Terdzo-CA-014

From Rinchen Terdzö

གཏེར་གསར་འཆི་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བསྙེན་ཡིག་འཆི་བ་མེད་པའི་ལམ་བཟང་

gter gsar 'chi med rtsa gsum dril sgrub kyi bsnyen yig 'chi ba med pa'i lam bzang

by  ཆོས་རྗེ་གླིང་པ་ (Chöje Lingpa)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ (Bde gshegs rtsa gsum 'chi med dril sgrub)
Volume 5 (ཅ) / Pages 267-278 / Folios 1a1 to 6b6

[edit]

༄༅། །གཏེར་གསར་འཆི་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བསྙེན་ཡིག་འཆི་བ་མེད་པའི་ལམ་བཟང་ཞེས་པ་བཞུགས་སོ། ། འཆི་མེད་རྟག་པ་དོན་གྱི་རྒྱལ་སྲིད་ཆེར། །དབང་སྒྱུར་པདྨ་འབྱུང་གནས་ཞབས་པད་ལ། །གུས་པས་བཏུད་ནས་འཆི་མེད་བསྙེན་པའི་ཐབས། །ཉམས་སུ་བླང་བདེའི་ཟིན་བྲིས་འདི་ན་སྤེལ། །དེ་ལ་འདིར་རྨ་ཀུ་ལུང་མཁའ་འགྲོ་དགའ་བའི་ཚལ་གྱི་ཟག་མེད་འཇའ་ཚོན་གྱི་ཕུག་པ་འཆི་མེད་རྡོ་རྗེའི་ཀེའུ་ཚང་འོག་མ་ནས་སྤྱན་དྲངས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་རྩ་གསུམ་དྲིལ་སྒྲུབ་ཀྱི་རྣམ་རོལ་དུ་ཤར་བའི་བསྙེན་སྒྲུབ་བྱ་ཚུལ་གྱི་རིམ་པ་ནི། ཟླ་བ་ཡར་ངོའི་གཟའ་སྐར་ཚེས་གྲངས་དགེ་བའི་ནམ་གསེང་ནས་མཚམས་ལ་འཇུག་པར་བྱ་ཞིང། དེ་ཡང་གང་དུ་བྱ་བའི་ས་ཕྱོགས་བཀྲ་ཤིས་ཤིང་འཆི་མེད་བསྒྲུབ་པའི་སའི་དཔྱད་བཟང་བ། དབེན་ལ་མཐུན་རྐྱེན་ཚང་ཞིང་ཚོགས་སླ་བ་དེར་སྟན་དཀར་རྡོ་རྗེ་དང་གཡུང་དྲུང་ནོར་བུས་མཚན་པ་བཏིང་། རང་ཉིད་ལ་ཞལ་ཕྱོགས་པའི་སྟེགས་ཀྱི་ཁར་ཆོ་ག་བཞིན་དུ་སྒྲུབ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས། ཡང་ན་སྟེགས་བུ་དམར་པོའི་ཁེབས་ཀྱིས་བཀབ་པའི་དབུས་སུ་མཎྜལ་ལ་ལྷའི་གནས་རྣམས་སུ་དྲི་བཟང་གི་ཐིག་ལེ་དང་རྩ་སྔགས་བརྗོད་པས་འབྲུ་དཀར་གྱི་ཚོམ་བུ་བཀོད་པ། གང་ལྟར་ནའང་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་ཁ་རྒྱན་མགུལ་ཆིངས་བུམ་མཚན་སོགས་དང་ལྡན་པའི་ནང་རྒྱུན་འབབ་ཀྱི་ཆབ་ལ་བུམ་སྨན་སོ་ལྔ་བཏབ་པ་དང་། རྒྱས་པར་སྤྲོ་ན་དེའི་ཁར་ཐོད་པ་དུམ་བུ་གཅིག་པར་ཟས་སྣ་འབྲུ་སྨན་སོགས་དང་ཁྱད་པར་མྱང་གྲོལ་ཚེའི་རིལ་བུ་ཧྲཱིཿརྒྱ་མའི་ཕབ་དང་ལྡན་པའི་དམ་རྫས་ཚེའི་རིལ་བུ་དེའི་སྟེང་དུ་གསུང་ཚེའི་འཁོར་ལོ་གཉིས་གཞུང་གི་གུད་དུ་སྦས་པའི་མན་ངག་བཞིན་དུ་ལེགས་པར་བསྒྲུབས་པ་བཀོད་ཅིང་། མེ་ལོང་གཡའ་དག་ལ་གཟུངས་སྔགས་མཚལ་གྱིས་བྲིས་པས་ཁ་བཅད། དེའི་སྟེང་དུ་སྐུ་རྟེན་འབུར་མའམ་ཙཀ་ལི་བཞུགས་པའི་སྟེང་ནས་སྨྱུག་མའི་སྒྲོམ་ལ་བརྟེན་པའི་དར་དམར་གྱི་གུར་ཕུབ། དེ་ལྟར་མ་གྲུབ་ན་དབུས་སུ་བུམ་པ་གཅིག་པུས་ཀྱང་འཐུས། གང་གི་ཚེ་ཡང་མདུན་དུ་ཚེ་གཏོར་བུམ་གཟུགས། དེ་ཡང་རྒྱས་པར་གཞུང་ཉིད་ནས་འབྱུང་བ་ལྟར་རྫས་མཆོག་ཉི་ཤུ་རྩ་ལྔ་པོ་སྦྱར་ལུགས་དང་རྒྱན་སྤྲོས། གཡས་སུ་མངར་གསུམ་འབྲུ་བཅུད་སྦྱར་བའི་ཚེའི་རིལ་བུ་སྤྱི་འགྲོ །གཡོན་དུ་ཀ་པཱ་ལ་མཚན་བཟང་ཛ་གད་ཀྱིས་བཀང་བ་ཀ་ར་བུ་རམ་དང་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་ཆོས་སྨན་བཏབ་པ། རྒྱབ་ཏུ་ཚེ་མདའ་གཞུང་ནས་བཤད་པ་ལྟར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན་རིན་པོ་ཆེ་དར་སྣ་ལྔ་བཏགས་པ་བཙུགས། དཀྱིལ་འཁོར་གྱི་ཤར་དྲང་པོར་འབྲུ་ཕྱེ་དཀར་མངར་ཆང་དང་སྦྱར་བའི་ཚེའི་འབྲང་རྒྱས་སམ་ཚེ་གལ་གྱི་མ་ཧཱ་བྷྲཱུྃ་ཟླུམ་པོ་ཟར་སྒང་ལྟ་བུ་གཡས་དཀར་གཡོན་དམར་རྩེ་མོར་རྡོ་རྗེ་ཕྱོགས་མདོག་གམ་སེར་པོ་ཉི་ཟླའི་ཏོག་དང་བཅས་པའི་རྩ་བར་པད་འདབ་བཞི་པ། དེའི་གཡས་གཡོན་དུ་སྨན་ཕུད་དང་རཀྟ། ཚེ་གལ་གྱི་མདུན་ནས་བརྩམ་པའི་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་གཡས་བསྐོར་གྱི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་མཚམས་འཛིན་གྱི་འབྲུ་སོགས་གྲུ་བཞིར་བཀོད། རྒྱབ་ཕྱོགས་སུ་སྤྲོ་ན་སྔགས་སྲུང་མ་དང་། ལྷ་བདུད་བཙན་གསུམ་གྱི་གཏོར་མའང་བཤམ། བསྡུ་ན་ཆད་མདོའི་དམར་གཏོར་ཆུང་ངུ་དང་། བརྟན་སྐྱོང་གི་བཤོས་བུ་ཚོགས་ཀྱི་ཡོ་བྱད་རྣམས་ཀྱང་ཉེ་ལོགས་སུ་བཀོད། རང་གི་མདུན་དུ་སྤོས་ཐུན་ཌཱ་རུ་རྡོར་དྲིལ་ནང་མཆོད་སོགས་བཤམ། དེ་ཡང་ཐུན་བཞིར་ཉམས་སུ་ལེན་པ་ཉིད་འདོན་ཁྲིགས་བདེ་བས། དང་པོར་ནམ་གསེང་སྔ་ཐུན་ལ་སྐྱབས་སེམས་སྔོན་དུ་འགྲོ་བས་བགེགས་ལ་གཏོར་མ་སྦྱིན་ཏེ་བསྐྲད། ཕྱི་རོལ་དུ་ཐོ་དཀར་པོ་བརྩིགས། མཚམས་གཅོད་སྲུང་འཁོར་བསྒོམ། མཆོད་པ་རྣམས་བྱིན་གྱིས་བརླབ། བྱིན་འབེབས། དངོས་གཞི་བདག་མདུན་ཐམས་ཅད་དབྱེར་མེད་གཅིག་ཏུ་བྱ་བའི་ཟུང་འཇུག་གི་རྣལ་འབྱོར་རམ། དེ་ཙམ་གཉིས་འཛིན་གྱིས་མ་འཆུན་ན་སྒྲུབ་རྫས་ཐ་དད་དུ་ལྷར་བསྐྱེད་སྒོམ་བཟླས་གྱེར་ཚིག་གཅིག་གིས་བྱ་བ་སྟེ། ཏིང་འཛིན་གསུམ་དྲན་བསྐྱེད་རིམ་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། བསྟོད་པ་སོགས་བྱ་ཞིང་འཕྲིན་ལས་ཀྱི་འདོན་བསྒྲིག་གཏེར་གཞུང་གི་དོན་ཚན་གསུམ་པ་བསྙེན་པའི་སྐབས་སུ་ཚིག་ཚོགས་ཅུང་ཟད་ཆེ་བས་སྙིང་པོ་གསལ་བྱེད་ནང་བཞིན་བྱ་བ་ཡིན་ལ་བཟླས་པའི་སྐབས་སུ་ལས་གཞུང་ལས། བདག་ཉིད་བཅོམ་ལྡན་གཙོ་མཆོག་ཐུགས་ཀ་རུ༔ ཞེས་སོགས་ནས། འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་གྲུབ་གྱུར༔ ཅེས་པའི་བར་འདིར་ཛཔ྄་དགོངས་དམིགས་པའི་འཕྲོ་འདུ་ཐམས་ཅད་བསྟན་པ་ཡིན་ལ། དམིགས་རིམ་ཤིན་ཏུ་ཁ་གསལ་ཞིང་དོན་ཚང་ལ་འདུས་པ་ནི། གཞུང་གི་བསྐྱེད་རིམ་ལ་བརྟེན་ནས་ཚེ་བསྲིང་བའི་མན་ངག་ལས། དེ་ཡང་རང་ཉིད་བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་སྐུ་སྣང་ཡུལ་དུ་གྲུབ་ཅིང་གཟུང་ཡུལ་དུ་མ་གྲུབ་པ༔ རྒྱན་དང་ཕྱག་རྒྱ་སོགས་མེ་ལོང་ལ་ཚོན་རིས་གསལ་བ་ལྟར་མ་འདྲེས་པར་བཀྲ་སལ་ལེ་བའི༔ ཐུགས་ཀར་ཚེའི་ཉི་ཟླའི་གའུ་ཐབས་ཤེས་ཁ་སྦྱོར་གྱི་ནང་དུ་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧྲཱིཿདམར་གསལ་རིང་ཆ་ཚེག་དྲག་དང་བཅས་པའི་མཐའ་སྐོར་དུ་ལྔ་ལྡན་འོད་ཟེར་རྡོ་རྗེ་ལུ་གུ་རྒྱུད་དྲྭ་མིག་གི་རྣམ་པ་ལྟ་བུར་གོང་བུར་འབྲེལ་བའི་ལུག་རྒྱུད་ཀྱི་ནང་དུ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་དྷཱ་ཀི་ནཱི་པདྨ་རཱ་གཱཀྵ་བྷྱ༔ ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ་ཧཱུྃ་ནྲྀ་ཛ༔ ཞེས་པའི་སྔགས་འབྲུ་ཁ་དོག་དམར་སལ་ལེར་གསལ་བ༔ ཡིག་འབྲུ་དེ་རྣམས་ལུ་གུ་རྒྱུད་ཀྱི་ནང་ལས་མི་འདའ་ཞིང་ཐུགས་སྲོག་ལུ་གུ་རྒྱུད་དང་བཅས་པ་མི་གནས་པར་མེ་རེ་རེ་ཡོམ་ཡོམ་ཤིག་གེར་གཡོ་བ༔ སྔགས་འབྲུ་རྣམས་ལ་རང་གདངས་ཀྱི་སྒྲ་དབྱངས་དཔེར་ན་བུང་བ་ཚང་ཞིག་པ་ལྟར་དི་རི་རི་སྒྲོག་པར་བསྒོམ་སྟེ་ཛཔ྄་དེ་མཐུན་པའི་དབྱངས་ཀྱི་རྟ་ལ་བསྐྱོན་པའམ་ཤུབ་བུར་བཟླའོ༔ དེས་ནི་ཏིང་ངེ་འཛིན་གཞན་དུ་མི་གཡོ་བར་བརྟན་པར་བྱེད་པ་སྟེ༔ དཔེར་ན་བུང་བ་མེ་ཏོག་གི་བཅུད་ལེན་པའི་ཚེ་མེ་ཏོག་དེ་ལས་གཞན་དུ་མི་གཡེལ་བར་འཁོར་བ་ལྟར། རྣལ་འབྱོར་པས་ཀྱང་ཐུགས་སྲོག་ལུ་གུ་རྒྱུད་ཀྱི་སྔགས་འབྲུ་ལ་རྩེ་གཅིག་ཏུ་མི་གཡེལ་བར་འཛིན་པ་སྟེ༔ བུང་བ་བཅུད་འཁོར་གྱི་དམིགས་པ་ཞེས་བྱ་བ་ཏིང་ངེ་འཛིན་བརྟན་པའི་དགོས་པ་ཡོད་དོ༔ སཱ་མཱ་ཡཱ༔ དེས་ཏིང་ངེ་འཛིན་དེ་བརྟན་པ་ན༔ བོགས་དབྱུང་ཞིང་ཚེ་བཅུད་དངོས་གྲུབ་སྡུད་པའི་སྤྲོ་བསྡུ་བུང་བ་བཅུད་སྡུད་ཀྱི་དམིགས་པ་བྱ་སྟེ༔ དེ་ལྟ་བུའི་ཐུགས་སྲོག་ལུ་གུ་རྒྱུད་དང་བཅས་པ་དེ་ལས་མར་མེ་གཅིག་ལས་དུ་མ་མཆེད་པ་ལྟར་ལྔ་ལྡན་ལུ་གུ་རྒྱུད་རྐྱང་པའི་ནང་དུ་སྔགས་ཀྱི་ཡིག་འབྲུ་སྒྲ་དང་བཅས་པ་བར་མ་ཆད་པར་གྱེན་དུ་འཕྲོས༔ ལྗགས་ཀྱི་པདྨོར་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་གསང་བ་ཡི་གེ་ཨཱཿདམར་གསལ་དེ་ལ་གཡས་བསྐོར་དུ་ལན་གཅིག་བསྐོར༔ སྤྱི་བོའི་གཙུག་ནས་རྟ་ཞལ་གྱི་ལམ་བརྒྱུད་ཁ་ནས་ཐོན་ཏེ་སྣང་སྲིད་སྣོད་བཅུད་བརྟན་གཡོ་དངོས་པོ་ཐམས་ཅད་ཀྱི་སྟེང་དུ་བབས༔ བུང་བས་མེ་ཏོག་གི་བཅུད་སྡུད་པ་ལྟར་ལུག་རྒྱུད་སྔགས་འབྲུ་རེག་ལ་མ་འབྱར་བ་ལྟ་བུས་འཕུར་ལྡིང་དུ་གཡོ་ཞིང་རང་གདངས་སྔགས་ཀྱི་སྒྲ་བུང་བ་བཅུད་སྡུད་ཀྱི་རྟ་ལྟ་བུར་སྒྲོག་བཞིན་པས༔ དངོས་གྲུབ་ཀྱི་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་འུབ་ཀྱིས་བསྡུས་ཏེ་ལུག་རྒྱུད་སྔགས་འབྲུ་དང་བཅས་པ་ཡུམ་གྱི་ཕག་གདོང་གི་ཁ་ནས་ཞུགས༔ ཚངས་བུག་ནས་མར་ཞུགས་སྐུའི་དབྱིབས་བརྒྱུད་གསང་བའི་པདྨོར་བདུད་རྩི་སྦྲང་རྩི་ལྟར་དྭངས་པའི་རྣམ་པར་བསྐྱིལ་ལོ༔ རྒྱས་པར་ན་སྤྲོ་བསྡུའི་དམིགས་པ་གོང་ལྟར་ལས་དང་པོར་ཕྱི་འབྱུང་བ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལ་སོགས་པ་ཕྱི་རོལ་འབྱུང་ལྔ་སྣོད་ཀྱི་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི་དྭངས་བཅུད་དང༔ གཉིས་པ་ནང་བཅུད་ཀྱི་སྐྱེ་འགྲོ་ལྷ་ཀླུ་གནོད་སྦྱིན་གྲུབ་པ་དྲང་སྲོང་རིག་འཛིན་ལ་སོགས་པའི་ནུས་མཐུ་དང༔ གསུམ་པ་གསང་བ་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་ན་བཞུགས་པའི་བདེ་གཤེགས་རྩ་གསུམ་ཞི་ཁྲོ༔ རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་རྗེ་རྣམས་སོ་སོར་བསྡུ་ཞིང་དྭངས་མ་ཆེན་པོར་བསྐྱིལ་བའི་དམིགས་པ་བྱ་ཞིང་ཛཔ྄་བུང་བ་བཅུད་སྡུད་གྱི་དབྱངས་ཀྱི་རྟས་དྲངས་པའི་ཤུབ་བུར་བཟླའོ༔ འདིས་ནི་ཚེ་ཡི་དངོས་གྲུབ་སྡུད་ཅིང་ཏིང་འཛིན་རྩལ་སྦྱང་གི་དགོས་པ་ཡོད་དོ༔ སཱ་མཱ་ཡཱ༔ དེ་ལྟར་ཡུམ་གྱི་པདྨར་ཚེ་བཅུད་དངོས་གྲུབ་ཐམས་ཅད་བདུད་རྩི་དྭངས་མ་ཆེན་པོར་བསྐྱིལ་བ་རྣམས༔ གཙོ་མཆོག་གི་གསང་བའི་རྡོ་རྗེ་རྩེ་ལྔ་པ་ཁོང་གསེང་ཅན་དུ་མོས༔ འོག་རླུང་ཅུང་ཟད་འཐེན་པའི་སྦྱོར་བ་དང་བཅས་ཏེ་ཚེ་བཅུད་དེ་རྣམས་ནུ་རུ་རུ་རྡོ་རྗེའི་ལམ་ནས་གྱེན་དུ་དྲངས༔ སྐུའི་ལྟེ་བའི་དབྱིབས་བརྒྱུད་ཐུགས་ཉི་ཟླའི་གའུ་ཁ་སྦྱོར་ལུག་རྒྱུད་སྔགས་འབྲུ་རྣམས་ལ་བསྟིམས་པས༔ ཇེ་ཆེར་རྒྱས་ཤིང་འོད་འཚེར་བ་སྔགས་ཀྱི་སྒྲ་གདངས་དི་རི་རི་སྒྲོག་ཅིང༔ ལུས་ཐམས་ཅད་ལྔ་ལྡན་འོད་ཟེར་གྱི་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་ཡིག་འབྲུ་དང་བཅས་པ་མེར་མེར་ཡོམ་ཡོམ་དུ་གྱུར་ཅིང་རང་སྒྲ་སྒྲོག་པ༔ བདེ་སྟོང་གཉིས་སུ་མེད་པའི་ངང་ནས་ཛཔ྄་དེའི་སྒྲ་ལས་དྲངས་པའི་རྟར་བཅུག་པའམ་ཤུབ་བུར་བཟླའོ༔ ཞེས་གསུངས་པ་ལྟར་ཡིན་ལ་དམིགས་པའི་མཇུག་ཏུ་འབྱུང་ལྔ་སྐྱེ་འཕགས་ཀྱི་དྭངས་བཅུད་ཐམས་ཅད་སྒྲུབ་རྫས་རྣམས་ལྷར་གསལ་བ་ལ་ཐིམ་པའི་དམིགས་པའི་ཁ་བསྒྱུར་ཡང་ཅི་རིགས་བྱ་བ་ཡིན་ནོ། །བཟླས་པའི་མཇུག་ཏུ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་སྦྲེལ་བ་ལན་གསུམ་བཟླ། སེམས་ཀྱི་སྒྱུ་འཕྲུལ་ཙམ་དུ་སྣང་བའི་དལ༔ ཞེས་སོགས་ཀྱིས་བདག་ཉིད་ལྷར་གསལ་བ་རྫོགས་རིམ་དུ་བསྡུས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །མདུན་གྱི་དཀྱིལ་འཁོར་སྒྲུབ་རྫས་སོགས་ལྷར་གསལ་བཞིན་དུ་བསམ། དགོང་ཐུན་ལ་མཆོད་གཏོར་ཁ་གསོས། སྐྱབས་སེམས། མཆོད་པ་བྱིན་རླབས། ཏིང་འཛིན་གསུམ་ནས་བཟླས་པ་ཉེར་བསྡུའི་བར་གོང་བཞིན་དང་། སྲོད་ཐུན་ལ་ཡང་མཆོད་ཁ་གསོ་བ་ནས་བཟླས་པའི་བར་དགོང་ཐུན་བཞིན་ལས། ཁྱད་པར་ཚོགས་མཆོད། ཐུགས་དམ་བསྐུལ་བ་དང་། སྔགས་སྲུང་མ་ལྷ་བདུད་བཙན་གསུམ་གྱི་གཏོར་འབུལ་སོགས་བྱེད་པར་སྤྲོ་ནའང་བྱ། རྗེས་ཐོག་ཏུ་ཆད་ཐོ། བརྟན་སྐྱོང་རྣམས་བྱ་ཞིང་། དངོས་གྲུབ་ལེན་ཆོག་བཞག་པའི་རྗེས་ཆོག་ཐམས་ཅད་བྱ་བའོ། །ཐུགས་དམ་བསྐུལ་པའི་སྐབས་འདིར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདག་གི་བླ་ཚེ་ཡར་བ་འཐོར་བ་ཐམས་ཅད་དང་སྲིད་ཞི་བརྟན་གཡོའི་ཚེ་དཔལ་ཐམས་ཅད་བཀུག་ཅིང་བསྡུས་ནས་བདག་མདུན་སྒྲུབ་རྫས་ཐམས་ཅད་ལ་བསྟིམས་པ་སོགས་འཆི་མེད་གྲུབ་པའི་འཕྲིན་ལས་མཛད་པར་མོས་ལ། མདའ་དར་གཡོབ་ཅིང་སྤོས་དུད་དང་རོལ་མོ་དབྱངས་སོགས་བྱ་འདི་ནི་དོན་ལ་ཚེ་འགུགས་ཡིན། བསྡུ་རིམ་གྱི་སྐབས། ཡེ་ཤེས་ལྷ་ཚོགས་རང་བཞིན་གནས་སུ་གཤེགས༔ ཞེས་པའི་ཚིག་རྐང་གཅིག་པུ་འདི་མཚམས་གྲོལ་རྒྱུའི་ཐུན་ཐ་མ་དེར་མ་གཏོགས། ཐུན་གཞན་ཐམས་ཅད་ལ་མི་བརྗོད། སྲོད་ཐུན་གྱི་སྐབས་འདིར་རྗེས་ཐོབ་ཀྱི་ལྷར་མི་ལྡང་བར་སྟོང་ཆེན་གྱི་ངང་དེར་མཉམ་པར་འཇོག་ཅིང་རྨི་ལམ་དང་འོད་གསལ་གྱི་གདམས་པ་ཉམས་སུ་ལེན། ཐོ་རངས་དབང་ཆེན་ཧེ་རུ་ཀའི་རྟ་སྐད་ཀྱིས་གཉིད་ལས་སད་པར་མོས་ཏེ། མཆོད་གཏོར་རྣམས་ཁ་གསོས་ལ་སྐྱབས་སེམས་སྲུང་འཁོར་མཆོད་པ་བྱིན་རླབས་བྱིན་འབེབས། ཏིང་འཛིན་གསུམ་ནས་བཟླས་པ་ཉེར་བསྡུའི་བར་ཁར་སང་གི་སྔ་ཐུན་དང་འདྲ་བར་ཉམས་སུ་ལེན། དེ་བཞིན་དུ་སྔ་ཐུན་དང་དགོང་ཐུན། སྲོད་ཐུན་སོགས་ལའང་ཉིན་དང་པོའི་རིགས་འགྲེ་ཤེས་པས་ཉམས་སུ་ལེན་ཞིང་། བགེགས་གཏོར་ནི་མཚམས་ལ་ཐོག་མར་ཞུགས་པའི་སྔ་ཐུན་ལ་བྱ་བ་ལས་གཞན་མི་དགོས། རྒྱུན་དུ་ཐོར་ཐུན་ལ་སྲུང་འཁོར་དང་བྱིན་འབེབས། སྲོད་ཐུན་ལ་ཚོགས་མཆོད་སོགས་རྗེས་ཆོག་རྣམས། ཐུན་ལྷག་མ་གཉིས་པོར་དམིགས་བསལ་དེ་རྣམས་བཞག་པའི་དཀྱུས་ཀྱིས་ཆོག་གོ །དེ་ལྟར་བསྙེན་སྒྲུབ་ཀྱི་རིམ་པ་གྲངས་ནི་འབྲུ་འབུམ་མམ། འབུམ་ཕྲག་བཞི། རྟགས་ནི་དངོས་སམ་རྨི་ལམ་ལ་ལྷས་བྱིན་བརླབ་པ་དང་ཚེ་བསྲིང་བ་དངོས་གྲུབ་ཐོབ་པའི་མཚན་མ་བཟང་པོ་རྣམས་ཡིན་ལ། དུས་ནི་གོང་གི་བསྙེན་པའི་གྲངས་ལ་གཞལ་བའི་ཟླ་བ་དང་ཞག་གྲངས་སོ། །མཚམས་གྲོལ་རྒྱུའི་ཐོར་ཐུན་གྱི་བཟླས་པའི་མཇུག་ཏུ་ཚོགས་མཆོད་ཐུགས་དམ་བསྐུལ་བ་སོགས་ནན་ཏན་དུ་བྱ་ཞིང་། བཀའ་སྲུང་གཏེར་སྲུང་གི་གཏོར་འབུལ་དང་། མཐར་ཆད་མདོ་དང་བསྡེབས་ཏེ་ཕྱི་རོལ་ཏུ་འབུལ། བརྟན་མ་བསྐྱང་། ཉི་ཤར་གྱི་དུས་དང་སྤྲད་དེ་རྒྱས་པར་དབང་ཆོག་བཞིན་དུ་དབང་ལེན་ཞིང་། དབང་གི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ལས་རྒྱལ་ཐེབས་པདྨའི་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་ཞིག་སྤྲོས་ཏེ་མཛད་པར་མོས། བསྡུ་ན་དངོས་གྲུབ་ལེན་ཆོག་གཞུང་གི་ཚིག་དཀྱུས་བཞིན་དུ་བརྗོད་མཐར་བུམ་པ་སོགས་གནས་གསུམ་དུ་གཏུགས་ཤིང་ཚེ་རྫས་ལ་རོལ་ལོ། །བཟོད་གསོལ་གཤེགས་བསྡུ་སྨོན་ལམ་བཀྲ་ཤིས་སོགས་རྒྱས་པར་བྱ་ཞིང་། རྡུལ་ཚོན་འབྲུ་ཚོམ་སོགས་ཆུ་བོར་གཤེགས་ཤིང་། ཚེ་འཁོར་ལུས་ལ་བཅང་ངོ་། །བདག་དོན་བསྙེན་པ་ཚུལ་བཞིན་ཐེམས་ནས་གཞན་དོན་དུ་ཚེ་སྒྲུབ་བྱེད་ན། གཞན་ཐམས་ཅད་སྔར་དང་འདྲ་བ་ལས། སྲིད་ཞིའི་ཚེ་དཔལ་དང་ཁྱད་པར་དུ་དམིགས་བྱའི་བླ་ཚེ་ཡར་བ་འཐོར་བ་ཐམས་ཅད་དྭངས་མའི་འོད་ཟེར་སྦྲང་རྩི་ལྟ་བུར་བསྡུས་ཏེ་དམིགས་བྱ་རང་མདུན་དུ་ལྷར་གསལ་བའི་སྤྱི་གཙུག་ཏུ་བསྟིམས་པས་ལུས