་སྟོང་པ་སྟེ་ལྷུན་གྲུབ་ཐོད་རྒལ་གྱི་དུས་དེར་སྐུ་དང་ཞིང་ཁམས་ཐིག་ལེ་ཐིག་ཕྲན་སྣ་ཚོགས་སུ་འཆར་བ་དེ་ཡང་ཀ་དག་གི་གདངས་ཆ་རུ་མེད་བཞིན་སྣང་ལ་སྣང་བ་དེ་ཀ་དག་གི་ངོ་བོ་ལས་འགྱུར་དུ་མེད་པར་སྟོང་སྟེ་སྣང་སྟོང་དབྱེར་མེད་དུ་ཉམས་སུ་ལེན་པ་འདི་ནི་ལྷུན་གྲུབ་ཀྱི་དགོངས་པ་མངོན་སུམ་པའོ༔ དེ་ལྟར་ངོ་འཕྲོད་ཅིང་ཉམས་སུ་བླངས་པས་སྐྱེ་འཆི་སོགས་དངོས་འཛིན་རྟོག་པའི་ཤུན་པ་བུད་དེ༔ རྟོག་མེད་རིག་སྟོང་འཆི་མེད་གཉུག་མ་ཉག་གཅིག་སྐྱེ་མེད་འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་པར་ཐེ་ཚོམ་མེད་དོ༔ ཞེས་བརྗོད་ལ་ངོ་སྤྲོད་པར་བྱའོ། །དེ་ནས་དམ་ཚིག་ཁས་ལེན་པ་དང་། གཏང་རག་གི་མཎྜལ་དང་། སློབ་མ་ཚོགས་རོལ། བཀྲ་ཤིས་སྨོན་ལམ་སོགས་དཀྱུས་བཞིན་བརྗོད་ལ། རྗེས་ཀྱི་ཆོ་ག །སླར་ཡང་བྱིན་ནུས་བསྐྱེད་ཕྱིར་བསྐྱེད་བཟླས་སྤྲོ་ན། ཧཱུྃ༔ དབྱིངས་ཀྱི་ཡེ་ཤེས་དཀྱིལ་འཁོར་རྣམས༔སོགས་བྱིན་དབབ་ནས། ལས་བྱང་གཞུང་ལྟར་ལ། བསྟོད་ཕྱག་བསྡུ་ཞིང་ཤོ་ལོ་ཀ་སྔ་མའི་རྗེས་སུ། བདེ་གཤེགས་རྩ་གསུམ་སྐུ་ལ་སོགས་དེ་ཕྱིན་བཏོན་ལ། ཛཔྲ་བཟླས་དང་ཁ་སྐོང་བཅས་ཀྱི་མཐར། ཧཱུྃ༔ བདེ་མཆོག་བདེ་སྤྱོད་སོགས་ནས་བཀྲ་ཤིས་དང་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །སྤྱི་འགྲོ་བསྡུས་པར་མོས་ན། ལྷག་ཆད་བཤགས་པ་ཕྱིན་ཆད་བྱས་ཀྱང་འགྲུབ་བོ། །དེ་ལྟར་རྩ་བའི་དབང་ཆོག་གི་གཞུང་དང་། གཏེར་ཆེན་རིན་པོ་ཆེའི་གསུང་དྲི་མ་མེད་པ་རྣམས་སོར་བཞག་གིས། དབང་དོན་བརྡ་སྤྲོད་ཅུང་ཟད་གོ་བདེ་བར་ལྷན་ཐབས་ཀྱི་ཚུལ་དུ་བཀོད་པ་འདི་སི་ཏུ་པདྨའི་མིང་ཅན་གྱིས། དད་དམ་འགྱུར་མེད་ཟླ་བ་བཟང་པོའི་སྤྲུལ་སྐུའི་བཞེད་ངོར་སྤེལ་བ་འཁྲུལ་བློས་ནོངས་པ་བཤགས་ཤིང་། དགེ་བས་རྗེས་འཇུག་རྣམས་ཀྱི་འགྲོ་དོན་ཕྲིན་ལས་མཐར་ཕྱིན། གསང་སྔགས་བསྟན་པ་མཐར་རྒྱས་ཡུན་གནས་དགེ་བའི་དཔལ་དང་ལྡན་པར་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).