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་ཞིང་། དེ་ལས་གཞན་ཡང་སྒྲུབ་རྫས་རྣམས་ལ་ནན་ཆེར་བསྟིམ། མཚམས་གྲོལ་གྱི་དངོས་གྲུབ་ལེན་ཆོག་གི་སྐབས་དང་འབྲེལ་བར་དངོས་སུ་དབང་བསྐུར་བའམ། ཚེ་རྫས་ལོངས་སྤྱོད་དུ་གཞུག་ཅིང་ཚེ་འཁོར་སོགས་དེའི་ལུས་ལ་གདགས་སོ། །འདི་ནི་གཞུང་ལས་དམིགས་སུ་མ་བཤད་ཀྱང་རིག་པའི་མདའ་དང་བསྟུན་ཏེ་སྦྱར་བའོ། །དེ་ལྟར་འཆི་མེད་མགོན་པོའི་གསང་གསུམ་གྱི། །ཡེ་ཤེས་མཆོག་གི་ངོ་བོར་བསྙེན་སྒྲུབ་ཐབས། །དྲི་མེད་བླ་མའི་གསུང་དང་ཌཱ་ཀི་ནཱིའི། །མན་ངག་རང་གི་ཉམས་སུ་མྱོང་བས་བཀོད། །དགེ་དེས་འགྲོ་ཀུན་མ་རིག་འཆི་བདག་བདུད། །རང་རིག་ཡེ་ཤེས་ཚེ་མཐའ་ཡས་པའི་སྡེས། །བཅོམ་སྟེ་བདེ་ཆེན་འགྱུར་མེད་གཡུང་དྲུང་སྐུ །འཆི་མེད་རྟག་བདེའི་འཁོར་ལོས་སྒྱུར་བར་ཤོག །གཏེར་གསར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བསྙེན་ཡིག་འཆི་བ་མེད་པའི་ལམ་བཟང་འདི་ནི། བརྟུལ་ནས་སྡེ་པ་ཆོས་མཛད་ངག་དབང་མཁྱེན་བརྩེ། དགའ་ཆགས་ནས་མི་དབང་རབ་བརྟན་ཕུན་ཚོགས་སྐུ་མཆེད། ཨོ་རོང་ནས་མཉམ་པ་མེད་པའི་བསོད་ནམས་ཆེན་པོའི་བྱིན་གྱིས་མངོན་པར་མཐོ་བའི་དབང་ཕྱུག་བློ་བཟང་རབ་བརྟན། རིག་བྱེད་རྒྱ་མཚོའི་གནས་ལ་རྣམ་དཔྱོད་ཀྱི་མཐུ་བརྟས་པ་སྤྲུལ་སྐུ་པ་མཁྱེན་བརྩེ། སངས་རྒྱས་གླིང་པའི་དབོན་ངག་དབང་བསྟན་འཛིན། མདོ་སྔགས་གླིང་པའི་དབོན་དཀར་པོ་བ་མཆེད། ཉེ་བར་འཁོད་པ་ལེགས་གྲུབ་རྣམས་ཀྱིས་རིམ་པར་བསྐུལ་བ་དང་། ཉེ་ལམ་དཔལ་ལྡན་སྒམ་པོ་མཆོག་གི་སྤྲུལ་སྐུ་ཀུན་བཟང་ངེས་དོན་དབང་པོ་བཀའ་བརྒྱུད་རྒྱ་མཚོའི་སྡེ། རྒྱལ་བའི་ཡབ་བཀྲ་ཤིས་རབ་བརྟན་དང་། ཁྱད་པར་ཁྱབ་བདག་འཁོར་ལོ་སྡོམ་པ་ལྷུན་གྲུབ་ངེས་དོན་དབང་པོས་སྔོན་ནས་གསེར་གྱི་མེ་ཏོག་དང་བཅས་པས་ནན་ཆེར་བཀས་བསྐུལ་བ་དང་། ད་ལམ་ཡང་ཡི་གེའི་མཐུན་རྐྱེན་དང་བཅས་པ་སྟེ་མཆོག་དམན་མང་པོའི་བཞེད་སྐོང་དུ་དྷརྨཱ་སྭ་མཱིས་ཟིན་ཐོར་བཏབ་པ་དོན་ལྡན་དུ་གྱུར་ཅིག །བྷ་ཝནྟུ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).