Terdzo-AI-002

From Rinchen Terdzö

གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེའི་འགྲེལ་པ་རིན་ཆེན་ཕྲེང་བ་

gsang sngags lam gyi rim pa rin po che gsal ba'i sgron me'i 'grel pa rin chen phreng ba
Alternate Title: འགྲེལ་པ་རིན་ཆེན་ཕྲེང་བ་ ('grel pa rin chen phreng ba)

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ (Gsang sngags lam gyi rim pa rin po che gsal ba'i sgron me)
Volume 60 (ཨི) / Pages 15-139 / Folios 1a1 to 63a3

[edit]

༄༅༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེའི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ གང་ཞིག་གསང་སྔགས་རྡོ་རྗེ་ཐེག་པའི་དོན༔ ཚེ་གཅིག་སངས་རྒྱས་ཐོབ་བྱེད་ཁྱད་པར་ཆོས༔ ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་ཡི༔ བཤད་འགྲེལ་རིན་ཆེན་ཕྲེང་བ་བྲི་བར་བྱ༔ མན་ངག་འདི་ལ་གསུམ་སྟེ༔ ཀླད་དང་གཞུང་དང་མཇུག་གོ༔ དང་པོ་ནི༔ རྒྱ་གར་སྐད་དུ༔ མནྟྲ་སྱ་པ་ཐ་ཀྲ་མ་ལ་ནཱ་མ༔ བོད་སྐད་དུ༔ གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ༔ ཞེས་པའོ༔ གཉིས་པ་གཞུང་དོན་ལ་གཉིས་ཏེ་ཕྱག་འཚལ་བ་དང་རྩོམ་པར་དམ་བཅའ་བ་འོ༔ དང་པོ་ཕྱག་འཚལ།་་་ལ་གསུམ་སྟེ༔ བསྡུས་དོན༔ དགོས་དོན༔ ཚིག་དོན་ནོ༔ དང་པོ་བསྡུས་དོན།་་་ལ་བཞི་སྟེ༔ གང་ལ༔་་་ཕྱག་འཚལ། གང་གིས༔་་་བཙལ། དུས་ནམ༔ ཚུལ་ཇི་ལྟར་བཙལ་བའོ༔ དང་པོ་ནི་་་གང་ལ་ཕྱག་འཚལ་ན།ཀུན་བཟང་ལ༔ གཉིས་པ་ནི་་་གང་གིས་བཙལ་ན།སློབ་དཔོན་པདྨས༔ གསུམ་པ་ནི༔་་་དུས་ནམ། མན་ངག་འདི་རྩོམ་དུས༔ བཞི་པ་ནི་་་ཚུལ་ཇི་ལྟར་ན།རང་བཞིན་གཉིས་སུ་མེད་པའོ༔ གཉིས་པ་དགོས་དོན་ལ་ལྔ༔ ཕྱག་བཙལ་བས་ཚོགས་རྫོགས༔ དེས་བར་ཆད་མི་འབྱུང༔ དེས་རྩོམ་པ་མཐར་ཕྱིན༔ དེས་རང་གཞན་གྱི་དོན་འགྲུབ༔ དེས་ཐུགས་དགོངས་རྫོགས་པའི་དགོས་པའོ༔ གསུམ་པ་ཚིག་དོན་ནི༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ གཉིས་བཅོམ་གཉིས་ལྡན་གཉིས་འདས་གཉིས་དཔལ་མཆོག༔ བྱ་བ་ནི༔ བཅོམ་པ་ནི།་་་ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན་པ་གཉིས་བཅོམ༔ ལྡན་པ།་་་གཟུང་འཛིན་གཉིས་མེད་རིག་པ་ཡེ་ཤེས་ཀྱི་དོན་གཉིས་དང་ལྡན༔ འདས་པ།་་་ཡོད་མེད་གཉིས་ཀྱི་མཐའ་གཉིས་ལས་འདས༔ གཉིས་མེད་ཀྱི་དོན་རང་ཆས་སུ་ཡོད་པ་གནས་པ་གཞིའི་དཔལ༔ དེ་ཇི་བཞིན་ཤེས་པ་རྟོགས་པ་མཆོག་གི་དཔལ་གཉིས་དང་ལྡན༔ མ་ལུས་འདུས་ཤིང་ཡང་དག་ཟོལ་མེད་པ༔ བྱ་བ་ནི༔ མ་ལུས་པས་ན་ཀུན་ཞེས་བྱ་སྟེ༔ སངས་རྒྱས་ཀྱི་དགོངས་པ།་་་ལྷག་མ་མེད་པར་འདུས་པས་ན་འདུས་ཞེས་བྱ་སྟེ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཀུན་ཏུ་བཟང་པོའི་ཐུགས་སུ་འདུས་ཤིང༔ སྤྱོད་ཡུལ་ཡོངས་སུ་ཡང་དག་པས་ན་བཟང་པོ་ཞེས་བྱ་སྟེ༔ རིག་པ་གཉིས་མེད་ལ་གཉིས་འཛིན་འཁྲུལ་པའི་ཟོལ་མེད་པའོ༔ སངས་རྒྱས་བདེ་གཤེགས་དྲུག་པ་ཀུན་འདུས་བཟང༔ བྱ་བ་ནི༔ སངས་རྒྱས་ནི།་་་གཉིས་འཛིན་འཁྲུལ་པ་ཐམས་ཅད་སངས༔ གཉིས་མེད་ཡེ་ཤེས་ངོ་བོ་རྒྱས༔ དགོངས་པ་ནར་སོན་པས་ན་བདེ་གཤེགས༔ སྐུ་ལྔ་དབྱེར་མེད་པས་ན་དྲུག་པ༔ དགོངས་པ་མ་ལུས་པས་ན་ཀུན༔ གཅིག་ཏུ་འདུས་པས་འདུ༔ སྤྱོད་ཡུལ་ཡོངས་སུ་དག་པས་ན་བཟང་པོའོ༔ གུས་གདུང་དང་བའི་སྒོ་ནས་ཕྱག་འཚལ་ལོ༔ ཞེས་པ་ནི༔ ཕྱག་འཚལ་བ་ནི།་་་ལུས་གུས་པ་ཡིད་གདུང་བ༔ སེམས་དང་བའི་སྒོ་ནས་ཕྱག་འཚལ་ལོ༔ གཉིས་པ་རྩོམ་པར་དམ་བཅའ་བ་ལ་བཞི་སྟེ༔ རྩོམ་པོ།་་་གང་གིས་གང་་་རྩོམ་པ།གང་གི་ཕྱིར༔་་་བརྩམ་པ། ཚུལ་ཇི་ལྟར་རྩོམ་པའོ༔ དང་པོ་ནི༔་་་གང་གིས་རྩོམ་ན། བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་དེས༔ ཞེས་པས༔ ཡང་དག་པའི་དོན་རྟོགས་པ་ལ་གོམས་པས་ན་བདག་ཉིད༔ ཆོས་ཉིད་རྣལ་མའི་དོན་ལ་རིག་པ་ཡེ་ཤེས་ཀྱི་དགོངས་པ་འབྱོར་པས་ན་རྣལ་འབྱོར༔ ཡུལ་ཨོ་རྒྱན་དུ་མེ་ཏོག་པདྨ་ལ་བརྫུས་ནས་བྱོན་པས་ན་ཨོ་རྒྱན་པད་འབྱུང་ཞེས་བྱ་སྟེ༔ དེས་མཛད་པའོ༔ དེ་ནི་སྐུ་ཆེ་བའི་ཡོན་ཏན་དང་ལྡན་ཅིང་མན་ངག་རྩོམ་པའི་ཚད་དུ་གྱུར་པ་ཡིན་ནོ༔ གཉིས་པ་ནི༔་་་གང་རྩོམ་པ། རྡོ་རྗེ་ཐེག་པ་ཚེ་གཅིག་གྲོལ་བྱེད་ལམ༔ ཞེས་པས༔ རང་གཞན་གྱི་ལུས་ངག་ཡིད་གསུམ་དང༔ ཧེ་རུ་ཀའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པས་ན་རྡོ་རྗེ༔ དེ་ནི་ཡ་ནཱ་ཞེས་པ་ལ་དྲངས་ནས་ཐེག་པ་སྟེ༔ ཡང་དག་སངས་རྒྱས་ཀྱི་སར་འདེགས་པའོ༔ མན་ཏྲ་ཞེས་པ་ལ་དྲངས་ན་སྔགས་ཏེ༔ ཤེས་སྐྱོབ་ཀྱི་ནུས་པ་དང་ལྡན་པའོ༔ བཛྲ་ལ་དྲངས་པས་རྡོ་རྗེ་འཇིག་དྲལ་མེད་པའོ༔ དེས་ན་བཛྲ་མན་ཏྲ་ཡ་ནཱ་ཞེས་པས༔ རྡོ་རྗེ་སྔགས་ཀྱི་ཐེག་པ་ཞེས་གསུངས་ཏེ༔ ཕྱི་མཚན་ཉིད་ལས་ཁྱད་པར་འཕགས་སོ༔ དེ་ཡང་མཚན་ཉིད་པ་སངས་རྒྱ་བ་ལ་མི་ཚེ་དང་སྐལ་པ་མང་པོ་བགྲང་དགོས་ལ༔ འདིར་ཚེ་གཅིག་ལུས་གཅིག་ཁོ་ནར་གྲོལ་བར་བྱེད་པ་སངས་རྒྱ་བའི་ལམ་མོ༔ གསུམ་པ་ནི༔་་་གང་གི་ཕྱིར་བརྩམ་པ། ཕྱི་རབས་རྣལ་འབྱོར་ལས་ལྡན་དོན་ཆེད་དུ༔ ཞེས་པ་སྟེ༔ གོང་མའི་རྗེས་སུ་འཇུག་པས་ན་ཕྱི་རབས༔ དཀར་པོའི་ལས་འབྲེལ་ཡོད་པས་ན་རྣལ་འབྱོར༔ གསང་སྔགས་ཀྱི་སྐལ་པ་ཡོད་པས་ན་ལས་ལྡན་ཏེ༔ དེ་དག་གི་དོན་གྱི་ཆེད་དུ་མཛད་པའོ༔ བཞི་པ་ནི༔་་་ཚུལ་ཇི་ལྟར་རྩོམ་པ། ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི༔ ཞེས་པས་དོར་བྱ་ལ་ལོག༔ བླང་བྱ་ལ་འཇུག་པས་ན་ཉམས་ལེན༔ དེ་ཉིད་ལ་བརྟེན་ནས་ཡང་དག་སངས་རྒྱས་ཀྱི་སར་ཕྱིན་ཅིང་བགྲོད་པར་བྱེད་པས་ན་ལམ༔ དེའི་ཐབས་རིམ་པས་སྟོན་པས་ན་རིམ༔ མཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་བས་ན་རཏྣ༔ མ་རིག་པའི་མུན་པ་སེལ་བར་བྱེད་པས་ན་སྒྲོན་མེ་ཞེས་བྱ་བ་བྲི་བར་བྱའོ༔ ༈ རྩ་བའི།་་་གཉིས་པ་གཞུང་གི་དོན་ལ་གསུམ་སྟེ༔ གཞི༔ ལམ༔ འབྲས་བུའོ༔ དང་པོ་གཞི་ལ་གཉིས་ཏེ༔ གནས་ལུགས་དང༔ འཁྲུལ་ལུགས་སོ༔ དང་པོ་གནས་ལུགས་ངོ་ཡིས་གཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ ཞེས་པས༔ འདི་ལ་བཞི་སྟེ༔ དང་པོ་གཉིས་མེད་དུ་གནས་པའི་གནས་ལུགས་སོ༔ དེ་ལ་ལྔ་ལས༔ ཅིར་ཡང་སྣང་ལ་གང་དུ་ཡང་ངེས་པ་མེད་པས་ངོ་བོ་སྣང་སྟོང་གཉིས་མེད༔ སེམས་ཉིད་གདོད་ནས་མ་སྐྱེས་ལ་མ་སྐྱེས་པ་ཉིད་ཅིར་ཡང་མ་འགགས་པས་མཚན་ཉིད་སྐྱེ་འགག་གཉིས་མེད༔ སྣང་ཚད་རང་གི་སེམས་ཡིན་ལ་སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་པས་སྣང་བ་རང་སྣང་གཉིས་མེད༔ རང་སྣང་གཉིས་མེད་ཀྱི་སེམས་དེ་སྔར་མེད་གསར་དུ་བྱུང་བ་མ་ཡིན་ཏེ་གདོད་ནས་ཡོད་པས་གནས་ལུགས་རང་གཞན་གཉིས་མེད༔ དེ་ལྟར་གཉིས་མེད་མ་ཡིན་པའི་ཆོས་གཞན་མེད་པས་གཉིས་མེད་ཆེན་པོ་འོ༔ མདོར་ན་ཆོས་ཉིད་སྟོང་པ་ལས༔ ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་རུང་མི་འགགས་པར་འཆར་བས༔ གཉིས་མེད་མཐའ་ལས་གྲོལ་བའོ༔ དེ་ལྟར་གཉིས་མེད་དུ་ངོ་སྤྲད་པའི་དགོས་པ་ནི༔ གཞན་སེལ་གྱིས་གཉིས་ཆོས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་བ༔ དོན་གཉེར་གཉིས་མེད་རྟོགས་པ༔ ངོ་བོ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་གནས་པའོ༔ གཉིས་པ་ལྷུན་གྲུབ་ཏུ་གནས་པའི་གནས་ལུགས་ལ་ཡང་ལྔ་ལས༔ ཆོས་ཐམས་ཅད་ཀྱི་གཤིས་ཅིར་ཡང་མ་གྲུབ་པ་ནི་ཆོས་ཉིད་ལྷུན་གྲུབ༔ ཆོས་ཐམས་ཅད་ཀྱི་རྩལ་ཅིར་ཡང་མ་འགགས་པ་ནི་ཆོས་ཅན་ལྷུན་གྲུབ༔ ཆོས་ཐམས་ཅད་ཀྱི་ངོ་བོ་ཅིར་ཡང་མི་རྟོག་པ་ནི་གཉིས་མེད་ལྷུན་གྲུབ༔ དེ་གཞན་གྱིས་བྱས་པ་མ་ཡིན་ཏེ་གདོད་མ་ནས་དེ་ལྟར་གྲུབ་པ་ནི་རང་བཞིན་ལྷུན་གྲུབ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ལྷུན་གྲུབ་མ་ཡིན་པའི་ཆོས་གཞན་མེད་པས་ལྷུན་གྲུབ་ཆེན་པོའོ༔ མདོར་ན་ཆོས་ཉིད་སྟོང་པ་ལ༔ ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་རུང་དུ་གྲུབ་ལ༔ བདེན་པ་རང་རྒྱུད་དུ་མི་གནས་པས་ལྷུན་གྲུབ་མཐའ་དང་བྲལ་བའོ༔ དེ་ལྟར་ལྷུན་གྲུབ་ཏུ་ངོ་སྤྲད་པས༔ གཞན་སེལ་གཞན་ནས་རྩོལ་བའི་ཞེན་པ་གྲོལ་བའོ༔ དོན་གཉེར་བཙལ་ཞིང་བསྒྲུབ་མི་དགོས་པར༔ རྟོགས་པའི་ངོ་བོ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་ལྷུན་གྲུབ་པའོ༔ གསུམ་པ་གཞི་ཀ་དག་ཏུ་གནས་པའི་གནས་ལུགས་ལ་ཡང་ལྔ་ལས༔ རང་བཞིན་སྟོང་པ་ཉིད་ལ་དངོས་པོའི་ཆོས་ཀ་ནས་དག་པ་ནི་དབྱིངས་རྣམ་དག༔ སྟོང་པའི་རྩལ་འགགས་མེད་དུ་རང་སྣང་བ་ལ་རང་རྒྱུད་ཀྱི་བདེན་པ་ཀ་ནས་དག་པ་ནི་ཡེ་ཤེས་རྣམ་དག༔ ངོ་བོ་སྣང་སྟོང་གཉིས་མེད་ལ་ཐ་དད་ཀྱི་ཆོས་ཀ་ནས་དག་པ་ནི་གཉིས་མེད་རྣམ་དག༔ དེ་གློ་བུར་དུ་བྱས་པ་མ་ཡིན་ཏེ་གདོད་ནས་ཡོད་པ་ནི་རང་བཞིན་རྣམ་དག༔ ཀ་དག་མ་ཡིན་པའི་ཆོས་གཞན་མེད་པ་ནི་རྣམ་དག་ཆེན་པོ་འོ༔ མདོར་ན་ཆོས་ཉིད་སྟོང་པ་ལ༔ ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་རུང་མ་སྤངས་ལ༔ རང་བཞིན་རྣམ་པར་དག་པས་རྣམ་དག་མཐའ་བྲལ་ལོ༔ དེ་ལྟར་ཀ་དག་ཏུ་ངོ་སྤྲད་པས༔ གཞན་སེལ་འཁྲུལ་པ་རང་རྒྱུད་པར་འཛིན་པའི་ཞེན་པ་གྲོལ་བ༔ དོན་གཉེར་རྣམ་དག་རྟོགས་པ༔ ངོ་བོ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ༔ བཞི་པ་ཡེ་ནས་སངས་རྒྱས་སུ་གནས་པའི་གནས་ལུགས་ནི༔ རང་རིག་པ་བྱང་ཆུབ་ཀྱི་སེམས་ཏེ༔ གཉིས་ཆོས་འཁྲུལ་པ་སངས་ལ་གཉིས་མེད་ཡེ་ཤེས་རྒྱས་པས་སངས་རྒྱས་སོ༔ དེ་ཡང་འཁྲུལ་པ་ཡོད་པ་གཅིག་མེད་པར་སངས་ནས༔ གཉིས་མེད་མེད་པ་གཅིག་ཡོད་པར་རྒྱས་པ་ནི་མ་ཡིན་ཏེ༔ གཤིས་ལ་འཁྲུལ་པ་མ་གྲུབ་ཅིང༔ ངོ་བོ་གཉིས་མེད་ཡེ་ཤེས་སུ་རྒྱས་པས་ཡེ་ནས་སངས་རྒྱས་པ་ཡིན་ཏེ༔ རང་བཞིན་སྟོང་པ་ཆོས་སྐུ༔ རང་མདངས་གསལ་བ་ལོངས་སྐུ༔ གསལ་སྟོང་གཉིས་མེད་སྤྲུལ་སྐུ༔ རང་བཞིན་སྟོང་པ་ཇི་ལྟ་བ༔ རང་མདངས་གསལ་བ་ཇི་སྙེད་པ༔ གསལ་སྟོང་གཉིས་མེད་དམ་དབྱེར་མེད་དེ་མཁྱེན་པའི་ཡེ་ཤེས་སོ༔ གཤིས་ལ་འཁྲུལ་པ་མེད་པས་སྤངས་པ་ཕུན་སུམ་ཚོགས༔ ངོ་བོ་གཉིས་མེད་དུ་ཡོད་པས་རྟོགས་པ་ཕུན་སུམ་ཚོགས༔ དེ་ལྟར་ཡེ་ནས་སངས་རྒྱས་མ་ཡིན་ན༔ བསྒོམས་ཀྱང་སངས་རྒྱས་མི་འབྱུང་སྟེ༔ ས་ལེ་སྦྲམ་ཡེ་ནས་གསེར་མ་ཡིན་ན༔ བྱས་ཀྱང་གསེར་དུ་མི་འགྲོ་བ་བཞིན་ནོ༔ དེ་ལྟར་ཡེ་ནས་སངས་རྒྱས་སུ་བསྟན་པས༔ གཞན་སེལ་གཞི་ལ་འཁྲུལ་པ་གྲུབ་པར་འདོད་པའི་ཞེན་པ་གྲོལ་བ༔ དོན་གཉེར་ཡེ་ནས་སངས་རྒྱས་སུ་རྟོགས་པ༔ ངོ་བོ་རང་རིག་སྐུ་དང་ཡེ་ཤེས་སུ་རྟོགས་པའོ༔ གཉིས་པ་འཁྲུལ་ལུགས་ནི༔ སྙིང་པོ་མ་རིག་ལས་ཉོན་ལོག་སྡུག་བསྔལ༔ ཞེས་པས༔ འདི་ལ་ལྔ་སྟེ༔ དང་པོ་འཁྲུལ་པའི་གཞི་ནི༔ སེམས་ཉིད་བདེ་གཤེགས་སྙིང་པོ་ཡོད་མེད་ཀྱི་མཐའ་དང་བྲལ་བའོ༔ དེ་ཉིད་རང་ངོ་མ་ཤེས་པ་ལ་ཡོད་མེད་འདྲ་མི་འདྲར་བཟུང་ནས་འཁྲུལ་ལོ༔ གཉིས་པ་རྒྱུ་ནི༔ མ་རིག་པའོ༔ དེ་ལ་གཉིས་ལས༔ དང་པོ་ལྷན་ཅིག་སྐྱེས་པ་ནི་རིག་པར་ངོ་མ་ཤེས་པའོ༔ དེ་ཡང་གང་གིས་ངོ་མ་ཤེས་ན་རང་གིས༔ གང་མ་ཤེས་ན་རང༔ རྒྱུ་མཚན་སྟོན་མཁན་མེད་ནས༔ ཚུལ་མུན་ཁང་གི་གཟུགས་ལྟར༔ དཔེ་ཐོ་ལ་ཐོར་མ་ཤེས་པ་བཞིན་ནོ༔ གཉིས་པ་ཀུན་ཏུ་བརྟགས་པ་ནི་མེད་པ་ལ་ཡོད་པར་བཏགས་པའོ༔ དེ་ཡང་གང་གིས་བཏགས་ན་རང་གི་ཡིད་ཀྱིས༔ གང་ལ་བཏགས་ན་ཡུལ་སེམས་གཉིས་ལ༔ ཇི་ལྟར་བཏགས་ན་རང་གཞན་གཉིས་སུ༔ དཔེ་ཐོ་ལ་མིར་བཏགས་པ་བཞིན་ནོ༔ གསུམ་པ་རྐྱེན་ནི༔ ལས་གསུམ་དང་ཉོན་མོངས་ལྔའོ༔ དེ་ཡང་དགེ་བའི་ལས་ཀྱིས་འདོད་ཁམས་ཀྱི་ལྷ་མི་ལ་སོགས་མཐོ་རིས་སུ་སྐྱེ་བ༔ མི་གཡོ་བས་ཚངས་རིས་སུ་སྐྱེ་ཞིང༔ མི་དགེ་བས་ངན་སོང་དུ་སྐྱེའོ༔ ཉོན་མོངས་པ་ནི༔ ཞེ་སྡང་གིས་དམྱལ་བ༔ འདོད་ཆགས་ཀྱིས་ཡི་དྭགས༔ གཏི་མུག་གིས་དུད་འགྲོ༔ ཕྲག་དོག་གིས་ལྷ་མིན༔ ང་རྒྱལ་གྱིས་ལྷ་དང་མི་རུ་སྐྱེའོ༔ དེ་ཡང་ལས་གསུམ་དང་ལྡན་པའི་ནུས་པའོ༔ བཞི་པ་བྱེད་པ་པོ་ནི༔ ལོག་རྟོག་གི་སྐད་ཅིག་མ་ཡིན་ཏེ༔ དེའི་རྒྱུན་སྦྲེལ་བ་ལས་འཁོར་བའི་ཆོས་འབྱུང་བས་མ་དག་པའི་གཞན་དབང་ངོ༔ དེ་ཡང་སྟོང་པ་ལས་སྤྲོས་པ་བྱུང༔ དེས་རིག་པ་ལ་བདག་ཏུ་བཟུང༔ བདག་ལ་ལྟོས་ནས་གཞན་བྱུང་སྟེ༔ གཞན་གྱི་ཆ་ལས་ཆགས་སྡང་རྨོངས་གསུམ་སྐྱེས༔ དེས་ལས་གསུམ་དུ་བསགས༔ ལས་རྣམ་སྨིན་དུ་མྱོང་སྟེ༔ ལོག་རྟོག་གི་སྐད་ཅིག་མ་རྒྱུན་དང་བཅས་པས༔ འདྲ་བ་གཞན་བྱུང་དང་ཡོད་པར་དམིགས་པ་ལ་བརྟེན་ནས༔ རྟག་པ་དོན་ལྟར་དུ་ཆགས༔ ཆགས་པ་ལ་ཞེན་ཏེ༔ འཁྲུལ་པ་རུ་བལྟས་ནས་འཁོར་བའི་ཆོས་གྲུབ་བོ༔ ལྔ་པ་འབྲས་བུ་ནི༔ རིགས་དྲུག་གི་ལུས་བླངས་ནས༔ གནས་སོ་སོ་རུ་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པའོ༔ དེ་ལ་སྤྱི་ཚན་དུ་ཐོག་མཐའ་གཉིས་ཀ་མེད་ལ༔ སྒོས་ཚན་དུ་ཐ་མ་ཡོད་པའོ༔ དེ་ལྟར་འཁྲུལ་ལུགས་བསྟན་པའི་དགོས་པ་གཉིས་ཏེ༔ གཞན་སེལ་གྱི་དགོས་པ་ནི༔ གཞི་ལ་འཁྲུལ་པ་རང་རྒྱུད་ལ་གྲུབ་པར་འདོད་པའི་ཞེན་པ་གྲོལ་བའོ༔ དོན་གཉེར་བའི་དགོས་པ་ནི༔ གཞི་ལ་འཁྲུལ་པ་མ་གྲུབ་ཅིང་རང་བཞིན་རྣམ་དག་རྟོགས་པའོ༔ དེ་ཡང་འཁྲུལ་པ་སྒྲོ་བཏགས་གློ་བུར་བར་འདུག་པས་དེའི་རང་བཞིན་ཤེས་ན་འཁྲུལ་པ་རང་སར་གྲོལ་ཏེ༔ ཐོ་རུ་ཤེས་པ་ན་མིར་འཛིན་གྱི་འཁྲུལ་པ་རང་སངས་སུ་གྲོལ་བ་བཞིན་ནོ༔ ༈ གཞུང་དོན་གཉིས་པ་ལམ་ལ་གསུམ༔ ལམ་གྱི་སྔོན་དུ་འགྲོ་བ༔ ལམ་རང་གི་ངོ་བོ༔ ལམ་དེའི་ཆ་རྐྱེན་ནོ༔ དང་པོ་ལ་གསུམ་སྟེ༔ ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་གཟུང་བ༔ སྲུང་བའི་འཁོར་ལོའི་རིམ་པ་བསྟན་པ༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པའོ༔ དང་པོ་ལ་ལྔ་སྟེ༔ ཕུན་སུམ་ཚོགས་ལྔས་བསྒྲུབ་གཞི་གཟུང་བ་ནི༔ ཞེས་པས༔ གནས་གང་དུ༔ དུས་ནམ༔ གང་ཟག་གང་གིས༔ རྫས་གང༔ ཐབས་ཇི་ལྟར་བསྒྲུབ་པའོ༔ དང་པོ་གནས་གང་དུ་ནི༔ བྲག་ནགས་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་བརྩི༔ ཞེས་པས༔ བྲག་ཕུག་མ་མོ་དང་སྲིན་པོའི་གནས་ཡིན༔ རིག་པ་དྭངས༔ ཐབས་ལམ་ལ་དགའ༔ ནགས་ཁྲོད་ཀླུ་དང་གནོད་སྦྱིན་གྱི་གནས་ཡིན༔ གནས་པ་ཆེ༔ གསར་པ་ལ་དགའ༔ དུར་ཁྲོད་གཤིན་རྗེ་ཤ་ཟ་དང་ཌཱཀྐིའི་གནས་ཡིན༔ བྱིན་རླབས་ཆེ༔ རྙིང་པ་ལ་དགའ༔ ས་ཕུག་ཐེའུ་བྲང་མ་མོ་དང་དམ་སྲིའི་གནས་ཡིན༔ ཡེ་འདྲོག་མང༔ མ་མོ་བསྒྲུབ་པ་ལ་དགའ༔ ཤིང་རྐང་གཅིག་གི་ལྷ་རྟེན་ཡོད་པ་མུ་སྟེགས་ཀྱི་གནས་ཡིན༔ དབང་ཕྱུག་ཆེན་པོ་བསྒྲུབ་པ་ལ་དགའ༔ དེའི་སོགས་ཁོངས་སུ་གནས་མཐའ་དག་ཤེས་པར་བྱའོ༔ སྐྱོན་ཡོན་བརྩི་ཞེས་པ་ལ་གསུམ་སྟེ༔ མཚན་ཉིད་མི་ལྡན་པའི་སྐྱོན༔ ལྡན་པའི་ཡོན་ཏན༔ ལྡན་ཚུལ་ངོས་གཟུང་བའོ༔ དང་པོ་སྐྱོན་ནི༔ ཤར་རི་མཐོ་ན་ཚེ་ལ་གནོད༔ ནུབ་ཧར་པོར་སོང་ན་བཀྲ་མི་ཤིས༔ རི་སྣ་མདུང་ཚུགས་སུ་ཟུག་ན་བར་ཆད་འོང༔ ཚ་གྲང་མ་མཉམ་ན་ནད་འཇུག༔ གདོན་གདུག་པ་ཅན་ཡོད་ན་བར་ཆད་འོངས༔ རྒྱུ་སྲང་ཟུག་ན་མིའི་འཚེ་བ་ཡོང༔ གཞན་ཡང༔ སྟེང་ན་བྲག་ལྷུང་དུ་ཆ་བ་དང༔ ངུས་པའི་མཆི་རིས་འདྲ་བ་དང༔ སྡེར་སེན་གྱིས་བྲད་པ་འདྲ་བ༔ ཤི་ལྤགས་རྒྱངས་པ་འདྲ་བ༔ སྒོ་ལ་གྲོག་མདོ་ཟུག་པ༔ སྒོ་ན་མི་ལངས་པ་ལྟ་བུ་བྱུང་བ་རྣམས་ནི༔ ས་དགྲ་ཡིན་པས་སྐྱོན་ཅན་ནོ༔ གཉིས་པ་ཡོན་ཏན་ནི༔ བྲག་སྐྱིལ་མོ་ཀྲུང་བྱས་པ་འདྲ་ན་ཏིང་ངེ་འཛིན་སྐྱེ༔ པདྨ་ཁ་བྱེ་བ་འདྲ་ན་རྟོགས་པ་སྐྱེ༔ ས་དང་གནམ་གྲུ་གསུམ་དུ་ཡོད་ན་འགྲུབ་ཐག་ཉེ༔ རྒྱབ་རི་མཐོ་ན་བག་དྲོ༔ བྱང་རི་མཐོ་ན་བཀྲ་ཤིས༔ ལྷོ་འདུ་ས་འདྲ་ན་ལོངས་སྤྱོད་འདུ༔ ས་དགྲ་གང་ཡང་མི་འདུག་ན་བཀྲ་ཤིས་ཏེ༔ ཡོན་ཏན་ཆེའོ༔ གསུམ་པ་ལྡན་ཚུལ་ངོས་གཟུང་བ་ནི༔ ས་པདྨ་འདབ་བརྒྱད་དུ་ཡོད་པ༔ གནམ་འཁོར་ལོ་རྩིབས་བརྒྱད་དུ་ཡོད་པ༔ རྒྱབ་རི་མཐོ་བ༔ བྱང་རི་སྣུམ་པ༔ གཡས་དར་དཀར་གྱི་ཡོལ་བ་འདྲ་བ༔ གཡོན་རི་སྤུངས་པ་འདྲ་བ༔ མདའ་ཕྱག་རྒྱ་བསྣོལ་བ་འདྲ་བ༔ རི་ཐམས་ཅད་སྣུམ་ཞིང་ཁེངས་པ༔ མདོར་ན་ནུབ་མཐོ༔ བྱང་སྐྱོབ༔ ཤར་གཞོལ༔ ལྷོ་འདུད༔ མདུན་ཐང༔ ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ ཉི་མ་རྟག་ཅིང་གངས་མཐོ་བ༔ གསལ་ཆ་ཆེ་ཞིང་སོ་ཐུབ་པ༔ ཚ་གྲང་སྙོམས་ཤིང་གཞི་བདག་འཇམ་པ༔ ཐག་ཉེ་རིང་རན་ཞིང་ས་བཙན་པ༔ བཀྲ་ཤིས་ཤིང་གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ་གཅིག་བཙལ་ལོ༔ དེར་དགོན་པ་འདེབས་པ་ལ༔ སའི་སྙིང་ནོན་དགོས་ཏེ༔ པདྨའི་འདབ་མ་འདྲ་ན་ལྟེ་བ་ལ༔ སྐྱིལ་ཀྲུང་འདྲ་ན་བསྣོལ་མཚམས་སུ༔ ཆོས་འབྱུང་འདྲ་ན་འཕེལ་ཀ་ལ༔ མི་འདྲ་ན་སྙིང་ཁ་ལ༔ ཕག་གམ་གླང་པོ་འདྲ་ན་མིག་ཚིལ༔ ལྟོ་ཚིལ༔ བཞག་གམ་མཁལ་མ་ལ་གདབ་བོ༔ གཞན་ཡང་སྒང་གི་གཤོང༔ གཤོང་གི་སྒང༔ ལོགས་ཀྱི་ཁུགས༔ ཁུགས་ཀྱི་རྔམས༔ མདོར་ན་སའི་སྙིང་ནོན་པ༔ ས་མ་བོ་ཞིང་གཞུང་འདྲིལ་བ་ལ་གདབ་པའོ༔ དེ་ལས་གཞན་པ༔ ཕག་གི་ཟེ་བ༔ གླང་གི་རྐང་པ༔ མིའི་སུག་གཤམ་ལ་མི་གདབ་པའོ༔ ས་དགྲ་བསྲུང་བའི་རྟེན་འབྲེལ་ནི༔ རི་སྣ་ཟུག་པ་དང༔ ཁ་དོག་སྔོན་པོའི་ས་དགྲ་ཡོད་ན་མེའི་རི་མོ་བྱ༔ གྲོག་མདོ་རི་ཧྲུལ་ཆད་པ་ལ་ཆུའི་རི་མོ་བྱ༔ སྡེར་སེན་གྱིས་བྲད་པའམ་ཤི་ལྤགས་འདྲ་ན་བཀྲ་ཤིས་རྫས་བརྒྱད་བྲི༔ སྟེང་ནས་ལྷུང་ལ་ཁད་པ་ལ་མཆོད་རྟེན་བརྩིགས༔ མཚན་མ་བཟེད་པ་འདྲ་ན་ཕོ་རྟགས་གཟུགས༔ བྲག་སྦྲ་ཙམ་སྒོའི་ཐད་ཀ་ན་འདུག་ན༔ ས་དགྲ་ཆེ་བས་རྟེན་འབྲེལ་མང་དུ་བྱའོ༔ གཞན་ཡང་སེམས་ཅན་གྱི་གཟུགས་འདྲ་བ་འདུག་ན༔ དེའི་གཉེན་པོར་གང་འགྲོ་བའི་གཟུགས་བྱའོ༔ མདུན་དུ་གཤོང་བུ་མི་འབྲུ༔ ཤར་དུ་མཆོད་རྟེན་མི་བརྩིག་གོ༔ ཁང་པའི་ས་དགྲ་ལ༔ བྱང་ཁ་ལྷོ་མིག༔ གདུང་རོ་འདོན༔ དང་ནད་འདྲི༔ ཀ་བ་གྲལ་གཤིབས༔ རླུང་ཁ་ཁྱེངས༔ སྒོ་ཕུག་གསལ༔ སྣེ་ཐུང་གདོང་ཐུག་རྣམས་ས་དགྲ་ཡིན་པས༔ ཐད་ཀར་བཀྲ་ཤིས་ཀྱི་མཚན་མ་དང་སྙིང་པོ་བྲི༔ དེ་ལ་ལྷོ་གཤིན་རྗེ་རུ་སྒོའི་ཁ་མི་བསྟན༔ ལྷོ་ནུབ་སྲིན་པོའི་སྟེང་དུ་མལ་མི་བཅའ༔ ནུབ་བྱང་རླུང་ལྷའི་སྟེང་དུ་གཡོས་མི་བྱ༔ ཤར་ལྷོ་མེ་ལྷར་ཐབ་གཟུག༔ བྱང་ཤར་དབང་ལྡན་ལ་མལ་བཅའ་འོ༔ མལ་གྱི་ས་དགྲ་ནི༔ རི་ལ་མགོ་བོ་ཐུར་བསྟན༔ མལ་མགོ་སྒོར་བསྟན༔ གདུང་གིས་མལ་གྱི་རྐེད་པ་བཅད་པ༔ ལྟེམས་མཚམས༔ སྐས་རྩ༔ སྐོོ་འཕྲེད༔ སྟན་ཁ་འགག་བསྟན༔ ལྤགས་རློན་གདན་གཏིང༔ ལྷྭམ་ཟོན་སྔས་འཇུག༔ དེ་རྣམས་མལ་གྱི་ས་དགྲ་ཡིན་པས་མི་བྱའོ༔ དེས་ན་ས་གནད་འདོམ་གང་ལ་དགེ་སྦྱོར་འཕེལ་དང་མི་འཕེལ་གྱི་གནད་ཡོད་དོ༔ ཕྱི་ནང་སྣོད་བཅུད་ནང་སེམས་གཅིག་གི་ངོ་བོ་ཡིན་པའི་ཕྱིར༔ རྟེན་ཕྱི་རོལ་གྱི་སྐྱོན་ཡོན་གང་ཡིན་པ་དེ༔ བརྟེན་པ་ནང་སེམས་ཅན་གྱི་རྒྱུད་ལ་ཡོད་པ་ཡིན་ནོ༔ གཉིས་པ་དུས་ནི༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ ཅེས་པས༔ ཚེས་གཅིག་གམ༔ གསུམ་མམ༔ བརྒྱད་དམ༔ ཉ་ལ་སོགས་པ་བཟང་བ༔ སྐར་མ་རྒྱལ་སྨད༔ ནམ་མཐོང༔ ཤེ་ས༔ བྲེ་ལ་སོགས་པ་བཟང་བ༔ གཟའ་ཕུར་བུ་ལ་སོགས་བཟང་བ་དར་བའི་ཚེ༔ དེ་ནས་ཟླ་བ་ཡར་ངོའི༔ དུས་ཚོད་སྔ་གོང་སྟེ་ཕྱེད་གོང་ལ་འཇུག༔ མདོར་ན་ཚེས་དང་སྐར་མ་གཟའ་ཐམས་ཅད༔ རྒྱུད་ལུང་མན་ངག་ཀུན་དང་བསྟུན་པའི་བཟང་པོ་ལ་ཞུགས་པས་དོན་ཐམས་ཅད་འགྲུབ་པ་ཡིན་ཏེ༔ རྒྱས་པའི་དུས་ན་སྐར་མ་མགོ་ལག་རྒྱལ་སོགས་བཟང་པོ་གསུམ་གཅེས་སོ༔ གསུམ་པ་གང་ཟག་ནི༔ དད་གུས་དབང་དམ་ཤེས་རབ་གདེང་དང་ལྡན༔ ཞེས་པས༔ དད་པ་ཆེན་པོས་དཀར་པོའི་ཆོས་ལ་འཇུག་ནུས་པ༔ མོས་གུས་ཆེན་པོས་བླ་མ་སངས་རྒྱས་སུ་མཐོང་བ༔ དབང་བཞི་ཐོབ་པས་མན་ངག་གི་སྣོད་དུ་རུང་བ༔ དམ་ཚིག་ཆེ་བས་བསྒྲུབ་པའི་གཞི་ཐིངས་པ༔ ཤེས་རབ་ཆེ་བས་ངེས་པའི་དོན་གོ་ནུས་པ༔ ལྟ་བའི་གདེང་དང་ལྡན་པས་ཉམ་ང་དང་འཁུ་འཁྲིག་མེད་པ༔ ཆོས་དྲུག་དང་ལྡན་པའོ༔ དེ་ལས་གཞན་པ༔ དད་པ་མེད་ན་འཁོར་བ་ལ་བློ་མི་ལྡོག༔ མོས་གུས་མེད་ན་བྱིན་རླབས་མི་འཇུག༔ དབང་མ་ཐོབ་ན་མན་ངག་གི་སྣོད་དུ་མི་རུང༔ དམ་ཚིག་ཉམས་ན་སྒྲུབ་པའི་གཞི་རྟེན་མེད༔ ཤེས་རབ་མེད་ན་ངེས་པའི་དོན་མི་གོ༔ ལྟ་བའི་གདེང་དང་མི་ལྡན་ན་བར་ཆད་འབྱུང་བས་དེ་ལྟར་ན་སྣོད་དུ་མི་རུང་སྟེ༔ མཚན་ཉིད་ལྡན་ལ་མན་ངག་སྦྱིན༔ དེ་ལས་གཞན་ལ་བསྟན་མི་བྱ༔ ཞེས་སོ༔ བཞི་པ་རྫས་ནི༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསག༔ ཅེས་པས༔ འདི་ལ་ལྔ་སྟེ༔ འཚོ་བ་ཟས་ཀྱི་ཡོ་བྱད་ལྡབ་ཏུ་བཤམ་སྟེ༔ མ་གྲུབ་ན་སྤོགས་ལ་བསྒྲུབ་དགོས་པའོ༔ ནད་ཟློག་སྨན་གྱི་ཡོ་བྱད་སྨན་དང་ཡི་གེ་རུ་གཤོམ་སྟེ༔ ནད་བྱུང་ན་འབྱུང་བ་ཆ་མཉམ་དགོས་པའོ༔ གཞན་ཡང་ལྟ་བ་དང་དམིགས་པ་རྟེན་འབྲེལ་གྱི་སྒོ་ནས་ཀྱང་བཅོས་སོ༔ མཆོད་པའི་རྫས་ནི༔ མ་རུལ༔ མ་རྙིང༔ མ་ཟག་པ༔ མདངས་དང་ལྡན་པ་བཤམ་སྟེ༔ བདེ་གཤེགས་ཐམས་ཅད་དགྱེས་པ་ཡིན་ནོ༔ སྐོང་བའི་རྫས་ནི༔ མ་ནོར༔ མ་གྱག༔ མ་ཉམས༔ མ་རྙིང༔ རོ་དང་ལྡན་པ་བཤམ་སྟེ༔ དམ་ཅན་ཐུགས་དམ་བསྐང་བ་ཡིན་ནོ༔ སྒྲུབ་པའི་རྫས་ནི༔ མང་ཞིང་ཚན་ཆེ་བ༔ ལྷ་སོ་སོའི་རྗེས་སུ་མཐུན་ཞིང་ཁ་དོག་དྲི་རོ་དང་ལྡན་པ་རྣམས་གསག་ཅིང་བཤམས་པས༔ བྱིན་རླབས་སྤྲིན་བཞིན་འོང་བ་ཡིན་ནོ༔ མཆོད་པའི་རྫས་ཀྱིས་བདེ་གཤེགས་མཉེས༔ སྐོང་བའི་རྫས་ཀྱིས་དམ་ཅན་སྐོང༔ སྒྲུབ་རྫས་ཚོགས་པས་བྱིན་རླབས་འབྱུང༔ ཞེས་སོ༔ ལྔ་པ་སྒྲུབ་པའི་ཐབས་ནི༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ༔ ཞེས་པས༔ བློ་མ་དྲེད་པས་ཤེས་པ་རྩེ་གཅིག་ཏུ་དྲིལ་ཏེ་དཀའ་ཐུབ་ཀྱིས་སྡེ་བཙུགས་ནས༔ སྙིང་རུས་ཆེན་པོས་སྒྲུབ་པ་མཐའ་རུ་འདོན་ནོ༔ དེ་ཡང་དགྲ་གཉེན༔ ནོར་ཟས༔ གཟུང་འཛིན༔ ཆགས་སྡང༔ ཉོན་མོངས་རྣམ་རྟོག་ལ་སོགས་པའི་ཕྱོགས་སུ་ཤོར་ན༔ ངན་དྲེད་དུ་སོང་བས་དོན་མི་འགྲུབ༔ སྒྲུབ་པའི་དུས་ན༔ འབྲི་བ་དང་ཀློག་པ་དང་འཛིན་པ་བསམ་མནོ༔ རྩོམ་པ་ལ་སོགས་པའི་བློ་རུ་སོང་ན༔ བཟང་དྲེད་ཡིན་པས་མི་འགྲུབ༔ དེས་ན་དེ་གཉིས་ཀ་དང་བློ་མ་དྲེད་པར༔ གང་སྒྲུབ་པ་དེ་ཉིད་ལ་ཤེས་པ་རྩེ་གཅིག་ཏུ་ཕུར་ཚུགས་སུ་དྲིལ་ཏེ༔ ལྟོགས་མོད༔ འཁྱགས་མོད༔ ཤི་མོད༔ ཆད་མོད་བསམ་པའི་སྡུག་སྲན་བྱེད༔ དཀའ་ཐུབ་ས་རྡོ་བཙུགས་ནས་སྙིང་རུས་ཆེན་པོས་སྒྲུབ་པ་འདི་མཐར་འདོན་དགོས་སྙམ་པའི་སྒོ་ནས་སྒྲུབ་པའོ༔ དེ་ཡང་དང་པོ་འཇུག་པའི་དུས་སུ་སྐྱབས་འགྲོ་བྱ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ ལྷ་ཡི་ང་རྒྱལ་དང་ལྡན་པར་བྱས་ལ༔ གཏོར་མ་གསུམ་བཤམས་ཏེ༔ དང་པོ་བླ་མ་དང་དཀོན་མཆོག་ལ་ཕུལ་གསོལ་བ་གདབ༔ བར་པ་ཆོས་སྐྱོང་ལ་ཕུལ་ལ་བར་ཆད་མ་གཏང་ཞིག་པར་ཕྲིན་ལས་གཞོལ༔ ཐ་མ་གཞི་བདག་ལ་ཕུལ་ལ་གནས་པོ་ཞུ༔ དེ་ནས་རང་དང་གནས་དང་གནས་བདག་གསུམ་པོ་མི་དམིགས་པའི་ངང་ལ་བཞག་གོ༔ དེ་ནས་མཚམས་གཅད་དེ༔ སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩིགས༔ བར་ཆད་མི་འབྱུང་བའི་རྟེན་འབྲེལ་ཡིན༔ མལ་འོག་ཏུ་ས་དཀར་པོའི་གཡུང་དྲུང་རིས་བྱ༔ སྡོད་ཚུགས་པའི་རྟེན་འབྲེལ་ཡིན༔ དེ་ནས་སྡུག་སྲན་དང༔ སྙིང་རུས་དང༔ གོ་ཆ་དང་འདུན་པ་སྐྱེད་ལ་མཚམས་དམ་པོར་བཅད་པས་བར་ཆད་མི་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན་ནོ༔ ཉིན་མོ་སྣང་བ་བཟོ་མེད་ལྷུག་པར་གཞག༔ སྲོད་ལ་རིག་པ་གཟེངས་བསྟོད་ལ་མ་བྱིང་མ་རྨུགས་པར་སིང་ངེ་ཡེར་རེ་བཞག་གོ༔ ནམ་གུང་གཉིད་དང་ཆོས་ཉིད་བསྲེས་ལ་རྟོག་མེད་དུ་ཉལ༔ ཐོ་རངས་དྲན་པ་གསལ་བཏབ་ལ་ལྷའི་ང་རྒྱལ་གྱིས་ལྡང༔ ལུས་ལྷར་བསྒོམ༔ ངག་སྔགས་བགྲང༔ སེམས་སྤྲོས་བྲལ་ལ་གཞག༔ དམ་བཅའ་ཡུན་ཐུང་ལ་གྲངས་མང་བར་བསླབ་བོ༔ དེ་ནས་བསྐྱེད་རིམ་ལ་ཆོ་ག་གསུམ་མམ་སྐད་ཅིག་དྲན་རྫོགས་ལས་ལྷར་བསྐྱེད༔ བཟླས་པའི་སྔོན་ལ༔ ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ནཱ་ཡ་སྭཱ་ཧཱ། ཞེས་པ་བདུན་དང༔ རྟེན་འབྲེལ་སྙིང་པོ་བདུན་གྱིས་ཕྲེང་བ་བྱིན་གྱིས་བརླབ༔ ཕྲེང་བ་མི་ལག་མི་འགྲིམ༔ ས་ལ་མི་གཞག་གོ༔ སྔགས་ནི་སྒྲ་ཆེ་བ་མ་ཡིན༔ ཆུང་བ་མྱུར་བ་བུལ་བ་ཞ་བ༔ ཆད་པ་ནོར་བ་ཡིན་ཏེ་སྐྱོན་བདུན་པོ་དེ་བསལ་ལ༔ སྔགས་ཀྱི་འོད་ཟེར་རམ༔ འཕྲོ་འདུའམ༔ ཕྲེང་བ་ལ་རིག་པ་གཏད་ནས་བཟླའོ༔ འོད་ཟེར་ནི་ཞི་རྒྱས་དབང་དྲག་བཞི་དཀར་སེར་དམར་ནག་གོ༔ འཕྲོ་འདུ་ནི༔ ཕར་འཕྲོས་པས་བདེ་གཤེགས་མཆོད༔ ཚུར་འདུས་པས་དངོས་གྲུབ་ཐོབ་པའོ༔ ཕྲེང་བ་ནི་མགལ་མེའི་འཁོར་ལོ་ལྟ་བུའོ༔ མི་ཚིག་གིས་བར་མི་གཅད༔ ཁྱད་པར་བསྙེན་པའི་དུས་སུ་ཆོད་ན་བསྙེན་པའི་གོ་མི་ཆོད༔ བཟླས་པའི་མཇུག་ཏུ༔ ཨོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཱཻ༔ ཨོ་ཨཱོ༔ ཨཾ་ཨཱ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ འགྲུབ་པར་གྱུར་ཅིག་སྭཱ་ཧཱ༔ ཞེས་བརྗོད་པས་མྱུར་དུ་འགྲུབ༔ ཆད་པ་སྐོང༔ བྱིན་རླབས་ཆེ་བ་ཡིན་ནོ༔ སྔགས་བཟླ་བའི་དུས་ན་མཚོན་རྩེ་ཁ་རུ་མི་འཇུག༔ མཆིལ་མ་ཕྱིར་མི་འདོར༔ ལྷའི་དྲན་པས་གཟུང༔ སྟོང་པའི་རྒྱས་གདབ༔ ལྷ་ཡིན་ནོ་སྙམ་པ་ནི་དོན་སྤྱི་ཡིན༔ སེམས་ཉིད་ལྷ་ཡི་ངོ་བོར་ཧྲིལ་སོང་ནས༔ ལྷ་དང་རིག་པ་དབྱེར་མེད་ནི་དོན་རང་མཚན་ནོ༔ འཕྲོ་འཇོག་ཙ་ན་ཏིང་ངེ་འཛིན་གསལ་གདབ༔ དགེ་བའི་རྩ་བ་བསྔོ༔ སྒྲུབ་པ་མ་ཐོན་བར་ལ་གཞན་དོན་མི་བྱ༔ ཆོས་མི་བཤད༔ གནས་མི་སྤོ༔ སྟན་མི་སྤྲུག༔ གདོང་པ་དང་ལག་པ་མི་བཀྲུ༔ སྐྲ་དང་ཁ་སྤུ་མི་འདྲེག༔ ཐོན་པ་དང་དངོས་གྲུབ་བླང༔ བཤགས་པ་བྱ༔ གཏང་རག་གཏང༔ དགེ་བའི་རྩ་བ་བསྔོ་འོ༔ གཉིས་པ་བསྲུང་བའི་འཁོར་ལོའི་རིམ་པ་བསྟན་པ་ནི༔ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ཞེས་པ༔ ཆོས་ཟབ་ན་བདུད་ཟབ༔ སྒྲུབ་པ་བྱེད་པ་ལ་བར་ཆད་འོང་བས༔ དེ་དག་སྲུང་བའི་འཁོར་ལོ་ལ་དྲུག་ལས༔ དང་པོ་བྱང་ཆུབ་སེམས་ཀྱིས་སྲུང་བ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་འཐོབ་བསྒོམ༔ ཞེས་པས༔ སྐྱེ་འགྲོ་ལུས་ཅན་དབུགས་ཀྱིས་བསྡུས་ཤིང༔ ཤེས་པས་ཟིན་པ་རྣམས་ཀྱིས་དང༔ ཁྱད་པར་བདག་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན༔ སྡུག་བསྔལ་དང་བྲལ༔ བྱང་ཆུབ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་མཆོག་འཐོབ་པར་བྱ༔ དེའི་ཆེད་དུ་ལྷ་བསྒོམ༔ སྔགས་བཟླ༔ ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་སྙམ་དུ་སེམས་བསྐྱེད༔ དེ་ནི་བསྲུང་བ་ཀུན་གྱི་མཆོག་ཡིན་ཏེ༔ གནོད་བྱེད་ཁོ་རང་གི་དོན་དུ་སྒྲུབ་པ་བྱེད་པ་ལ༔ ཁོ་རང་གིས་བར་དུ་མི་གཅོད་པས་སོ༔ གཉིས་པ་མཚོན་ཆ་ལྔས་སྲུང་བ་ནི༔ ལྷ་མཚན་རྡོ་རྗེ་འཁོར་ལོ་མཚོན་མེས་བསྲུང༔ ཞེས་པས༔ རང་སྐད་ཅིག་མའི་ངང་ལ་ཡི་དམ་ལྷ་གང་ཡིན་དུ་བསྒོམ༔ དེའི་ཐུགས་ཀར་རྩ་བའི་ས་བོན་ཡིག་འབྲུ་བསམ༔ ཐུགས་ཀའི་ཡིག་འབྲུ་ལས་ཡི་དམ་གང་ཡིན་གྱི་ཕྱག་མཚན་འོད་ཟེར་དང་བཅས་པ་ཕར་འཕྲོས་པས་གདོན་བགེགས་ཐམས་ཅད་བཅོམ༔ ཚུར་འདུས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཕྱག་མཚན་རྩེ་མོ་ཕྱིར་བསྟན་པའི་གུར་དུ་བསམ་མོ༔ ཡང་ཐུགས་ཀའི་ཡིག་འབྲུ་ལས་རྡོ་རྗེ་འོད་ཟེར་དང་བཅས་པ་ཕར་འཕྲོས༔ འདུས་པས་ཐམས་ཅད་རྡོ་རྗེའི་གུར་དུ་བསམ་མོ༔ ཡང་ས་བོན་ལས་འཁོར་ལོ་འོད་ཟེར་དང་བཅས་པ་འཕྲོས་འདུས་པ་ལས་ཐམས་ཅད་འཁོར་ལོའི་གུར་དུ་བསམ༔ ཡང་ས་བོན་ལས་མཚོན་ཆ་སྣ་ཚོགས་འཕྲོས་འདུས་པས་ཐམས་ཅད་མཚོན་ཆའི་གུར་དུ་བསམ་མོ༔ ཡང་ས་བོན་ལས་མེའི་འོད་ཟེར་འཕྲོས་འདུས་པས་ཐམས་ཅད་མེའི་གུར་ཁང་དུ་བསམ་མོ༔ འདི་ནི་འཁོར་གཡོག་བསྲུང་བ་ལ་ཟབ་བོ༔ གསུམ་པ་ཡིག་འབྲུ་གསུམ་གྱིས་སྲུང་བ་ནི༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡིག་བསྒོམ༔ ཞེས་པས༔ རང་གི་ལུས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་ཨོཾ་དཀར་པོ་གཅིག་ཏུ་བསམ༔ དེ་ཇེ་ཆེར་གྱུར་པའི་ནང་དུ༔ ངག་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རང་བཞིན་ཨཱཿདམར་པོ་གཅིག་ཏུ་བསམ༔ དེ་ཇེ་ཆེར་གྱུར་པའི་ནང་དུ༔ ཡིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར་པར་བསམ༔ དེ་ལྟར་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡི་གེར་གྱུར་པར་བསམ་ཞིང་སྒོམ་པ་ལ༔ བར་དུ་གཅོད་པ་མེད་དེ་འདི་ནི་རང་ཉིད་ཁོ་ནའོ༔ བཞི་པ་ཞི་དྲག་གསུམ་བརྩེགས་ཀྱིས་སྲུང་བ་ནི༔ སྤྱན་རས་འཇམ་དཔལ་ཡི་དམ་གང་ཡིན་བསྒོམ༔ ཞེས་རང་གང་བསྲུང་བ་ཙམ་ཁྱབ་པར་འཕགས་པ་སྤྱན་རས་གཟིགས་སུ་བསྒོམ༔ དེ་ནི་ཞི་བའི་རང་བཞིན་ནོ༔ དེའི་ཐུགས་ཀར་འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་བསྒོམ༔ དེ་ནི་ཁྲོ་བོའི་རང་བཞིན་ནོ༔ དེའི་ཐུགས་ཀར་རང་གི་ཡི་དམ་གང་ཡིན་དུ་བསྒོམ༔ དེ་ནི་གཉིས་སུ་མེད་པའི་རང་བཞིན་ནོ༔ དེ་ལྟར་ཞི་དྲག་དབྱེར་མེད་དུ་གནས་པ་ལ༔ བར་དུ་གཅོད་པ་མེད་དེ༔ འདི་ནི་ཡུལ་དང་ལུང་པ་སྲུང་ན་ཟབ་བོ༔ ལྔ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་སྲུང་བ་ནི༔ རྡོ་རྗེའི་ས་ར་གུར་དང་མདའ་མེ་བསྒོམ༔ ཞེས་པས༔ རྐང་མཐིལ་རྡོ་རྗེའི་ས་གཞི༔ རྩིབ་མ་རྡོ་རྗེའི་ར་བ༔ པགས་པ་རྡོ་རྗེའི་གུར༔ སྐྲ་དང་བ་སྤུ་མདའི་ར་བ༔ སོ་དང་སེན་མོ་མེ་རབ་ཏུ་འབར་བར་བསྒོམ༔ དེ་རྣམས་ནི་དེ་ལྟར་ཡིན་སྙམ་དུ་ཤེས་ཤིང་དྲན་པས་ཆོག་སྟེ༔ འདི་ནི་རང་བསྲུང་བ་ལ་ཟབ་བོ༔ དྲུག་པ་དོན་དམ་མཚན་མ་མེད་པས་སྲུང་བ་ནི༔ བྱ་བྱེད་ངོ་བོ་མི་དམིགས་ངང་ལ་གཞག༔ ཅེས་པས༔ བར་དུ་གཅད་བྱའི་ཡུལ༔ གཅོད་བྱེད་ཀྱི་བགེགས༔ བར་ཆད་རང་གི་ངོ་བོ་དང་གསུམ༔ དབྱེར་མེད་སྤྲོས་བྲལ་མི་དམིགས་པའི་ངོ་བོར་ཤེས་ཤིང༔ སྟོང་ཉིད་ཀྱི་ངང་ལ་གཞག་གོ༔ དེ་ལ་གང་གིས་ཀྱང་བར་དུ་མི་ཆོད་དེ༔ སྟོང་པ་ལ་སྟོང་པས་གླགས་མི་རྙེད་པའོ༔ དེ་རྣམས་ཀྱང་སྒྲུབ་པ་ལ་འཇུག་པའི་ནུབ་མོ་དང༔ སྐབས་སུ་ཚང་བར་བསྒོམ༔ སྲོད་ཀྱི་ཐུན་འགོར་བྱང་སེམས་ཀྱི་སྲུང་བ་དང༔ མཚན་མེད་སྲུང་བ་གང་འགྲུབ་བྱའོ༔ གསུམ་པ་གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཞེས་པས༔ གནད་ལྔའི་སྒོ་ནས་ཐེག་ཆེན་གྱི་ལམ་ལ་འཇུག་པ་ལ་ནི་ལྔ་སྟེ༔ སྐྱབས་འགྲོས་ཆོས་ཀྱི་གཞི་བཅའ་བ༔ ཡི་གེ་བརྒྱ་པ་བགྲང་ལ་སྒྲིབ་པ་སྦྱང་བ༔ ལས་འབྲས་དང་མི་རྟག་པ་སྒོམ་ལ་བློ་སྦྱང་བ༔ མཎྜལ་དང་གཏོར་མ་གཏང་ལ་ཚོགས་གསག་པ༔ མཆོད་པ་ཕུལ་ལ་ཚོགས་ཡོངས་སུ་སྤེལ་བའོ༔ དང་པོ་ནི༔ ཐུན་མོང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲོ༔ ཞེས་པས༔ འདི་ལ་གཉིས་ཏེ༔ སྤྱིར་བསྟན་པ་དང༔ བྱེ་བྲག་ཏུ་བསྟན་པའོ༔ དང་པོ་ལ་ལྔ་ལས༔ དང་པོ་སྐྱབས་སུ་འགྲོ་བའི་ཡུལ་ནི༔ དཀོན་མཆོག་གསུམ་སྟེ༔ སྐྱོབ་པའི་ནུས་པ་ཡོད་ཅིང༔ ཐུགས་རྗེ་ཐབས་ལ་མཁས་པའི་ཕྱིར་རོ༔ གསུམ་གྱི་དང་པོ་སངས་རྒྱས་ལ་གསུམ་སྟེ༔ ངོ་བོ་གནས་ལུགས་མངོན་དུ་བྱས་པས༔ ངེས་ཚིག་འཁྲུལ་པ་སངས་ལ་ཡེ་ཤེས་རྒྱས་པ༔ དབྱེ་ན་ཆོས་སྐུ་གཟུགས་སྐུ་གཉིས་སམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མམ༔ ཡེ་ཇི་བཞིན་དང༔ རྟོགས་པ་མངོན་གྱུར་རོ༔ གཉིས་པ་ཆོས་ལ་གསུམ་སྟེ༔ ངོ་བོ་རྣམ་པར་དཀར་བ༔ མཚན་ཉིད་ལྟུང་བ་ལས་འཛིན་པ༔ དབྱེ་ན་རྒྱུ་འབྲས་གཉིས་སམ༔ སྡེ་སྣོད་གསུམ་མམ༔ ཐེག་པ་དགུའོ༔ གསུམ་པ་དགེ་འདུན་ལ་གསུམ་སྟེ༔ ངོ་བོ་མི་དགེ་བས་དབེན་པ༔ ངེས་ཚིག་དགེ་བ་ལ་འདུན་པ༔ དབྱེ་བ་ཕྱི་གཟུགས་རྟགས་ཀྱི་དགེ་འདུན༔ གཞན་དོན་སེམས་ཀྱི་དགེ་འདུན༔ ཡང་དག་དོན་གྱི་དགེ་འདུན་ནོ༔ གཉིས་པ་སྐྱབས་འགྲོ་གསུམ་པོ་བསྟེན་པའི་ངོ་བོར་བསྟན་པ་ནི༔ ཆོས་ཀྱིས་བསྒྲུབ་བྱ་སངས་རྒྱས་ཡིན་པ་དང༔ སངས་རྒྱས་ཀྱི་དགོངས་པ་སྟོན་པ་ཆོས་ཡིན་པ་དང༔ ཆོས་ཉམས་སུ་ལེན་པ་དགེ་འདུན་ཡིན་པས་བསྟེན་པའི་ངོ་བོ་ཡིན་ནོ༔ གསུམ་པ་སྐྱབས་འགྲོ་བྱེད་པའི་གང་ཟག་ལ་གསུམ་སྟེ༔ ངོ་བོ་ནི་སྐྱབས་སུ་སོང་མ་སོང་གི་སྐྱོན་ཡོན་ཤེས་ནས་འཇུག་པའོ༔ མཚན་ཉིད་རྒྱུ་འབྲས་ལ་ཡིད་ཆེས་པའི་གང་ཟག་གོ༔ དབྱེ་ན་གསུམ༔ ཉན་རང༔ བྱང་སེམས༔ གསང་སྔགས་རིག་པ་འཛིན་པའི་གང་ཟག་གོ༔ བཞི་པ་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ལ་གཉིས་ལས༔ ཐུན་མོང་གི་འགྲོ་ཚུལ་ནི༔ སངས་རྒྱས་ལ་སྐྱབས་སུ་སོང་བས༔ འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ༔ ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་པ་མི་བསྐྱལ༔ དགེ་འདུན་ལ་སྐྱབས་སུ་སོང་བས༔ མུ་སྟེགས་པ་དང་མི་འགྲོགས་པའོ༔ ཁྱད་པར་གྱི་འགྲོ་ཚུལ་གསུམ་ནི༔ ཆོས་སྤྱོད་རྒྱུན་གྱི་སྐྱབས་འགྲོ༔ སྒྲུབ་པ་གཞིའི་སྐྱབས་འགྲོ༔ རྟོགས་པ་དོན་གྱི་སྐྱབས་འགྲོའོ༔ ལྔ་པ་སྐྱབས་འགྲོའི་ཕན་ཡོན་ནི༔ ནང་པ་སངས་རྒྱས་ཀྱི་ཁོངས་སུ་ཚུད་པ༔ སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ༔ མི་དང་མི་མ་ཡིན་པས་མི་ཚུགས་པ༔ གནས་སྐབས་ཕན་བདེ་དང༔ མཐར་ཐུག་སངས་རྒྱས་ཐོབ་པའོ༔ གཉིས་པ་སྐྱབས་འགྲོ་བྱེ་བྲག་ཏུ་བཤད་པ་ལ་གསུམ༔ ཐུན་མོང་གི༔ ཁྱད་པར་གྱི༔ བླ་ན་མེད་པའི་སྐྱབས་འགྲོའོ༔ དང་པོ་ཐུན་མོང་གི་སྐྱབས་འགྲོ་ལ་གསུམ་ལས༔ དང་པོ་སྐྱབས་གནས་ངོས་གཟུང་བ་ནི༔ སངས་རྒྱས་ནི་སྤྲུལ་པའི་སྐུ་ཁོ་ན་དམ་པར་འཛིན་ཏེ་ཤཱཀྱ་ཐུབ་པ༔ ཆོས་ནི་རྒྱུའི་ཐེག་པ་བདེན་པ་བཞི༔ ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཙོར་བྱེད༔ དགེ་འདུན་ཕྱིའི་ཆ་ལུགས་དང་སྤྱོད་ལམ་གྱིས་འདུལ་བ་ཕྱི་གཟུགས་རྟགས་ཀྱི་དགེ་འདུན་ནོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི་ཉན་ཐོས་རང་རྒྱལ་གཉིས་སོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི༔ རང་དོན་དུ་བྱེད་པའོ༔ ཐུན་མོང་གི་སྐྱབས་འགྲོ་ལ་བརྟེན་ནས་སོ་སོ་ཐར་པའི་སྡོམ་པ་སྐྱེ༔ དེ་ཆོ་གའི་དུས་སུ་ཐོབ༔ དེ་ལམ་བདེན་པ་བཞིས་སྦྱངས་ནས༔ འབྲས་བུ་སྲིད་པ་གསུམ་ན་དགྲ་བཅོམ་པ་ཐོབ༔ གཉིས་པ་ཁྱད་པར་གྱི་སྐྱབས་འགྲོ་ལ་གསུམ༔ དང་པོ་སྐྱབས་གནས་ངོས་གཟུང་བ་ནི༔ སངས་རྒྱས་ནི་སྤངས་རྟོགས་ཕུན་སུམ་ཚོགས་པ་སྟེ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ དེ་ཡང་ཆོས་སྐུ་དག་པ་གཉིས་ལྡན༔་་་དབྱིངས་རང་བཞིན་རྣམ་པར་དག་པ། སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བས་དག་པའོ། །ལོངས་སྐུ་ངེས་པ་ལྔ་ལྡན༔ སྤྲུལ་སྐུ་མ་ངེས་པ་ལྔ་ལྡན༔ ཆོས་ནི་རྒྱུ་ཡི་ཐེག་པ་དོན་རྣམ་པར་ངེས་པའི༔ མཚན་ཉིད་མེད་པའི་འཁོར་ལོ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་གཙོར་བྱེད༔ དགེ་འདུན་ནི་གཞན་དོན་སེམས་ཀྱི་དགེ་འདུན་ཏེ༔ བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི༔ བྱང་ཆུབ་སེམས་དཔའི་གང་ཟག་སྟེ༔ དབང་པོ་རྣོན་པོ་དང༔ བརྟུལ་པོའི་རིགས་གཉིས་སོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི༔ ཚད་མེད་པ་བཞིའི་སྒོ་ནས་རང་གཞན་གཉིས་ཀྱི་དོན་བྱེད་པའོ༔ ཁྱད་པར་གྱི་སྐྱབས་འགྲོ་དེ་ལ་བརྟེན་ནས་བྱང་སེམས་ཀྱི་སྡོམ་པ་སྐྱེ༔ དེ་སེམས་བསྐྱེད་ཀྱི་དུས་སུ་ཐོབ༔ དེ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱངས་ནས༔ འབྲས་བུ་བསྐལ་པ་གསུམ་ནས་སངས་རྒྱས་ཐོབ་བོ༔ གསུམ་པ་བླ་ན་མེད་པའི་སྐྱབས་འགྲོ་ལ་གཉིས་ཏེ༔ གསང་སྔགས་སྤྱིའི་སྐྱབས་འགྲོ་དང༔ ཁྱད་པར་ཨ་ཏིའི་སྐྱབས་འགྲོ་འོ༔ དང་པོ་ལ་གསུམ་ལས༔ དང་པོ་སྐྱབས་གནས་ངོས་གཟུང་བ་ནི༔ སངས་རྒྱས་ནི་སྐུ་ལྔ་དབྱེར་མེད་གཅིག་དང་དུ་མ་བྲལ་བ༔ ཆོས་ནི་འབྲས་བུ་རྡོ་རྗེ་ཐེག་པ༔ གསང་སྔགས་སྤྱིའི་སྐྱབས་འགྲོ༔ ལུང་དུ་བསྟན་ཅིང་རྨད་བྱུང་བ༔ བསླབ་པ་གསུམ་གང་དུ་ཡང་བསྟན་དུ་བཏུབ་སྟེ༔ གསང་སྔགས་ཀྱི་ཆོས་ལ་གཙོ་བོར་བྱེད༔ དགེ་འདུན་ནི་ཡང་དག་དོན་གྱི་དགེ་འདུན་ཏེ༔ མི་དགེ་བ་ངང་གིས་མི་གནས་པའོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི༔ གསང་སྔགས་རིག་པ་འཛིན་པའི་རྣལ་འབྱོར་ཏེ༔ སྡོམ་པ་གསུམ་ལྡན་ནོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི༔ རང་གཞན་གྱི་ལུས་ངག་ཡིད་གསུམ་དང༔ དཀོན་མཆོག་གསུམ་དབྱེར་མེད་པས༔ ཡུལ་དང་ཡུལ་ཅན་གཉིས་མེད་འགྲོའོ༔ བླ་མེད་ཀྱི་སྐྱབས་འགྲོ་དེ་དག་ལ་བརྟེན་ནས་གསང་སྔགས་ཀྱི་སྡོམ་པ་སྐྱེ་སྟེ༔ དེ་དབང་གི་དུས་སུ་ཐོབ༔ དེ་ལམ་རིམ་པ་གཉིས་ཀྱིས་སྦྱངས་ནས་སྐྱེ་བ་གཅིག་གཉིས་སམ༔ གསུམ་མམ༔ ལྔ་ནས་སངས་རྒྱས་སོ༔ གཉིས་པ་ཨ་ཏིའི་སྐྱབས་འགྲོ་ལ་གསུམ་སྟེ༔ དང་པོ་དཀོན་མཆོག་གསུམ་པོ་ངོས་གཟུང་བ་ནི༔ རིག་པ་སྐུ་བཞིར་གནས་པ་སངས་རྒྱས་དཀོན་མཆོག༔ དེ་ཉིད་སྟོང་པ་དབྱེར་མེད་པའོ༔ དེ་ཤེས་ཀྱི་ཤེས་པ་ཆོས་དཀོན་མཆོག་སྟེ༔ ཨ་ཏི་ཡོ་ག་ཁྱད་པར་རྨད་དུ་བྱུང་བ་སྟེ༔ ངེས་པའི་དོན་གྱི་ཆོས༔ གཤིས་ལ་སྡིག་པ་མ་གྲུབ་ཅིང༔ ངོ་བོ་ཟག་པ་མེད་པའི་དགེ་བར་གནས་པ་ནི༔ ཡང་དག་དོན་གྱི་དགེ་འདུན་ནོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་གང་ཟག་ངོས་གཟུང་བ་ནི༔ སྐྱེས་མཆོག་གང་ཟག་ཡང་རབ་ཨ་ཏིའི་རྣལ་འབྱོར་རོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ལ་གསུམ༔ དཀོན་མཆོག་རང་གི་སེམས་ལ་གྲུབ་པར་ཤེས་པ་ནི་དོན་དུ་གཉེར་བའི་སྐྱབས་འགྲོ༔ རང་གི་སེམས་མ་ཡིན་པའི་དཀོན་མཆོག་གསུམ་མེད་པར་རྟོགས་པ་ནི་གཞན་སེལ་བའི་སྐྱབས་འགྲོ༔ སེམས་ཉིད་དཀོན་མཆོག་གི་རང་བཞིན་གཅིག་དང་དུ་མ་དང་བྲལ་ཞིང༔ མཐའ་གང་ལ་ཡང་མི་གནས་པ་གཉིས་མེད་རང་གྲོལ་དུ་རྟོགས་པ་ནི་ཡང་དག་བླ་མེད་ཀྱི་སྐྱབས་འགྲོའོ༔ དེས་ན་སངས་རྒྱས་ཀྱི་བཀའ་བཞིན་དུ་སྒྲུབ་ཅིང་གསུང་ན་བླ་མ་ཡིན༔ དེའི་གསུང་བཞིན་སྒྲུབ་ན་སློབ་མ་ཡིན༔ དེའི་ཆ་རྐྱེན་སྒྲུབ་ན་ཡོན་བདག་ཡིན༔ དེ་ལྟ་བུ་གང་ན་ཡོད་པ་དེ་ན་སངས་རྒྱས་ཀྱི་བསྟན་པ་ཡོད་དོ༔ གཉིས་པ་ཡི་གེ་བརྒྱ་པས་སྒྲིབ་པ་སྦྱོང་བ་ནི༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་སྦྱངས་བསྐངས༔ ཞེས་པས༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ དེ་ནས་རང་ཡི་དམ་ལྷ་རུ་བསྒོམ༔ དེའི་ཐུགས་ཀར་ས་བོན་གྱི་ཡིག་འབྲུ་གཅིག་ལ༔ ཡི་གེ་བརྒྱ་པ་དཀར་དམར་ནག་གསུམ་གྱིས་བསྐོར་བར་བསམ་ལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་བ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་བརྒྱ་བཟླས་པས༔ ཡི་གེ་བརྒྱ་པ་དཀར་པོ་ལས་འོད་དཀར་པོ་འཕྲོས༔ བདེ་གཤེགས་སྐུ་ལ་མཆོད་པ་ཕུལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱངས༔ སྐུའི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་པར་བསམ༔ བརྒྱ་པ་དམར་པོ་ལས་འོད་དམར་པོ་འཕྲོས་པས༔ བདེ་གཤེགས་གསུང་ལ་མཆོད་པ་ཕུལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱངས༔ གསུང་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་པར་བསམ༔ བརྒྱ་པ་ནག་པོ་ལས་འོད་ཟེར་ནག་པོ་འཕྲོས་པས༔ བདེ་གཤེགས་ཐུགས་ལ་མཆོད་པ་ཕུལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་པར་བསམ་མོ༔ དེ་ནས་རང་ཉིད་འོད་དུ་ཞུ་ནས་ཡིག་འབྲུར་གྱུར༔ ཡི་གེ་སྐྱེ་མེད་སྟོང་ཉིད་མི་དམིགས་པའི་ངང་ལ་བཞག་གོ༔ དང་པོ་མང་དུ་བཟླས༔ དེ་ནས་བརྒྱའམ་ཉེར་གཅིག་ལ་སོགས་པ་གང་འགྲུབ་རེ་བསྒྲང༔ དེས་སྡིག་སྒྲིབ་ཐམས་ཅད་དག༔ ཉམས་ཆག་ཐམས་ཅད་བསྐང་ངོ༔ གསུམ་པ་ལས་རྒྱུ་འབྲས་དང་འཆི་བ་མི་རྟག་པ་སྒོམ་ལ་བློ་སྦྱོང་བ་ནི༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ ཞེས་པས༔ འདི་ལ་བཞི་ལས༔ དང་པོ་དལ་འབྱོར་རྙེད་པར་དཀའ་བ་སྒོམ་པ་ནི༔ བྱང་ཆུབ་སྒྲུབ་པའི་རྟེན་ནི་དལ་འབྱོར་ཁོ་ན་ཡིན་ལ༔ དལ་བ་ཞེས་བྱ་བ་ནི༔ མི་ཁོམས་པའི་གནས་བརྒྱད་དང་བྲལ་བ་ལ་བྱ་སྟེ༔ མི་ཁོམས་པ་བརྒྱད་ནི༔ དམྱལ་བ་ཡི་དྭགས་དུད་འགྲོ་དང༔ ཚེ་རིང་ལྷ་དང་ཀླ་ཀློ་དང༔ སངས་རྒྱས་མི་འབྱུང་ལོག་ལྟ་དང༔ ལྐུགས་པ་འདི་དག་མི་ཁོམས་བརྒྱད༔ ཅེས་པས༔ ངན་སོང་གསུམ་དང་ལྷ་ཚེ་རིང་པོ་སྟེ་མི་མ་ཡིན་པའི་འགྲོ་བ་བཞི་དང༔ སངས་རྒྱས་ཀྱི་བསྟན་པ་མེད་པའི་ས་དང༔ ཡོད་ཀྱང་མ་ཁྱབ་པའི་མཐའི་ཀླ་ཀློ་དང༔ ལས་འབྲས་མེད་ཅེས་ལོག་པར་ལྟ་བ་དང༔ འོན་ལོང་དིག་ལྐུགས་ལ་སོགས་པ་དབང་པོ་མ་ཚང་བའི་མིས་བསྡུས་པ་བཞི་སྟེ་བརྒྱད་དོ༔ སྐྱོན་བཞི་གཉིས་བརྒྱད་པོ་དེ་དང་བྲལ་བ་ནི་དལ་བ་སྟེ༔ ཆོས་ཁྱད་པར་ཅན་གྱི་རྟེན་དུ་རུང་བ་ཡིན་ནོ༔ འབྱོར་པ་ནི༔ མིར་གྱུར་ཡུལ་གྱི་དབུས་སྐྱེས་དང༔ དབང་པོ་ཚང་ཞིང་གནས་ལ་དད༔ དེ་བཞིན་ལས་མཐའ་མ་ལོག་པའོ༔ ཞེས་པས༔ མི་ཉིད་དུ་གྱུར་པ་དང༔ ཡུལ་དབུས་སུ་སྐྱེས་པ་དང༔ དབང་པོ་ཚང་བ་དང༔ སངས་རྒྱས་བསྟན་པའི་གནས་ལ་དད་པ༔ ལས་ཀྱི་མཐའ་མ་ལོག་པ་སྟེ་རང་འབྱོར་ལྔ་དང༔ སངས་རྒྱས་རྣམས་བྱོན་ཆོས་གསུངས་དང༔ བསྟན་པ་གནས་དང་དེ་རྗེས་འཇུག༔ གཞན་ཕྱིར་སྙིང་རྗེ་ལྔ་ཡིན་ནོ༔ ཞེས་པས༔ སངས་རྒྱས་འཇིག་རྟེན་དུ་བྱོན་པ༔ དེས་ཆོས་གསུངས་པ༔ བསྟན་པ་དེ་ཡུན་དུ་གནས་པ༔ བསྟན་པའི་རྗེས་སུ་འཇུག་པ༔ གཞན་གྱི་ཕྱིར་བརྩེ་བའི་ཐུགས་རྗེ་ཡོད་པ་སྟེ༔ གཞན་འབྱོར་ལྔའོ༔ དེ་ལྟར་ཡོན་ཏན་ལྔ་གཉིས་བཅུ་དང་ལྡན་པ་དེ་ནི་འབྱོར་པ་ཞེས་བྱ་སྟེ༔ ཆོས་ལ་སྤྱད་དུ་ཡོད་པའོ༔ དེ་ནི་རྒྱུ་རྐྱེན་ངོ་བོ་གང་ལ་བརྟགས་ཀྱང་ཐོབ་པ་ཤིན་ཏུ་དཀའ་བ་ཡིན་པས༔ དེ་ལྟར་བསྒོམས་ན་འཁོར་བ་ལ་བློ་ལྡོག་པ་ཡིན་ནོ༔ གཉིས་པ་ལས་རྒྱུ་འབྲས་ལ་གསུམ་སྟེ༔ ལས་ཀྱི་ངོ་བོ་ངོས་གཟུང་བ་དང༔ སོ་མཚམས་དབྱེ་བ༔ རྣམ་གྲངས་སོ༔ དང་པོ་ནི༔ གང་ཉེས་པར་སྤྱད་པས་དངོས་སམ་བརྒྱུད་ནས་སྡུག་བསྔལ་བསྐྱེད་པ་ནི་སྡིག་པ་སྟེ་མི་དགེ་བའི་ལས་སོ༔ དེ་ལ་གསུམ་སྟེ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤྱད་པ་ཉིད་ན་སྡིག་ཏུ་གྱུར་པ༔ མཚམས་མེད་པ་ལྔ༔ དེ་དང་ཉེ་བ་ལྔ༔ མི་དགེ་བ་བཅུའོ༔ བཅས་པའི་ཁ་ན་མ་ཐོ་བ་སྤྱད་པ་ཉིད་ན་ལྟུང་བར་གྱུར་པ༔ སྡོམ་པ་གསུམ་གྱི་ཉེས་པའོ༔ འཇིག་རྟེན་གྱི་ཁ་ན་མ་ཐོ་བ༔ གཞན་གྱིས་སྡིག་ཅན་བྱེད་པ་སྟེ༔ མི་ཤེས་པ༔ བག་མེད་པ༔ མ་གུས་པ༔ ཉོན་མོངས་པའོ༔ གང་ལེགས་པར་སྤྱད་པས་དངོས་སམ་བརྒྱུད་ནས་བདེ་བ་སྐྱེད་པ་ནི་དགེ་བའོ༔ དེ་ལ་གསུམ༔ འཁོར་གསུམ་དམིགས་པ་དང་བཅས་ནས་གཏོང་བ་བསོད་ནམས་ཆ་མཐུན་དགེ་བ༔ ངེས་འབྱུང་གི་སེམས་ཀྱིས་ཀུན་ནས་བླངས་ནས་གཏོང་བ་ཐར་པ་ཆ་མཐུན་གྱི་དགེ་བ༔ འཁོར་གསུམ་ཡང་དག་མི་དམིགས་པར་ཤེས་པ་ཐར་པ་བླ་ན་མེད་པའི་དགེ་བའོ༔ དགེ་སྡིག་གཉིས་ཀ་མ་ཡིན་པ་ནི་ལུང་མ་བསྟན་གྱི་ལས་སོ༔ གཉིས་པ་ལས་ཀྱི་སོ་མཚམས་དབྱེ་བ་ལ་བདུན་ལས༔ དང་པོ་དོན་གྱི་དགེ་བ་གནས་ལུགས་འདུས་མ་བྱས༔ དོན་གྱི་མི་དགེ་བ་འདུས་བྱས་འཁོར་བའི་ཆོས་སོ༔ ༢ རང་བཞིན་གྱི་དགེ་བ་རིག་པ་ཡེ་ཤེས༔ རང་བཞིན་གྱི་མི་དགེ་བ་ཉོན་མོངས་དུག་ལྔའོ༔ ༣ གཤིས་དགེ་བ་ཆོས་ཉིད་སྟོང་པ༔ གཤིས་མི་དགེ་བ་མ་རིག་པའོ༔ ༤ ཡང་དག་པའི་དགེ་བ་བློ་ལས་འདས་པ༔ ཡང་དག་པའི་མི་དགེ་བ་ཡིད་ཀྱིས་བསླད་པའོ༔ ༥ ཡིད་ལ་མི་བྱེད་པ་ནི་མྱང་འདས་ཏེ་དགེ་བ༔ ཡིད་ལ་བྱེད་པ་ནི་འཁོར་བ་སྟེ་མི་དགེ་བའོ༔ ༦ དུག་གསུམ་ཆ་ཕྲ་མོས་སྦགས་པའི་དགེ་བས་མཐོ་རིས་གསུམ༔ དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡིག་པས་ངན་སོང་གསུམ་བསྐྱེད་དོ༔ ༧ ཐབས་ཤེས་ཀྱི་དགེ་བས་མི་གནས་པའི་མྱང་འདས༔ ཐབས་ཤེས་ཅི་རིགས་པའི་དགེ་བས་ཕྱོགས་གཅིག་པའི་མྱང་འདས་སོ༔ གསུམ་པ་ལས་ཀྱི་རྣམ་གྲངས་ལ༔ གཅིག་ཏུ་དཀར་བའི་ལས༔་་་དགེ་བ་ཁོ་ནའོ། །གནག་པའི་ལས༔་་་མི་དགེ་བ་ཁོ་ན། འདྲེས་པའི་ལས་་་དགེ་སྡིག་འདྲེས་པ་སྟེ།གསུམ༔ བསམ་པ་དཀར་ལ་སྦྱོར་བ་གནག་པ༔་་་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུའོ། །བསམ་པ་ནག་ལ་སྦྱོར་བ་དཀར་བ༔་་་གསོད་པའི་ཕྱིར་བསྙེན་བཀུར་བྱེད་པ་ལྟ་བུའོ། །བསམ་སྦྱོར་གཉིས་ཀ་དཀར་བ༔་་་སངས་རྒྱས་འཐོབ་པའི་ཕྱིར་དགེ་བ་ལ་སྦྱོར་བ་ལྟ་བུའོ། །གཉིས་ཀ་ནག་པ༔་་་ཞེ་སྡང་གིས་བསད་པ་ལྟ་བུ། མཐོང་ཆོས་འབྲས་བུ་ཅན༔་་་ཚེ་འདིར་རྣམ་སྨིན་མྱོང་བའི་ལས་སོ། །སྐྱེས་ནས་མྱོང་གྱུར༔་་་སྐྱེ་བ་ཕྱི་མ་ལ་མྱོང་ངེས་པ། ལན་གྲངས་གཞན་ལ་མྱོང་བ༔་་་སྐྱེ་བ་གསུམ་ཕན་ལ་མྱོང་བའི་ལས་སོ། །ལས་དཀར་རྣམ་སྨིན་དཀར་བ༔་་་དགེ་བ་བྱས་པས་བདེ་འགྲོར་སྐྱེས་པའོ། །ལས་ནག་རྣམ་སྨིན་ནག་པ༔་་་མི་དགེ་བ་བྱས་པས་ངན་འགྲོར་སྐྱེས་པའོ། །ལས་དཀར་རྣམ་སྨིན་ནག་པ༔་་་མི་སྡུག་བསྔལ་ཅན་ལྟ་བུ། ལས་ནག་རྣམ་སྨིན་དཀར་བ༔་་་གླང་པོ་ཆེ་རབ་བརྟན། འཕེན་བྱེད་དགེ་བ་ལ་རྫོགས་བྱེད་ཀྱང་དགེ་བ༔་་་ལྷར་སྐྱེ་བ། འཕེན་བྱེད་དགེ་བ་ལ་རྫོགས་བྱེད་མི་དགེ་བ༔་་་མི་དབུལ་པོ་ལྟ་བུ། འཕེན་བྱེད་ཀྱང་མི་དགེ་བ་ལ་རྫོགས་བྱེད་ཀྱང་མི་དགེ་བ༔་་་དུད་འགྲོར་སྐྱེས་པའི་སྡུག་བསྔལ་ཅན་ལྟ་བུ། འཕེན་བྱེད་མི་དགེ་བ་ལ་རྫོགས་བྱེད་དགེ་བའི་ལས་་་ཀླུ་ཕྱུག་པོ་ལྟ་བུ།ཡོད་དོ༔ མི་དགེ་བ།་་་བདག་གིས་བྱས་པའི་ལས་གཞན་ལ་་་སྡུག་བསྔལ་མྱོང་བར།མི་སྨིན༔ དགེ་མི་དགེ།་་་གཞན་གྱིས་བྱས་པ་བདག་ལ་མི་སྨིན༔ རང་གིས།་་་ལས་མ་བྱས་པ་དང་མི་འཕྲད༔ རང་གིས་དགེ་སྡིག་གི།་་་བྱས་པའི་ལས་ཆུད་མི་ཟ༔ དགེ་སྡིག་ལས།་་་དཀར་ནག་གི་ལས་མི་འཆོལ་བས༔ དེ་ཕྱིར།་་་ཤིན་ཏུ་ཕྲ་བ་ནས་་་མི་དགེ་བ་དང་དགེ་བ་ལ།འདོར་ལེན་བྱའོ༔ གསུམ་པ་མི་རྟག་པ་བསྒོམ་པ་ལ་གསུམ་སྟེ༔ སྐྱེས་ཕན་ཆད་འཆི་ངེས་པར་འདུག༔ དེ་ཀ་མི་རྟག་པའི་ངོ་བོ་ཡིན་པར་འདུག༔ དོན་སྙིང་ལ་མཚོན་ཕོག་པའི་སྐྱེས་བུ་དང་འདྲ༔ དེ་ཡང་ནམ་འཆི་ངེས་པ་མི་འདུག༔ དེ་ཀ་མི་རྟག་པའི་མཚན་ཉིད་ཡིན་ཏེ༔ རྩྭ་ཁའི་ཟིལ་པ་དང་འདྲ༔ འཆི་བ་ལ་ཅིས་ཀྱང་མི་ཕན་པར་འདུག༔ དེ་ཀ་མི་རྟག་པའི་ཁྱད་ཆོས་ཡིན་ཏེ༔ ཉི་མ་རྒས་པའི་གྲིབ་སོ་དང་འདྲའོ༔ དང་པོ་འཆི་ངེས་པ་ལ་རྒྱུ་མཚན་གསུམ༔ སྔར་སྐྱེས་པ་ལུས་པ་མེད་པ་དང༔ ཚེ་ལ་བསྣོན་པ་མེད་ཅིང་འབྲི་བ་ཡོད་པ་དང༔ ལུས་སེམས་འདུས་བྱས་ཡིན་ཏེ་འཆི་ངེས་པའོ༔ གཉིས་པ་ནམ་འཆི་ངེས་པ་མེད་པ་ལ་ཡང་རྒྱུ་མཚན་གསུམ་སྟེ༔ ཚེ་ལ་དུས་བཏབ་མེད་པ་དང༔ འཆི་རྐྱེན་མང་བ་དང༔ འདུས་བྱས་འཇིག་པའི་རང་བཞིན་ཅན་ཡིན་པས་ནམ་འཆི་ངེས་པ་མེད་དོ༔ གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པ་ལའང་རྒྱུ་མཚན་གསུམ་སྟེ༔ བསགས་པའི་ནོར༔ འབྲེལ་བའི་གཉེན༔ བརྩིགས་པའི་མཁར་གྱིས་མི་ཕན་པའོ༔ དེ་ལྟར་མི་རྟག་པ་བསྒོམས་པས་འཇིག་རྟེན་འདི་ལ་བློ་ལྡོག་པ་ཡིན་ནོ༔ བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི༔ འཁོར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཡིན་ལ༔ དེ་དག་ནི་སྡུག་བསྔལ་གྱི་རང་བཞིན༔ སྡུག་བསྔལ་གྱི་ངོ་བོ༔ སྡུག་བསྔལ་གྱི་ཡོ་ལང་ཡིན་ཏེ༔ རྩ་བའི་སྡུག་བསྔལ་བཞི་ནི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམ་ལ་གཅིག་འབྲེལ༔ ཡན་ལག་གི་སྡུག་བསྔལ་དྲུག་ནི་རྒྱ་མཚོའི་རླབས་དང་འདྲ་སྟེ་བུད་པ་དང་སངས་པ་མེད༔ ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད༔ དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང༔ སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ༔ གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས་སོ༔ གང་ཡིན་ཀྱང་སྡུག་བསྔལ་གྱི་བསྣོན་མར་འདུག་སྟེ༔ ལོ་ཀའི་ཕུན་སུམ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ༔ མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ༔ སྡུག་བསྔལ་ལུ་གུ་རྒྱུད་དང་འདྲ་བ༔ གཅིག་གཤམ་ནས་གཅིག་འབྲེལ་ཆུའི་གཉེར་མ་དང་འདྲ་སྟེ་བུད་པ་དང་སངས་པ་མེད༔ གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད་དོ༔ མདོར་ན་འདོད་པ་སེམས་ཀྱི་ཆོ་འཕྲུལ༔ མྱོང་བ་ལུས་ཀྱི་སྡུག་བསྔལ༔ སྣང་བ་ཡུལ་གྱི་སྡུག་བསྔལ༔ སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ༔ སྡུག་བསྔལ་མེད་པ་གཅིག་ཀྱང་མེད་དོ༔ དེ་ལྟར་བསམ་ཙ་ན་འཁོར་བ་འདི་ལ་བློ་ལྡོག་པ་ཡིན་ནོ༔ བཞི་པ་མཎྜལ་དང་གཏོར་མས་ཚོགས་གསོག་པ་ལ་གཉིས་ལས༔ དང་པོ་མཎྜལ་དབུལ་བ་ནི༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ ཞེས་པས༔ སྒྲུབ་པའི་མཎྜལ་དགོད་པ་དང༔ མཆོད་པའི་མཎྜལ་དབུལ་བའོ༔ དང་པོ་ནི༔ སྒྲུབ་པའི།་་་མཎྜལ་ཕྱིས་པས་སྟོང་པ་ཉིད་དུ་བསམ༔ སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་བསམ༔ དེའི་ཕྱོགས་བཞི་དབུས་དང་ལྔར་སེང་གེའི་ཁྲི་རིན་པོ་ཆེས་སྤྲས་པ༔ ཉི་ཟླ་པདྨ་དང་བཅས་པའི་གདན་ལྔ་བསམ༔ ཁྲི་དབུས་མའི་སྟེང་ན་རྩ་བའི་བླ་མ༔ ཤར་དུ་ཡི་དམ༔ ལྷོར་སངས་རྒྱས༔ ནུབ་ཏུ་ཆོས༔ བྱང་དུ་དགེ་འདུན་དཀོན་མཆོག་གསུམ༔ དེ་རྣམས་ལས་འོད་ཟེར་འཕྲོས་པས༔ རྩ་བའི་བླ་མ་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་བསྟིམ༔ ཡི་དམ་ལ་གསང་སྔགས་ཀྱི་ལྷ་ཚོགས༔ སངས་རྒྱས་ལ་སྐུ་གསུམ་ཡེ་ཤེས་ལྔ་ཕྱོགས་བཅུའི་སངས་རྒྱས༔ ཆོས་ལ་བསྟན་སྒྲུབ་འགོག་པའི་ཆོས་ཐམས་ཅད༔ དགེ་འདུན་ལ་ཉན་རང་བྱང་ཆུབ་སེམས་ཀྱི་དགེ་འདུན་དཔག་ཏུ་མེད་པ་བསྟིམ༔ དེ་རྣམས་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་དབུལ༔ མཆོད་པའི་སྤྲིན་ཚོགས་དཔག་ཏུ་མེད་པས་མཆོད་ལ༔ ངག་ཏུ་བླ་མ་ཡི་དམ་ཇོ་བོ་དཀོན་མཆོག་བཞེས་ཤིག༔ བདག་གི་ལུས་ལོངས་སྤྱོད་དགེ་རྩ་ཐམས་ཅད་ཡོངས་སུ་དབུལ་ལོ་བཞེས་ཤིག༔ བླ་མ་ཡི་དམ་ལྷ་ཚོགས་དཀོན་མཆོག་གསུམ་པོ༔ བདག་ལ་རྟོགས་པ་མཆོག་ཏུ་གྱུར་པ༔ ཉམས་མྱོང་རྒྱུན་ཆད་མེད་པ༔ སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་ལན་གསུམ་གདབ༔ དེ་ནས་རྟེན་འཁོར་ལོ་ལྔ་པོ་མདུན་གྱི་ནམ་མཁའ་ལ་བཏེགས་ལ༔ ཨོཾ་སརྦ་གུ་རུ་ལོ་ཀ་པཱུ་ཙ་དྷརྨ་ཡེ་སྭཱ་ཧཱ༔ ཞེས་སོ༔ གཉིས་པ་མཆོད་པའི་མཎྜལ་དབུལ་བ་ནི༔ མཎྜལ་དེ་ཕྱིས་པས་རྒྱ་མཚོ་སྔོ་ལ་དྭངས་པ་གཅིག་ཏུ་བསམ༔ དེའི་དབུས་སུ་ཚོམ་བུ་གཅིག་བཀོད་པས༔ དབུས་ཀྱི་རི་རབ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དབྱིབས་གྲུ་བཞི་བང་རིམ་ལྔ་དང་ལྡན་པ༔ རྒྱ་ཆེ་ལ་དཔངས་མཐོ་བ་གཅིག་བསམ༔ ཤར་དུ་ཚོམ་བུ་གཅིག་བཀོད་པས་ལུས་འཕགས་པོ་དུང་ལས་གྲུབ་པ་དབྱིབས་ཟླ་གམ་རྒྱ་ཆེ་ལ་དཔངས་མཐོ་བ་གཅིག་བསམ༔ ལྷོ་རུ་གཅིག་བཀོད་པས་འཛམ་བུ་གླིང་བཻ་ཌཱུརྻ་ལས་གྲུབ་པ་དབྱིབས་སོག་ཁ༔ ནུབ་ཏུ་གཅིག་བཀོད་པས་བ་གླང་སྤྱོད་ཤེལ་དམར་པོ་ལས་གྲུབ་པ་ཟླུམ་པོ༔ བྱང་དུ་གཅིག་བཀོད་པས་སྒྲ་མི་སྙན་གསེར་ལས་གྲུབ་པ་གྲུ་བཞི༔ ཤར་དང་དབུས་ཀྱི་བར་དུ་གཅིག་བཀོད་ལ་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ༔ རྒྱ་ཆེ་ལ་དཔངས་མཐོ་བ་གཅིག་བསམ༔ ནུབ་དང་དབུས་ཀྱི་བར་དུ་གཅིག་བཀོད་ལ་ཉི་མའི་དཀྱིལ་འཁོར་མེ་ཤེལ་ལས་གྲུབ་པ་གཅིག་བསམ༔ དེ་རྣམས་ཀྱི་བར་ཐམས་ཅད་མཆོད་པའི་སྤྲིན་སྣ་ཚོགས་གཅལ་དུ་བཀྲམ་པ༔ རཏྣ་སྣ་ཚོགས་ཀྱིས་ཕྱུར་ལུད་དུ་བཀང་བ༔ སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་བ༔ ལྷའི་བུ་དང་བུ་མོ་མང་པོ་གླུ་ལེན་ཅིང་གར་བསྒྱུར་བ་དང་བཅས་པ་དམིགས་ལ་དབུལ་ལོ༔ རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཀྱང་ལྟོས་པ་མེད་པར་དབུལ་བ་སྟེ་སྒྲུབ་མཆོད་ཀྱི་མཎྜལ་གཉིས་སུ་འབུལ་བར་བྱའོ༔ གཉིས་པ་གཏོར་མ་གཏང་བ་ནི༔ སྣ་ཚོགས་ལམ་ཁྱེར་གཏོར་མས་ཚོགས་གཉིས་གསག༔ ཅེས་པས༔ འདི་ལ་གཉིས་ཏེ༔ གནད་སྤྱིར་བསྟན་པ་དང༔ གཏང་ཐབས་བྱེ་བྲག་ཏུ་བཤད་པའོ༔ དང་པོ་ལ་ལྔ་སྟེ༔ ངོ་བོ༔ ངེས་ཚིག༔ རྣམ་གྲངས༔ མགྲོན་ངོས་གཟུང་བ༔ གཏོར་མའི་དེ་ཉིད་དོ༔ དང་པོ་ངོ་བོ་ནི༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ༔ ཆོས་ཉིད་སྟོང་པའི་རྩལ་ཆོས་ཅན་གཏོར་མར་འཆར་བའོ༔ གཉིས་པ་ངེས་ཚིག་ནི༔ འཛིན་པ་མེད་པས་གཏོར༔ ཀུན་ལ་ཁྱབ་པས་མ་ཞེས་བྱ་སྟེ༔ རྟོག་མེད་ཡེ་ཤེས་ཀྱི་རོལ་པས་མགྲོན་བཞི་ཚིམས་པའོ༔ གསུམ་པ་རྣམ་གྲངས་ལ་ལྔ་སྟེ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་འཛིན་མེད་དུ་རྟོགས་ནས༔ ཉོན་མོངས་ཡེ་ཤེས་སུ་ཤར་བ་ནི་འགྱུར་མེད་ཡེ་ཤེས་ཀྱི་གཏོར་མ༔ ཆོས་ཐམས་ཅད་རང་སྣང་གཉིས་མེད་དུ་རྟོགས་ནས་སྡུག་བསྔལ་བདེ་བར་འཆར་བ་ནི་བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏོར་མ༔ ཕྱི་ནང་སྣོད་བཅུད་སེམས་ཀྱིས་ཁྱབ་ཚད་ཆོས་ཉིད་ཀྱིས་ཁྱབ་པ་ནི་ཡོངས་སུ་ཁྱབ་པའི་གཏོར་མ༔ ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་བྱུང་མ་སྐྱེས་པ་ནི་དག་པ་ཆོས་ཉིད་ཀྱི་གཏོར་མ༔ ཐམས་ཅད་ཡང་དག་གཉིས་མེད་ཀྱི་ལམ་དུ་འགྲོ་བ་ནི་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མའོ༔ བཞི་པ་མགྲོན་ངོས་གཟུང་བ་ལ་གཉིས་ཏེ༔ ཕྱི་མཚན་ཉིད་དང་ནང་གསང་སྔགས་སོ༔ དང་པོ་ཕྱི་མཚན་ཉིད་ལྡན་པ༔ སྲི་ཞུའི་མགྲོན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཉན་རང་བྱང་སེམས་ཀྱིས་བསྐོར་བའམ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའོ༔ ཡོན་ཏན་གྱི་མགྲོན་གསང་བདག་ཕྱག་ན་རྡོ་རྗེ་ལ་གཙང་རིས་མགོན་པོས་བསྐོར་བ༔ སྙིང་རྗེའི་མགྲོན་འཕགས་པ་སྤྱན་རས་གཟིགས་ལ་རིགས་དྲུག་སེམས་ཅན་གྱིས་བསྐོར་བ༔ ལན་ཆགས་ཀྱི་མགྲོན་དཔལ་རྟ་མགྲིན་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར་བའོ༔ གཉིས་པ་ནང་གསང་སྔགས་ལྟར་ན༔ སྲི་ཞུའི་མགྲོན་བླ་མ་ཡི་དམ་ལ་ཞི་ཁྲོའི་ལྷ་ཚོགས་ཀྱིས་བསྐོར་བ༔ ཡོན་ཏན་མཁའ་འགྲོ་སྡེ་ལྔ་ལ་ཆོས་སྐྱོང་ཕོ་མོས་བསྐོར་བ༔ སྙིང་རྗེ་དུས་གསུམ་ཕ་མ་ལ་རིགས་དྲུག་སེམས་ཅན་གྱིས་བསྐོར་བ༔ ལན་ཆགས་རང་གི་སྲུང་མ་ལ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བའོ༔ ལྔ་པ་གཏོར་མའི་དེ་ཉིད་ལ་བཞི་སྟེ༔ དོན་དང་རྟགས༔ དགོངས་པ་དང་སྤྱོད་ལམ༔ ལས་དང་རིམ་པ༔ སྐྱོན་དང་ཡོན་ཏན་ནོ༔ དང་པོ་ལ་དོན་སྐྱེ་འགག་གཉིས་མེད༔ རྟགས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ཡིག་འབྲུའི་ཆོ་འཕྲུལ་ལོ༔ གཉིས་པ་གཏོར་མའི་དགོངས་པ་བཞི་ནི༔ བདག་ཡི་དམ་ལྷར་གསལ་བ༔ གནས་གཞལ་ཡས་ཁང་དུ་གསལ་བ༔ མགྲོན་རྣམས་ལྷ་ཕོ་མོར་གསལ་བ༔ རྫས་བདུད་རྩིའི་རྒྱ་མཚོར་གསལ་བའོ༔ གཏོར་མའི་སྤྱོད་ལམ་བཞི་ནི༔ འབགས་པ་དང་བཙོག་པ་མེད༔ བོ་བ་དང་ཟག་པ་མེད་པ༔ དངོས་པོ་བཟང་ཞིང་དྲི་མས་མ་གོས་པ༔ སེམས་མ་གཡེང་ཞིང་ཏིང་ངེ་འཛིན་གསལ་བའོ༔ གསུམ་པ་གཏོར་མའི་ལས་བཞི་ནི༔ ཚོགས་གཉིས་རྫོགས་པ༔ སྒྲིབ་གཉིས་སྦྱོང་བ༔ བར་ཆད་གཉིས་ཞི་བ༔ དངོས་གྲུབ་གཉིས་ཐོབ་པའོ༔ གཏོར་མའི་རིམ་པ་བཞི་ནི༔ སྒྲུབ་པའི་གཏོར་མ་བསྐྱིལ་བས་དམ་ཅན་འདུས་པ༔ རྒྱུན་གཏོར་བཏང་བས་ལས་མྱུར་བ༔ དུས་གཏོར་དང་སྐོང་གཏོར་མ་ཆག་པས་བསམ་པ་འགྲུབ་པ༔ དྲག་པོའི་གཏོར་མ་ཟོར་དུ་འཕངས་པས་དགྲ་བགེགས་ཐུལ་བའོ༔ བཞི་པ་གཏོར་མའི་དེ་ཉིད་མ་ཤེས་པའི་སྐྱོན་ནི༔ ཆུ་མ་བླུག་ན་སྤེལ་བར་མི་ནུས༔ བྱིན་གྱིས་མ་བརླབ་ན་རྒྱལ་བ་དང་དམ་ཚིག་ཉམས༔ བསྔོ་བ་ལོག་ན་སྒྲིབ་པ་གསོག༔ མ་འབྱོར་ན་ལུང་སྐམ་གྱི་རི་དྭགས་སུ་སྐྱེ༔ རྒྱུ་རྐྱེན་མ་ཚང་ན་མགྲོན་མི་འཚོགས༔ མགྲོན་མ་འཚོགས་ན་བཏང་བའི་འབྲས་བུ་མེད༔ རྫས་མ་འཚོགས་ན་སྤྱན་དྲངས་ཀྱང་མི་འབྱོན༔ དམ་རྫས་ངོ་མ་ཤེས་ན་ལྷའི་ཆད་པ་འོང༔ ཆོ་ག་གཞུང་མ་བསྲང་ན་སྲུང་མའི་ཆད་པ་འོང༔ མ་གཏང་ན་བསམ་པ་མི་འགྲུབ༔ སྒྲུབ་པ་མ་ཐོན་བར་ལ་གཏོར་གཞོང་བཤལ་ན་ཆོས་སྐྱོང་མི་འདུ༔ གཏོར་གཞོང་ཁ་ཕྱིར་བསྟན་ནས་ཕོ་ན་དངོས་གྲུབ་ལོག༔ གཏོར་མ་གཏོང་ཁར་མ་སྒུལ་ན་ལེན་མི་ནུས་སོ༔ དེ་ཉིད་ཤེས་པའི་ཡོན་ཏན་ནི༔ ཆུ་བླུགས་པས་སྤེལ་བར་ནུས༔ བྱིན་གྱིས་བརླབས་པས་རྒྱལ་བ་དང་དམ་ཚིག་མི་ཉམས་པ་ལ་སོགས་སྐྱོན་དེ་དག་ལས་ལོག་པ་ཡོན་ཏན་ནོ༔ གཉིས་པ་གཏང་ཐབས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ༔ ལམ་ཁྱེར་དང༔ རྒྱུན་གཏོར་རོ༔ དང་པོ་ལ་བཞི་སྟེ༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་གཏོར་མའོ༔ དང་པོ་ཕྱི་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་བདུན་ཏེ༔ སྣོད༔ རྫས༔ བྱིན་གྱིས་བརླབ་པ༔ སྤྱན་དྲང་ཞིང་བདུན་རྣམ་དག་བྱ་བ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བའོ༔ དང་པོ་ནི་རཏྣ་སྟེ་ཆེ་ཆུང་གང་ཡོད༔ གཉིས་པ་རྫས་ནི་ཞལ་ཟས་སྣ་ཚོགས་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ༔ གསུམ་པ་བྱིན་གྱིས་བརླབ་པ་ལ་གཉིས་ལས༔ དང་པོ་རང་བརླབ་པ་ནི༔ རང་ཡི་དམ་ལྷར་བསྐྱེད་དེ༔ ཨོཾ་ཨཱཿཧཱུྃ༔ ཞེས་པས༔ སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ༔ མགྲིན་པར་པདྨའི་སྟེང་དུ་ཨཱ༔ སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ་བསམ་ལ༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ༔ གཉིས་པ་གཏོར་མ་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ཞེས་པ་ལན་བདུན་གྱིས་བདག་གི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་འཕྲོས་པས་མི་གཙང་བའི་འབགས་བཙོག་སྦྱངས༔ ཡང་ལན་བདུན་གྱིས་བདུད་རྩིའི་རང་བཞིན་དུ་སྤེལ༔ ཡང་ལན་བདུན་གྱིས་ཡིད་ལ་གང་འདོད་པ་ལྟར་མོས་པར་བསྒྱུར་ཏེ༔ བཞི་པ་སྤྱན་དྲང་ཞིང་བདུན་རྣམ་དག་སོགས་བྱ་བ་ནི༔ བདག་གི་གནས་གསུམ་ནས་འོད་ཟེར་འཕྲོས་པས༔ དུས་གསུམ་རྒྱལ་བ་གཤེགས་སུ་གསོལ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མ་ཆགས་པདྨའི་གདན་ལ་བཞུགས༔ མཆོད་པ་རྣམས་ཀྱིས་མཆོད་པར་བགྱི༔ སྡིག་པ་མི་དགེ་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་གསོལ་བ་འདེབས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ ཐམས་ཅད་བྱང་ཆུབ་མཆོག་ཐོབ་ཤོག༔ ཅེས་པས༔ མདུན་གྱི་ནམ་མཁའ་ལ་པདྨ་སྟོང་ལྡན་གྱི་གདན་ལ་མགྲོན་བཞི་བྱོན་པར་བསམ་མོ༔ ལྔ་པ་མཆོད་ཅིང་བསྟབ་པ་ནི༔ སྲི་ཞུའི་མགྲོན་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད་པ་བཞེས༔ ཡོན་ཏན་གྱི་མགྲོན་དཔལ་ཕྱག་ན་རྡོ་རྗེ་ལ་གཙང་རིས་མགོན་པོས་བསྐོར་བ་རྣམས་མཆོད་པ་བཞེས༔ སྙིང་རྗེའི་མགྲོན་འཕགས་པ་སྤྱན་རས་གཟིགས་ལ་རིགས་དྲུག་གིས་བསྐོར་བ་རྣམས་མཆོད་པ་བཞེས༔ ལན་ཆགས་ཀྱི་མགྲོན་དཔལ་རྟ་མགྲིན་ལ་བགེགས་རིགས་ཀྱིས་བསྐོར་བ་རྣམས་མཆོད་པ་བཞེས༔ ཞེས་བརྗོད་ཅིང་སེ་གོལ་ལན་གསུམ་གཏོགས་པས་ཐམས་ཅད་ཚིམས་ཤིང་དགྱེས་ནས་བདག་ལ་དངོས་གྲུབ་སྟེར་བར་བསམ་མོ༔ དྲུག་པ་བསྔོ་ཞིང་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ༔ དང་པོ་བསྔོ་བ་ནི༔ རིན་ཆེན་རྒྱ་ཆེའི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ དཀར་གསུམ་མངར་གསུམ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་པས༔ མི་བཉེས་པ་དག་གང་ཡང་མེད༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་བུ་ལོན་བྱང་གྱུར་ཅིག༔ རྣམ་བཞིའི་མགྲོན་གྱི་རིགས་རྣམས་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ གཉིས་པ་ཕྲིན་ལས་བཅོལ་བ་ནི༔ ནད་དང་སྡིག་པ་དང་གདོན་བགེགས་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དང་ལོངས་སྤྱོད་དབང་ཐང་རྒྱས་པར་མཛད་དུ་གསོལ༔ ལོག་པར་ལྟ་བ་རྣམས་དབང་དུ་བསྡུ་བར་མཛད་དུ་གསོལ༔ བསྟན་པ་བཤིགས་པ་རྣམས་བསྒྲལ་བར་མཛད་དུ་གསོལ༔ རྐྱེན་ངན་པ་དང་དུས་མ་ཡིན་པར་འཆི་བ་རྣམས་ཟློག་ཏུ་གསོལ༔ བདུན་པ་གཤེགས་ཤིང་གཏོར་མ་གཏང་བ་ནི༔ ཨོཾ་ཨཱཿཧཱུྃ་མུ༔ ཞེས་པས་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ༔ དེ་ནས་གཏོར་མ་བསྒུལ་ལ་སྟེགས་ཀྱི་ཁར་ཁ་ནང་དུ་བསྟན་ལ་དབུལ་ལོ༔ དེས་དངོས་གྲུབ་རང་ལ་འོང༔ དགྲ་བགེགས་ཟློག་ན་ཁ་ཕྱིར་ལ་བསྟན་ལ་འཕང༔ དེས་གཏོར་མ་ཟོར་དུ་འགྲོ་བ་ཡིན་ནོ༔ གཉིས་པ་ནང་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་བདུན༔ དང་པོ་སྣོད་ནི་ཀ་པཱ་ལ་མཚན་དང་ལྡན་པ༔ གཉིས་པ་རྫས་ནི་ཞལ་ཟས་སྣ་ཚོགས་པ་ལ་བདུད་རྩི་ལྔས་བརྒྱན་པའོ༔ གསུམ་པ་བྱིན་གྱིས་བརླབ་པ་ལ་གཉིས་སྟེ༔ རང་བརླབ་པ་ནི་ཡི་དམ་ལྷར་བསྐྱེད་ལ་འབྲུ་གསུམ་གྱིས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བརླབ་པའོ༔ གཉིས་པ་གཏོར་མ་བརླབ་པ་ནི༔ བདག་གི་གནས་གསུམ་ནས་ཡི་གེ་འབྲུ་གསུམ་ལས་གཏོར་མ་ལ་ཡི་གེ་དང་འོད་འཕྲོས༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་འོད་དུ་ཞུ༔ ཡང་བདུན་གྱིས་བདུད་རྩིའི་རང་བཞིན་ཤ་ཁྲག་དམར་གྱིས་བརྒྱན་པ་ནམ་མཁའ་དང་མཉམ་པར་བརླབས༔ ཡང་བདུན་གྱིས་འདོད་པའི་ལྷ་མོ་མང་པོ་གཏོར་མ་ལས་བྱུང་ནས་རང་རང་ཇི་ལྟར་འདོད་པ་ལྟར་མཆོད་པར་བསམ་མོ༔ བཞི་པ་མགྲོན་དགུག་པ་ནི༔ རང་གི་ཐུགས་ཀའི་ཧཱུྃ་ལས་ཛ༔ དེ་ལས་ལྷ་མོ་ལྕགས་ཀྱུ་མ་མང་པོ་སྤྲོས་ཏེ་སྤྱན་དྲངས་ལ༔ ཡན་ལག་བདུན་པའི་ཚུལ་དུ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔ བླ་མ་ལྷ་ཚོགས་ལ་ཕྱག་འཚལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ མཆོད་པ་རྣམས་ཀྱིས་མཆོད་པར་བགྱི༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས༔ གསང་སྔགས་བསྒྲུབ་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་འགྲོ་དོན་མཛོད༔ གསང་སྔགས་འཁོར་ལོ་བསྐོར་དུ་གསོལ༔ ཕྱི་ནང་སྒྲིབ་པ་སྦྱང་དུ་གསོལ༔ ཡིད་འོང་སྙིང་པོ་འཐོབ་པར་སྨོན༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པས༔ པདྨ་དང་རཏྣའི་གདན་ལ་མགྲོན་རྣམས་བྱོན་པར་བསམ་ལ༔ ལྔ་པ་མཆོད་ཅིང་བསྟབ་པ་ནི༔ རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་མཆོད་པ་བཞེས༔ ཡི་དམ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་རྣམས་མཆོད་པ་བཞེས༔ མཁའ་འགྲོ་སྡེ་ལྔ་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བ་རྣམས་མཆོད་པ་བཞེས༔ ཞེས་བརྗོད་ལ་སེ་གོལ་ལན་གསུམ་གཏོགས༔ དེ་རྣམས་དགྱེས་ནས་བདག་ལ་དངོས་གྲུབ་སྟེར་བར་བསམ༔ དྲུག་པ་བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཀ་པཱ་ལ་ཡི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ བདུད་རྩི་རྣམ་ལྔ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་པས༔ མི་མཉེས་པ་ནི་གང་ཡང་མེད༔ བླ་མའི་དགོངས་པ་ལོངས་གྱུར་ཅིག༔ ཡི་དམ་ཐུགས་དམ་བསྐངས་གྱུར་ཅིག༔ མཁའ་འགྲོ་དམ་ཅན་མཉེས་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཅེས་གཏོར་མ་བཏེགས་ལ་བསྔོ༔ དེ་ནས་ཕྲིན་ལས་བཅོལ་བ་གོང་དང་འགྲེའོ༔ བདུན་པ་གཏོར་མ་གཏང་བ་ཡང་གོང་ལྟར་རོ༔ གསུམ་པ་གསང་བ་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་ཡང་བདུན་ཏེ༔ དང་པོ་སྣོད་ནི་ཕྱི་འཇིག་རྟེན་ནམ་མཁའ་ཁྱབ་ཚད་དོ༔ གཉིས་པ་རྫས་ནི་བཅུད་ཀྱི་སེམས་ཅན་རྩི་ཤིང་མེ་ཏོག་འབྲུ་བཅུད་དང་བཅས་པའོ༔ གསུམ་པ་བྱིན་གྱིས་བརླབ་པ་ལ་གཉིས་ཏེ༔ བདག་བརླབ་པ་ནི་ཡི་དམ་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ༔ གཏོར་མ་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་བདུན་གྱིས་བདུད་རྩིའི་རང་བཞིན་འདོད་ཡོན་ལྔ་རུ་བསམ༔ བཞི་པ་མགྲོན་སྤྱན་དྲང་བ་ནི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་མགྲོན་བཞི་ཆོས་ཉིད་ལ་ཡེ་ཤེས་ཀྱི་རོལ་པས་བྱོན་པར་བསམ་མོ༔ ལྔ་པ་མཆོད་ཅིང་བསྟབ་པ་ནི༔ མགྲོན་བཞི་ཆོས་ཉིད་ཀྱི་རོལ་པ་ཡེ་ཤེས་ཀྱི་ལོངས་སྤྱོད་རྒྱུན་མི་ཆད་པའོ༔ དྲུག་པ་བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ སྣོད་ཀྱི་ལོ་ཀ་གཏོར་གཞོང་དུ༔ བཅུད་ཀྱི་སེམས་ཅན་གཏོར་མའི་རྒྱུ༔ བཀྲག་དང་གཟི་མདངས་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་པས༔ མི་མཉེས་པ་ནི་གང་ཡང་མེད༔ བླ་མ་དཀོན་མཆོག་དགོངས་པ་བསྐང་གྱུར་ཅིག༔ རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་གྱུར་ཅིག༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ ཕ་མ་འགྲོ་དྲུག་སྦྱིན་པས་ཚིམས་གྱུར་ཅིག༔ བགེགས་རིགས་སྡེ་བརྒྱད་བུ་ལོན་བྱང་གྱུར་ཅིག༔ མགྲོན་བཞི་ཆོས་ཉིད་རོལ་པ་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ཀུན་གྱིས་ཡང་དག་དོན་རྟོགས་ཤོག༔ ཅེས་བརྗོད༔ བདུན་པ་གཤེགས་ཤིང་གཏོར་མ་གཏང་བ་ནི༔ མགྲོན་རྣམས་ཆོས་ཉིད་དུ་ཐིམ་པར་བསམ༔ གཏོར་མ་སྣང་ལ་རང་བཞིན་མེད་པར་དབུལ་ལོ༔ གཏོར་མ་འདི་ནི་ཕྱི་ནང་སྣོད་བཅུད་རྩི་ཤིང་མེ་ཏོག་འབྲུ་བཅུད་གང་མཐོང་ཐམས་ཅད་བྱིན་གྱིས་བརླབ་ནས་གཏོང་བ་ཡིན་ནོ༔ བཞི་པ་དེ་ཁོ་ན་ཉིད་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་ཡང་བཞི་སྟེ༔ གཏོར་སྣོད་ཆོས་ཉིད་མཉམ་པ་ཆེན་པོ༔ གཏོར་མ་རིག་པ་ཕྱོགས་མེད་དུ་འཆར་བ༔ གཏོར་རྒྱན་སྟོང་རིག་གཉིས་མེད༔ གཏོར་མ་སྟོང་པ་དེ་ལྟར་ཤེས་པའི་ཤེས་རབ་བོ༔ རང་སྣང་ཆོས་སྐུའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དྲན་པ་འཕྲུལ་གྱི་གཞལ་ཡས་ནས༔ མཁའ་འགྲོ་ཆོས་སྐྱོང་གཤེགས་སུ་གསོལ༔ ཆོས་ཉིད་རོལ་པའི་མཆོད་པ་འབུལ༔ སྐུ་གསུམ་མཉམ་པ་ཆེན་པོར་བཞེས༔ ཞེས་སོ༔ དེ་ལྟར་ཕྱི་ནང་གསང་དེའི་ལམ་ཁྱེར་གྱི་གཏོར་མས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསག་པར་བྱའོ༔ གཉིས་པ་རྒྱུན་གྱི་གཏོར་མ་གཏང་ལ་ཚོགས་གསག་པ་ནི༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སོགས་གཏང༔ ཞེས་པས༔ རྒྱུན་གཏོར་གསུམ་པའི་གཏང་ལུགས་ནི༔ རང་ཡི་དམ་གང་ཡིན་དེའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་བསམ༔ ཨོཾ་འཕྲོས་པས་གཙང་དམེ་སྦྱངས༔ ཨཱཿཡིས་བདུད་རྩིར་བསྒྱུར༔ ཧཱུྃ་གིས་འདོད་ཡོན་ལྔར་བརླབས་པའོ༔ དེ་ནས་ཨོཾ་ཨཱཿཧཱུྃ་མ་ཧཱ་ས་མ་ཡ་ཧཱུྃ༔ སརྦ་བྷ་ལིཾ་ཏ་ཁཱ་ཧི༔ ཞེས་བདུན་ནམ་གསུམ་བརྗོད་ལ་དང་པོ་བླ་མ་དཀོན་མཆོག་ལ༔ གཉིས་པ་ཡི་དམ་ཆོས་སྐྱོང་ལ༔ གསུམ་པ་རིགས་དྲུག་ལན་ཆགས་ཐམས་ཅད་ལ་གཏང་ངོ༔ འདི་རྒྱུན་དུ་གཏང་ན་བར་ཆད་སེལ་ཚོགས་རྫོགས་དངོས་གྲུབ་འབྱུང་ངོ༔ དུས་གཏོར་བདུན་དུ་བྱེད་ན༔ དང་པོ་བླ་མ་དཀོན་མཆོག་ལ༔ གཉིས་པ་ཡི་དམ་ཆོས་སྐྱོང༔ གསུམ་པ་བསྟན་པ་སྤྱིའི་ཆོས་སྐྱོང་ལྷ་དང་དྲང་སྲོང་ལྷན་ཅིག་སྐྱེས་པའི་ལྷ་ལ༔ བཞི་པ་གནས་བདག་གཞི་བདག་ཀླུ་ས་བདག་ལ༔ ལྔ་པ་རིགས་དྲུག་ཡི་དྭགས་ལ༔ དྲུག་པ་ལན་ཆགས་སྡེ་བརྒྱད་ལ༔ བདུན་པ་ཁས་ཞན་དབང་ཆུང་ལ་གཏང་ངོ༔ སྐོང་གཏོར་བཅུ་གཅིག་ཏུ་བྱེད་ན༔ དང་པོ་བླ་མ་དཀོན་མཆོག་ལ༔ གཉིས་པ་ཡི་དམ་ཆོས་སྐྱོང་ལ༔ གསུམ་པ་བསྟན་པ་སྤྱིའི་ཆོས་སྐྱོང་ལ༔ བཞི་པ་ལྷ་དང་དྲང་སྲོང་ལ༔ ལྔ་པ་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ལ༔ དྲུག་པ་གནས་བདག༔ བདུན་པ་རིགས་དྲུག༔ བརྒྱད་པ་ཡི་དྭགས༔ དགུ་པ་ལན་ཆགས༔ བཅུ་པ་ཀླུ་ས་བདག༔ བཅུ་གཅིག་པ་ཁས་ཞན་དབང་ཆུང་ལ་གཏང་ངོ༔ དེ་ཡང་བླ་མའི་གཏོར་མ་ལ༔ རང་ཡི་དམ༔ སྣོད་རཏྣ༔ འབྲུ་གསུམ་བྱིན་གྱིས་བརླབས་ལ༔ གུ་རུ་ས་མཱ་ཛཿས་སྤྱན་དྲངས༔ ཨོཾ་གུ་རུ་ཨི་དམ་བྷ་ལིན་ཏ་པྲ་ཏཱི་ཛ་ཡེ་སྭཱ་ཧཱ༔ ཞེས་འབུལ་ལོ༔ ཡི་དམ་ཆོས་སྐྱོང་ལ༔ རང་ཡི་དམ༔ སྣོད་རཏྣ༔ འབྲུ་གསུམ་གྱིས་བརླབས༔ བཛྲ་ས་མ་ཡ་ཛས་སྤྱན་དྲངས༔ རྩ་སྔགས་དང་ཨ་ཀཱ་རོས་དབུལ་ལོ༔ དེ་མིན་པ་ལ་སོགས་ལ་རང་ལྷ༔ སྣོད་རཏྣ༔ འབྲུ་གསུམ་གྱིས་བརླབས༔ བདེ་གཤེགས་བཞི་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐཱ་ག་ཏ་ཨ་བས་འབུལ་ཞིང་གཏང་ངོ༔ ལྔ་པ་བདེ་གཤེགས་རྣམས་ལ་མཆོད་པ་ཕུལ་ལ་ཚོགས་ཡོངས་སུ་སྤེལ་བ་ནི༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་འབུལ༔ ཞེས་པས༔ འདི་ལ་བཞི་ལས༔ དང་པོ་ཕྱག་དང་མཆོད་པ་ལ་སོགས་པ་ཐམས་ཅད་ཚང་བའི་སྤྱི་མཆོད་ནི་རྣམ་དག་བདུན་ཁོ་ན་ཡིན་ཏེ༔ སྒྲུབ་ཐབས་རེ་ན་རེ་རེ་ཡོད་དོ༔ དེ་ནི་འཁོར་འདས་ཀྱི་སྐྱོན་ཡོན་ཚོགས་རྫོགས་མི་རྫོགས་སྒྲིབ་པ་འདག་མི་འདག་ཐམས་ཅད་བདུན་རྣམ་པར་དག་མ་དག་ཡིན་པས༔ བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་འདི་སྐད་དོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ ཚེ་རབས་བགྲངས་པའི་དགེ་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོའི་མཆོག་ཏུ་བསྔོ༔ ཞེས་པའོ༔ དེ་ལ་སངས་རྒྱས་པའི་མི་མཐུན་ཕྱོགས་ཞི་བ་ལ་ཕྱག་བཙལ་བའི་ཡན་ལག༔ ཚོགས་རྫོགས་དགོས་པ་ལ་མཆོད་པ༔ མི་མཐུན་ཕྱོགས་སེལ་བ་ལ་བཤགས་པ༔ དགེ་བའི་རྩ་བ་མང་དུ་སྤེལ་བ་ལ་རྗེས་སུ་ཡི་རང་བ༔ ཐེག་ཆེན་ཐབས་ཀྱིས་ཟིན་དགོས་པ་ལ་སེམས་བསྐྱེད༔ དཀོན་མཆོག་གསུམ་ལ་རྟེན་བཅའ་དགོས་པ་ལ་སྐྱབས་འགྲོ༔ དགེ་བའི་རྩ་བ་སྤེལ་ཞིང་སྙིང་པོ་གཟུང་དགོས་པ་ལ་བསྔོ་བའོ༔ དེས་ན་སངས་རྒྱས་པའི་ལམ་ལ་འགལ་རྐྱེན་སྤངས་ནས་མཐུན་རྐྱེན་ཚང་དགོས་པ་ཡིན་པས༔ ལམ་གྱི་གྲོགས་ཆེན་པོ་འདི་ཡིན་པ་དང༔ གཉིས་པ་ཐུན་མོང་ཕྱིའི་མཆོད་པ་ནི༔ ཡོན་ཆབ༔ མེ་ཏོག༔ བདུག་སྤོས༔ མར་མེ༔ དྲི་ཆབ༔ ཞལ་ཟས༔ རོལ་མོ༔ དེ་དག་ལ་ཞི་རྒྱས་དབང་དྲག་བཞི་ཀའི་མཆོད་པ་ཚང་སྟེ༔ ཡོན་ཆབ་དྲི་མཆོག་ཨརྒྷཾ་ཞི་མཆོད༔ མེ་ཏོག་མར་མེ་རྒྱས་མཆོད༔ སྤོས་དང་ཞལ་ཟས་དབང་མཆོད༔ རོལ་མོ་དྲག་པོའི་མཆོད་པའོ༔ ཡང་དེ་ཀ་རེ་རེ་ལ་བཞི་ཀ་ཚང་སྟེ༔ རོལ་མོ་ལ་དྲིལ་བུ་པི་ཝང་ཞི་བ༔ རྔ་དང་ཅང་ཏེའུ་རྒྱས་པ༔ དུང་དང་གླིང་བུ་དབང༔ ཆ་ལང་དྲག་པོའི་རོལ་མོའོ༔ མེ་ཏོག་ལའང་དཀར་པོ་ཞི་བ༔ སེར་པོ་རྒྱས་པ༔ དམར་པོ་དབང༔ སྔོ་ལྗང་དྲག་པོའི་མེ་ཏོག་གོ༔ དེ་བཞིན་དུ་ཐམས་ཅད་ལ་དོན་གྱིས་བཞི་བཞི་ཚང་སྟེ༔ དེ་ལྟར་མཆོད་པ་རྣམ་པ་ལྔ་བཤམས་ལ༔ ཡོན་ཆབ་དང་མར་མེ་ལ་ཨཱ༔ མེ་ཏོག་ལ་པུ༔ བདུག་སྤོས་ལ་དྷཱུ༔ དྲི་ཆབ་ལ་གན༔ ཞལ་ཟས་ལ་ནཻ་བསམ་སྟེ་བྱིན་གྱིས་བརླབས་ལ༔ གཙང་ཞིང་གཙང་མར་སྦྱར་པ་ཡི༔ ལྷ་རྫས་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་དང༔ གསུང་སྙན་རོལ་མོའི་མཆོད་པ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ༔ པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་པས༔ ནམ་མཁའ་གང་བར་འབུལ་ལོ༔ གསུམ་པ་ནང་མཆོད་ལ་བཞི་སྟེ༔ འཁོར་གསུམ་ཡོངས་སུ་དག་པ་ལ་ཀུན་ཏུ་བཟང་པོའི་མཆོད་པ༔ ལྷ་རྣམས་དགྱེས་པ་བསྐྱེད་པ་ལ་ཕྱག་དང་ཞབས་བསིལ༔ དབྱེར་མེད་ལྷ་ལ་ལྷ་ཐིམ་པ་ལ་ལྷ་མོ་བཞི་བསྣོལ༔ སྤྱོད་ཡུལ་ཡོངས་སུ་དག་པ་ལ་ཏིང་ངེ་འཛིན་གྱི་མཆོད་པའོ༔ དང་པོ་ནི༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་པས༔ མཆོད་རྫས་ནམ་མཁའ་གང་བ་དེ་དག་འབུལ་བའི་རྫས༔ དབུལ་བའི་ཡུལ༔ འབུལ་བྱེད་ཀྱི་མཁན་པོ་གསུམ་མི་དམིགས་པར་བསམ་པས་འཁོར་གསུམ་ཡང་དག་གོ༔ གཉིས་པ་ལྷ་རྣམས་དགྱེས་པ་བསྐྱེད་པ་ནི༔ ཡང་དག་དོན་དུ་དག་མོད་ཀྱང༔ འགྲོ་བ་རྣམས་ཀྱི་དོན་སླད་དུ༔ ཕྱག་དང་ཞབས་གཉིས་བསིལ་མཛོད་ལ༔ རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱཾ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བྷུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཞེས་དང་པོས་ཕྱག་དང་ཞབས་བསིལ༔ གཉིས་པས་ཞལ་བསིལ༔ གསུམ་པས་བདུད་རྩི་དྲི་མ་མེད་པ་གསོལ་ནས་དགྱེས་པར་བསམ་མོ༔ གསུམ་པ་དབྱེར་མེད་ལྷ་ལ་ལྷ་ཐིམ་པ་ནི༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བིདྱཱ་ནཾ༔ ཤབྡ་ཤ༔ ཞེས་པས༔ མཆོད་པའི་ལྷ་མོ་རྣམས་དང་པོས་ཕྱག་མཚན་གསལ་གདབ༔ གཉིས་པས་གར་སྟབས་སྒྱུར༔ གསུམ་པས་ལྷ་ལ་ལྷ་ཐིམ་དུ་དབུལ་ཏེ༔ དྷཱུ་པེ་མ་ཤངས༔ པུཥྤེ་མ་དབུ༔ མར་མེ་མ་སྤྱན༔ དྲི་མཆོག་མ་ཐུགས༔ ཞལ་ཟས་མ་ལྗགས༔ རོལ་མོ་མ་སྙན་ལ་ཐིམ་པར་བསམ་མོ༔ བཞི་པ་སྤྱོད་ཡུལ་ཡོངས་སུ་དག་པ་ནི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ ཕྱོགས་བཅུའི་ཞིང་ཁམས་མཉེན་འཇམ་བདེ༔ རིན་ཆེན་ཁང་པ་དབྱིབས་ལེགས་རྫིང༔ ལྗོན་ཤིང་གླུ་དབྱངས་ཚིགས་བཅད་སྒྲ༔ བླ་རེ་ན་བཟའ་བཟའ་བཏུང་མཆོག༔ ལྷ་དང་ལྷ་མོའི་གར་སྟབས་ཀྱིས༔ ཕྱོགས་བཅུའི་ཁམས་བཀང་རྒྱས་པར་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཞེས་པས༔ སྣོད་ཀྱི་ལོ་ཀ་ཕྱོགས་བཅུའི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ༔ ཐོག་མཉེན་པ་ལོགས་འཇམ་པ་འོག་བདེ་བ༔ ཡེ་ཤེས་རིན་པོ་ཆེའི་ཁང་པ༔ རི་ཐམས་ཅད་རིན་པོ་ཆེའི་ཕུང་པོ༔ ཆུ་ཐམས་ཅད་ཁྲུས་ཀྱི་རྫིང་བུ༔ ཤིང་ཐམས་ཅད་དཔག་བསམ་གྱི་ཤིང༔ སྒྲ་ཐམས་ཅད་གླུ་དང་དབྱངས་དང་ཚིགས་སུ་བཅད་པའི་སྒྲ༔ གོས་ཐམས་ཅད་བླ་རེ་དང་ན་བཟའ་དང༔ གདུགས་དང་རྒྱལ་མཚན་དང༔ རྫས་ཐམས་ཅད་བཟའ་བ་དང་བཏུང་བའི་མཆོག༔ འགྲོ་བ་ཐམས་ཅད་ལྷ་དང་ལྷ་མོ༔ རྐང་པ་སྟབས་བྱེད་ལག་པ་གར་བསྒྱུར་བས་ཕྱོགས་བཅུ་ནམ་མཁའི་ཁམས་གང་བར་བསམ་ལ་དབུལ་ལོ༔ བཞི་པ་གསང་བའི་མཆོད་པ་ལ་གསུམ་སྟེ༔ འཁྲུལ་སྣང་གཞི་མེད་དུ་བསྟན་པ་ལ་སྒྲོལ་མཆོད༔ ཐབས་ཤེས་ཟུང་འབྲེལ་དུ་བསྟན་པ་ལ་སྦྱོར་མཆོད༔ གཤིས་མཉམ་པ་ཉིད་དུ་བསྟན་པ་ལ་འདོད་ཡོན་གྱི་མཆོད་པའོ༔ དང་པོ་ནི༔ གཉིས་འཛིན་མཚན་མའི་ཆོས་རྣམས་ལ༔ ངོ་བོ་ཅིར་ཡང་གྲུབ་པ་མེད༔ ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས༔ གཉིས་སུ་མེད་པའི་མཆོད་པ་བཞེས༔ ཞེས་པས༔ གཉིས་འཛིན་འཁྲུལ་པ་མཚན་མའི་ཆོས་ཐམས་ཅད་ལ་ངོ་བོ་བདེན་པར་གྲུབ་པ་ཅི་ཡང་མེད་པས༔ གནས་ལུགས་སྟོང་པ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཡིན་ལ༔ དེའི་དོན་མཐོང་བ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ༔ གཉིས་འཛིན་འཁྲུལ་པའི་སྣང་བ་འདི་གཉིས་མེད་ཡེ་ཤེས་སུ་སྒྲོལ་བས་ན་སྒྲོལ་མཆོད་དོ༔ གཉིས་པ་ཐབས་ཤེས་ཟུང་འབྲེལ་དུ་བསྟན་པའི་སྦྱོར་མཆོད་ནི༔ ཐབས་དང་ཤེས་རབ་གཉིས་མེད་པ༔ བདེ་ཆེན་སྤྲོས་བྲལ་ཐིག་ལེའི་སྐུ༔ ཡེ་ནས་གནས་པ་དོན་གྱི་མཆོག༔ འདུ་འབྲལ་མེད་པའི་མཆོད་པ་བཞེས༔ ཞེས་པས༔ ཆོས་ཐམས་ཅད་ཀྱི་གཤིས་ཅིར་ཡང་མ་ཡིན་པར་ཤེས་པ་ནི་ཤེས་རབ༔ དེའི་གདངས་འགགས་མེད་དུ་འཆར་བ་ནི་ཐབས༔ དེ་གཉིས་ཐ་མི་དད་པས་ན་གཉིས་སུ་མེད་པ༔ གཉིས་མེད་ཀྱི་དོན་ལ་མཚན་མའི་ཟུག་རྔུ་མེད་པས་བདེ་བ༔ དེ་ཐ་མལ་གྱི་བདེ་བ་ལས་ཁྱད་པར་དུ་གྱུར་པས་ཆེན་པོ༔ གཉིས་འཛིན་གྱི་ཟུག་རྔུ་མེད་པས་སྤྲོས་བྲལ༔ གཉིས་ཆོས་ཀྱི་གྲ་ཟུར་མེད་པས་ཐིག་ལེ༔ ཡོན་ཏན་གྱི་རྟེན་བྱེད་པས་ན་སྐུ་ཞེས་བྱ་སྟེ༔ དེ་གདོད་མ་ནས་ཡོད་པས་ཡེ་ནས་གནས་པ༔ ཡང་དག་པའི་དོན་དུ་ངེས་པས་ན་དོན་གྱི་མཆོག༔ དེ་ནི་དང་པོར་མ་འདུས་ཐ་མ་མི་འབྲལ་བས་ན་མཆོད་པའི་མཆོག་སྟེ༔ ཡང་དག་གཉིས་མེད་ཀྱི་དོན་ལ་སྦྱོར་བས་ན་སྦྱོར་མཆོད་དོ༔ གསུམ་པ་གཤིས་མཉམ་པ་ཉིད་དུ་བསྟན་པ་འདོད་ཡོན་གྱི་མཆོད་པ་ནི༔ མཉམ་པའི་སྒྲུབ་རྫས་ཆེན་པོ་ནི༔ བདག་དང་མཉམ་པའི་ཚོགས་ལ་འབུལ༔ བཟའ་བཅའ་བཏུང་བགོ་ལོངས་སྤྱོད་རྣམས༔ མི་དམིགས་མཉམ་པའི་མཆོད་པར་བཞེས༔ ཞེས་པས༔ ཆོས་ཐམས་ཅད་ཀྱི་གནས་ལུགས་བཟང་ངན་ཆེ་ཆུང་མེད་པས་མཉམ་པའི་སྒྲུབ་རྫས་ཆེན་པོ༔ དེ་ལྟར་ཤེས་ཙ་ན་འཁོར་འདས་གཉིས་སུ་མ་གྲུབ་པས་བདག་དང་མཉམ་པའི་ཚོགས༔ དེ་ཙ་ན་བཟའ་བཏུང་བགོ་བ་ལ་སོགས་པ་ལོངས་སྤྱོད་ཐམས་ཅད༔ སྤྱོད་ཡུལ་ཡོངས་སུ་དག་པས་ན་མི་དམིགས་པ་མཉམ་པའི་མཆོད་ཆེན་པོར་བཞེས་ཤིག་པའོ༔ དེ་ནི་འཁོར་འདས་བྱ་བྱེད་མཉམ་ཉིད་དུ་གྱུར་པ་མི་འཛད་འདོན་ཡོན་ལྷུན་རྫོགས་ཀྱི་མཆོད་པ་འབུལ་བའོ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ ཞེས་པས༔ དེ་ཡན་ཆད་ལམ་གྱི་སྔོན་འགྲོའོ༔ གཉིས་པ་ལམ་རང་གི་ངོ་བོ་ལ་གཉིས་ཏེ༔ ཐུན་མོང་ཐེག་པ་སྤྱིའི་ལམ༔ ཁྱད་པར་གསང་སྔགས་ཀྱི་ལམ་མོ༔ དང་པོ་ལ་གཉིས་ཏེ༔ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་ནི༔ ཞེས་པ་དང༔ སེམས་གསུམ་སྒོ་ནས་ལམ་ལ་འཇུག་པ་ནི༔ ཞེས་པ་གཉིས་ལས༔ དང་པོ་ལ་ལྔ་སྟེ༔ ངོ་བོ་ངོས་གཟུང་བ༔ མཚོན་བྱའི་སྒྲ་དོན༔ མཚན་ཉིད་ཀྱི་རང་ལྡོག༔ མཚན་གཞིའི་སྐྱེ་ཚུལ༔ གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ལོ༔ དང་པོ་ངོ་བོ་ངོས་གཟུང་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཞེས་པས༔ སངས་རྒྱས་བསྟན་པའི་མི་མཐུན་ཕྱོགས་ཐམས་ཅད་སྤོང་ཞིང་སྡོམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ༔ ལམ་ཐེག་པ་རང་རང་སྒོ་ནས་སེམས་མཉམ་པར་འཇོག་པའི་རིགས་ཐམས་ཅད་ཏིང་ངེ་འཛིན་གྱི་བསླབ་པ༔ ཐེག་པ་སོ་སོའི་སྒོ་ནས་སེམས་རང་ངོ་ཤེས་པའི་ལྟ་བ་ཐམས་ཅད་ཤེས་རབ་ཀྱི་བསླབ་པའོ༔ དེས་ན་བརྗོད་བྱ་བསླབ་པ་གསུམ༔ རྗོད་བྱེད་སྡེ་སྣོད་གསུམ༔ ངོ་བོ་ལྟ་སྒོམ་སྤྱོད་པ་གསུམ་མོ༔ གཉིས་པ་མཚོན་བྱའི་སྒྲ་དོན་ནི༔ ཤཱི་ལ་ས་མཱ་དྷི་པྲ་ཛྙཱ་ཤིཀྵཱ་ན༔ ཞེས་པས༔ ཤཱི་ལ་ཤིཀྵཱ་ན་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱ་ལ༔ སུ་ཤཱི་ལའི་རྐྱེན་གྱིས་བཙུན་པའམ་གཙང་མ་སྟེ་ཉེས་ལྟུང་གིས་མ་གོས་པའོ༔ ས་མཱ་དྷི་ཤིཀྵཱ་ན་ཏིང་འཛིན་གྱི་བསླབ་པ༔ མ་དྷཱ་རའི་རྐྱེན་གྱི་ཡིད་འཛིན་པ་སྟེ༔ མ་ན་ཡིད་དྷཱ་ར་ན་འཛིན་པའོ༔ པྲ་ཛྙཱ་ཤིཀྵཱ་ན་ཤེས་རབ་ཀྱི་བསླབ་པ༔ པ་ར་མརྠཿཔྲ་ཛྙཱའི་རྐྱེན་གྱིས་དོན་དམ་ཤེས་པའི་ཤེས་རབ་སྟེ༔ པ་ར་མརྠཿདོན་དམ༔ པྲ་ཛྙཱ་ནི་ཤེས་རབ་བོ༔ དེ་ཀ་ལ་སྡེ་སྣོད་རིན་པོ་ཆེ་གསུམ་ཞེས་བྱ་སྟེ༔ སྡེ་མང་པོ་སྣོད་བྱུང་ཁུངས་ཡོན་ཏན་འབྱུང་བས་ན་རཏྣའོ༔ གསུམ་པ་མཚན་ཉིད་ཀྱི་རང་ལྡོག་ནི༔ གནོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ ཞེས་པས༔ སེམས་ཅན་ཀུན་ལ་གནོད་པའི་སྦྱོར་བ་ལས་ལོག་པ་ཚུལ་ཁྲིམས༔ གནོད་སྦྱོར་ལས་ལོག་གི་སྟེང་དུ་གཞན་ལ་ཕན་འདོགས་པའི་བྱ་བ་ལ་ཞུགས་པ་བྱང་སེམས་ཀྱི་སྡོམ་པ༔ གནོད་སྦྱོར་ལས་ཀྱང་ལོག༔ ཕན་འདོགས་ཀྱི་བྱ་བ་ལ་ཡང་ཞུགས༔ དེ་ཡང་ཁྱད་པར་ཅན་གྱི་ཐབས་ཀྱིས་ཟིན་པ་ནི་གསང་སྔགས་ཀྱི་སྡོམ་པའོ༔ བཞི་པ་མཚན་གཞིའི་སྐྱེ་ཚུལ་ནི༔ བདེན་པའི་དོན་མཐོང་གོམས་འདྲིས་དེ་མི་འདའ༔ ཞེས་པས༔ སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་སྐྱེས་ཤིང་བསྲུང་བའི་དབང་དུ་བྱས་ན༔ གནས་ལུགས་བདེན་པའི་དོན་མ་ནོར་བར་མཐོང་བ་ནི་ཤེས་རབ་སྟེ་གསང་སྔགས་སོ༔ དེ་གོམས་ཤིང་འདྲིས་པར་བྱེད་པ་ནི་ཏིང་ངེ་འཛིན་ཏེ་བྱང་སེམས༔ དེ་ལས་མི་འདའ་བ་ཚུལ་ཁྲིམས་ཏེ་ཉན་ཐོས༔ དེ་ལ་སྡོམ་གསུམ་མ་འདྲེས་ཡོངས་རྫོགས་ཡར་ལྡན་མི་འགལ་བྱ་བ་ཡིན་ཏེ༔ རང་ལྡོག་མ་འདྲེས༔ དགག་དགོས་ཡོངས་རྫོགས༔ ཡོན་ཏན་ཡར་ལྡན༔ གནད་ཀྱིས་མི་འགལ་བའོ༔ དེ་ཡང་སོ་ཐར་ཉོན་མོངས་སྤངས༔ བྱང་སེམས་སྦྱོང༔ གསང་སྔགས་ལམ་དུ་བྱེད་པས་ན་རང་ལྡོག་མ་འདྲེས་ལ༔ ཉོན་མོངས་པ་རང་རྒྱུད་པ་སྡོམ་པར་གཅིག་པས་ན་དགག་དགོས་ཡོངས་རྫོགས༔ ཉོན་མོངས་པས་མི་གནོད་ལ་སླར་གྲོགས་སུ་འགྲོ་བས་ན་ཡོན་ཏན་ཡར་ལྡན༔ སྡོམ་ལུགས་དང་སྲུང་ལུགས་ཐ་དད་ཀྱང་ཉོན་མོངས་པ་མི་དགེ་བ་ཐམས་ཅད་སྡོམ་པར་གཅིག་པས་ན་སྡོམ་གསུམ་གནད་ཀྱིས་མི་འགལ་བས་ཏེ༔ སྤྱིའི་ལྡོག་ནས་མཁར་བརྩིགས་པ་བཞིན་ནོ༔ སྡོམ་གསུམ་རྒྱུད་ཐོག་གཅིག་ཏུ་སྲུང་དུ་མི་བཏུབ་སྟེ༔ སོ་ཐར་དངོས་པོ་གཙོ་བའི་ཕྱིར༔ པགས་རིམ་དང་པོ་འདས་ནས་འཆོར་བར་བཤད་པས་སོ་སྙམ་ན་མ་ཡིན་ཏེ༔ དེ་ནི་ཐབས་མི་མཁས་ཤིང་ཤེས་རབ་ཆུང་བ་ཡིན་ལ༔ འདིར་ནི་ཐབས་མཁས་ཤིང་ཤེས་རབ་ཆེ་བའི་གནད་ཀྱིས༔ དངོས་རྣམས་དབྱེར་མེད་དུ་རྟོགས་ནས་འདོད་པའི་དྲི་མ་དང་ཕམ་པའི་ཉེས་པ་མི་ཡོང་ལ༔ སླར་ཡོན་ཏན་སྐྱེ་བ་ཡིན་ཏེ་དུག་ལ་སྔགས་མ་བཏབ་པ་དང་བཏབ་པའི་ཁྱད་པར་བཞིན་ནོ༔ ལྔ་པ་གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ནི༔ གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ ཞེས་པས༔ སྤྱིར་བསླབ་པ་གསུམ་པོ་དེ་དུག་གསུམ་གྱི་གཉེན་པོ་ཡིན་ལ༔ བྱེ་བྲག་ཏུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གྱུར་པའི་དབང་གིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་སོ༔ དེ་ལ་གཉིས་ཏེ༔ ཉོན་མོངས་པ་དང༔ དེའི་གཉེན་པོའི་ཆོས་ཀྱི་དོན་ནོ༔ དང་པོ་ཉོན་མོངས་པ་ནི༔ ཉོན་མོངས་པ་འཁྲུལ་སྣང་འདི་དག་རྒྱུ་མ་རིག་པ་ལས་བྱུང་སྟེ༔ རིག་པ་རང་ངོ་མ་ཤེས་ལ་འཁྲུལ་སྣང་རྒྱུན་སྦྲེལ་ནས་ཆགས་སྡང་རྨོངས་གསུམ་སྐྱེས་སོ༔ བརྒྱད་ཁྲི་བཞི་སྟོང་གི་གྲངས་ནི༔ འདོད་ཡོན་ལྔ་ལ་ཆགས་པའི་སེམས་ནི་འདོད་ཆགས་ཏེ༔ ནང་ཚན་ཉི་ཁྲི་ཆིག་སྟོང༔ རྩུབ་འགྱུར་ཚ་བ་དང་བཅས་པའི་སེམས་ནི་ཞེ་སྡང་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང༔ དོན་མི་རིག་མི་གོ་བའི་སེམས་ནི་གཏི་མུག་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང༔ དུག་གསུམ་གང་གི་ཡང་ཕྱོགས་གཅིག་ཏུ་མི་གནས་ལ༔ བག་ཆགས་བག་ལ་ཉལ་རྐྱེན་གང་འཕྲད་དུ་གསལ་བར་སྟོན་པ་ནི་དུག་གསུམ་ཆ་མཉམ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་སྟེ༔ བརྒྱད་ཁྲི་བཞི་སྟོང་ངོ༔ གཉིས་པ་དེའི་གཉེན་པོའི་ཆོས་ཀྱི་དོན་ནི༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངོ༔ དེ་ཡང་རྣམ་པར་དཀར་བའི་དོན་ལྟུང་བ་ལས་འཛིན་པས་ན་ཆོས༔ འབྱེད་ཅིང་འབྱིན་པས་ན་སྒོ་མོ༔ བརྒྱད་ཁྲི་བཞི་སྟོང་གི་གྲངས་ནི༔ གང་ཡང་རུང་བའི་ཉོན་མོངས་པ་ཞིག་བརྟོལ་སྐྱེས་པ་ལ༔ དེའི་གཉེན་པོར་གྱུར་ཙམ་གཅིག་ཆོས་ཀྱི་སྒོ་མོ་ཡིན་ལ༔ དེ་འདྲ་བ་བརྒྱད་ཁྲི་བཞི་སྟོང་ངོ༔ དེ་ཡང་འདོད་ཆགས་ཀྱི་གཉེན་པོར་གྱུར་ཚད་ཅིག་འདུལ་བ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་ངོ༔ ཞེ་སྡང་གི་གཉེན་པོར་གྱུར་ཚད་ཅིག་མདོ་སྡེ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་ངོ༔ གཏི་མུག་གི་གཉེན་པོར་གྱུར་ཚད་ཅིག་མངོན་པ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་ངོ༔ ཆ་མཉམ་གྱི་གཉེན་པོར་གྱུར་ཚད་ཅིག་གསང་སྔགས་ཏེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་སྟེ༔ བརྒྱད་ཁྲི་བཞི་སྟོང་ངོ༔ ཆ་མཉམ་གྱི་གཉེན་པོར་གསང་སྔགས་ཡིན་པའི་རྒྱུ་མཚན་ནི༔ མ་རིག་པ་བག་ཆགས་བག་ལ་ཉལ་གྱི་གཉེན་པོ་ནི༔ དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་ལྷན་ཅིག་སྐྱེས་པ་ཡིན་ལ༔ དེ་གསང་སྔགས་ཀྱིས་སྟོན་པའོ༔ འབྲས་བུ་སངས་རྒྱས་སྒྲུབ་པ་ལ་བསླབ་པ་གསུམ་ལ་གཞི་བཅས་ལ༔ སྡོམ་པ་གསུམ་རྒྱུད་ལ་སྐྱེ་དགོས་ཏེ༔ དཔེར་ན་སྟོན་ཐོག་བསྒྲུབ་པ་ལ་ཞིང་ས་དང་སོ་ནམ་དགོས་པ་བཞིན་ནོ༔ དེས་ན་དེ་དག་མེད་ཁ་མེད་ཡིན་ནོ༔ གཉིས་པ༔ སེམས་གསུམ་སྒོ་ནས་ལམ་ལ་འཇུག་པ་ནི༔ ཞེས་པས༔ སེམས་གསུམ་གྱིས་ཁ་བསྒྱུར་བ་ལ་ནི་བཞི༔ བྱམས་པ༔ སྙིང་རྗེ༔ བྱང་ཆུབ་ཀྱི་སེམས༔ དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པའོ༔ དང་པོ་བྱམས་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ ཞེས་པས༔ ཡུལ་གང་ཡང་ཡིད་དུ་འོང་ཞིང་དེ་དག་བདེ་བ་དང་ལྡན་པར་བྱའོ་སྙམ་པ་ནི་འཇིག་རྟེན་པའི་བྱམས་པ༔ ཡུལ་སེམས་ཅན་དེ་དག་ལ་ཕ་མར་ཤེས་ཤིང་དེ་རྣམས་བདེ་བ་དང་ལྡན་པར་བྱའོ་སྙམ་དུ་སྒོམ་པ་ནི་ཆོས་ཀྱི་བྱམས་པ༔ དེ་ལྟར་སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་དེ་དག་ལ་ཕན་གདགས་པའི་བློ་སྐྱེས་པ་ནི་བྱམས་པའི་ཏིང་ངེ་འཛིན༔ དེ་རྒྱུན་ཆགས་སུ་སྐྱེས་པ་ནི་བྱམས་པ་ཚད་མེད་པའམ་ཆེན་པོ་ཞེས་བྱའོ༔ དེ་ལ་གསུམ་ལས༔ སེམས་ཅན་ལ་དམིགས་པའི་བྱམས་པ་ནི༔ སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་དེ་དག་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློ་སྐྱེས་པའོ༔ ཆོས་ལ་དམིགས་པའི་བྱམས་པ་ནི༔ དོན་དམ་པར་ཅིར་ཡང་མ་གྲུབ་པ་ཡིན་ཡང་ཀུན་རྫོབ་རྨི་ལམ་སྒྱུ་མ་ཙམ་གྱི་ངོར་མ་འདི་རྣམས་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློ་འོ༔ དམིགས་པ་མེད་པའི་བྱམས་པ་ནི༔ དེ་ལྟར་སྒོམ་པའི་དུས་ཉིད་ན་རང་གཞན་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་སྤྲོས་བྲལ་ནམ་མཁའ་ལྟར་ཤེས་པས༔ གདངས་མ་འགགས་པར་བྱམས་པར་དུང་ངེ༔ གཤིས་མ་གྲུབ་པར་སྟོང་པར་ལྷག་གེ༔ ངོ་བོ་མི་རྟོག་མི་དམིགས་ཤིང་འཁོར་གསུམ་ཡོངས་སུ་དག་པའོ༔ གཉིས་པ་སྙིང་རྗེ་ནི༔ སེམས་ཅན་ཕ་མ་སྡུག་བསྔལ་བསྒྲལ་བར་བསམ༔ ཞེས་པས༔ ཡུལ་སེམས་ཅན་ཕ་མ་ཐམས་ཅད་སྡུག་བསྔལ་བར་མཐོང་ནས་ཤ་ཚས་མི་བཟོད་པའི་སྙིང་རྗེ་སྐྱེས་ཏེ་སྡུག་བསྔལ་དེ་དག་ལས་བསྒྲལ་བར་འདོད་པའི་བསམ་པ་ནི་འཇིག་རྟེན་པའི་སྙིང་རྗེ༔ སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་དེ་དག་སྡུག་བསྔལ་དུ་གནས་པ་ལ་ཤ་ཚས་མི་བཟོད་པའི་སྙིང་རྗེ་སྐྱེས་ནས་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་བློ་ནི་ཆོས་ཀྱི་སྙིང་རྗེ༔ མ་འདི་རྣམས་སྡུག་བསྔལ་བ་ལ་སྙིང་བརྩེ་བས་སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེའི་ཏིང་ངེ་འཛིན་ནོ༔ དེ་དུས་རྒྱུན་ཆད་མེད་པར་སྐྱེས་པ་ནི་སྙིང་རྗེ་ཚད་མེད་པའམ་ཆེན་པོ་ཞེས་བྱའོ༔ དེ་ལ་གསུམ་ལས༔ སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི༔ སེམས་ཅན་དུཿཁ་དང་བྲལ་བར་བྱ་སྙམ་པའོ༔ ཆོས་ལ་དམིགས་པའི་སྙིང་རྗེ་ནི༔ དོན་དམ་པར་ཅིར་ཡང་མ་གྲུབ་པ་ཡིན་ཡང་ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར་དུཿཁ་དང་བྲལ་བར་བྱའོ་སྙམ་པའོ༔ དམིགས་པ་མེད་པའི་སྙིང་རྗེ་ནི༔ དེ་ལྟར་སྒོམ་པའི་དུས་ཉིད་ན་རང་གཞན་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་ནམ་མཁའ་ལྟར་ཤེས་པས༔ གདངས་མ་འགགས་པ་སྙིང་རྗེར་དུང་ངེ༔ གཤིས་མ་གྲུབ་པ་སྟོང་པ་ཉིད་དུ་ལྷག་གེ༔ ངོ་བོ་མི་དམིགས་མི་རྟོག་ཅིང་འཁོར་གསུམ་ཡོངས་སུ་དག་པའོ༔ གསུམ་པ་བྱང་ཆུབ་ཀྱི་སེམས་ནི༔ སངས་རྒྱས་ཐོབ་འདོད་བསམ་པ་ལེན་དང་སྒྲུབ༔ ཅེས་པས༔ སེམས་བསྐྱེད་ལ་གཉིས་ཏེ༔ སྨོན་པ་དང་འཇུག་པའོ༔ དང་པོ་སྨོན་པ་ནི༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་སྨོན་པའི་སེམས་སོ༔ དེ་ལྟར་ཁས་ལེན་པ་དང་མ་འཐོབ་པ་ཐོབ་པར་བྱེད་པ་སྨོན་པའི་སེམས་བསྐྱེད༔ དེའི་མི་མཐུན་ཕྱོགས་སྤོང་བ་སྨོན་པའི་སྡོམ་པའོ༔ གཉིས་པ་འཇུག་པ་ནི༔ གཞན་དོན་དུ་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར་དེའི་སྤྱོད་པ་སྒྲུབ་པར་འདོད་པ་ནི་འཇུག་པའི་སེམས༔ དེ་ལྟར་ཁས་བླངས་ཤིང་རྒྱུད་ལ་སྡོམ་པ་ཐོབ་པར་བྱེད་པ་འཇུག་པའི་སེམས་བསྐྱེད༔ དེའི་སྤྱོད་པ་རྒྱུན་དུ་སྒྲུབ་ཅིང་མི་མཐུན་ཕྱོགས་སྤོང་བ་ནི་འཇུག་པའི་སྡོམ་པའོ༔ མདོར་ན་སེམས་ཅན་གྱིས་སངས་རྒྱས་འཐོབ་པར་འདོད་པའི་བསམ་པ་ནི་སྨོན་པ་བྱང་སེམས༔ དེ་ལག་ཏུ་བླངས་ནས་སྒྲུབ་པ་ནི་འཇུག་པ་བྱང་སེམས༔ དེས་ན་སྨོན་པ་གལ་ཆེ་སྟེ་སྨོན་པ་བྱང་སེམས་ལ་བློ་འབྱོངས་ན་འཇུག་པ་ཤུགས་ལ་འོང་ཞིང༔ སྨོན་པ་མ་སྐྱེས་ན་འཇུག་པ་སྒྲུབ་མི་སྲིད་དེ་མེད་ན་མི་འབྱུང་བའི་རྒྱུ་འབྲས་སོ༔ དེས་ན་ཡང་དག་སངས་རྒྱས་ཐོབ་པ་ལ་དོན་དམ་སེམས་བསྐྱེད་དགོས༔ དོན་དམ་བྱང་སེམས་སྐྱེ་བ་ལ་ཀུན་རྫོབ་བྱང་སེམས་དགོས༔ དེ་ལ་སྙིང་རྗེ་དགོས༔ སྙིང་རྗེ་སྐྱེ་བ་ལ་བྱམས་པ༔ བྱམས་པ་སེམས་ཅན་ཕ་མར་ཤེས་པ་ལས་སྐྱེའོ༔ དེས་ན་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ནི་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིན་པས་མེད་ཁ་མེད་ཡིན་ནོ༔ དེ་དག་ལ་བརྟེན་ནས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པས་ལམ་གྱི་ཁ་བསྒྱུར་ཡིན་ཏེ་རྟའི་ཁ་ལོ་སྲབ་ཀྱིས་བསྒྱུར་བ་བཞིན་ནོ༔ བཞི་པ་དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པ་ནི༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ཞེས་པས༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་ཡིན་ཅིང་དྲིན་བསམ་གྱིས་མི་ཁྱབ་པ་ཡོད་པས་བདེ་བ་དང་ལྡན་པར་བྱའོ་སྙམ་དུ་སྒོམ་པ་ནི་བྱམས་པའི་སེམས༔ མ་འདི་རྣམས་དུཿཁ་སྣ་ཚོགས་ལ་སྤྱོད་པ་སྙིང་རེ་རྗེ་དུཿཁ་དེ་དག་དང་བྲལ་བར་བྱའོ་སྙམ་དུ་སྒོམ་པ་ནི་སྙིང་རྗེའི་སེམས༔ མ་འདི་རྣམས་བདེ་བ་དང་ལྡན༔ དུཿཁ་དང་བྲལ༔ མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་འཐོབ་པར་བྱའོ་སྙམ་དུ་སྒོམ་པ་ནི་བྱང་ཆུབ་ཀྱི་སེམས་སོ༔ དེ་ཐམས་ཅད་ལ་ཀུན་ཏུ་སྙོམས་ཤིང་རྒྱུན་ཆད་མེད་པར་བསྒོམ་མོ༔ དེ་ལ་བྱམས་པ་ནི་ཞེ་སྡང་མེད་པའི་སེམས༔ སྙིང་རྗེ་འདོད་ཆགས་མེད་པའི་སེམས༔ བྱང་སེམས་གཏི་མུག་མེད་པའི་སེམས་དང་གསུམ་མོ༔ དེ་ཀ་སྡེ་སྣོད་གསུམ་ཡང་ཡིན་ཏེ༔ སྙིང་རྗེ་འདུལ་བ༔ བྱམས་པ་མདོ་སྡེ༔ བྱང་སེམས་མངོན་པའི་སྡེ་སྣོད་དོ༔ དེ་ཀ་བསླབ་པ་གསུམ་ཡང་ཡིན་ཏེ༔ འདོད་ཆགས་མེད་པའི་སྙིང་རྗེ་ཚུལ་ཁྲིམས༔ ཞེ་སྡང་མེད་པའི་བྱམས་པ་ཏིང་ངེ་འཛིན༔ གཏི་མུག་མེད་པའི་བྱང་སེམས་དེ་ཤེས་རབ་ཀྱི་བསླབ་པའོ༔ དེ་ཀ་ཉམས་གསུམ་ཡང་ཡིན་ཏེ༔ འདོད་ཆགས་དང་བྲལ་བའི་སྙིང་རྗེ་དེ་བདེ་བའི་ཉམས༔ ཞེ་སྡང་དང་བྲལ་བའི་བྱམས་པ་དེ་གསལ་བའི་ཉམས༔ གཏི་མུག་དང་བྲལ་བའི་བྱང་སེམས་དེ་མི་རྟོག་པའི་ཉམས་སོ༔ དེ་ལྟར་དུག་གསུམ་གང་ཡང་མེད་པ་དེ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ཡིན་པས་ཐུགས་ཞེས་བྱའོ༔ དེས་ན་བྱམས་པ་སྙིང་རྗེ་བྱང་སེམས་གསུམ་པོ་དེ་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ཡིན་པས་མེད་ཀ་མེད་དོ༔ གཉིས་པ༔ ཁྱད་པར་གསང་སྔགས་ལམ་གྱི་ངོ་བོ་ནི༔ ཞེས་པས༔ གསང་སྔགས་ལམ་གྱི་ངོ་བོ་ལ་ལྔ་སྟེ༔ རྒྱུད་སྨིན་པར་བྱེད་པ་ལ་དབང༔ སྨིན་པ་གྲོལ་བར་བྱེད་པ་ལ་ལྟ་བ༔ ལྟ་བ་གོམས་པར་བྱེད་པ་ལ་སྒོམ་པ༔ དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་ལ་སྤྱོད་པ༔ དེ་དག་ལས་མི་འདའ་བར་བྱེད་པ་དམ་ཚིག་གོ༔ དང་པོ་རྒྱུད་སྨིན་པར་བྱེད་པ་དབང་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ཞེས་པས༔ བུམ་པའི་དབང༔ གསང་བའི་དབང༔ ཤེས་རབ་ཡེ་ཤེས་ཀྱི་དབང༔ བདེ་བ་ཆེན་པོའི་དབང་ངོ༔ དེ་བཞི་བསྐུར་བའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ༔ གོ་དོན་གཞག་པ་དང༔ ཉམས་སུ་བླང་ཚུལ་ལོ༔ དང་པོ་གོ་དོན་གཞག་པ་ལ་གསུམ་སྟེ༔ གྲངས་ངེས་པ༔ གོ་རིམ་ངེས་པ༔ སྒྲ་དོན་ནོ༔ དང་པོ་གྲངས་ངེས་ནི༔ སྤང་བྱ་འདོད་ཆགས་བཞི་སྤོང་བ་དང༔ སྒྲུབ་བྱེད་ཕྱག་རྒྱ་བཞི་སྟོན་པ་དང༔ འབྲས་བུ་སྐུ་བཞི་ཐོབ་པ་དང་གསུམ་དུ་ངེས་པའོ༔ དང་པོ་སྤང་བྱ་ནི༔ འདོད་ཁམས་ཀྱི་འདོད་ཆགས་ཐམས་ཅད་བཞིར་འདུས་ཏེ༔ གཞན་འཕྲུལ་དབང་བྱེད་པ་ལ་དགོད་པས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་བུམ་དབང༔ འཕྲུལ་དགའ་བ་ལ་བལྟས་པས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་གསང་དབང༔ དགའ་ལྡན་པ་ལ་ལག་པ་བཅངས་པས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་ཤེས་རབ་ཡེ་ཤེས༔ འཐབ་བྲལ་མན་ཆོད་ལ་གཉིས་འཁྱུད་ཀྱིས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་བདེ་བ་ཆེན་པོ་འོ༔ གཉིས་པ་སྒྲུབ་བྱེད་ཕྱག་རྒྱ་བཞི་ནི༔ བུམ་དབང་གིས་དམ་ཚིག་གི་ཕྱག་རྒྱ༔ གསང་དབང་གིས་ལས་ཀྱི་ཕྱག་རྒྱ༔ ཤེས་རབ་ཡེ་ཤེས་ཀྱིས་ཆོས་ཀྱི་ཕྱག་རྒྱ༔ བདེ་བ་ཆེན་པོས་ཕྱག་རྒྱ་ཆེན་པོ་སྟོན་པའོ༔ གསུམ་པ་འབྲས་བུ་སྐུ་བཞི་ཐོབ་པ་ནི༔ བུམ་དབང་གིས་སྤྲུལ་སྐུ༔ གསང་དབང་གིས་ལོངས་སྐུ༔ ཤེས་རབ་ཡེ་ཤེས་ཀྱིས་ཆོས་སྐུ༔ བདེ་ཆེན་གྱིས་ངོ་བོ་ཉིད་ཀྱི་སྐུ་ཐོབ་པ་དང་བཞིར་ངེས་སོ༔ གཉིས་པ་གོ་རིམ་ངེས་པ་ལ་གཉིས་ཏེ༔ ལྟ་བ་ལ་སྦྱར་བ་དང༔ རྟེན་དང་བརྟེན་པའི་ཚུལ་དུ་སྦྱར་བའོ༔ དང་པོ་ལྟ་བ་ལ་སྦྱར་བ་ནི༔ ཐེག་ཆེན་གྱི་ལྟ་བ་ཐམས་ཅད་བཞིར་འདུས་ཏེ༔ སེམས་ཙམ༔ དབུ་མ༔ གསང་སྔགས༔ རྫོགས་ཆེན་ནོ༔ དེ་བཞིན་དུ་དབང་ཡང་བཞིར་འདུས་ཏེ༔ བུམ་དབང་གིས་སྣང་བ་རང་སེམས་སྒྱུ་མ་ལྟར་བསྟན་པས་སེམས་ཙམ་གྱི་ལྟ་བ༔ གསང་དབང་གིས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟར་བསྟན་པས་དབུ་མའི་ལྟ་བ༔ གསུམ་པས་བདེ་སྟོང་དབྱེར་མེད་དུ་བསྟན་པས་གསང་སྔགས་ཀྱི་ལྟ་བ༔ བཞི་པ་མཐའ་བྲལ་ཡེ་ཤེས་སངས་རྒྱས་སུ་བསྟན་པས་རྫོགས་ཆེན་གྱི་ལྟ་བའོ༔ གཉིས་པ་རྟེན་དང་བརྟེན་པའི་ཚུལ་དུ་སྦྱར་བ་ནི༔ ལུས་ཀྱི་ངོ་བོ་རྩ་ཡིན་ཏེ༔ དེ་ལ་རླུང་བརྟེན༔ དེ་ལ་ཁམས་བྱང་སེམས་བརྟེན༔ དེ་ལ་དོན་དམ་བྱང་སེམས་བརྟེན་པས༔ དང་པོ་ལུས་འདག་པ་ལ་བུམ་དབང༔ ངག་རླུང་གི་རང་བཞིན་འདག་པ་ལ་གསང་དབང༔ ཁམས་ཐིག་ལེ་བྱང་སེམས་འདག་པ་ལ་གསུམ་པ༔ དོན་དམ་བྱང་སེམས་རྟོགས་པར་བྱེད་པ་ལ་བཞི་པའོ༔ གསུམ་པ་སྒྲ་དོན་ནི༔ ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་དྲི་མ་འཁྲུད་པས་ན་དབང་སྟེ༔ དང་པོས་ལུས་ཀྱི༔ གཉིས་པས་ངག་གི༔ གསུམ་པས་སེམས་ཀྱི༔ བཞི་པས་ལུས་ངག་ཡིད་གསུམ་ཀའི་དྲི་མ་འཁྲུད་པ་སྟེ༔ སྣོད་དག་པར་བཀྲུས་ན་བཅུད་བླུགས་སུ་རུང་བ་བཞིན་ནོ༔ ཨ་བྷི་ཥེ་ཀའི་སྒྲ་ལས་དྲངས་ན་སྐལ་པ་འཇོག་པས་ན་དབང་སྟེ༔ དང་པོས་ལྷ་བསྒོམ་པའི༔ གཉིས་པས་གཏུམ་མོ་ཙཎྜ་ལཱི་བསྒོམ་པའི༔ གསུམ་པས་བདེ་ཆེན་སྤྲོས་བྲལ་སྒོམ་པའི༔ བཞི་པས་ཟུང་འཇུག་བློ་འདས་སྒོམ་པའི་སྐལ་པ་འཇོག་པ་སྟེ༔ ཕས་བུ་ལ་ཕོགས་གཏོད་པ་བཞིན་ནོ༔ ཨ་བྷི་སི་ཏིའི་སྒྲ་ལས་དྲངས་ན་སྨིན་པར་བྱེད་པས་ན་དབང་སྟེ༔ དང་པོས་ལུས་ཕུང་ཁམས་སྐྱེ་མཆེད་ལྷ་རུ༔ གཉིས་པས་ངག་འབྱུང་འཇུག་གནས་གསུམ་སྔགས་སུ༔ གསུམ་པས་ཐིག་ལེ་བདེ་ཆེན་ཡེ་ཤེས་སུ༔ བཞི་པས་སེམས་སངས་རྒྱས་ཆོས་སྐུ་རུ་སྨིན་པར་བྱེད་པས་ན་དབང་སྟེ༔ རྒྱལ་པོར་དབང་བསྐུར་བ་བཞིན་ནོ༔ གཉིས་པ་ལམ་ཉམས་སུ་བླང་ཚུལ་ལ་བཞི་སྟེ༔ རྒྱུ་ལ་གནས་པ༔ རྐྱེན་ལས་ཐོབ་པ༔ ལམ་ཉམས་སུ་བླང་བ༔ འབྲས་བུ་སྐུ་བཞི་ཐོབ་པའོ༔ དང་པོ་རྒྱུ་ལ་གནས་པ་ལུས་ཕུང་ཁམས་སྐྱེ་མཆེད་ལྷ་རུ་གནས་པ་བུམ་དབང་གི་ས་བོན༔ ངག་རླུང་དང་ཡི་གེ་སྔགས་སུ་གནས་པ་གསང་དབང་གི་ས་བོན༔ ཁམས་དྭངས་མ་ཀུན་ད་བདེ་ཆེན་དུ་གནས་པ་གསུམ་པའི་ས་བོན༔ སེམས་སངས་རྒྱས་ཆོས་སྐུར་གནས་པ་བཞི་པའི་ས་བོན་ཡོད་པའོ༔ གཉིས་པ་རྐྱེན་ལས་ཐོབ་པ་ནི་དཀྱིལ་འཁོར་ཁོ་ན་ཡིན་ཏེ༔ གཞི་དཀྱིལ་འཁོར་དུ་བཅུག་པས་རྩ་བ་དབང་བསྐུར་དུ་བཏུབ་པ་ཡིན་པའོ༔ དེའང་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ནང་དོན་གྱི་དཀྱིལ་འཁོར་སྟོན་ཏེ༔ དང་པོས་ལུས་ལྷའི་དཀྱིལ་འཁོར༔ གཉིས་པས་ངག་སྔགས་ཀྱི༔ གསུམ་པས་ཐིག་ལེ་བདེ་ཆེན་གྱི༔ བཞི་པས་སེམས་སྐུ་བཞི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ་སྟོན་པའོ༔ གསུམ་པ་ལམ་ཉམས་སུ་བླང་བ་ལ་མངོན་པར་རྟོགས་པ་བཞི་སྟེ༔ བསྐྱེད་རིམ་བུམ་དབང་གི་མངོན་རྟོགས༔ རྩ་རླུང་ཐིག་ལེ་གཏུམ་མོ་ཙཎྜ་ལཱི་ཐམས་ཅད་གསང་དབང་གི་མངོན་རྟོགས༔ རང་གཞན་གྱི་ལུས་ལ་བསྟེན་ནས་འོག་སྒོ་བདེ་ཆེན་སྒོམ་པ་ཐམས་ཅད་ཤེས་རབ་ཡེ་ཤེས་ཀྱི་མངོན་རྟོགས༔ དེ་ལས་སྐྱེས་པའི་གཉིས་མེད་ཡེ་ཤེས་ཆེན་པོ་ནི་བདེ་བ་ཆེན་པོའི་མངོན་རྟོགས་སོ༔ བཞི་པ་ལམ་ཉམས་སུ་བླངས་པའི་འབྲས་བུ་བཞི་ནི༔ དབང་དང་པོས་སྤྲུལ་སྐུ༔ གཉིས་པས་ལོངས་སྐུ༔ གསུམ་པས་ཆོས་སྐུ༔ བཞི་པས་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ༔ དེས་ན་ལུས་ངག་རྩ་ཁམས་ཐམས་ཅད་སངས་རྒྱས་སུ་ངོ་སྤྲོད་པ་དབང་ཁོ་ན་ཡིན་པས་མེད་ཀ་མེད་དོ༔ གཉིས་པ་སྨིན་པ་གྲོལ་བར་བྱེད་པའི་ལྟ་བ་ལ་གཉིས་ཏེ༔ བསྐྱེད་རིམ་སྦྱང་བ་དང༔ རྫོགས་རིམ་བསྟན་པའོ༔ དང་པོ་བསྐྱེད་རིམ་སྦྱང་བ་ནི༔ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ ཅེས་པས༔ འདི་ལ་ལྔ་སྟེ༔ སྦྱང་གཞི༔ སྦྱང་བྱ༔ སྦྱོང་བྱེད༔ འབྲས་བུ༔ སྦྱོང་ཚུལ་ལོ༔ དང་པོ་སྦྱང་གཞི་ནི་སྣོད་བཅུད་བརྟན་གཡོའི་དངོས་པོ་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་གནས་པའོ༔ གཉིས་པ་སྦྱང་བྱ་ནི་དེ་ལྟར་ངོ་མ་ཤེས་པ་སྣོད་བཅུད་རང་རྒྱུད་དུ་འཛིན་པ་ཀུན་བཏགས་གློ་བུར་གྱི་དྲི་མ་འདིའོ༔ གསུམ་པ་སྦྱོང་བྱེད་ནི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ་རུ་བསྒོམ་པའོ༔ བཞི་པ་འབྲས་བུ་ནི་ཀུན་བཏགས་གློ་བུར་གྱི་དྲི་མ་དག་ནས་དོན་རང་མཚན་མངོན་དུ་གྱུར་པའོ༔ ལྔ་པ་སྦྱོང་ཚུལ་ནི་སྟོང་པའི་ངང་ལས་འགགས་མེད་ཀྱི་སྙིང་རྗེ་གཉིས་མེད་ཡི་གེའི་རང་བཞིན་ལས༔ སྣོད་གཞལ་ཡས་ཁང༔ བཅུད་རང་གཞན་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་སྒོམ༔ དེ་ལ་དམ་ཚིག་ཡེ་ཤེས་གཉིས་ལས༔ རང་གཞན་གྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་གནས་པ་སྟེ༔ དེ་ལས་མི་འདའ་བའི་དམ་ཚིག་གི་ལྷར་གསལ་ཞིང་ཐ་མལ་གྱི་ལོག་རྟོག་མེད་པས་ན་སེམས་དཔའ་འོ༔ དེ་ལྟར་གདོད་ནས་གནས་ཤིང་ཡེ་ནས་ཡོད་པའི་དེ་ཉིད་ཤེས་པས་ན་ཡེ་ཤེས༔ གཉིས་འཛིན་གྱི་དྲི་མ་མེད་པས་ན་སེམས་དཔའ་སྟེ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའོ༔ དེ་ནས༔ ཡེ་ནས་ཡོད་པ་ལ་ངོ་ཤེས་བྱས་པ་ཙམ་ལས༔ རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ་བསྟིམ་ཞེས་བྱ་བ་ཡུལ་ཅན་གཞན་དུ་གྲུབ་པ་ནི་མེད་དེ༔ རང་སྣང་དབྱེར་མེད་དཀྱིལ་འཁོར་ལ༔ ཞེས་སོ༔ དེ་ལྟ་བུའི་བསྐྱེད་རིམ་དེ་ལ་ལམ་དུ་འགྲོ་བ་ལ་གནད་གསུམ་སྟེ༔ ཐ་མལ་གྱི་ཞེན་པ་སྦྱོང་བ་ལ་རྣམ་པ་གསལ་བ༔ དེའི་དེ་ཉིད་ཤེས་པ་ལ་རྣམ་དག་དྲན་པ༔ ཀུན་བཏགས་མཉམ་རྗེས་མེད་པ་ལ་ང་རྒྱལ་བརྟན་པའོ༔ དང་པོ་ཐ་མལ་གྱི་ཞེན་པ་སྦྱོང་བའི་རྣམ་པ་གསལ་བ་ནི༔ རྣམ་པ་གསལ་བར་བསྒོམས་པས་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་སྟེ༔ གདན་ཆེ་ལ་བརྟན་པས་ཚེ་རིང་བ༔ ཞབས་བགྲད་ཁམ་ཆེ་བས་སྡོད་ཚུགས་པ༔ སྐུ་ལང་ཚོ་རྒྱས་ཤིང་ཡིད་དུ་འོང་བ་བསྒོམས་པས་ནད་ཉུང་ཁམས་བཟང་བ༔ ཕྱག་མཚན་གསལ་བས་བསམ་པ་འགྲུབ་པ༔ རྒྱན་ཚང་བས་འབྱོར་པ་ལྡན་པ༔ ཞལ་དང་མཆེ་བ་སྐུ་མདོག་གསལ་བར་བསྒོམས་པས་ཐམས་ཅད་བཀའ་ཉན་ཅིང་སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་ལོ༔ དེས་ན་གཙོ་འཁོར་སྐུ་མདོག་ཞལ་ཕྱག་ཐམས་ཅད་མ་ལུས་ཤིང་གསལ་བར་བསྒོམས་པས་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་ངོ༔ གསལ་བ་གང་ཡང་མེད་ན་ཡོན་ཏན་གང་ཡང་མི་འབྱུང་ངོ༔ གཉིས་པ་དེའི་དེ་ཉིད་ཤེས་ཕྱིར་རྣམ་དག་དྲན་པ་ལ་གཉིས་ཏེ༔ རྟགས་དང་དོན་གྱི་རྣམ་དག་གོ༔ དང་པོ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་ལ་སོགས་པར་སྒོམ་པ་ན༔ དབུ་གསུམ་ནི་སྐུ་གསུམ༔ ཕྱག་དྲུག་ནི་ཡེ་ཤེས་དྲུག༔ ཞབས་བཞི་ནི་རྫུ་འཕྲུལ་བཞིར་དྲན་པར་བྱའོ༔ སྐུ་མདོག་ནི༔ དཀར་པོ་སྐྱོན་གྱིས་མ་གོས་པ༔ སེར་པོ་ཡོན་ཏན་རྒྱས་པ༔ དམར་པོ་ཐུགས་རྗེ་ཆགས་པ༔ ལྗང་གུ་ཕྲིན་ལས་ཐོགས་མེད༔ མཐིང་གའམ་ནག་པོ་ཆོས་ཉིད་མི་འགྱུར་བའོ༔ ཕྱག་མཚན་ནི༔ རྡོ་རྗེ་འདུས་མ་བྱས་པ༔ འཁོར་ལོ་ཉོན་མོངས་གཅོད་པ༔ རིན་པོ་ཆེ་ཡོན་ཏན་འབྱུང་བ༔ པདྨ་སྐྱོན་གྱིས་མ་གོས་པ༔ རྒྱ་གྲམ་མམ་རལ་གྲི་ནི་ཕྲིན་ལས་ཐོགས་པ་མེད་པའོ༔ དེ་བཞིན་དུ་རང་རང་གི་སྒྲུབ་ཐབས་གང་ཡིན་པའི་གཞུང་བཞིན་བྱས་པས་ཡོན་ཏན་འབྱུང་ངོ༔ གཉིས་པ་དོན་གྱི་རྣམ་དག་ནི༔ དེ་དག་ཀྱང་བདེན་དངོས་སུ་གྲུབ་པ་མེད་པས་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱའོ༔ དེས་ན༔ གདངས་མ་འགགས་པ་ལྷ་རུ་ལམ་མེ༔ གཤིས་མ་གྲུབ་པ་སྟོང་པར་ཆམ་མེ༔ ངོ་བོ་གསལ་སྟོང་གཉིས་མེད་དུ་ལྷང་ངེ༔ དེ་ལྟར་གཉིས་མེད་དུ་བསྒོམས་པས་ཚོགས་གཉིས་རྫོགས་ནས་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ༔ གསུམ་པ་ཀུན་བརྟགས་མཉམ་རྗེས་མེད་པར་ང་རྒྱལ་བརྟན་པ་ནི༔ གསལ་རུང་མི་གསལ་རུང་ལྷ་རང་ཡིན་ནོ་སྙམ་པའི་བསམ་པ་བྱ་ཞིང་ཐ་མལ་གྱི་སྣང་བ་མེད་པར་བྱའོ༔ དེས་ན་མཆོག་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཚེ་འདི་ཉིད་ལ་འབྱུང་བ་ནི་བསྐྱེད་པའི་རིམ་པ་ཡིན་པས་མེད་ཀ་མེད་ཡིན་ནོ༔ བསྐྱེད་རྫོགས་གཉིས་མེད་ཀྱི་དོན་ནི༔ ཀུན་རྫོབ་ལམ་དུ་བྱེད་པ་བསྐྱེད་རིམ༔ དོན་དམ་མངོན་དུ་བྱེད་པ་ལ་རྫོགས་རིམ༔ དེ་གཉིས་ཐ་དད་གཉིས་སུ་མེད་པས་བསྐྱེད་རྫོགས་དབྱེར་མེད་ཟུང་འཇུག་ཡིན་ནོ༔ དེ་ཡང་སྣོད་བཅུད་ཐམས་ཅད་གདངས་མ་འགགས་པར་གསལ་བ་ནི་གཟུགས་སྐུ༔ གཤིས་སྟོང་པར་གནས་པ་ནི་ཆོས་སྐུ༔ ངོ་བོ་ཅིར་ཡང་མི་རྟོག་པ་ནི་གཉིས་མེད་ཡིན་ཏེ༔ གདངས་གཟུགས་སྐུ་ཡིན་ཙམ་ན་གཤིས་ཆོས་སྐུ་ལས་འོས་མེད༔ གཤིས་ཆོས་སྐུར་གནས་པ་ལས་གདངས་གཟུགས་སྐུ་ལས་འོས་མེད༔ དེའི་གནད་ཀྱིས་དབྱེར་མེད་ལས་འདས་པ་མེད་དོ༔ གཉིས་པ་རྫོགས་རིམ་བསྟན་པ་ནི༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ ཞེས་པས༔ གཞི་སྟོང་པའི་གནས་ལུགས་སེམས་ཉིད་ཀྱི་བཞུགས་ཚུལ་ཤེས་བྱའི་གཤིས་དེ་དངོས་པོར་མ་སྐྱེས༔ དངོས་མེད་དུ་མ་འགགས༔ ཐ་དད་དུ་མ་གྲུབ་པའི་སྐྱེ་འགག་གཉིས་མེད་དོ༔ དེ་ཡང་དངོས་པོར་མ་སྐྱེས་པས་སྟོང་པ༔ དངོས་མེད་དུ་མི་འགགས་པས་རིག་པ༔ ཐ་དད་དུ་མ་གྲུབ་པས་གཉིས་མེད་དོ༔ དེས་ན་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ་སེམས་ནི་སྟོང་པ་ཉིད་དོ༔ དེ་ལ་ལྔ་སྟེ༔ རང་སྟོང་པ༔ ཡེ་སྟོང་པ༔ རང་བཞིན་གྱིས་སྟོང་པ༔ ཀུན་སྟོང་པ༔ མཉམ་པར་སྟོང་པའོ༔ དེ་ཡང་རང་སྟོང་པས་ཡུལ་མེད་པ་སྟེ་རྟག་པའི་ཆོས་སུ་མི་སྡོད་པ༔ ཡེ་སྟོང་པས་དུས་གློ་བུར་དུ་བྱུང་བ་མ་ཡིན་ཏེ་གདོད་མ་ནས་སྟོང་པ༔ རང་བཞིན་གྱིས་སྟོང་པས་སུས་ཀྱང་བྱས་པ་མ་ཡིན་ཏེ་གཤིས་རང་སྟོང་པ༔ ཀུན་སྟོང་པས་ཉི་ཚེའི་སྟོང་པ་མ་ཡིན་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད༔ མཉམ་པར་སྟོང་པས་རོ་གཅིག་སྟེ་བཟང་ངན་མེད་པའོ༔ མདོར་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཤིས་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུའོ༔ སྟོང་པ་དེ་ཉིད་ཀྱི་གདངས་འགག་མེད་དུ་འཆར་བས་ན་སྣང་བ་ཞེས་བྱ༔ དེ་ལའང་ལྔ་སྟེ༔ སྣང་ཚད་གཅིག་རང་སྣང་བས་གཞན་མ་ཡིན་པ༔ བཀག་པ་མེད་པས་ཟང་ཐལ་དུ་སྣང་བ༔ གཏད་སོ་མེད་པས་ཁ་ཡན་དུ་སྣང་བ༔ དུས་བཏབ་མེད་པས་ངེས་མེད་དུ་སྣང་བ༔ ཕྱོགས་གཅིག་ཏུ་མ་གྲུབ་པས་སྣ་ཚོགས་སྣང་བ་སྟེ༔ འབྲས་བུ་སངས་རྒྱས་པའི་དུས་ན་སྐུ་དང་ཡེ་ཤེས་ཡོན་ཏན་སྣ་ཚོགས་སུ་སྣང༔ ལམ་རྣལ་འབྱོར་པའི་དུས་ན་ཉམས་དང་ཏིང་ངེ་འཛིན་རྟོགས་པའི་བྱེ་བྲག་སྣ་ཚོགས་སུ་སྣང༔ རྒྱུ་སེམས་ཅན་གྱི་དུས་ན་རིགས་དྲུག་གི་སྣང་བ་ཐམས་ཅད་བདེ་སྡུག་སྐྱོན་ཡོན་སྣ་ཚོགས་སུ་སྣང་ངོ༔ མདོར་ན་གཤིས་ཅིར་ཡང་མ་ཡིན་པའི་གནད་ཀས་གདངས་ཅིར་ཡང་འཆར་བ་ནམ་མཁའི་ཆོ་འཕྲུལ་ལྟ་བུའོ༔ དེས་ན་སྟོང་པའི་གདངས་འགག་མེད་དུ་སྣང་ལ༔ སྣང་བའི་རང་བཞིན་སྟོང་པར་གནས་པས་སྣང་སྟོང་གཉིས་མེད༔ དེ་ཡང་སྣང་བའི་སྟེང་དུ་སྟོང་པ་སྤྱན་དྲངས་པའམ༔ སྟོང་པ་སྣང་བའི་ལྷ་ལ་བཏབ་པའི་གཉིས་མེད་མ་ཡིན་ཏེ༔ སྣང་བའི་རང་བཞིན་དབྱིངས་སྟོང་པ་ཉིད་དུ་ལྷང་ངེ༔ དབྱིངས་སྟོང་པའི་གདངས་དེ་ཀ་རིག་པ་འགག་མེད་ཀྱི་རོལ་པར་ཁྲ་ཤིག་གེ༔ སྟོང་པ་དབྱིངས་ཀྱི་ཆོས་ཉིད༔ གསལ་བ་ཡེ་ཤེས་ཀྱི་ཕོ་སྒོ༔ གཉིས་མེད་གཤིས་ཀྱི་གནས་ལུགས་སོ༔ ཡང་སྐྱེ་མེད་འགག་མེད་ཀྱི་སྟེང་དུ་བཀུག་པའམ༔ འགག་མེད་སྐྱེ་མེད་ཀྱི་ཟླ་ལ་བཏབ་པ་ལྟ་བུ་ནི་མ་ཡིན་ཏེ༔ སྐྱེ་འགག་གཉིས་མེད་སྐུ་གསུམ་དུ་ཀྲོང་ངེ༔ མདོར་ན་གཉིས་བསྡུས་ཐམས་ཅད་གཉིས་མེད་གཉུག་མ་ཆོས་སྐུའོ༔ དེ་ཡང་ཆུ་དང་འོ་མ་ལྟར་འདྲེས་པའམ༔ ཕྱེ་ཆུ་ལྟར་བསྲེས་པའི་གཉིས་མེད་མིན༔ ཡང་རྟོགས་པའམ་སྒོམ་པའམ་ཤེས་ནས་གཉིས་མེད་དུ་སོང་བ་ཡང་མ་ཡིན༔ ཡང་གཉིས་ཀ་མེད་པའམ༔ གཅིག་ཏུ་སོང་བའམ༔ བཟང་ངན་མེད་པས་གཉིས་མེད་ཀྱང་མིན་ཏེ༔ ཆོས་ཐམས་ཅད་ཀྱི་གཤིས་བབས་སམ་ཡིན་ཚུལ་ལམ་གནས་ལུགས་དེ་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་གནས་པས་དབྱེ་བ་བྱར་མེད༔ བྱར་མི་བཏུབ༔ བྱ་མི་ཤེས་པ་སྟེ༔ སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པ་སྟེ་གཉིས་མ་གྲུབ་པས་གཉིས་མེད་དོ༔ ཐོག་དེ་རུ་སོང་བ་ལ་གཉིས་མེད་རྟོགས་ཞེས་བྱའོ༔ རྟོགས་ལྡན་ཞེས་བྱའོ༔ གཤིས་ཐོག་ཏུ་སོང་བ་ཞེས་བྱའོ༔ མདོར་ན་གཤིས་ཅིར་ཡང་མ་གྲུབ༔ གདངས་ཅིར་ཡང་མི་འགགས༔ ངོ་བོ་ཅིར་ཡང་མི་རྟོག༔ མཚན་ཉིད་མཐའ་དང་བྲལ༔ དོན་ཐིག་ལེ་ཉག་གཅིག་ཅིར་ཡང་མ་ཡིན་པས་ཅིར་ཡང་འཆར་བ་ལ༔ ཅིར་ཡང་འཆར་བས་ཀ་ཅིར་ཡང་མ་ཡིན་པ་སྟེ༔ ནམ་མཁའ་དང་ཆོ་འཕྲུལ་དབྱེར་མེད་པ་བཞིན་ནོ༔ དེས་ན་སྟོང་པ་དང་སྣང་བ་འབྲལ་མ་མྱོང༔ སྣང་དང་སྟོང་པ་འབྲལ་མ་མྱོང༔ སྣང་བས་སྟོང་པ་མ་སྤངས༔ སྟོང་པས་སྣང་བ་མ་སྤངས་པའོ༔ དེ་ཡང་རང་སྣང་ངོ་ཤེས་པས་སྣང་བ་སེམས་སུ་ཐག་ཆོད་པ་མེད་འཛིན་ཆད་པ་ལས་གྲོལ་བའི་ལྟ་བ་ཀུན་རྫོབ་ཤེས་པའི་ཤེས་རབ༔ རང་སྟོང་རང་ངོ་ཤེས་ཏེ་སེམས་ཉིད་སྟོང་པར་ཐག་ཆོད་པ་ཡོད་འཛིན་རྟག་པ་ལས་གྲོལ་བའི་ལྟ་བ་དོན་དམ་ཤེས་པའི་ཤེས་རབ༔ ཟུང་འཇུག་རང་ངོ་ཤེས་ཏེ་སྣང་སྟོང་གཉིས་མེད་དུ་ཐག་ཆོད་པས་རྟག་ཆད་གཉིས་ལས་གྲོལ་བའི་ལྟ་བ་ཐ་མི་དད་ཤེས་པའི་ཤེས་རབ་བོ༔ དེ་ལ་རྒྱུ་དང་རྐྱེན་མེད་སུས་ཀྱང་མ་བྱས་པས་ན་རང་བྱུང༔ ཕྱོགས་གཅིག་ཏུ་མི་གནས་པས་མཐའ་ལས་འདས་པའོ༔ དེ་ནི་སྐྱེ་མེད་ཀྱི་ངོས་ནས་ཅིར་ཡང་མ་ཡིན་ཏེ༔ ཡིན་པ་མེད་པའི་ལྟ་བ༔ འགག་མེད་ཀྱི་ངོས་ནས་གང་ཡང་ཡིན་པས༔ མིན་པ་མེད་པའི་ལྟ་བ༔ གཉིས་མེད་ཀྱི་ངོས་ནས་ཡིན་མིན་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པའོ༔ དེས་ན་བཤད་པ་མཐའ་ལས་འདས་པར་བཤད༔ སྒོམ་པ་མཐའ་ལས་འདས་པ་སྒོམ༔ སྤྱོད་པ་མཐའ་ལས་འདས་པ་སྤྱོད༔ བསྔོ་བ་མཐའ་ལས་འདས་པ་བསྔོ༔ དེས་ན་མཐའ་ཡེ་བྲལ༔ སྐྱོན་ཡེ་དག༔ ཡོན་ཏན་ཡེ་རྫོགས༔ གཉིས་མ་གྲུབ་པས་གཉིས་མེད༔ ཟུང་མ་རྙེད་པས་ཟུང་འཇུག༔ མཐའ་མ་རྙེད་པས་མཐའ་བྲལ༔ བཟང་ངན་མེད་པས་ཀུན་ཏུ་བཟང་པོ༔ སྡིག་པ་མ་རྙེད་པས་དགེ་སྡིག་མེད༔ མཉམ་ཁད་མ༔ ཟང་ཡག་མ་ཡིན་ནོ༔ གསུམ་པ་ལྟ་བ་གོམས་པར་བྱེད་པ་སྒོམ་པ་ནི༔ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ ཞེས་པས༔ འདི་ལ་བཞི་སྟེ༔ སྒོམ་སྐྱེ་བའི་གནད༔ སྐྱེས་པ་རང་གི་ངོ་བོ༔ ཉམས་འཆར་ཚུལ༔ གོལ་ས་གཅད་པའོ༔ དང་པོ་ནི་གནད་གསུམ་སྟེ༔ འཕྲུལ་འཁོར་ལུས་ཀྱི་གནད༔ ལྟ་སྟངས་མིག་གི་གནད༔ གཞག་ཐབས་སེམས་ཀྱི་གནད་དོ༔ དང་པོ་ནི་གནས་དབེན་པར་མལ་བདེ་བ་སྟན་འབོལ་བའི་སྟེང་དུ་ལུས་ཀྱི་ཆོས་གསུམ་ནི༔ རྐང་པ་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ ལུས་པོ་ཡ་ཡོ་དང་དགྱེ་སྒུར་མེད་པར་རང་སོ་ལ་ཆམ་བཞག་གོ༔ དེས་སྒོམ་རང་བབས་སུ་ཡོང་ལ་འཕྲུལ་འཁོར་བཅའ་མ་ཤེས་ན་སྒོམ་མི་སྐྱེའོ༔ གཉིས་པ་ལྟ་སྟངས་མིག་གི་གནད་གསུམ་ནི༔ མིག་ཚམ་ཚུམ་མི་བྱ༔ ཁྱར་ཁྱུར་མི་བྱ༔ ལོགས་དང་ཟུར་དུ་མི་གཅུ་བར་ཐད་ཀའི་སོ་གཅིག་ལ་ཕུར་ཚུགས་སུ་གཏད་དོ༔ དེས་སྒོམ་རང་བབས་སུ་འོང་སྟེ་མིག་དང་ཤེས་པ་གནད་གཅིག་ཡིན་ནོ༔ ལྟ་སྟངས་མེད་ན་སྒོམ་མི་འཆར་རོ༔ གསུམ་པ་གཞག་ཐབས་སེམས་ཀྱི་གནད་གསུམ་ནི༔ དེ་ཐ་མལ་དུ་མ་ཡེངས༔ རྟོག་པར་མ་འགྱུས༔ ཡིད་ཀྱིས་བཟོ་མ་བྱས་པར་ཤེས་པ་རང་ལུགས་སུ་ཆམ་བཞག་གོ༔ དེས་སྒོམ་རང་བབས་སུ་འོང་ལ་ཡེངས་པ་དང་འགྱུས་ན་སྒོམ་མི་སྐྱེའོ༔ གཉིས་པ་སྐྱེས་པ་རང་གི་ངོ་བོ་ནི༔ དེ་ལྟར་གནད་ཀྱིས་གཅུན་པས་རང་ལུགས་སུ་བཞག་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་རང་སར་ཉལ་ཞི་ནས་སེམས་རང་སར་ལྷག་གི་གནས་པ་ཞིག་འོང༔ དེ་ཀ་ལ་ཞི་གནས་ཟེར༔ དེའི་གདངས་མ་འགགས་པར་ཡུལ་མེད་རང་གསལ་དུ་རྗེན་ནེ་ལྷང་ངེ་བ་ཞིག་འོང༔ དེ་ཀ་ལ་ལྷག་མཐོང་ཟེར༔ དེ་གཉིས་ཤེས་པ་སྐད་ཅིག་མའི་སྟེང་ན་དབྱེར་མེད་གཅིག་གི་ངོ་བོར་ཧྲིལ་གནས་པ་ཞིག་ཡོང༔ དེ་ཀ་ལ་ཞི་གནས་ལྷག་མཐོང་གཉིས་མེད་ཟེར་བ་ཡིན་ནོ༔ དེ་བློ་ཡུལ་དུ་བྱས་ན་གོ་བ༔ ཡུལ་མེད་དུ་ཉམས་སུ་མྱོང་ན་ཉམས༔ ཤེས་པ་ཉིད་དེའི་ངོ་བོར་ཧྲིལ་ལེ་འདུག་ན་རྟོགས་པ་ཡིན༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་བྱ་བ་དེ་ཡིན༔ དེ་བླ་མ་གདམས་ངག་ཆེ་ནས་བྱས་པ་མིན༔ སློབ་མ་ཤེས་རབ་ཆེ་ནས་བྱུང་བའང་མིན༔ གནས་ལུགས་སམ་གཤིས་ཐོག་ཏུ་ཕེབས་པ་བྱ་བ་ཡིན་ནོ༔ གསུམ་པ་ཉམས་འཆར་ལུགས་ནི༔ དེ་ལྟར་བསྒོམས་པས་བདེ་གསལ་མི་རྟོག་པའི་ཉམས་གསུམ་འཆར་ཏེ༔ རྣམ་པར་རྟོག་པ་དང་བྲལ་བའི་ཤེས་པ་ལ་མི་རྟོག་པ་ཞེས་བྱའོ༔ དེ་ལ་གསུམ༔ བསྒོམ་བྱ་སྒོམ་བྱེད་ཀྱི་ཞེན་སྣང་མེད་པས་བཟང་རྟོག་དང་བྲལ༔ རྣམ་རྟོག་ཕྲ་རགས་ཀྱི་རྒྱུན་ཆད་ནས་ངན་རྟོག་དང་བྲལ༔ རིག་པ་ཡུལ་མེད་དུ་རང་ངོ་ཤེས་པས་ལུང་མ་བསྟན་དང་བྲལ་བའོ༔ རྟོག་མེད་ཀྱི་ངང་ནས་རིག་པའི་རང་གདངས་མ་འགགས་པར་ཡེ་རེ་འདུག་པ་ནི་གསལ་བའོ༔ དེ་ལ་གསུམ་སྟེ༔ ཡུལ་མེད་དེ་རང་གསལ་བ༔ གློ་བུར་བྱུང་བ་མ་ཡིན་ཏེ་ཡེ་ནས་གསལ་བ༔ སུས་ཀྱང་མ་བྱས་ཏེ་རང་བཞིན་གྱིས་གསལ་བའོ༔ དེ་ལ་མི་མཐུན་པའི་འགལ་རྐྱེན་མེད་པས་བདེ་བའོ༔ དེ་ལ་གསུམ་སྟེ༔ མཚན་མའི་ཟུག་རྔུ་མེད་དེ་མཚན་མ་མེད་པའི་བདེ་བ༔ གཉིས་འཛིན་གྱི་ཞེན་སྣང་མེད་པས་གཉིས་སུ་མེད་པའི་བདེ་བ༔ དེ་ལ་རྒྱུ་རྐྱེན་མེད་པས་འདུས་མ་བྱས་ཀྱི་བདེ་བའོ༔ དེ་ལྟ་བུའི་ཉམས་སྐྱེས་པ་ལ་མ་ཆགས་པ་གསུམ་སྒོམ་པ་སྐྱོན་མེད་ཡིན་ཏེ༔ བདེ་བ་ལ་མ་ཆགས་པ་སྨྱོན་པ་ལྟ་བུའི་སྤྱོད་པ༔ གསལ་བ་ལ་མ་ཆགས་པ་བུ་ཆུང་གི་རྨི་ལམ་ལྟ་བུ༔ མི་རྟོག་པ་ལ་མ་ཆགས་པ་བརྟུལ་ཞུགས་མཐར་ཕྱིན་པའི་རྣལ་འབྱོར་པ་ལྟ་བུའོ༔ དེ་ལ་ཆགས་ན་སྲིད་པ་གསུམ་དུ་གོལ་ཏེ༔ བདེ་བ་ལ་ཆགས་ན་འདོད་ཁམས་སུ༔ གསལ་བ་ལ་ཆགས་ན་གཟུགས་ཁམས་སུ༔ མི་རྟོག་པ་ལ་ཆགས་ན་གཟུགས་མེད་དུ་གོལ༔ དེ་དག་ལ་མ་ཆགས་སྙམ་ཡང་ཆགས་སེམས་ཕྲ་མོ་འོང་ཞིང༔ མ་ཞེན་མནོ་ཡང་ཞེན་ཆོས་ཕྲ་མོ་ཡོད་པས༔ བཞི་པ་གོལ་ས་གཅད་ཅིང་སྐྱོན་བསལ་བ་ལ༔ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ༔ དེ་ཡང་འདོད་ཁམས་ཀྱི་རྣམ་རྟོག་སྤོང་བ་ལ་བསམ་གཏན་གྱི་སྙོམས་འཇུག་བཞི་སྟེ༔ གཟུང་འཛིན་གྱི་རྣམ་རྟོག་མེད་པ་ལས་བསྒོམ་བྱ་སྒོམ་བྱེད་ཀྱི་སྤྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ༔ རྟོག་པ་དང་དཔྱོད་པ་མེད་ལ་དགའ་བའི་ཏིང་འཛིན་གྱི་རོ་མྱོང་བའི་འཛིན་པ་དང་བཅས་པ་ནི་བསམ་གཏན་གཉིས་པ༔ སེམས་གཡོ་བ་མེད་ལ་དབུགས་དབྱུང་རྔུབ་དང་བཅས་པ་ནི་གསུམ་པ༔ རྣམ་རྟོག་ཐམས་ཅད་དང་བྲལ་བའི་གསལ་སྟོང་གོ་མ་འགགས་པ་ནི་བསམ་གཏན་བཞི་པའོ༔ གཟུགས་ཁམས་ཀྱི་རྣམ་རྟོག་སྤོང་བ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ༔ ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་མཉམ་པར་འཇོག་པ་ནི་ནམ་མཁའ་མཐའ་ཡས༔ རྣམ་པར་ཤེས་པ་མཐའ་ཡས་ཤིང་ཕྱོགས་མེད་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་མཉམ་པར་འཇོག་པ་ནི་རྣམ་ཤེས་མཐའ་ཡས༔ འདུ་ཤེས་ཀྱི་གསལ་རིག་ཡོད་པའང་མ་ཡིན་ཏེ་མེད་པའང་མ་ཡིན༔ བློས་བྱར་མི་བཏུབ་པ་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་མཉམ་པར་འཇོག་པ་ནི་ཡོད་མིན་མེད་མིན༔ སེམས་ནི་ཅིའི་ངོ་བོར་ཡང་མ་གྲུབ་སྟེ་མེད་ཅིང་སྟོང་པ་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་བློ་འཇོག་པ་ནི་ཅིར་ཡང་མ་གྲུབ་པའི་སྐྱེ་མཆེད་དོ༔ དེ་དག་བློས་བརྟགས་པ་དང་ཡིད་ཆགས་པ་དང༔ སེམས་ཀྱི་ཉོན་མོངས་པའི་དྲི་མ་བག་ཙམ་ཡོད་པ་ཐམས་ཅད་མི་རྟོག་པ་ལ་གནས་པ་འགོག་པའི་སྙོམས་པར་འཇུག་པ་སྟེ༔ ཚོགས་དྲུག་ཡུལ་ལ་འཇུག་པ་ནང་དུ་འགག་ཅིང༔ རླུང་སེམས་ཀྱི་འགྱུ་བ་རྒྱུན་ཆད་པ་ལ་ཇི་སྲིད་དུ་མཉམ་པར་བཞག་གི་བར་ལ་གནས་པ་སྟེ་ཞི་གནས་ཀྱི་ཏིང་ངེ་འཛིན་མཐར་ཐུག་པ་ཡིན་ལ༔ དེ་ཤེས་རབ་ཀྱིས་གསོས་བཏབ་ནས་མཉམ་པར་འཇོག་པ་ནི་སོ་སོར་བརྟགས་འགོག༔ གཤིས་ཀྱིས་གཞོལ་ཕྱོགས་དེར་སོང་བ་ནི་བརྟགས་མིན་གྱིས་འགོག་པའོ༔ དེ་ནི་དོན་དམ་པའི་ལུང་མ་བསྟན་ཏེ༔ དེ་ལྟར་སྙོམས་འཇུག་དགུ་པོ་དེ་ལས་བསམ་གཏན་གྱི་སྙོམས་འཇུག་བཞི་ནི༔ ལྷག་མཐོང་སྐྱེད་པར་བྱེད་པ་ཞི་གནས་ཏེ་བསམ་གཏན་བཞིའི་ཏིང་ངེ་འཛིན་ནོ༔ གཤིས་དང་མཐུན་ཞིང་འཇིག་རྟེན་པའི་ཏིང་ངེ་འཛིན་རྣམས་ཀྱི་ནང་ནས་མཆོག་གོ༔ གཟུགས་མེད་པའི་སྙོམས་འཇུག་བཞི་ནི༔ ཏིང་ངེ་འཛིན་གྱི་གོལ་ས་ཡིན་ནོ༔ འགོག་པའི་སྙོམས་འཇུག་བཞི་ནི༔ ཉན་ཐོས་བཞིའི་ཏིང་ངེ་འཛིན་ནོ༔ དེ་ལྟར་དེ་རྣམས་ངོ་ཤེས་པས་ཏིང་ངེ་འཛིན་གྱི་བྱེ་བྲག་ཕྱེད་ཅིང༔ རང་གི་སྒོམ་པ་དེ་ལ་དེ་དག་གི་སེལ་དང་གོལ་ས་མི་འབྱུང་བ་ཡིན་ནོ༔ དེ་ལྟར་གོལ་ས་རེ་དོགས་བཅད་ནས་སྒོམ་སྐྱོན་མེད་དུ་ཉམས་སུ་བླངས་པས༔ མཉམ་བཞག་ལ་དེ་ལྟར་བདེ་གསལ་མི་རྟོག་པ་གསུམ་དུ་སིང་ངེ་ཡེར་རེ་གནས༔ རྗེས་ཐོབ་ལ་སྣང་བ་བཀྲ་གསལ་རྨི་ལམ་སྒྱུ་མ་ལྟ་བུ་བུན་ལོང་འཆར༔ རྒྱུ་འབྲས་ཀྱི་དེ་ཉིད་ཤེས༔ བསོད་ནམས་ཀྱི་བྲེ་ཁ་ཁེངས༔ ཏིང་ངེ་འཛིན་གྱི་དྲོད་ཐོབ་ཏེ༔ དེས་ཚོགས་ལམ་མཐར་ཕྱིན༔ མོས་སྤྱོད་ཀྱི་ས་ལ་སླེབས་པ་ཡིན་ནོ༔ དེ་ཡུན་རིང་དུ་བསྒོམས་པས་རང་གིས་རང་ལ་ཡོད་པའི་དོན་ཡུལ་མེད་རང་གསལ་མངོན་སུམ་དུ་མཐོང་ཞིང་རང་ངོ་ཤེས་པ་ནི་མཐོང་ལམ་སྟེ༔ སྣང་རིག་སྟོང་གསུམ་ཡུལ་མེད་དུ་གསལ༔ ཆོས་ཉིད་ཟག་པ་མེད་པའི་དོན་མངོན་སུམ་དུ་མཐོང༔ ཉོན་མོངས་པའི་སྒྲིབ་པ་རྩ་བ་ནས་ཟད༔ རྒྱུ་འབྲས་སྟོང་པར་རྟོགས་ཏེ་འཁོར་བ་རང་རྒྱུད་མེད་པ་དང་པོ་རབ་ཏུ་དགའ་བའི་ས་སྟེ༔ མཉམ་བཞག་སངས་རྒྱས་སུ་མཚུངས་པ༔ རྗེས་ཐོབ་སྒྱུ་མ་ལྟ་བུར་འཆར་རོ༔ དེ་གོམས་ཤིང་བརྟན་པར་བསྐྱངས་པས་གཉིས་ཆོས་ཐམས་ཅད་གཉིས་མེད་དུ་སོང༔ རང་སྣང་རང་ངོ་ཤེས་པས་སྣང་སེམས་གཅིག་ཏུ་འདྲེས༔ སྟོང་པ་རྒྱུ་འབྲས་སུ་ཤར་བས་རྟེན་འབྲེལ་མངོན་དུ་གྱུར་ཏེ༔ མཉམ་བཞག་ལ་ཆོས་ཐམས་ཅད་ཡུལ་མེད་རིག་པའི་ངོ་བོར་གསལ༔ རྗེས་ཐོབ་ལ་སྣང་ཡུལ་བག་ཙམ་ཡོད་པ་ནི་བསྒོམ་ལམ་མོ༔ དེ་རྒྱུན་བསྲིངས་པས་འཁོར་འདས་ཐམས་ཅད་ལ༔ སྐྱེ་འགག་གཉིས་མེད༔ མ་འདྲེས་ཡོངས་རྫོགས༔ ཡུལ་མེད་རང་གསལ་མངོན་དུ་གྱུར་པས་ཤེས་སྒྲིབ་གཏན་ནས་མེད་དེ༔ ཐམས་ཅད་ཡེ་ཤེས་སུ་འཆར་བའི་སྐད་ཅིག་མ་དེ་མཐར་ཕྱིན་གྱི་ལམ་སྟེ་སངས་རྒྱས་ཀྱི་སའོ༔ བཞི་པ་སྒོམ་པ།་་་དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་སྤྱོད་པ་བསྟན་པ་ནི༔ སོ་སྤྱི་བོགས་གསང་ཡང་དག་ཁོ་ན་སྤྱོད༔ ཅེས་པས༔ དེ་ལ་གསུམ་སྟེ༔ དང་པོ་ལམ་གྱི་སོ་ཟུག་པ་ལ་ཐུན་མོང་སྤྱིའི་སྤྱོད་པ༔ བར་དུ་དེ་ལ་བོགས་འདོན་པ་ལ་བརྟུལ་ཞུགས་གསང་བའི་སྤྱོད་པ༔ ཐ་མ་ཡང་དག་དེ་ཁོ་ན་ཉིད་མཐར་ཕྱིན་པའི་སྤྱོད་པའོ༔ དང་པོ་ལམ་གྱི་སོ་ཟུག་པ་ཐུན་མོང་སྤྱིའི་སྤྱོད་པ་ནི༔ མི་ཚེ་ཐམས་ཅད་རྗེས་ལ་སྐྱེལ་ཞིང༔ རྗེས་ནི་སྤྱོད་པ་ཁོ་ན་ཡིན་པས་སྤྱོད་པ་ནི་གལ་ཤིན་ཏུ་ཆེ་སྟེ༔ ལྟ་བ་མཐོན་པོ་བློ་ཡུལ་དུ་གོ་ཡང༔ སྤྱོད་པ་དོན་དང་མི་མཐུན་ན་ལམ་ལོག༔ སྒོམ་པ་བཟང་པོ་སྐྱེས་ཀྱང་རྗེས་སྤྱོད་དེ་བཞིན་མ་བསྐྱང་ན་ཡལ་འགྲོ༔ དེས་ན་རྒྱུ་འབྲས་ཀྱི་གནད་གོ་བར་བྱ་སྟེ་དཀར་ནག་གི་ལས་ཤིན་ཏུ་ཕྲ་བ་ནས་འདོར་ལེན་བྱ༔ དེ་ནི་ཡང་དག་པའི་ལམ༔ ཤེས་བྱའི་དེ་ཁོ་ན་ཉིད༔ སངས་རྒྱས་བསྟན་པའི་ངོ་བོ་ཡིན་ཏེ༔ སྡིག་པ་ཅི་ཡང་མི་བྱ་སྟེ༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་འདུལ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ ཞེས་པའི་དོན་ནོ༔ དེས་ན་མི་ལུས་ཐོབ་ནས་དམ་པའི་ཆོས་ཚུལ་བཞིན་དུ་བྱེད་ན༔ ལུས་ངག་ཡིད་གསུམ་ཐ་མལ་དུ་སྐད་ཅིག་ཀྱང་འཆོར་ཐབས་མེད་པས༔ ཉིན་མོ་ཤེས་པ་བཟོ་མེད་ཚོགས་དྲུག་ལྷུག་པ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླང༔ ནུབ་མོ་ཤེས་པ་སྤྲོ་བསྡུ་མེད་པར་བློ་རྟོག་མེད་ཀྱི་ངང་ལ་གཉིད་དང་ཆོས་ཉིད་བསྲེས་ལ་ཉལ༔ རྨི་ལམ་གྱི་འཁྲུལ་སྣང་ཡང་དག་པའི་ལམ་དུ་སྦྱངས༔ དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སམ་བསྐྱེད་རྫོགས་ལ་སོགས་པ་གང་ལ་གོམས་པར་སྦྱང་ངོ༔ ནངས་ནུབ་ཐུན་གཏོར་དང་རྒྱུན་གཏོར་མ་ཆག་པ་གཏང༔ བདུན་རྣམ་དག་བྱ་ཞིང་ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཡི་གེ་བརྒྱ་པས་སྡིག་པ་བཤགས༔ རྒྱུ་འབྲས་ཀྱི་གནད་བལྟེམས༔ དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ༔ འཁོར་བའི་ཉེས་དམིགས་བསྒོམ༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱང༔ བསྐྱེད་པའི་རིམ་པ་སྣང་སྲིད་ལྷའི་དཀྱིལ་འཁོར་བསྒོམ༔ རྫོགས་པའི་རིམ་པ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་གཉིས་མེད་ཆེན་པོའི་ངང་ལ་གཞག༔ མཇུག་དགེ་བའི་རྩ་བ་བསྔོ༔ དེ་ལྟར་བྱེད་པ་ནི་ཐེག་པ་སྤྱི་དང་ཚུལ་མཐུན༔ ཡང་དག་པའི་ལམ་དུ་འགྲོ་སྟེ་ལམ་གྱི་སོ་ཚུགས་འགྲོ་བ་ཡིན་ནོ༔ གཉིས་པ་བར་དུ་བོགས་འདོན་བརྟུལ་ཞུགས་གསང་བའི་སྤྱོད་པ་བསྟན་པ་ནི༔ གོང་ལྟར་བྱས་ཏེ་ལམ་གྱི་སོ་ཚུགས༔ ཉམས་དང་གོ་བ་སྐྱེས༔ ཡིན་ལུགས་ལྟ་བའི་གདེང་བག་ཙམ་རྙེད་པ་དང༔ ལམ་དེ་ཉིད་ལ་བོགས་འདོན་ཅིང་རྟོགས་པ་དྲེས་ཐག་གཅད་པའི་ཕྱིར་གསང་སྤྱོད་ཉམས་སུ་བླང་ངོ༔ དེ་ཡང་རང་སྒོམ་པ་གལ་ཆེ་ཞིང་ཉམས་ལེན་བརྟན་པ་གཅིག་གི་སྒོ་ནས་གཅད་ཅིང་ཉམས་སུ་བླང་ངོ༔ ཐེག་པ་ཆེན་པོའི་ཉམས་ལེན་ཚུལ་བཞིར་འདུས་ཏེ༔ མཚན་ཉིད་ལྟར་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བ་དང༔ ཡུལ་ཐམས་ཅད་བརྫུན་པར་ཤེས་པའི་ལྟ་བའོ༔ སྔགས་ལྟར་ན་བསྐྱེད་པའི་རིམ་པ་ལྷའི་འཁོར་ལོ་དང༔ རྫོགས་པའི་རིམ་པ་གཉིས་མེད་མཐའ་བྲལ་གྱི་ལྟ་བའོ༔ དང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱང་བ་ནི༔ རང་བྱང་ཆུབ་སེམས་ལ་བློ་འབྱོངས་ནས་སེམས་ཅན་ཐམས་ཅད་ཕ་མར་ཤེས་ན་དེས་གཅད་དེ༔ འདྲེར་འཛིན་གྱི་རྣམ་རྟོག་དང་བདག་འཛིན་གྱི་ལྟོས་ཐག་གཅད་ཅིང་བྱང་སེམས་ཀྱི་ཤུགས་ཕྱིན་པའི་ཕྱིར་གཉན་སར་ཕྱིན་ཏེ༔ དེ་ཡང་ས་དམིགས་སམ་གང་འཇིགས་འཇིགས་འདྲ་བ་གཅིག་ཏུ་མལ་བཅས་ལ༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ༔ བླ་མ་ལ་གསོལ་བ་གདབ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ དེ་ནས་གནས་བདག་དེ་ཉིད་ཀྱིས་གཙོར་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་དུང་དུང་པ་ཡུན་རིང་དུ་བསྒོམ༔ དེ་ནས་དོན་དམ་བྱང་སེམས་ཀྱི་སེམས་ལ་ལྷ་འདྲེ་གཉིས་མེད་སྤྲོས་བྲལ་བདེ་བ་ཆེན་པོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ལ་ཉལ་ལ་བསྡད༔ དེ་ལ་འཇིགས་པ་དང་ཉམ་ང་བ་ལ་སོགས་པ་རྣམ་རྟོག་བྱུང་ན༔ ཤེས་པ་ཁྲིམས་སྒྲིམས་ཆུན་བཅུན་ལ༔ འཇིགས་ཤིང་ཡ་ང་བ་འདི་སེམས་ཅན་ཕ་མར་མ་ཤེས་པར༔ འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་ཏེ་དེའི་རང་གཟུགས་ཤར་བ་ཡིན་པས༔ ཁྱོད་ཀྱི་སྔར་གྱི་བྱང་ཆུབ་ཀྱི་སེམས་དེ་ནི་ཁ་ཚིག་དང་གོ་ཡུལ་ལས་མི་འདུག་པས༔ དེས་དོན་མི་འགྲུབ་སྙམ་དུ་ཆུན་བཅུན་ཏེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུང་པ་སྒོམ་ལ༔ གཞི་བདག་དེས་གཙོར་བྱས་པའི་ལྷ་འདྲེ་ཐམས་ཅད་ལ་ལུས་ལྟོས་མེད་ཀྱི་སྦྱིན་པ་ལིང་བཏང་ལ༔ ཤ་ཁྲག་ལྷ་བ་རྐང་ཇི་ལྟར་དགའ་བ་ལྟར་ཁྱེར་སྙམ་ལ་བློས་ལིང་བཏང་ལ༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ལྷན་བཞག་གོ༔ དེ་བཞིན་དུ་འདྲེར་འཛིན་དང་ལྷ་འདྲེའི་རྣམ་རྟོག་བྱུང་མ་ཐག་རང་གི་བྱང་ཆུབ་སེམས་ལ་ལྟེམ་རྐྱང་བྱུང་ནས་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་པའི་རང་གཟུགས་ཡིན་སྙམ་དུ་བསམས་ཤིང༔ ལུས་ལྟོས་མེད་ཀྱི་སྦྱིན་པ༔ སེམས་བྱམས་སྙིང་རྗེ་ལ་ལྷན་ལྷན་བཞག་གོ༔ མངོན་སུམ་ལ་སོགས་པར་བྱུང་ན་དེ་ཉིད་ཀྱི་ཕང་དུ་མཆོངས་ཤིང་ཁ་ནང་དུ་ཕྱིན་ཏེ་ལུས་ལྟོས་མེད་ཀྱི་སྦྱིན་པ་གཏང༔ སེམས་བྱམས་སྙིང་རྗེ་དང་མི་འབྲལ་བར་བྱ༔ མཇུག་སྨོན་ལམ་གདབ་ཅིང་དགེ་བའི་རྩ་བ་ཡོངས་སུ་བསྔོའོ༔ དེ་ནས་རང་གི་འདྲེར་འཛིན་གྱི་རྣམ་རྟོག་རྒྱུན་ནམ་ཆད་ཙ་ན༔་་་རྣམ་རྟོག་ཆོམ་པ་དང་འདྲེ་ཐུལ་བ་དུས་གཅིག་འོངས། འདྲེར་སྣང་དང་ཆོ་འཕྲུལ་ཞི་ནས་གནས་བདག་དེ་ཉིད་རང་གི་དབང་དུ་གྱུར་ཏེ་དགྲ་ཐུལ་བ་དང་གནངས་ལོན་པ་དུས་གཅིག་འོང་ངོ༔ སེམས་ཅན་ཕ་མར་ཤེས་པས་འདྲེར་འཛིན་གྱི་རྟོག་པ་མི་སྐྱེ༔ དེ་སྐྱེས་ན་ཕ་མར་མ་ཤེས་པ་ཡིན་པས་ད་རུང་ཕ་མའི་བློ་སྦྱང༔ གཉིས་པ་ཡུལ་ཐམས་ཅད་བརྫུན་པར་ཤེས་ཤིང་སྣང་ཚད་རྨི་ལམ་སྒྱུ་མར་ཤེས་པའི་ལྟ་བ་དེས་གཅད་དེ༔ དེའང་འདྲེར་འཛིན་གྱི་རྣམ་རྟོག་དང་སྣང་བ་བདེན་དངོས་སུ་འཛིན་པའི་ཞེན་སྣང་བཅད་ཅིང་རྫུན་སྣང་གིས་ལྟ་བ་ལ་བོགས་དབྱུང་བའི་ཕྱིར་གང་གཉན་པའི་སར་ཕྱིན་ལ༔ སྐྱབས་འགྲོ་བྱ༔ གསོལ་བ་གདབ༔ སེམས་བསྐྱེད་ལ༔ ཀུན་རྫོབ་ཏུ་ཡུལ་ཐམས་ཅད་རྫུན་པ༔ བློ་ཐམས་ཅད་འཁྲུལ་པ༔ སྣང་བ་འདི།་་་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས༔ དོན་དམ་པར་ཅིར་ཡང་མ་གྲུབ་པ་སྤྲོས་བྲལ་སྟོང་པའི་ངང་ལ་ཉལ་ཏེ་བསྡད་དོ༔ དེ་ལ་འཇིགས་པ་དང་ཉམ་ང་བ་དང་བག་ཚ་བ་ལ་སོགས་པ་བྱུང་ན་ཤེས་པ་ཆུན་གཅུན་ལ༔ འཇིགས་ཤིང་ཉམ་ང་བ་འདི༔ ཡུལ་ཐམས་ཅད་ནི་བརྫུན་ཞིང་བློ་ཐམས་ཅད་འཁྲུལ་པ༔ སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་མ་ཤེས་པར་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་ཏེ་དེའི་རང་གཟུགས་ཤར་པ་ཡིན་པས༔ ཁྱོད་ཀྱི་བདེན་མེད་ཀྱི་ལྟ་བ་དེ་ནི་ཁ་ཚིག་དོན་སྤྱི་བློ་ཡུལ་གོ་བ་ཙམ་ལས་མི་འདུག་པས༔ འདིས་ཡང་དག་པའི་དོན་མི་འགྲུབ་སྙམ་དུ་ཤེས་པ་ཆུན་གཅུན་ཏེ་གྲུང་བཏོན་ལ་བདེན་མེད་སྒྱུ་མ་ལྟ་བུའི་ངང་དུ་ལིང་བཞག་གོ༔ དེ་བཞིན་དུ་འདྲེར་འཛིན་གྱི་རྣམ་རྟོག་དང་ཆོ་འཕྲུལ་ལ་སོགས་པ་བྱུང་མ་ཐག་ཏུ༔ བདེན་མེད་ཀྱི་དོན་མ་ཤེས་པར་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་པའི་རང་གཟུགས་ཤར་བ་ཡིན་སྙམ་དུ་བསམ་གྱིན༔ བདེན་མེད་སྒྱུ་མ་ལྟ་བུ་ལ་ངོས་ཙིར་ཙིར་བཟུང་ངོ༔ མངོན་སུམ་ལ་སོགས་པར་བྱུང་ན་བདེན་མེད་ཀྱི་དོན་ཤེས་པར་བྱས་ལ་དེ་ཉིད་ཀྱི་ཕང་དུ་ཕྱིན་པས་མེད་སྣང་དུ་ཟང་ཐལ་འགྲོའོ༔ དེ་ནས་ཡུལ་ཐམས་ཅད་བརྫུན་པར་ཤེས་ཤིང༔ རང་གི་འདྲེར་འཛིན་གྱི་རྣམ་རྟོག་རྒྱུན་ནམ་ཆད་ཙམ་ན༔ ཆོ་འཕྲུལ་རང་ཞིར་འགྲོ་སྟེ༔ ཕོག་འགྱེལ་དུས་གཅིག་ཡོང་ངོ༔་་་རྟོག་པ་སངས་པ་དང་འདྲེ་ཟད་པ་དུས་གཅིག་འོངས། གསུམ་པ་རང་ལ་བསྐྱེད་རིམ་བརྟན་པོ་ཡོད་ཅིང་སྣང་བ་ལྷ་སྐུར་འཆར་ན་དེས་གཅད་དེ༔ དེའང་འདྲེར་འཛིན་གྱི་རྣམ་རྟོག་དང་སྣོད་བཅུད་ལྷ་རུ་འཛིན་པའི་ཞེན་སྣང་གཅད་ཅིང་བསྐྱེད་རིམ་ལ་བོགས་དབྱུང་བའི་ཕྱིར་གང་གཉན་སར་ཕྱིན་ལ༔ སྐྱབས་འགྲོ་བྱ༔ གསོལ་བ་འདེབས༔ སེམས་བསྐྱེད་བྱ༔ དེ་ནས་གནས་དེ་གཞལ་ཡས་ཁང་དུ་བསྒོམ༔ གཞི་བདག་དེས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཡི་དམ་ལྷ་རུ་བསྒོམ༔ ངག་དེའི་སྔགས་བཟླས་ཤིང་ཤེས་པ་གྲུང་བཏོན༔ རིག་པ་ངར་བསྐྱེད་ལ་དེ་ལྟར་ཡུན་རིང་དུ་བསྒོམ༔ དེ་ནས་དོན་དམ་སྟོང་ཉིད་གནད་ཀྱིས་ཟིན་པར་བྱ་སྟེ༔ སྣང་ལ་རང་བཞིན་མེད་པའི་ངང་ལ་ཉལ་ལོ༔ དེར་ཉམ་ང་བ་དང་འཁུ་འཁྲིག་གི་རྣམ་རྟོག་བྱུང་ན༔ ཤེས་པ་རྩེ་གཅིག་ཏུ་ཧྲིལ་བཏང་ལ་འཇིགས་ཤིང་ཉམ་ང་བའི་འདྲེར་སྣང་འདི༔ སྣང་བ་ཡི་དམ་དུ་མ་ཤེས་པར་འདྲེ་གདོན་དུ་འཛིན་པའི་རྟོག་པ་སྐྱེས་ཡོད་པས་དེའི་རང་གཟུགས་ཤར་པ་ཡིན༔ ཁྱོད་ཀྱི་བསྐྱེད་རིམ་དེ་ཚིག་དང་གོ་བ་བློ་ཡུལ་ལས་མི་འདུག༔ དེས་སངས་གང་དུ་རྒྱ་སྙམ་དུ་བསམ་སྟེ་ཤེས་པ་ཕྱོགས་གཅིག་ཏུ་ཧྲིལ་བཏང་ལ༔ རང་གཞན་ཐམས་ཅད་ཡི་དམ་ལྷ་རུ་ལམ་བསྒོམས་ཏེ༔ རང་གི་ཐ་མལ་གྱི་ལུས་འདི་བདུད་རྩིར་བྱིན་གྱིས་བརླབས་ལ་གནོད་བྱེད་ཀྱི་གཙོར་བྱས་པ་ཐམས་ཅད་ལ་འབུལ་ལོ༔ དེ་ནས་གཉིས་མེད་སྤྲོས་བྲལ་གྱི་ངང་ལ་ཆམ་བཞག་གོ༔ དེ་བཞིན་དུ་འདྲེར་སྣང་དང་ཆོ་འཕྲུལ་ལ་སོགས་པ་བྱུང་མ་ཐག༔ སྣང་བ་ལྷའི་སྐུའི་དོན་མ་རྟོགས་པར་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་པའི་རང་གཟུགས་ཡིན་སྙམ་དུ་བསམ་གྱིན་ལྷ་རུ་ཡེར་བསམ༔ ལུས་ཚོགས་སུ་དབུལ༔ མངོན་སུམ་དུ་བྱུང་ན་རང་གཞན་གཉིས་ཀ་ཡི་དམ་ཡིན་པའི་གནད་ཤེས་པར་བྱས་ལ༔ ཡི་དམ་ནང་མཇལ་བ་རེ་དགའ་སྙམ་དུ་བསམ་གྱིན་ཕང་དུ་འཁྱུད༔ ཞལ་ནང་དུ་ཕྱིན་ལ༔ ཐ་མལ་གྱི་ལུས་འདི་ཚོགས་སུ་དབུལ་ལོ༔ དེ་ནས་སྣང་བ་ལྷ་རུ་ཤེས་ཤིང་འདྲེ་རྟོག་རྒྱུན་ནམ་ཆད་ཙ་ན༔ ཆོ་འཕྲུལ་རང་ཞིར་འགྲོ་ཞིང་གཞི་བདག་དེ་དབང་དུ་འདུའོ༔ བཞི་པ་རང་ལ་རྫོགས་རིམ་གྱི་ལྟ་བ་ཡོད་ཅིང་གཉིས་མེད་མཐའ་བྲལ་གྱི་དོན་གོ་བའི་ལྟ་བ་ཡོད་ན་དེས་གཅད་དེ༔ དེ་ཡང་ཉམ་ང་བ་དང་བག་ཚ་བ་འདྲེར་འཛིན་གྱི་རྟོག་པ་ལ་སོགས་པ་གཅད་ཅིང༔ རྫོགས་རིམ་གཉིས་མེད་ཀྱི་དོན་ལ་བོགས་དབྱུང་བའི་ཕྱིར་གཉན་སར་ཕྱིན་ལ༔ སྐྱབས་འགྲོ་དང༔ སེམས་བསྐྱེད་དང༔ གསོལ་འདེབས་བྱ༔ དེ་ནས་ལུས་སེམས་གཉིས་མེད༔ རང་གཞན༔ དགྲ་གཉེན༔ ལྷ་འདྲེ༔ མདོར་ན་གཉིས་ཆོས་གང་ཡང་མེད་པར་གཉིས་མེད་ཀྱི་ངང་ལ་ཆམ་བཞག་ལ་དེའི་རྒྱུན་མ་ཡེངས་པར་སྐྱོང་ངོ༔ དེ་ལ་ཆོ་འཕྲུལ་དང་འདྲེ་རྟོག་བྱུང་ན༔ རང་གི་ཤེས་པ་རྩེ་གཅིག་ཏུ་མ་སོང་བར་འདྲེ་རྟོག་སྐྱེས་པའི་རང་གཟུགས་ཤར་པ་ཡིན་སྙམ་དུ་བསམས་ལ༔ གཉིས་མེད་རྩེ་གཅིག་ཏུ་ཧྲིལ་གཏོང་ངོ༔ དེ་བཞིན་འདྲེར་རྟོག་ནམ་སྐྱེས་མ་ཐག་གཉིས་མེད་དུ་ཡེར་ཡེར་བཞག་གོ༔ མངོན་སུམ་དུ་བྱུང་ན་ཤེས་པ་གཉིས་མེད་རྩེ་གཅིག་ཏུ་ཧྲིལ་བཏང་ལ༔ ལྟ་བ་ལ་བོགས་དབྱུང་ཞིང་གཉིས་མེད་ཀྱི་དོན་སྦྱངས་སུ་བྱུང་བ་རེ་དགའ་སྙམ་དུ་བསམ་ནས་ཕང་དུ་ཕྱིན་པས༔ གཞི་མེད་རྩ་བྲལ་སྟོང་ཉིད་ཟང་ཐལ་དུ་འགྲོ་སྟེ༔ དོན་ལ་བདེན་པར་མ་གྲུབ་པའི་གནད་ཀས་སོ༔ དེ་ནས་རང་ལ་གཉིས་མེད་ཀྱི་དོན་སྐྱེས་ནས༔ གཉིས་སྣང་དང་འདྲེར་འཛིན་གྱི་རྣམ་རྟོག་རྒྱུན་ནམ་ཆད་ཙ་ན་ཕྱི་རོལ་གྱི་ཆོ་འཕྲུལ་རང་ཞིར་འགྲོ༔ གཉིས་མེད་ཀྱི་རྟོག་པ་ནམ་སྐྱེས་ཙ་ན་གདོན་བགེགས་དེ་དབང་དུ་འདུ་བ་ཡིན་ཏེ༔ སྣང་སེམས་རྟེན་འབྲེལ་གཅིག་ཡིན་པའི་གནད་ཀས་སོ༔ དེ་ན་རང་གནས་ཙ་ན་བདུད་ཀྱང་གནས༔ རང་ཞི་ཙ་ན་བདུད་ཀྱང་ཞི༔ རང་གྲོལ་ཙ་ན་བདུད་ཀྱང་གྲོལ༔ རང་འདུས་ཙ་ན་བདུད་ཀྱང་འདུས་པ་ཡིན་ཏེ༔ དེས་ན་ལོ་གསུམ་བསྒོམས་པ་བས་གཉན་ས་གཅིག་ཆོད་པ་བོགས་ཆེ་བ་ཡིན་ནོ༔ གསང་སྤྱོད་དེ༔ འདྲེ་གདོན་ཁོ་ན་གཅིག་པུ་ལ་མ་ཡིན་ཏེ༔ དགྲ་གཉེན་དགག་སྒྲུབ༔ མཛེ་རིམས་ལྷོག་པ་ལ་སོགས་པ་ཉམ་ང་བ་ཐམས་ཅད་དམ༔ མི་གཙང་མི་སྡུག་པ་ལ་སོགས་པ་སྐྱུག་བྲོ་བ་ཐམས་ཅད་དམ༔ ཉམས་དམའ་ཤེད་ཆུང་ངོ་ཚ་ལ་སོགས་པ་བག་ཚ་བ་ཐམས་ཅད་དམ༔ མདོར་ན་ཉོན་མོངས་རྣམ་རྟོག་སྐྱེས་ཚད་ལ་གོང་བཞིན་གཏང་ངོ༔ གསུམ་པ་ཐ་མ་ཡང་དག་དེ་ཁོ་ན་ཉིད་མཐར་ཕྱིན་པའི་སྤྱོད་པ་ནི༔ དེ་ལྟར་ཐུན་མོང་སྤྱིའི་སྤྱོད་པས་ལམ་གྱི་སོ་ཚུགས༔ བརྟུལ་ཞུགས་གསང་བའི་སྤྱོད་པས་བོགས་ཐོན་ཏེ་ལྷ་འདྲེ་གཉིས་མེད༔ གཙང་བཙོག་གཉིས་མེད༔ མདོར་ན་གཉིས་འཛིན་གྱི་མདུད་པ་གྲོལ༔ བཟང་ངན་གྱི་འདོར་ལེན་ཟད༔ ཐེ་ཚོམ་དང་སྒྲོ་འདོགས་ཆོད༔ ཁྲིགས་ཆ་དང་གཟའ་གཏད་མེད༔ སྤང་སྒྲུབ་དང་ཞེན་སྣང་མེད་དེ༔ འཁོར་འདས་ཀྱི་དཀྱིལ་འཁོར་འདི་ཐམས་ཅད་གཉིས་མེད་ཡེ་ཤེས་ཀྱི་རྦ་ཀློང་གཅིག་ཏུ་ཆམ་གྱིས་སོང་ནས༔ གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོའི་ངོ་བོར་རྗེན་ནེ༔ དེ་ཙ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལྕགས་ཀྱུ་ཁྱེར་ནས་བྱུང་ཡང་ཉམ་ང་བ་དང་བག་ཚ་བ་མེད༔ སངས་རྒྱས་རྡོ་རྗེ་སེམས་དཔའ་བྱོན་ཀྱང་ཐེ་ཚོམ་དང་སྒྲོ་འདོགས་གཅད་རྒྱུ་མི་གདའ་འོ༔ དེ་ཀ་ལ་ཡང་དག་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་ཞེས་བྱའོ༔ དེས་ན་སྤྱོད་པ་འདི་ནི་གནས་ལུགས་ཀྱི་སོ་ཚུགས༔ ལྟ་བའི་བོགས་འདོན༔ ཉམས་ལེན་གྱི་བྲེ་སྲང༔ འབྲས་བུ་མཐར་འདོན་པའི་ཆོས་ཤིན་ཏུ་ཟབ་པ་ཡིན་ནོ༔ ལྔ་པ་དེ་དག་ལས་མི་འདའ་བར་བྱེད་པ་དམ་ཚིག་བསྟན་པ་ནི༔ མཉམ་རྗེས་བཟའ་བཅང་བསྲུང་བའི་དམ་ལྔ་དབོག༔ ཅེས་པས༔ དབང་བཞི་ཀ་ལ༔ མཉམ་གཞག༔ རྗེས་ཐོབ༔ བཟའ་བ༔ བཅང་བ༔ བསྲུང་བའི་དམ་ཚིག་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་དབོག་ཞེས་པའོ༔ དང་པོ་བུམ་དབང་གི་མཉམ་གཞག་གི་དམ་ཚིག་བསྐྱེད་རིམ་སྒོམ་པ༔ རྗེས་ཐོབ་ཀྱི་དམ་ཚིག་ལྷ་དང་མི་འབྲལ་ཞིང་ལུས་ངག་ཐ་མལ་དུ་མི་འཁྲུལ་བ༔ བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ལ་རོལ་པ༔ བཅང་བའི་དམ་ཚིག་རྡོ་རྗེ་དྲིལ་བུ་མི་འབྲལ་བ༔ བསྲུང་བའི་དམ་ཚིག་སྣོད་བཅུད་གཞལ་ཡས་ལྷ་རུ་ཤེས་པའོ༔ གཉིས་པ་གསང་དབང་ལ་མཉམ་གཞག་གི་དམ་ཚིག་གཏུམ་མོ་ཙཎྜ་ལཱི་སྒོམ་པ༔ རྗེས་ཐོབ་ཀྱི་དམ་ཚིག་རྗེས་སྤྱོད་ཐམས་ཅད་གཏུམ་མོའི་ཉམས་དང་མི་འབྲལ་བ༔ བཟའ་བའི་དམ་ཚིག་ཟས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་མེ་རུ་བྱིན་གྱིས་བརླབས་ནས་རོལ་པ༔ བཅང་བའི་དམ་ཚིག་རླུང་ཁ་སྦྱོར་ཉེར་གཅིག་སྒོམ་པ༔ བསྲུང་བའི་དམ་ཚིག་ཁམས་མི་ཉམས་པར་བྱེད་པའོ༔ དབང་གསུམ་པའི་མཉམ་གཞག་གི་དམ་ཚིག་དངོས་སམ་ཡིད་ཀྱི་རིག་མ་བསྟེན་པ༔ རྗེས་ཐོབ་ཀྱི་བདེ་ཆེན་ཉམས་དང་མི་འབྲལ་བར་བྱེད་པ༔ བཟའ་བའི་ཟས་སྙོམས་འཇུག་གི་ཚུལ་དུ་རོལ་པ༔ བཅང་བའི་བྱང་སེམས་ལུས་ལ་མི་ཉམས་པར་བྱེད་པ༔ བསྲུང་བའི་གཟུངས་མ་མཚན་ལྡན་བསྟེན་པའོ༔ དབང་བཞི་པའི་མཉམ་གཞག་གི་དམ་ཚིག་ཟུང་འཇུག་གཉིས་མེད་སྒོམ་པ༔ རྗེས་ཐོབ་ཀྱི་རྗེས་སྤྱོད་ཐམས་ཅད་དེའི་ངོ་བོར་འཆར་བ༔ བཟའ་བའི་ཆོས་ཉིད་དུ་རོལ་པ༔ བཅང་བའི་རྟག་ཏུ་གཉིས་མེད་ཀྱི་དོན་ལ་གནས་པ༔ བསྲུང་བའི་གཉིས་མེད་ཡེ་ཤེས་ལས་མི་འདའ་བ་འོ༔ དེས་ན་དབང༔ ལྟ་བ༔ སྒོམ་པ༔ སྤྱོད་པ༔ དམ་ཚིག་ལྔ་རྒྱུད་ཐོག་གཅིག་ན་གནས་ཤིང་འབྲལ་མེད་དུ་ཤེས་པ་ནི་མན་ངག་གི་གནད་དེ༔ སྨིན་བྱེད་བུམ་པའི་དབང༔ གྲོལ་བྱེད་ལམ་བསྐྱེད་རིམ་གྱི་ལྟ་བ༔ ཡིད་ལ་ལྷ་བསྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་གི་ཐོག་གཅིག་ན་ཀྲོང་ངེ༔ སྨིན་བྱེད་གསང་བའི་དབང༔ གྲོལ་བྱེད་ལམ་རྩ་རླུང་ཤེས་པའི་ལྟ་བ༔ གཏུམ་མོ་ཙཎྜ་ལཱི་སྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་གི་ཐོག་གཅིག་ན་ཀྲོང་ངེ༔ སྨིན་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང༔ གྲོལ་བྱེད་འོག་སྒོ་བདེ་ཆེན་གྱི་ལྟ་བ༔ ཐིག་ལེ་དབབ་ལྡོག་གི་གནད་སྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་དང་ལྔ་ཐོག་གཅིག་ན་རུག་གེ༔ སྨིན་བྱེད་བདེ་བ་ཆེན་པོའི་དབང༔ གྲོལ་བྱེད་ལམ་ཟུང་འཇུག་མཐའ་བྲལ་གྱི་ལྟ་བ༔ གནས་ལུགས་གཉིས་མེད་ཀྱི་དོན་སྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་དང་ལྔ་ཐོག་གཅིག་ན་ཀྲོང་ངེ༔ དེ་ལྟར་ཤེས་ཙ་ན་ལམ་ལ་ནོར་བ་མེད༔ ལམ་མ་ནོར་བ་ནས་ཞུགས་ཙ་ན༔ འབྲས་བུ་ཕྱིན་ཅི་མ་ལོག་པ་མི་ཐོབ་མི་སྲིད་པས་ཤིན་ཏུ་ཟབ་པ་ཡིན་ནོ༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ ཞེས་པས༔ དེ་དག་གིས་ལམ་རང་གི་ངོ་བོ་བསྟན་ཟིན་པའོ༔ གསུམ་པ་ལམ་དེའི་ཆ་རྐྱེན་ལ་གསུམ་ལས༔ རྣལ་འབྱོར་ལྔ་ཡིས་ཉམས་ལེན་གྱི་གནད་བསྟན་པ༔ གེགས་སེལ་བཞིས་ལམ་གྱི་སྐྱོན་བསལ་བ༔ བོགས་འདོན་གསུམ་གྱིས་ལམ་མཐར་འདོན་པའོ༔ དང་པོ་ལ་ལྔ་སྟེ༔ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ ཞེས་པས༔ ཉལ་བ༔ ལྡང་བ༔ ཟ་བ༔ རྒྱུན་གྱི༔ དུས་གནད་ཀྱི་རྣལ་འབྱོར་ལྔ་ཡིས་ཉམས་སུ་ཇི་ལྟར་བླང་བའི་ཚུལ་ནི༔ དང་པོ་ཉལ་བའི་རྣལ་འབྱོར་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ ཞེས་པས༔ གཉིད་ལོག་ཁ་འདི་ལ་འཆི་བ་དང་ཆོས་མཐུན་པས་དུས་གནད་གལ་ཆེ་སྟེ༔ རྒྱུན་བཤགས་དང་སྡོམ་པ་གཟུང་བ་ལ་སོགས་རྒྱུད་ཡོངས་སུ་དག་པར་བྱ༔ ཉོན་མོངས་དུག་གསུམ་གྱི་རྟོག་པ་གཅད༔ སྔ་ཕྱིའི་འབྲེལ་བཅད་དེ་སྣང་དམིགས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་གཤིས་ཅིར་ཡང་མ་ཡིན་པའི་ངང་ལ་ཆམ་བཞག༔ གཉིད་རྫོགས་རིམ་སྤྲོས་བྲལ་རྟོག་མེད་ཆོས་སྐུའི་ངང་དུ་ལོག་པས་འཆི་བ་ལམ་དུ་བྱེད་པ་ཡིན་ནོ༔ དེ་ཡང་སྣོད་བཅུད་གཙོ་འཁོར་ཐུགས་ཀའི་ས་བོན་ལ་བསྡུ༔ དེ་མི་དམིགས་པ་དེ་བཞིན་ཉིད་ཀྱི་ངང་ལ་ཉལ་བ་ལ་བསླབ་པས་འཆི་རྟོག་ལམ་དུ་བསླང་ནས་སྦྱང་བའོ༔ གཉིས་པ་ལྡང་བའི་རྣལ་འབྱོར་ནི༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ ཞེས་པས༔ ལྡང་བ་སྐྱེ་བ་དང་ཆོས་མཐུན་པས་ཐོ་རངས་གཉིད་སད་མ་ཐག་རྫོགས་རིམ་སྟོང་པའི་ངང་ནས་རིག་པ་འགག་མེད་ལྷ་ལོངས་སྤྱོད་རྫོགས་སྐུ་རུ་ཀྲོང་བསམ་ལ་ལངས་ཏེ་སྐྱེ་བའི་རྟོག་པ་སྦྱང་བ་ཡིན༔ དེ་ནས་ལས་རྒྱུ་འབྲས་ཀྱི་གནད་ཤེས་པར་བྱ་སྟེ༔ རང་ཡི་དམ་གང་བྱེད་ཀྱི་དགེ་སྦྱོར་གནད་དུ་བཏང་བས་བོགས་གཞན་བས་ཆེ་སྟེ༔ ཐོ་རངས་ཀྱི་དུས་དེ་ན་ཟས་ཟོས་པ་དྭངས་སྙིགས་ཕྱེད་དེ་དྭངས་མ་རྩ་མིག་ཏུ་ཁྲེམས༔ སྙིགས་མ་ཐུར་དུ་འཁྱོལ༔ རྩ་སྦུབས་ཐམས་ཅད་སྟོང་སང་ངེ་ཡོད་པའི་དུས་དེར༔ ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་གང་ཡང་སྐྱེ་སླ་སྟེ༔ རྩ་དབུ་མ༔ རླུང་ཡེ་ཤེས༔ ཁམས་བདེ་ཆེན༔ སེམས་གཉིས་མེད་ཡེ་ཤེས་སུ་འཆར་བ་ཡིན་ནོ༔ སྨན་ལ་སོགས་པའང་དྲོ་གོང་ལ་གཏང་ཞིང༔ རིམས་སྲུང་ལ་སོགས་པའང་དྲོ་གོང་ལ་བྱེད་དོ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཐོ་རངས་ཁོ་ནར་སངས་རྒྱས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ༔ གསུམ་པ་ཟ་བའི་རྣལ་འབྱོར་ནི༔ དབང་བཞིའི་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ ཅེས་པས༔ ཕྱི་ནང་གི་སྦྱིན་སྲེག་དོན་འདྲ་བས༔ དབང་བཞིའི་ཟས་ལ་ཟས་ཀྱི་རྣལ་འབྱོར་བཞི་ཡོད་དེ༔ བསྐྱེད་རིམ་ལམ་དུ་བྱེད་ན༔ ཟས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ་ལྟོ་བར་དཀྱིལ་འཁོར་བསྐྱེད་དེ་ལྷ་ལ་ལྷ་ཐིམ་པའི་ཚུལ་དུ་རོལ༔ གཏུམ་མོ་ལམ་དུ་བྱེད་ན་ཟས་ཡེ་ཤེས་ཀྱི་མེ་རུ་བྱིན་གྱིས་བརླབས་ཏེ་མེ་ལ་མེ་བསྣོན་པའི་ཚུལ་དུ་རོལ༔ འོག་སྒོ་བདེ་ཆེན་ལམ་དུ་བྱེད་ན༔ ཟས་ཐབས་ཤེས་རབ་བདེ་བར་བྱིན་གྱིས་བརླབས་ལ་སྙོམས་འཇུག་གི་ཚུལ་དུ་རོལ༔ བཞི་པ་རྫོགས་རིམ་ལམ་དུ་བྱེད་ན༔ ཟས་སྣང་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ་ཆོས་ཉིད་ལ་ཆོས་ཉིད་རོལ༔ མདོར་ན་རང་ཉམས་སུ་གང་ལེན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས༔ དེ་དང་གཉིས་སུ་མེད་པར་བཟའ་བ་དང་བཏུང་བ་ལོངས་སྤྱོད་ཅིང་རོལ་པས་ཟས་ཅི་ཟོས་པ་ཏིང་ངེ་འཛིན་གྱི་རྒྱུ་རུ་འགྲོའོ༔ བཞི་པ་རྒྱུན་གྱི་རྣལ་འབྱོར་ནི༔ སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་གཏང༔ ཞེས་པས༔ ལམ་ཚུལ་བཞིན་བྱེད་པའི་རྣལ་འབྱོར་པ་ལ༔ ཐམས་ཅད་ནས་ཐམས་ཅད་དུ་ཉོན་མོངས་པ་རང་རྒྱུད་པ་སྤྱད་དུ་མེད་པས༔ སྐྱེས་ཚད་ཐམས་ཅད་སྣ་ཚོགས་པའི་ཐབས་ཁྱད་པར་ཅན་གྱིས་གནད་ནས་བཟུང་ལ་ཡང་དག་པའི་ལམ་དུ་གཏང་ངོ༔ དེ་ལ་ཉོན་མོངས་པ་ནི་དུག་ལྔ་ཡིན་ལ་དེ་ལམ་དུ་གཏོང་ཚུལ་ནི༔ སེམས་འདོད་ཆགས་སུ་ལམ་སྐྱེས་ཙ་ན་དེའི་ངོ་བོ་ལ་བལྟ་ཞིང་ངང་ལ་བཞག་པས༔ གཤིས་ཅི་ཡང་མ་ཡིན་པའི་སྟོང་པ་ལ༔ གདངས་འགག་པ་མེད་པར་འཆར་བས༔ བདེ་སྟོང་གཉིས་མེད་ཀྱི་ངོ་བོར་མངོན་དུ་གྱུར་པ་ནི་འདོད་ཆགས་རྡོ་རྗེའོ༔ དེའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་སོ༔ ཞེ་སྡང་གི་ངོ་བོ་ལ་བལྟ་ཞིང་ངང་ལ་བཞག་པས༔ གཤིས་སྟོང༔ གདངས་གསལ༔ གསལ་སྟོང་གཉིས་མེད་ཀྱི་ངོ་བོར་མངོན་དུ་གྱུར་པ་ནི་ཞེ་སྡང་རྡོ་རྗེ་སྟེ༔ དེའི་ངོ་བོ་མེ་ལོང་ཡེ་ཤེས་སོ༔ གཏི་མུག་གི་ངོ་བོར་བལྟ་ཞིང་ངང་ལ་བཞག་པས༔ གཤིས་སྟོང༔ གདངས་མི་རྟོག་པ་སྟེ༔ མི་རྟོག་སྟོང་པའི་ཡེ་ཤེས་སུ་གྱུར་པ་ནི་གཏི་མུག་རྡོ་རྗེའོ༔ དེའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་སོ༔ དེ་བཞིན་དུ་ང་རྒྱལ་སྣང་སྟོང་མཉམ་ཉིད་ཡེ་ཤེས༔ ཕྲག་དོག་རིག་སྟོང་བྱ་གྲུབ་ཡེ་ཤེས༔ ཡང་མི་དགེ་བཅུ་ཡང་དུག་ལྔར་འདུས༔ དུག་ལྔ་ཡང་དུག་གསུམ་དུ་འདུས་ཏེ༔ འདོད་ཆགས༔ ཞེ་སྡང༔ གཏི་མུག་གོ༔ དེ་ཐབས་ཀྱིས་བཟུང་བས་ཉམས་སུ་མྱོང་ན་སྡེ་སྣོད་གསུམ་དུ་འགྲོ༔ དུག་གསུམ་རང་ག་མ་ལས་ལྡོག་ན་བསླབ་གསུམ་ཡིན་ནོ༔ དེ་ཡང་འདོད་ཆགས་ཀྱི་ངོ་བོ་ལ་བལྟ་ཞིང་ངང་ལ་བཞག་པས་བདེ་བ་རུ་མྱོང༔ འདུལ་བའི་སྡེ་སྣོད་དུ་འགྲོ༔ འདོད་ཆགས་རང་ག་མ་ལས་ལོག༔ ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ༔ ཞེ་སྡང་གི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས་གསལ་བར་མྱོང༔ མདོ་སྡེར་འགྲོ༔ ཞེ་སྡང་རང་ག་མ་ལས་ལྡོག༔ ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ནོ༔ གཏི་མུག་གི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས་མི་རྟོག་པར་མྱོང༔ མངོན་པའི་སྡེ་སྣོད་དུ་འགྲོ༔ གཏི་མུག་རང་ག་མ་ལས་ལྡོག༔ ཤེས་རབ་ཀྱི་བསླབ་པ་ཡིན་ནོ༔ ཉོན་མོངས་སྐྱེས་ཚད་ལ་དེ་བཞིན་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ ལྔ་པ་དུས་གནད་ཀྱི་རྣལ་འབྱོར་ནི༔ དྲོ་སྲོད་སྐྱེས་ཤར་འདའ་ཁ་བར་དོར་བལྟེམ༔ ཞེས་པས༔ དྲོ་གོང་སྲོད་ལ༔ ཉོན་མོངས་པ་དྲག་པོ་དང་རྣམ་རྟོག་རྩུབ་མོ་སྐྱེས་པ༔ རྣམ་པར་མི་རྟོག་པའི་ཡེ་ཤེས་ཤར་བ༔ འདའ་ཁ་འཆི་བའི་དུས༔ བར་དོ་རྣམས་ལ་གནད་ནས་བཟུང་ནས་རྣལ་འབྱོར་ཐང་ལྷོད་མེད་པར་ལྟེམ་པ་གལ་ཆེ་སྟེ༔ དེ་ཡང་ཐོ་རངས་སྔ་དྲོའི་དུས་ན་ཟས་ཀྱི་དྭངས་སྙིགས་ཕྱེད་ཤེས་པ་གྲུང་འཐོན༔ ཁམས་དང་བློ་གསལ་བར་ཡོད་དེ་སྐྱོན་ཡོན་གཉིས་ཀའི་སྟོབས་ཆེ་བས་གནད་དུ་གཏང་བ་གལ་ཆེའོ༔ སྲོད་ལ་ཉལ་བའི་དུས་ན་ཐིག་ལེ་སྟོབས་ཞན༔ འཇིགས་སྐྲག་གི་སྣང་བ་མང༔ ལྷ་འདྲེའི་ཆོ་འཕྲུལ་ཆེ༔ འཆི་བ་དང་ཆོས་མཐུན་ཏེ་སྐྱོན་ཡོན་གྱི་སྟོབས་ཆེ་བས་ཐབས་ཀྱིས་གཟུང་བ་གལ་ཆེའོ༔ ཉོན་མོངས་པ་དྲག་པོ་དང་རྣམ་རྟོག་རྩུབ་མོ་སྐྱེས་པའི་དུས་སུ་ལམ་དུ་མ་ཐོང་ན༔ ཆེར་སྲོག་གི་བར་ཆད་འོང་ཞིང་བསླབ་པ་འཆལ༔ ཏིང་ངེ་འཛིན་གྱི་གེགས་བྱས་ནས་ཡང་དག་པའི་ལམ་འཆོར་བས་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ གཉིས་མེད་ཀྱི་ཡེ་ཤེས་སྐྱེས་ནས་ཤེས་པ་མི་རྟོག་པའི་ངོ་བོར་ཧྲིལ་སོང་བའི་དུས་ན་ཐབས་ཀྱིས་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ དེ་གནད་དུ་སོང་བའི་ངང་ལ་སྐད་ཅིག་ཀྱང་མ་ཡེངས་པར་གདན་དེའི་ཐོག་འཕྲུལ་འཁོར་དེའི་ཁོངས་སུ་ཡུན་རིང་དུ་བསྒོམ་པ་ཡིན༔ འདུན་པ་དང་སྨོན་ལམ་ལ་སོགས་པ་ཐམས་ཅད་ཀྱི་རྟེན་འབྲེལ་དེའི་དུས་སུ་བསྒྲིག་པ་ཡིན་ནོ༔ དེ་ནི་མི་འགྲུབ་ཀ་མེད་ཡིན་ལ༔ དེ་ལས་གཞན་པ་ཐ་མལ་གྱི་སེམས་རྣམ་རྟོག་དང་འདྲེས་པས་བསྒྲིགས་ཀྱང་མི་འགྲིག་སྟེ་སྒྲིག་པོ་རང་ཡང་རྣམ་རྟོག་ཡིན་པའི་ཕྱིར༔ གྲང་ནད་ལ་གྲང་བས་མི་ཕན་པ་བཞིན་ནོ༔ ནམ་ཞིག་འཆི་བའི་དུས་སུ་གང་གིས་མཚམས་སྦྱར་བའི་ལམ་དེ་ཉིད་ཀྱི་སྟོབས་སུ་ཧྲིལ་འགྲོ་བས༔ བཟང་པོའི་རྟེན་འབྲེལ་སྒྲིག་པ་གལ་ཆེ་སྟེ༔ སྡིག་པའི་ལས་ཐམས་ཅད་བརྗེད་དུ་གཞུག༔ དགེ་བའི་ལས་ཐམས་ཅད་དྲན་པར་བྱས༔ ཉམས་ལེན་གང་བརྟན་པའི་སྟེང་དུ་ཤེས་པ་རྩེ་གཅིག་ཏུ་བཏང་ལ༔ འཁྲུལ་སྣང་སྐད་ཅིག་ཀྱང་མེད་པར་བྱའོ༔ མདོར་ན་དུས་དེ་རྣམས་སུ་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིག་གོ༔ བར་དོའི་དུས་གནད་ལ་གསུམ་སྟེ༔ རབ་བར་དོ་མེད་པར་སངས་རྒྱ་བ༔ འབྲིང་བར་དོ་ནས་རྒྱ་བ༔ ཐ་མ་སྐྱེ་བ་ལེན་ལུགས་སོ༔ དང་པོ་རབ་ལ་བཞི་སྟེ༔ འབྱུང་བ་ཐིམ་ལུགས༔ རྟོག་པ་འགག་ལུགས༔ མི་རྟོག་པའི་ཡེ་ཤེས་འཆར་ཚུལ༔ དེ་ངོས་ཟིན་ནས་སངས་རྒྱ་ལུགས་སོ༔ དང་པོ་འབྱུང་བ་ཐིམ་ལུགས་ལ་བཞི༔ ས་ཆུ་ལ་ཐིམ་པས་ལྟེ་བའི་རྩ་མདུད་འཇིག༔ ས་རླུང་མལ་འཆུག༔ ལུས་པོ་ལྕི༔ ཤེས་པ་བྱིང༔ སྨིག་རྒྱུ་ལྟ་བུའི་སྣང་བ་འཆར༔ གཉིས་པ་ཆུ་མེ་ལ་ཐིམ་པས་སྙིང་ཁའི་རྩ་མདུད་འཇིག༔ ཆུ་རླུང་མལ་འཆུག༔ ཁ་སྣ་སྐམ༔ ཤེས་པ་འཚུབ༔ དུ་བ་ལྟ་བུའི་སྣང་བ་འཆར་རོ༔ གསུམ་པ་མེ་རླུང་ལ་ཐིམ་པས་མགྲིན་པའི་རྩ་མདུད་འཇིག༔ མེ་རླུང་མལ་འཆུག༔ དྲོད་འཐུལ་སྣང་བ་གསལ་འགྲིབ་ཡོང༔ སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འཆར༔ བཞི་པ་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་གསང་གནས་ཀྱི་རྩ་མདུད་འཇིག༔ རླུང་གི་རླུང་མལ་འཆུག༔ དབུགས་སྣ་ལྡོག༔ ཤེས་པ་བག་ཙམ་འཁྲུལ༔ འོད་ཀྱི་སྣང་བ་བག་ཙམ་འཆར་རོ༔ དེ་ལྟར་འབྱུང་བ་ཐིམ་པ་དང་དབང་པོའི་ཉམས་ཡུལ་ལྔ་འགག་གོ༔ གཉིས་པ་རྟོག་པ་འགག་ཚུལ་ནི༔ རྩ་དབུ་མའི་མར་སྣ་ན་མའི་དྭངས་མ་ཨའི་གཟུགས་སུ་ཡོད་པ་རོ་མའི་ནུས་པ་ཉམས་ནས་གྱེན་ལ་འགྲོ་བས་དམར་ལམ་འཆར༔ དེའི་ཚེ་འདོད་ཆགས་ཀྱི་རྟོག་པ་འགག༔ དབུ་མའི་ཡར་སྣ་ན་ཕའི་དྭངས་མ་ཧཾ་ཡིག་གི་གཟུགས་སུ་ཡོད་པ་རྐྱང་མའི་ནུས་པ་ཉམས་ཏེ་ཐུར་ལ་བབས་པས་དཀར་ལམ་འཆར༔ དེའི་ཚེ་ཞེ་སྡང་གི་རྟོག་པ་འགག༔ དེ་ནས་སྤྱི་བོ་ཁྱབ་བྱེད་ཀྱི་རླུང་མལ་འཆུག༔ ནག་ལམ་འཆར༔ དེའི་དུས་སུ་གཏི་མུག་གི་རྟོག་པ་འགག༔ དེ་ལྟར་དུག་གསུམ་འགགས་པས་ང་རྒྱལ་དང་ཕྲག་དོག་རང་འགགས་སུ་འགྲོ་སྟེ༔ དུག་གསུམ་པོ་རྩ་གསུམ་དུ་འདུས་པའི་ཕྱིར་རོ༔ དེའི་ཚེ་ཕྱི་དབུགས་ཆད་དོ༔ གསུམ་པ་མི་རྟོག་པའི་ཡེ་ཤེས་འཆར་ཚུལ་ནི༔ ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དེར༔ ཉི་མ་ཡར་འགྲོ་བ་དང་ཟླ་བ་མར་འགྲོ་བའི་དུས་དེར་དབུ་མར་རླུང་སེམས་ཚུད་དེ༔ དེ་གསུམ་དབུ་མར་གནས་ཤིང་རྟོག་ཚོགས་འགགས་པའི་གནད་ཀས་རྣམ་པར་མི་རྟོག་པའི་ཡེ་ཤེས་སངས་རྒྱས་ཆོས་སྐུའི་དགོངས་པ་ཟན་གཅིག་ཟ་ཡུན་ཙམ་ཞིག་འཆར་རོ༔ བཞི་པ་དེ་ངོས་ཟིན་ནས་སངས་རྒྱ་ལུགས་ནི༔ དེ་ལྟར་གོམས་འདྲིས་བྱས་པ་དང་གདམས་ངག་བསྟན་པའི་སྟོབས་ཀྱིས༔ རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་ངོ་ཤེས་པས་ཆོས་སྐུ་མ་བུ་འཕྲོད་ནས་སངས་རྒྱ་སྟེ༔ དེ་ནས་རིག་པ་ཚངས་བུག་ནས་འཐོན་ཏེ་ཆོས་ཀྱི་དབྱིངས་སུ་གཤེགས་པ་ཡིན་ནོ༔ དེ་ནི་དབང་པོ་རབ་བར་དོ་མེད་པར་སངས་རྒྱ་བའི་མན་ངག་གོ༔ གཉིས་པ་དབང་པོ་འབྲིང་བར་དོར་སངས་རྒྱ་བའི་མན་ངག་ལའང་བཞི་ལས༔ འབྱུང་བ་ཐིམ་ལུགས་དང༔ རྟོག་པ་འགག་ལུགས་གཉིས་སྔར་དང་འདྲ༔ གསུམ་པ་ཆོས་ཉིད་བར་དོ་འཆར་ཚུལ་ནི༔ དབང་པོ་རབ་ཀྱི་ལྟར་རྟོག་མེད་ཆོས་སྐུའི་དགོངས་པ་ངོས་མ་ཟིན་པར༔ རིག་པ་སྙིང་ནང་ན་གནས་པ་དེ་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ལམ་ནས་ཞུགས་ཏེ༔ དེ་ནས་ཕྱིར་འཐོན་པ་དང་བེམ་རིག་བྲལ་ནས་ཞག་གཅིག་བརྒྱལ་འགྲོ༔ བརྒྱལ་བ་སངས་ནས་ཆོས་ཉིད་ཀྱི་བར་དོ་སྒྲ་འོད་ཟེར་དང་ཐིག་ལེའི་སྣང་བ་འཆར་རོ༔ སྒྲ་ནི་ཆོས་ཉིད་མའི་རང་སྒྲ་དབྱར་དགུན་འབྱེད་པའི་འབྲུག་སྒྲ་ལྟ་བུ་ཆེ་ལ་དྲག་པ་གྲགས༔ འོད་ནི་རིག་པའི་རང་མདངས་གསལ་ལ་དྭངས་པ་འཆར༔ འོད་ཀྱི་གསེབ་ན་ཟེར་འཕྲོ་བ་སོས་ཀ་ཐང་ལ་སྨིག་རྒྱུ་ལྟ་བུ་མེར་མེར་བ་འཆར་རོ༔ བཞི་པ་རང་ངོ་ཤེས་ནས་སངས་རྒྱ་ལུགས་ནི༔ ད་ལྟ་ངོ་སྤྲད་པ་དང་ཉམས་སུ་བླངས་པའི་དབང་གིས་སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་ནས་སངས་རྒྱའོ༔ དེ་ཡང་ཡང་གོམས་འདྲིས་ཀྱི་བྱེ་བྲག་གིས༔ རྫོགས་རིམ་སྟོང་ཉིད་ཀྱི་དོན་ལ་གོམས་པའི་རྣལ་འབྱོར་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སུ་ཤར་ནས་ཆོས་ཀྱི་སྐུ་རུ་སངས་རྒྱའོ༔ བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་གོམས་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་མདངས་ལྷའི་དཀྱིལ་འཁོར་དུ་ཤར་ནས་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱའོ༔ རྫུན་སྣང་སྟོང་པའི་རྣལ་འབྱོར་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རྨི་ལམ་སྒྱུ་མ་ལྟ་བུར་ཤར་ནས་སྤྲུལ་པའི་སྐུ་རུ་སངས་རྒྱའོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དུ་ཤེས་པའི་རྣལ་འབྱོར་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་ཤར་དང་རང་གྲོལ་དུ་ཤེས་ནས་ངོ་བོ་ཉིད་ཀྱི་སྐུ་རུ་སངས་རྒྱ་བ་ཡིན་ནོ༔ དེས་ན་རང་རེ་ཉམས་ལེན་བཞི་པོ་གང་ལ་གནས་བལྟས་ལ༔ གང་ལ་ཉམས་རྟོགས་སྐྱེས་པའི་སྒོ་ནས་བར་དོ་གཅད་དོ༔ གསུམ་པ་དབང་པོ་ཐ་མ་སྐྱེ་བ་ལེན་ལུགས་ནི་ལྔ་ལས༔ འབྱུང་བ་ཐིམ་ལུགས་དང༔ རྟོག་པ་འགག་ལུགས་སྔར་དང་འདྲའོ༔ གསུམ་པ་ཡིད་ཀྱི་ལུས་གྲུབ་ཚུལ་ནི༔ རྟེན་འབྲེལ་བརྒྱད་ཀྱིས་ཡིད་ལུས་གྲུབ་སྟེ༔ འོད་རང་སྣང་མ་ཤེས་པ་ནི་མ་རིག་པ༔ དེའི་དབང་གིས་རླུང་ལྔ་འདུས་ནས་འཁོར་བར་བྱེད་པ་འདུ་བྱེད༔ དེ་ལས་ཤེས་པ་གསལ་དུ་སོང་ནས་ཡུལ་འཛིན་སྐྱེ་བ་ནི་རྣམ་ཤེས༔ དེ་ལས་བར་དོའི་ཡིད་དང་ཡིད་ཀྱི་ལུས་གཉིས་འབྱུང༔ དེ་ལས་ཤེས་པ་རྣོ་མྱུར་དུ་སྐྱེ་བས་སྐྱེ་མཆེད་འབྱུང༔ དེ་ཡུལ་དང་འཕྲད་པ་རེག་པ༔ དེས་བདེ་སྡུག་མྱོང་བ་ཚོར་བ༔ དེ་ལ་ཆགས་སྡང་སྐྱེས་པ་སྲེད་པ༔ དེ་ལྟར་བརྒྱད་ཀྱིས་ཡིད་ལུས་གྲུབ་བོ༔ བཞི་པ་བར་དོའི་སྣང་བ་འཆར་ལུགས་ནི༔ སྔར་གྱི་བག་ཆགས་དང་ལས་ཀྱི་སྣང་བ་འཆར་ཏེ་སྔར་གྱི་ཡུལ་དང་ཁྱིམ་དུ་འོང༔ ཉེ་དྲུང་ཀུན་དང་ཡིད་ཀྱིས་འགྲོགས༔ ཟས་དང་གནས་དང་བརྟེན་སའི་ངེས་པ་མེད༔ ཡིད་ཀྱི་ལུས་ཀྱིས་དྲི་མའི་ཟས་ཟ༔ སྐྱེ་གནས་དང་མའི་མངལ་དང༔ དེ་བཞིན་གཤེགས་པའི་སྐུ་དང༔ རྡོ་རྗེ་གདན་མ་ཡིན་པ་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ༔ རྟག་ཏུ་འཇིགས༔ སྔངས༔ སྐྲག༔ ཤ་ཟ་སྲིན་པོ༔ གཅན་གཟན༔ ཁ་ཆར༔ བུ་ཡུག་གི་སྣང་བ་འཆར་རོ༔ སྐྱབས་དང་འཁྲི་ས་ཐམས་ཅད་དུ་འཚོལ༔ སྐྱེ་མཆེད་གསལ་ཞིང་ཡིད་ཀྱི་དབང་པོ་ཚང་བ༔ ལྷའི་མིག་རྣམ་པར་དག་པ་དང༔ བར་དོའི་སེམས་ཅན་ནང་གིས་མཐོང་བ་ཡིན་ནོ༔ ལྔ་པ་སྐྱེ་བ་ཕྱི་མ་ལེན་ཚུལ་ནི༔ གོང་གི་རང་མདངས་མཆོག་གི་འོད་གསལ་དེ་ནུབ་ནས༔ ཐུན་མོང་འོད་ཀྱི་ལམ་ལྔ་ཤད་ཀྱིས་འཆར་རོ༔ ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་རང་ངོ་མ་ཤེས་ལ༔ ཀུན་ཏུ་བརྟགས་པའི་མ་རིག་པས་གཞན་དུ་བརྟགས༔ གཞན་སྣང་ལ་འཛིན་པ་ཞུགས་པས་འགྲོ་དྲུག་ཏུ་སྐྱེ་བ་ཡིན་ཏེ༔ རི་དྭགས་རྒྱ་རུ་ཚུད་པའམ་སྦྲང་མ་བ་རྒྱར་འཐུམས་པ་བཞིན་ནོ༔ དེ་ཡང་འོད་དཀར་པོ་ལ་འཛིན་པ་ཞུགས་ན་དམྱལ་བ༔ དམར་པོ་ལ་ཡི་དྭགས༔ ནག་པོ་ལ་དུད་འགྲོ༔ སེར་པོ་ལ་མི༔ ལྗང་གུ་ལ་ལྷ་དང་ལྷ་མ་ཡིན་དུ་སྐྱེའོ༔ དེའི་དུས་སུ་རིགས་དྲུག་གི་སྡུག་བསྔལ་བསམ་ལ་འོད་ལྔ་པོ་གང་ལའང་འཛིན་པ་མི་བྱ༔ བར་དོའི་ཤེས་པ་འདི་བསྒྱུར་སླ་བས་དྲན་པས་ཟིན་ན་བདེ་བ་ཅན་ལྟ་བུར་འདུན་པ་བཏང་བས་ཐེ་ཚོམ་མེད་པར་སྐྱེའོ༔ གཉིས་པ༔ ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ནི༔ ཞེས་པས༔ གཉིས་པ་ལམ་གྱི་གེགས་བསལ་བ་ལ་བཞི་སྟེ༔ ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་དང༔ ལུས་ལ་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ༔ སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ༔ རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བའོ༔ དང་པོ་ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་གཏང༔ ཞེས་པས༔ འདི་ལ་ལྔ་སྟེ༔ བྱིང་ན་གསེང་བ༔ རྒོད་ན་གནན༔ ཕན་པའི་ཉམས་ལམ་དུ་གཏང་བ༔ གནོད་པའི་ཉམས་གྲོགས་སུ་འཁྱེར་བ༔ ཕན་གནོད་མེད་པའི་ཉམས་བོགས་སུ་འདོན་པའོ༔ དང་པོ་བྱིང་བ་ལ༔ བྱིང་བ་རྨུགས་པ་འཐིབས་པ་ལ་སོགས་པ་ནི་དོན་མཐུན་ཏེ་བྱིང་བའོ༔ དེ་ལ་བྱིང་བ་ནི་རིག་པའི་རང་མདངས་མ་རྙེད་པ༔ རྨུགས་པ་ནི་གསལ་བའི་ཉམས་ཀྱིས་མ་ཟིན་པ༔ འཐིབས་པ་ནི་གཉིད་དང་འདྲེས་པའོ༔ གཉིས་པ་རྒོད་པ་ལ༔ གཡོ་བ༔ སྤུན་པ༔ འཕྲོ་བ༔ འགྱུ་བ་ལ་སོགས་པ་དོན་མཐུན་ཏེ་རྒོད་པའོ༔ དེ་ལ་གཡོ་བ་ནི་སེམས་གནས་སུ་མི་འདོད་པ༔ སྤུན་པ་ནི་ཡུད་ཙམ་གནས་ཀྱང་ཡུན་རིང་དུ་མི་གནས་པ༔ འཕྲོ་བ་ནི་ཤེས་པ་ཡུལ་ལ་འཇུག་པའོ༔ འགྱུ་བ་ལ་གཉིས༔ འོག་འགྱུས་ནི་སེམས་གནས་སྙམ་བྱེད་པ་ལ་མ་ཚོར་བར་འགྱུས་པའོ༔ རང་འགྱུས་ནི་སེམས་གནས་ཀྱིན་འདུག་གསལ་གྱིན་འདུག་སྙམ་པའི་ཚོར་བ་ཕྲ་མོ་ཞིག་སྒོམ་གྱི་གསེབ་ཏུ་ཞུགས་པའོ༔ རྒོད་པ་ལ་གཉིས༔ གཞན་རྒོད་ནི་ཤེས་པ་རྐྱེན་གསུམ་གྱིས་རྒོད་པ༔ རང་རྒོད་ནི་གནས་ཆ་མེད་པར་ཤེས་པ་ཡེར་བའོ༔ མདོར་ན་བྱིང་རྒོད་གཉིས་ཀའི་རྐྱེན་གྱི་རྩ་བ་གཅིག་སྟེ༔ ཤེས་པ་འཇུར་ལ་མ་ཐེབས་པར་བཏང་སྙོམས་སུ་ལུས་པ་ལས་བྱུང་ངོ༔ དེ་གཉིས་བསལ་བ་ལ༔ བྱིང་ན་སྙིང་ཁར་སེམས་བཟུང་ལ་ཤེས་པ་ཞུར་གཞུར༔ ཆུན་གཅུན༔ རྩེ་གཅིག་མདུང་ཚུགས་ཆིག་དྲིལ་དུ་བསྒོམ་མོ༔ དེས་བྱིང་མི་ནུས་ཏེ་སྲང་དུ་ཚུད་འགྲོའོ༔ རྒོད་ན་སེམས་ལྟེ་འོག་ཏུ་བཟུང་ལ་ཞུར་གཞུར༔ ཆུན་གཅུན་ལ་ཕུར་ཚུགས་སུ་བསྒོམ༔ དེས་ཆིག་དམིགས་ལ་ཧྲིལ་སོང་ནས་འཕྲོ་རྒོད་མི་ཡོང་ངོ༔ མདོར་ན་རྩེ་གཅིག་ཕུར་ཚུགས་སུ་སོང་ན་བྱིང་རྒོད་གཉིས་ཀ་མི་ཡོང་ངོ༔ གསུམ་པ་ཕན་པའི་ཉམས་ལམ་དུ་གཏང་བ་ནི༔ བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོའམ༔ བྱམས་སྙིང་རྗེ་ཞེན་ལོག་གི་བློ་འམ༔ མོས་གུས་ལ་སོགས་པ་གཏིང་ནས་ལྷོངས་པ་སྐྱེས་པའི་དུས་སུ་དེའི་རོ་མྱང་ནས་ལུས་ངག་གི་སྤྲོས་པ་སྤྱད་ན༔ ཉམས་དེ་ཉིད་རླུང་ཁ་ཕོག་ནས་ཡལ་འགྲོ་བས༔ བདག་ཉིད་གཞན་དབང་དུ་འགྲོ་བའི་བྱ་བ་བསྐྱེད་ལ༔ དེ་ཉིད་རླུང་སེམས་ཀྱི་རྟེན་འབྲེལ་ཉམས་སུ་ཤེས་པའི་བློ་གྲོས་ཀྱིས༔ དགར་འཛིན་དང་ཞེན་སྣང་མེད་པར་རང་གི་ངོ་བོ་བལྟས་ཤིང་ངང་ལ་བཞག་པས་གཉིས་མེད་ཡེ་ཤེས་ཀྱི་ངོ་བོར་འཆར་ཏེ༔ ཉམས་ཞེན་མེད་ཀྱི་སྣ་མི་བསྐྱིལ་བར་འུར་བསྐྱང་ངོ༔ ཡང་ཉམས་དགའ་བ་དང༔ ཞེན་ལོག་པ་དང༔ སྙིང་རྗེ་བཙན་ཐབས་སུ་སྐྱེས་ནས་ངུ་བ་ལ་སོགས་པ་བྱུང་ན་རིག་པ་ངོས་གཟུང༔ ལྟ་བའི་གནད་ཤེས་པར་བྱས་ཏེ༔ དེའི་རོ་མི་མྱོང་བར་ངང་ལ་བཞག་གོ༔ རོ་མྱང་ན་རྒྱལ་པོ་ལ་སོགས་པའི་ཆོ་འཕྲུལ་ཡིན་པའང་སྲིད་དོ༔ བཞི་པ་གནོད་པའི་ཉམས་གྲོགས་སུ་འཁྱེར་བ་ནི༔ ན་ཚེ་ཟུག་གཟེར་རམ་སྙིང་རླུང་ཁམས་འདུས་ལ་སོགས་པ་ཅི་བྱུང་ཡང་ཉམས་སྣང་དུ་ཤེས་པར་བྱས་ཏེ༔ ཞུམ་ཞིང་བྱུར་དུ་མི་བལྟ༔ སྣང་ཡུལ་དང་འཛིན་སེམས་རང་ཤར་རང་གྲོལ་བས༔ སྐྱོན་དུ་མི་བལྟ་ཡོན་ཏན་དུ་མི་གཟུང་བར་རང་ཤར་རང་གྲོལ་བྱུང་རྒྱལ་དུ་བསྐྱང་ངོ༔ ལྔ་པ་ཕན་གནོད་མེད་པའི་ཉམས་བོགས་སུ་འདོན་པ་ནི༔ ཀུན་གཞི་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་ས་བོན་གྱི་ཚུལ་དུ་གནས༔ རྡོ་རྗེའི་ལུས་ལ་རྩ་ཡིག་རླུང་སེམས་སུ་གནས་པ་དེ་དག་ངོ་སྤྲད་ཅིང་ཏིང་ངེ་འཛིན་གནད་དུ་བསྣུན་ནས་བསྒོམས་པས༔ གནས་ལུགས་རང་ངོ་ཤེས༔ རྩ་མདུད་གྲོལ༔ རླུང་སེམས་དྭངས༔ བག་ཆགས་འདག་ཅིང་ཡོན་ཏན་གྱི་སྣ་སློང་བས༔ འཁོར་འདས་ཀྱི་སྣང་བ་སྣ་ཚོགས་ཉམས་ལ་འཆར་རོ༔ དེ་དག་ལ་བུ་ག་ཡོད་ན་རླུང་འཇུག༔ རྟོག་པ་སྐྱེས་ན་བདུད་ལྡང༔ བཏང་སྙོམས་སུ་ལུས་ན་ལམ་དུ་མི་འགྲོ་བས་ཐམས་ཅད་ཉམས་སུ་ཤེས་པར་བྱ་སྟེ༔ གང་ལ་ཡང་སྐྱོན་དུ་མི་བལྟ་ཡོན་ཏན་དུ་མི་གཟུང༔ རེ་དོགས་དང་འཁུ་འཁྲིག་མེད་པར་ཉམས་སྣང་གསུམ་སོགས་རང་ཤར་རང་གྲོལ་དུ་བཅོས་ལ་བསྐྱངས་པས་ཐམས་ཅད་བོགས་སུ་ཐོན་ནས་འགྲོ་བ་ཡིན་ནོ༔ མདོར་ན་སྒྲུབ་པ་བྱེད་པའི་དུས་ན༔ རེས་བློ་ལས་སུ་རུང་ཞིང་དགེ་སྦྱོར་འཕེལ་ཏེ་སྒོམ་ཆེན་རྒྱང་གླུ་ཙེ་རེ༔ རེས་བློ་བཀོལ་དུ་མི་བཏུབ་དགེ་སྦྱོར་འགྲིབ་ཤེས་པ་འཚུབས་པས་སྒོམ་ཆེན་ཡུས་ཁ་སྟོང་ངེ༔ མདོར་ན་མཐོ་དམན་གྱི་ཉམས་སྣ་ཚོགས་སྐྱེ་བས་ཞུམ་པ་དང་ཁེངས་པ་མེད་པར༔ ཞེན་མེད་བྱུང་རྒྱལ་དུ་གནད་ནས་གཟུང་ཞིང་ལམ་དུ་གཏང༔ སྒྲུབ་པ་ལ་ཐང་ལྷོད་ལྟེམ་རྐྱང་མེད་པར་བྱས་པས་ཐམས་ཅད་བོགས་སུ་ཐོན་འགྲོ་བ་ཡིན་ནོ༔ གཉིས་པ་ལུས་ལ་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ་ནི༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ ཞེས་པས༔ ནད་ཀྱི་གཞི༔ འབྱུང་བའི་རྒྱུ༔ སློང་བའི་རྐྱེན༔ སྨིན་པའི་འབྲས་བུ་རྣམས་ངོས་གཟུང་བ་དང༔ དེ་བཅོས་པའི་ཐབས་གཉིས་སོ༔ དང་པོ་ནད་ཀྱི་གཞི་ནི་ཀུན་གཞི་དང་རྩ་ཁམས་བག་ལ་ཉལ་བག་ཆགས་ཀྱི་ཚུལ་དུ་གནས་སོ༔ གཉིས་པ་འབྱུང་བའི་རྒྱུ་ནི་མ་རིག་པ་དང་བདག་ཏུ་འཛིན་པ་སྟེ་བསགས་པའི་ལས་ངན་ནོ༔ གསུམ་པ་སློང་བའི་རྐྱེན་ནི་ཉོན་མོངས་རྣམ་རྟོག་འདྲེ་དང་བཅས་པའོ༔ བཞི་པ་སྨིན་པའི་འབྲས་བུ་ནད་རྣམས་ངོས་གཟུང་བ་ནི་ཚ་གྲང་བད་ཀན་གཟེར་ཐབས་སྦོས་ནད་ཀྱི་གཙོས་བྱས་ཏེ་ནད་བཞི་བརྒྱ་རྩ་བཞིའོ༔ དེ་ལ་ལྷན་ཅིག་སྐྱེས་པའི་ནད་རྒྱུ་གཙོ༔ ཀུན་བརྟགས་ཀྱི་ནད་རྐྱེན༔ ནད་གང་ལ་ཡང་འདི་ལྔ་ཚང་དགོས་ཏེ༔ གཞི་བག་ལ་ཉལ་རྒྱུ་ལས་ངན༔ རྐྱེན་ཉོན་མོངས༔ མཚམས་སྦྱོར་རྣམ་རྟོག༔ མཇུག་སྡུད་རླུང༔ རྒྱབ་རྟེན་ལྷ་འདྲེ༔ དེ་ཡང་རྒྱུ་འདོད་ཆགས་ཀྱི་ས་བོན་ཀུན་གཞི་ལ་ཡོད༔ རྐྱེན་འདོད་ཆགས་དྲག་པོས་བསླངས་པས་གྲང་བའི་ནད་དུ་ལྡང༔ ནའོ་ཐུ་ན་ནི་སྙམ་པའི་རྣམ་རྟོག་གིས་མཚམས་སྦྱར༔ དེས་ཐུར་སེལ་གྱི་རླུང་ལོག༔ གདོན་མོ་རིགས་བལྟའོ༔ དེ་བཞིན་དུ་རྒྱུ་ཞེ་སྡང་གི་ས་བོན༔ རྐྱེན་ཞེ་སྡང་དྲག་པོས་བསླངས༔ རྣམ་རྟོག་གིས་མཚམས་སྦྱར༔ མཉམ་གནས་ཀྱི་རླུང་ལོག༔ ནད་མཁྲིས་པ༔ གདོན་མ་མོ༔ རྒྱུ་གཏི་མུག་གི་ས་བོན༔ རྐྱེན་ཉོན་མོངས་པ་གཏི་མུག༔ ནའོ་ཐུའོ་སྙམ་པའི་རྣམ་རྟོག་གིས་མཚམས་སྦྱར༔ གྱེན་རྒྱུའི་རླུང་ལོག༔ གདོན་ཀླུ་གནོད༔ ནད་བད་ཀན་ནོ༔ རྒྱུ་ཕྲག་དོག་གི་ས་བོན༔ རྐྱེན་ཕྲག་དོག་དྲག་པོས་བསླངས༔ རྟོག་པས་མཚམས་སྦྱར༔ སྲོག་འཛིན་གྱི་རླུང་ལོག༔ གདོན་བཙན༔ ནད་གཟེར་ཐབས་སོ༔ རྒྱུ་ང་རྒྱལ་གྱི་ས་བོན༔ རྐྱེན་ང་རྒྱལ་དྲག་པོས་བསླངས༔ རྟོག་པས་མཚམས་སྦྱར༔ ཁྱབ་བྱེད་ཀྱི་རླུང་ལོག༔ གདོན་རྒྱལ་གནོད༔ ནད་སྦོས་ནད་དོ༔ དེ་དག་བཅོས་པ་ལ༔ རྒྱུ་མ་རིག་པ་ཡིན་པས་ལྷན་སྐྱེས་ཀྱི་ཡེ་ཤེས་ངོས་གཟུང༔ རྐྱེན་ཉོན་མོངས་པ་ཡིན་པས་སེམས་མཉམ་པར་གཞག༔ མཚམས་སྦྱོར་རྣམ་རྟོག་ཡིན་པས་རྣམ་རྟོག་རྒྱུན་གཅད༔ མཇུག་སྡུད་རླུང་ཡིན་པས་རླུང་གནད་དུ་གཏང༔ རྒྱབ་རྟེན་ལྷ་འདྲེ་ཡིན་པས་ལྷ་འདྲེའི་རྣམ་རྟོག་སྤང་ངོ༔ དེ་ལྟར་ངོས་བཟུང་བྱས་པས་ནད་གང་ཡང་དྲག་གོ༔ གཉིས་པ་དེ་བཅོས་པ་ལ་གསུམ་སྟེ༔ རབ་ངང་ལ་གཞག༔ འབྲིང་སྒོམ་གནད་དུ་གཏང༔ ཐ་མ་དམིགས་པས་བཅོས་པའོ༔ དང་པོ་རབ་ངང་ལ་གཞག་པ་ནི༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེས་ནས་སེལ༔ ཞེས་པས༔ ནད་དེ་ལ་ཕན་པའི་སྨན་ཐུན་གཅིག་མི་གཏང༔ རིམ་གྲོ་ཡི་གེ་བརྒྱ་པ་གཅིག་ཀྱང་མི་བྱ༔ སྐྱོན་དུ་མི་གཟུང༔ ཡོན་ཏན་དུ་མི་བལྟ༔ བཟོ་མེད་བྱུང་རྒྱལ་དུ་བསྐྱང༔ སྤྲོས་བྲལ་རང་ལུགས་རྟོག་མེད་ཀྱི་ངང་ལ་ཆམ་གཞག༔ དེ་ལྟར་བཞག་པས་རྣམ་རྟོག་རྒྱུན་ཆད༔ རྟོག་མེད་ཡེ་ཤེས་སྐྱེས་ནས་ནད་དེ་ཉིད་སེལ་ལོ༔ དེ་ལ་སྔོན་འགྲོའི་དུས་སུ་ནད་མི་བཙལ༔ དངོས་གཞིའི་དུས་སུ་ནད་མི་བསྒོམ༔ རྗེས་ཀྱི་དུས་སུ་ནད་ཀྱི་རོ་མི་མྱོང་ངོ༔ དེས་ནད་རྙིང་པ་འཐོན་གསར་པས་མི་ཚུགས་སོ༔ གཉིས་པ་འབྲིང་སྒོམ་གནད་དུ་གཏང་བ་ནི༔ གནོད་པའི་ཟས་ཟ་འཕྲིགས་བཅད་ལྟོས་མེད་བསྐྱུར༔ ཞེས་པས༔ འདི་ལ་གསུམ་སྟེ༔ འགལ་སྒྱུར༔ འཕྲིགས་གཅད༔ རོ་སྙོམས་པའོ༔ དང་པོ་འགལ་སྒྱུར་ནི༔ ནད་དེ་འདོད་ཐོག་ཏུ་ཁྱེར་ལ་ནད་ཁྱོད་ལ་བརྟེན་ནས་རྣམ་རྟོག་གི་གྲེས་ཐག་གཅོད་དུ་ཡོད་པ་རེ་དགའ་སྙམ་དུ་བསམ་སྟེ༔ ཤེས་པ་དགའ་སིང་ངེ་གཏང༔ ནད་དེ་ལ་གནོད་པའི་ཟས་ཟ༔ སྤྱོད་ལམ་བྱ༔ དེ་ལ་དྲི་ཆེན་བར་པ་བླངས་ལ་དྲོད་མ་ཡལ་བ་ཚུགས་ཚད་དུ་བཟའ༔ དྲི་ཆུ་བར་པ་ཡང་ཚུགས་ཚད་བཏུང་ངོ༔ དེ་ནས་རླུང་རྩོལ་བསྒོམས་པས་སྟོད་ནད་ཡིན་ན་སྐྱུགས་སུ་འགྲོ༔ སྨད་ནད་ཡིན་ན་བཤལ་དུ་འགྲོ༔ ནད་འཐོན་པ་དང་གཅོད་སྨན་དུ་འགྲོ་འོ༔ གཉིས་པ་འཕྲིགས་གཅད་པ་ནི༔ བཞིན་གྱི་མདངས་སྟོན༔ ངག་གི་འཁུན་གཅད༔ ཡིད་རེ་དོགས་ཀྱི་འཕྲིགས༔ ན་ན་ནི༔ ཐུ་ན་ནི༔ ཤི་ན་ནི༔ ཐུ་རུ་ཡོད་པས་མི་ཡོང་ངམ་སྙམ་པའི་རྟོག་པ་མེད་པར་འཁུ་འཁྲིག་རྦད་བཅད་ལ་ལྟོས་མེད་དུ་རྒྱང་བསྐྱུར་རོ༔ གསུམ་པ་རོ་སྙོམས་པ་ནི༔ འཕྲང་བྱུང་ཙ་ན་ལུང་བླང་དགོས་པས་ཤེས་པ་གྲུང་བཏོན་ཏེ་དགེ་སྦྱོར་གསལ་བཏབ་ལ༔ རྟེན་འབྲེལ་དམིགས་པ་མི་བསྒོམ༔ རིམ་གྲོ་དང་སྨན་དཔྱད་མི་བྱ༔ ན་ཟུག་དེ་ཉིད་ཀྱི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས༔ ཉམས་མྱོང་སྐྱེས་པ་ཡིན་ན་རང་ཡལ་དུ་འགྲོ༔ རྟོགས་པ་སྐྱེས་པ་ཡིན་ན་གསལ་སྟོང་དུ་འཆར༔ ཐ་མ་ཡང་ནད་ལ་དུཿཁ་དང་རྣམ་རྟོག་མི་འབྱུང་ངོ༔ གསུམ་པ་ཐ་མ་དམིགས་པས་བཅོས་པ་ནི༔ དཀར་དམར་ནག་པོའི་ཧཱུྃ་སྤྲོས་སྟེང་འོག་གདོན༔ ཞེས་པ༔ དང་པོ་སེམས་བསྐྱེད༔ སྐྱིལ་ཀྲུང་བཅའ༔ རང་ཡི་དམ་གྱི་ལྷ་རུ་བསྒོམ༔ དེའི་སྙིང་གི་དཀྱིལ་དུ་ཧཱུྃ་མཐིང་ནག་ནས་ཙམ་ཞིག་བསྒོམ༔ དེ་ནས་ནད་གང་ཡིན་བརྟགས་ལ༔ ཚ་བ་ཡིན་ན་སྙིང་ནང་གི་ཧཱུྃ་ལས་ཧཱུྃ་དཀར་པོ་ནས་ཙམ་ཞིག་འཕྲོས་པས་ཁོག་སྟོད་ཐམས་ཅད་བསྐོར་ནས༔ ནད་དང་སྟེང་གདོན་ཐམས་ཅད་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་འུབ་རིལ་བསྡུས༔ སྤྱི་གཙུག་ནས་འཐོན་ཏེ་ནམ་མཁའ་ལ་ཡལ་བར་བསམ་ལ་རླུང་གྱེན་ལ་འབུད༔ གྲང་བ་ཡིན་ན་སྙིང་གི་ཧཱུྃ་ལས་ཧཱུྃ་དམར་པོ་ནས་ཙམ་ཞིག་མཆེད་ནས་ཁོག་སྨད་ཐམས་ཅད་བསྐོར༔ ནད་དང་འོག་གདོན་ཐམས་ཅད་བསྡུས༔ འོག་སྒོ་ནས་འཐོན་ཏེ་སའི་གཏིང་དུ་སོང་བར་བསམ༔ ཡན་ལག་གི་ནད་དམ་བྲང་ངར་ལ་སོགས་པ་ཁོལ་བུར་ན་ན༔ གང་ན་སར་ཧཱུྃ་ནག་པོ་ནས་ཙམ་ཞིག་བསམ་སྟེ༔ ཐམས་ཅད་བསྡུས་ནས༔ སྐྲངས་པའི་དམིགས་སམ་སོར་མོའི་རྩེ་མོ་ནས་འཐོན་པར་བསམ་མོ༔ ངོས་མ་ཟིན་པའི་ནད་ལ་སྙིང་ནང་གི་ཧཱུྃ་ལས་ཧཱུྃ་མཐིང་ཁ་མཆེད་དེ་སྤྲོས་པས་ལུས་ཀྱི་སྟོད་སྨད་ཐམས་ཅད་བསྐོར༔ སྟེང་འོག་གི་གདོན་དང་ནད་ཀུན་བསྡུས་ནས་རླུང་གང་རྒྱུ་བའི་སྣ་ནས་འཐོན་ཏེ་བར་སྣང་ལ་ཡལ་བར་བསམ་མོ༔ ངང་ལ་བཞག་པ་ལ་ཤེས་པ་མི་རྟོག་པའི་ངང་དུ་ཧྲིལ་འགྲོ་དགོས༔ ཟློག་སྒོམ་ལ་ཐེ་ཚོམ་དང་འཁུ་འཕྲིགས་མེད་པར་ལྟོས་མེད་དུ་རྒྱང་བསྐྱུར་དགོས༔ དམིགས་པ་ལ་ཤེས་པ་ཆིག་དམིགས་སུ་འགྲོ་དགོས༔ དེ་གསུམ་ཀ་ལ་བློ་ཁེལ་ཞིང་འཇུར་དྲགས་པ་གལ་ཆེའོ༔ གསུམ་པ་སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་ནི༔ རང་ལས་གཞན་མེད་ཡ་ང་འཁུ་འཁྲིག་བཅད༔ ཅེས་པས༔ ཉམས་ཐལ་ཐོལ་སྐྱེས་པའི་དུས་སུ་རྩ་གནས་ཀྱི་རྟེན་འབྲེལ་དང༔ རྣམ་རྟོག་གི་ཐེར་ཟུག་གིས་བདུད་རིགས་ལྷ་འདྲེའི་ཆོ་འཕྲུལ་དང་ཐེར་ཟུག་འོང་ངོ༔ དེ་ལ་འཇིགས་པ་དང་ཉམ་ངའི་རྣམ་རྟོག་སྐྱེས་ན་མྱུར་དུ་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ དེ་རང་གར་བཞག་པའམ་དེའི་དབང་དུ་ཤོར་ན༔ ཕྱིས་བསྒྲུབ་པ་ནམ་བྱེད་ཀྱི་བར་ཆད་དུ་ཡོང་བ་ཡིན་ནོ༔ གཞན་ཡང་མཐོ་དམན་གྱི་གེགས་བྱུང་བ་དེ་ཉིད་ལམ་དུ་མ་ཐོངས་ན༔ ཕྱིས་བསྒྲུབ་པ་བྱེད་པའི་དུས་ན་དེ་ཉིད་སྐྱེད་དང་བཅས་པ་ཞིག་བྱུང་ནས་བར་ཆད་དུ་འགྲོ་བ་ཡིན་པས་ལམ་དུ་གཏོང་བ་གལ་ཆེ་སྟེ༔ སྤྱིར་ལམ་དུ་གཏང་བ་ནི༔ རྩ་བ་རང་གི་རྣམ་རྟོག་ལམ་སྲང་བཅད་ལ༔ གདོན་དང་ཆོ་འཕྲུལ་ལྟར་སྣང་བ་འདི་རང་གི་བློ་འཁྲུལ་པའི་རང་ངོར་ཤར་པ་ཡིན་ཏེ༔ རང་ལས་གཞན་པའི་ལྷ་འདྲེ་ནི་གཏན་ནས་རང་མེད་དོ༔ དེ་ཡང་གདོན་དང་ཆོ་འཕྲུལ་ལྟར་སྣང་བའི་དུས་ཉིད་ན༔ བློ་འཁྲུལ་པའི་རང་ངོར་ཤར་པ་ཡིན་ཏེ༔ དེ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་མ་གྲུབ་པར་ཤེས་པའི་གནད་ཀྱིས༔ ཆོ་འཕྲུལ་ནམ་བྱུང་བའི་དུས་ན་འཕྲུལ་འཁོར་བཅས༔ ལྟ་སྟངས་བཞག་ནས་ངོ་བོ་ལ་བལྟས་པས་གསལ་སྟོང་དུ་འཆར་ཏེ༔ རྣམ་རྟོག་གསལ་སྟོང་དུ་ཤར་ཙམ་ན་ལམ་དུ་བསླངས་པ་ཡིན་ནོ༔ གཞན་ཡང་ལྷའི་ང་རྒྱལ་དང་ལྡན༔ ལྟ་བའི་གདེང་ཆེ༔ ཟབ་མོའི་གནད་ཤེས༔ སྙིང་སྟོབས་གདེང་དང་ལྡན་པར་བྱས་ཏེ༔ ཉམ་མམ་ཡ་ང་དང་བག་ཚ་འཁུ་འཁྲིག་རྦད་ཀྱིས་བཅད་ལ༔ བདུད་ཚོགས་འདྲེ་དམག་གང་བྱུང་ཡང་བ་སྤུའི་བུ་ག་གཅིག་ཀྱང་སྐྱོད་པར་མི་ནུས༔ བར་ཆད་བྱ་བ་འོང་རང་མི་འོང༔ ཚུགས་རང་མི་ཚུགས་བསམ་པའི་སེམས་དཔའ་བར་བྱའོ༔ འདྲེ་དང་བར་ཆད་ན་བ་ལ་སོགས་པ་བྱུང་ན་ནི་སྙམ་པའི་རྣམ་རྟོག་མང་བ་ནི་འདྲེ་ལ་སྣ་ལེན་བྱེད་པ་ཡིན་ནོ༔ དེས་ན་ལྷ་འདྲེ་ལྟར་སྣང་བ་ཐམས་ཅད་རང་གི་རྣམ་རྟོག་གི་རང་གཟུགས་ཤར་པ་ཡིན་གྱི༔ གཞན་དུ་གྲུབ་པ་སྤུ་ཙམ་ཡང་མེད་པས་རྣམ་རྟོག་གི་རྒྱུན་བཅད༔ ཕུང་པོ་ཚོགས་སུ་དབུལ༔ ལུས་གཟན་དུ་སྦྱིན༔ བདག་འཛིན་བློས་ལིང་གཏང༔ གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ བཞི་པ་རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བ་ནི༔ དམ་ཉམས་གྲོགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ཞེས་པས༔ གྲིབ་བཞི་སྟེ༔ དམ་ཚིག་ཉམས་པའི༔ གྲོགས་ཀྱི༔ གནས་ཀྱི༔ ཟས་ཀྱི་གྲིབ་བོ༔ དང་པོ་ནི་དམ་ཚིག་ཉམས་པའམ༔ ཉེན་པའམ༔ སེལ་ཞུགས་པ་ལས་འབྱུང་ངོ༔ གཉིས་པ་གྲོགས་ཀྱི་གྲིབ་ནི༔ གྲོགས་དམ་ཉམས་པའམ༔ སྡོམ་པ་ཤོར་བའམ༔ མི་སྡིག་པོ་ཆེ་དང་གློ་བུར་དུ་འཕྲད་པའམ༔ ཁ་འདྲེས་པ་ལས་འབྱུང་ངོ༔ གཞན་ཡང༔ མཛེ་ཅན༔ མི་ཐོང༔ ཤན་པ༔ ཡུགས་ས༔ འདྲེ་ཅན་ལ་སོགས་པ་ལས་འོང་ངོ༔ གསུམ་པ་གནས་ཀྱི་གྲིབ་ནི༔ གནས་སྡིག་ཁང༔ འདྲེ་ཁང༔ འཁོན་ཁང༔ དམ་ཁང་ལ་སོགས་པར་བསྡད་པ་ལས་གྲིབ་འབྱུང་ངོ༔ བཞི་པ་ཟས་ཀྱི་གྲིབ་ནི༔ འཁོན་ཟས༔ དམེ་ཟས༔ སྡིག་ཟས་ལ་སོགས་པ་ལས་ཟས་ཀྱི་གྲིབ་འབྱུང་ངོ༔ བཞི་པོ་དེ་རྣམས་ཀྱིས་ལུས་ལ་ནད་འཇུག་ཏིང་ངེ་འཛིན་འགྲིབ༔ ཆོས་སྐྱོང་ལྡོག་གོ༔ དེ་དག་གི་རྨི་རྟགས་ནི༔ དམ་ཚིག་ཉམས་ན་ནམ་སྲོད་ལ༔ རྨི་ལམ་དུ།་་་ཐུར་དུ་ཕྱིན་པ་འོང་ངོ༔ གྲོགས་ལ་གྲོགས་ཀྱི་མི་གཙང་བ་རང་ལ་གོས་པ་འབྱུང༔ གནས་ལ་གནས་མི་གཙང་བར་འདུག་པ་འབྱུང་ངོ༔ ཟས་ལ་རང་གི་མི་གཙང་བ་དང་དྲི་མས་གོས་པའི་ཟས་ཟོས་པ་འབྱུང་ངོ༔ དེ་དག་བསལ་བ་ལ་རབ་འབྲིང་ཐ་གསུམ་ལས༔ རབ་དབང་བསྐུར་ཞུ་བས་གསོ༔ འབྲིང་ཡི་གེ་བརྒྱ་པས་བཤགས༔ ཐ་མ་ཁྲུས་ཆོག་བྱའོ༔ མདོར་ན་ཚོགས་གཏང༔ མཆོད་པ་དབུལ༔ གྲིབ་བཤགས་གྲིབ་སེལ་གྲིབ་མདོས་གྲིབ་སྐོང་ལ་སོགས་པ་མང་དུ་བྱའོ༔ གསུམ་པ༔ ལམ་དེའི་བོགས་འདོན་གནད་དུ་གཏང་བ་ནི༔ ཞེས་པས༔ ལམ་དེའི་བོགས་འདོན་གསུམ་གྱིས་ལམ་མཐར་འདོན་པ་སྟེ༔ བོགས་མི་འབྱུང་བའི་སྐྱོན་བསལ་བ༔ བོགས་འབྱུང་བའི་གཞི་བཅའ་བ༔ བོགས་ཇི་ལྟར་འདོན་པའི་ཐབས་སོ༔ དང་པོ་བོགས་མི་འབྱུང་བའི་སྐྱོན་བསལ་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛིན་བློ་ཡིས་གཏང༔ ཞེས་པས༔ སྐྱོན་ཡོད་པ་ལ་ཡོན་ཏན་མི་འབྱུང་ལ༔ སྐྱོན་གྱི་རྩ་བ་བདག་དང་བདག་གིར་འཛིན་པའི་ཞེན་སྣང་འདི་དག་ཡིན་པས༔ བདག་འཛིན་གྱི་ལྟོས་ཐག་བཅད༔ དགྲ་གཉེན་གྱི་འཛིན་པ་སྤང༔ ལོ་ཀ་བློ་ཡིས་ལིང་གིས་གཏང་ལ༔ ཆོས་མིན་གྱི་བསམ་པ་མེད་པར་བྱ་སྟེ༔ ཀཱ་མ་ཤ་དམ་པའི་ཆོས་ཁོ་ན་ལ་བྱའོ༔ དེ་ལྟར་དེའི་སྐྱོན་མ་བསལ་ན་བོགས་ཐོན་པ་མེད་དེ་རྡོའི་ཐོག་ཏུ་མྱུ་གུ་མི་སྐྱེ་བ་བཞིན་ནོ༔ མདོར་ན་སྐྱོན་ཐམས་ཅད་ཀྱི་རྩ་བ་བདག་འཛིན་བློས་མ་གཏང་བ་དེ་ཡིན་ནོ༔ གཉིས་པ་བོགས་འབྱུང་བའི་གཞི་བཅའ་བ་ནི༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པོ་བྱ༔ ཞེས་པས༔ རང་གང་ལ་ཞུགས་པའི་ལམ་དེ་ཉིད་ལ་སྒོམ་བསྲན་བསྐྱེད་ལ་སྣ་ཁ་གཅིག་ནམ་ཟིན་ཟིན་ལ་འབད་དོ༔ གཅིག་ལ་སྒོམ་མ་ནུས་པར༔ མགོ་མང་པོ་བཟུང་སྟེ་རྒྱལ་པོའི་ཟས་ལྟར་སྣ་མང་པོ་སྤོས་ན་དོན་མི་འགྲུབ་པས༔ ལམ་འཇུག་ལྡོག་གི་གནད་མང་པོ་ཤེས་པར་བྱས་ཏེ༔ མྱོང་བ་གང་སྐྱེས་ལ་བློ་དྲིལ་ནས་འཇུག་ཅིང་ལམ་གཞན་ལས་ལྡོག་གོ༔ དེས་ན་ཡོན་ཏན་གྱི་སྣ་གཅིག་ནམ་ཟིན་བར་ལ་ཕུར་ཚུགས་གཅིག་ཏུ་འདྲིལ་དགོས་པ་ཡིན་ཏེ༔ ལམ་འོག་མ་ལ་མ་བརྟེན་ན་གོང་དུ་སྤོར་མི་ཐུབ་པའོ༔ དེ་ལྟར་བྱས་པས་སྣ་ཟིན་ཅིང་མྱོང་བ་སྐྱེས་ཏེ་ངོ་བོ་མཐོང་ནས་བོགས་འབྱུང་བ་ཡིན་ཏེ༔ ཞིང་ས་གཤིན་པོ་ལ་ས་བོན་གྲུང་པོ་ཐེབས་པ་བཞིན་ནོ༔ མདོར་ན་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་མ་ཉམས་ལེན་དྲག་པོ་ཡིན་པས་དེ་ལ་ནན་ཏན་བྱའོ༔ གསུམ་པ་བོགས་ཇི་ལྟར་འདོན་པའི་ཐབས་ལ་གཉིས་ཏེ༔ རང་ལམ་གང་ལ་གནས་པ་དེ་ལ་བོགས་འདོན་པ་དང༔ སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་རྣམ་རྟོག་བོགས་སུ་འདོན་པའོ༔ དང་པོ་ནི༔ རང་གི་ལམ་ལ་བོགས་མེད་གཞན་གྱིས་འདོན༔ ཞེས་པས༔ རང་གི་ལམ་ཐབས་ཀྱི་ཆོས་ལ་གནས་ཤིང་དེ་ལ་བོགས་མེད་ན༔ དངོས་པོ་དང་མཚན་མར་ཞེན་ནས་ཐབས་རྐྱང་དུ་སོང་བའི་སྐྱོན་ཡིན་པས༔ གཞན་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱིས་བོགས་འདོན་ནོ༔ རང་ཤེས་རབ་ཀྱི་ཆོས་ལ་གནས་ཤིང་དེ་ལ་བོགས་མེད་ན༔ ཤེས་རབ་རྐྱང་དུ་སོང་ནས་སྟོང་པ་ཕྱོགས་གཅིག་པར་གོལ་བའི་སྐྱོན་ཡིན་པས༔ རྒྱུ་འབྲས་ཀྱི་གནད་བལྟེམས་ལ་ཐབས་ཀྱི་ཆོས་ཀྱིས་བོགས་འདོན་ནོ༔ དེ་བཞིན་དུ་རང་ཞི་གནས་ལ་གནས་ཤིང་བོགས་མ་བྱུང་ན༔ གནས་ལུགས་མ་གོ་བའི་སྐྱོན་ཡིན་པས༔ ཡིན་ལུགས་ངོ་སྤྲད་ལ་ལྷག་མཐོང་གིས་བོགས་འདོན༔ ལྷག་མཐོང་ལ་གནས་ཤིང་བོགས་མི་འདུག་ན༔ གནས་ཆ་ཡུན་ཐུང་བའི་སྐྱོན་ཡིན་པས༔ དྲན་པ་བརྟེན་ཅིང་ཞི་གནས་ཀྱིས་བོགས་འདོན་ནོ༔ དེ་བཞིན་མཉམ་རྗེས་ལ་སོགས་པ་ཐམས་ཅད་ལ་ཤེས་པར་བྱའོ༔ མདོར་ན་རྒྱུན་དུ་ཉམས་སུ་ལེན་པ་ནི་བོགས་ཐམས་ཅད་ཀྱི་གནད་དོ༔ གཉིས་པ་སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་རྣམ་རྟོག་བོགས་སུ་འདོན་པ་ལ་གཉིས་ཏེ༔ ཉོན་མོངས་བོགས་སུ་འདོན་པ་དང༔ རྣམ་རྟོག་བོགས་སུ་འདོན་པའོ༔ དང་པོ་ནི༔ ཉོན་མོངས་གནད་ནས་བཟུང་ལ་ལམ་དུ་གཏང༔ ཞེས་པས༔ ཉོན་མོངས་མི་སྐྱེ་བ་ནི་མེད་ལ་རང་རྒྱུད་པ་ལམ་དུ་མི་འགྲོ་བས༔ སྐྱེས་པ་དེ་ཉིད་གནད་ནས་བཟུང་ལ་ལམ་དུ་བཏང་ནས་བོགས་འདོན་དགོས་སོ༔ དེ་ལ་གསུམ་སྟེ༔ མ་གཏང་བའི་སྐྱོན༔ བཏང་པའི་ཡོན་ཏན༔ ཇི་ལྟར་གཏོང་བའི་ཐབས་སོ༔ དེ་ཡང་འདོད་ཆགས་ལྟ་བུ་གཅིག་ལ་སྦྱར་ན༔ དང་པོ་མ་གཏང་བའི་སྐྱོན་ནི༔ མི་དང་མི་མ་ཡིན་པའི་འདོད་ཆགས་ཅན་གཞན་གྱི་དབང་དུ་བདག་འཆོར་རོ༔ འདོད་ཆགས་ཆེར་སྐྱེས་ཤིང་དེའི་ལས་གསོག༔ གྲང་ནད་འཇུག༔ མོ་གདོན་བལྟ༔ ཕྱི་མ་མངལ་གྱི་སྲིན་བུ་ལ་སོགས་པར་སྐྱེ་སྟེ་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་ངེས་པའོ༔ གཉིས་པ་བཏང་པའི་ཡོན་ཏན་འདོད་ཆགས་ཅན་གྱི་མི་དང་མི་མ་ཡིན་པ་ཐམས་ཅད་ཚུར་རང་གི་དབང་དུ་འདུ༔ བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ༔ གྲང་བའི་ནད་འབྱང༔ མོ་གདོན་ལས་གྲོལ༔ མོ་རིགས་སྲུང་མས་སྟོངས་གྲོགས་བྱེད༔ ཕྱི་མ་བདེ་བ་ཅན་དུ་སྐྱེའོ༔ གསུམ་པ་ཇི་ལྟར་ལམ་དུ་གཏོང་བའི་ཐབས་ནི༔ འདོད་ཆགས་དྲག་པོ་སྐྱེས་པའི་དུས་སུ༔ སྟན་དེའི་ཐོག་འཕྲུལ་འཁོར་དེའི་ཁོངས་སུ་ལམ་དུ་གཏང་དགོས་སོ༔ དེ་ལ་གསུམ༔ ཕག་སྣར་རྡོ་མི་རྡེག༔ ཀོང་བུ་དྲོ་བ་ལ་ཕྱི༔ དགྲ་ཟིན་མ་ཐག་ཏུ་གསད་པའོ༔ དང་པོ་ཕག་སྣར་རྡོ་མི་རྡེག་པ་ནི༔ ཉོན་མོངས་དེ་རྩལ་རྫོགས་སུ་འཇུག་པ་ཡིན༔ གཉིས་པ་ཀོང་བུ་དྲོ་ཕྱི་ནི༔ ལས་མ་གསག་པ་ལ་ལམ་དུ་གཏོང་བ་ཡིན༔ གསུམ་པ་དགྲ་ཟིན་མ་ཐག་ཏུ་གསད་པ་ལ་གོ་དོན་དང་གཏོང་ཐབས་དངོས་གཉིས༔ དང་པོ་གོ་དོན་ནི༔ སེམས་ཀྱི་ངོ་བོ་་་འདུས་མ་བྱས་ཀྱི།ཡེ་ཤེས་སུ་ཤར་བའི་དུས་ན་རྟེན་འབྲེལ་བསྒྲིག་པ་ཡིན་ནོ༔ ཡེ་ཤེས་ཀྱི་གཞི་ལ་དེ་མེད་ན་ལམ་དུ་མི་འགྲོ་བ་ཡིན་ནོ༔ མེ་ལོང་མ་དྭངས་ན་བྱད་མི་འཆར་བ་བཞིན་ནོ༔ དེས་ན་ཉོན་མོངས་པ་དེ་རྩལ་རྫོགས༔ ལས་མ་གསག༔ ངོ་བོ་ཡེ་ཤེས་སུ་ཤར་བའི་ངང་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པ་ཞིག་གནད་ཆེའོ༔ ཆོད་ན་རྟོག་པ་དེའི་མཐུར་སྨིན་ནོ༔ དེའི་ཐོག་ནས་ལམ་དུ་བཏང་པས་གཟོད་ལམ་དུ་འགྲོ་བ་ཡིན་ཏེ༔ གསེར་འགྱུར་གྱི་རྩི་བཞིན་ནོ༔ གཉིས་པ་གཏོང་ཐབས་དངོས་ནི༔ འདོད་ཆགས་ཀྱི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས༔ བདེ་སྟོང་གཉིས་མི་རྟོག་ཡེ་ཤེས་ཀྱི་ངོ་བོར་ལྷན་འཆར༔ དེའི་ངང་ནས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་ལམ་དུ་གཏོང་ངོ༔ དེ་ཡང་དང་པོ་སེམས་བསྐྱེད༔ བར་དུ་སྤྲོས་བྲལ་ལ་གཞག༔ ཐ་མ་བསྔོ་བའི་རྒྱས་གདབ་བོ༔ དེའི་བྱེད་ལས་ནི༔ སེམས་བསྐྱེད་པས་ཐེག་ཆེན་གྱི་ལམ་དུ་འགྲོ༔ སྤྲོས་བྲལ་ལ་བཞག་པས་རྟོགས་པ་སྐྱེ༔ བསྔོ་བ་བྱས་པས་དགེ་བ་འཕེལ་བ་ཡིན་ནོ༔ དེ་རེ་རེ་ལ་དང་པོ་སྐྱེས་ནས་ལམ་དུ་སོང་ཙམ་རེ་ཉམས་སུ་བླང་ངོ༔ སེམས་བསྐྱེད་ནས་བསྔོ་བའི་བར་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་བྱའོ༔ ཆོད་ན་ལམ་དུ་མི་འགྲོ་འོ༔ དེ་བཞིན་དུ་ཞེ་སྡང༔ གཏི་མུག༔ ང་རྒྱལ༔ ཕྲག་དོག་བཞི་ཀ་ལ་ཤེས་པར་བྱའོ༔ ཐམས་ཅད་ཀྱི་གནད་ལ༔ གང་སྐྱེས་དེ་རྩལ་རྫོགས༔ ལས་མ་གསག༔ ཡེ་ཤེས་སུ་ཤར༔ ངང་མ་ཤོར༔ རྟོག་པ་གཞན་གྱིས་བར་མ་ཆོད་པ་ལ་མ་ཡེངས་པར།་་་ལམ་དུ་གཏོང་བ་ཡིན་ནོ༔ གཉིས་པ་རྣམ་རྟོག་བོགས་སུ་འདོན་པ་ནི༔ རྣམ་རྟོག་ལམ་དུ་བཏང་ལ་བོགས་སུ་འདོན༔ ཞེས་པས༔ དེ་ལ་གཉིས་ཏེ་བཟང་རྟོག་དང་ངན་རྟོག་གོ༔ དང་པོ་བཟང་པོའི་རྣམ་རྟོག་ནི༔ ཉམས་བཟང་བ་ཤེས་པ་འུར་བ་ལྷ་ལ་སོགས་པའི་མཐོང་སྣང་བྱུང་བ་ན༔ དེ་ལ་བཟང་པོར་བལྟས༔ ཡོན་ཏན་དུ་བཟུང༔ རོ་མྱངས་ན་ཉམས་དེ་ཁོ་ནས་ཡལ་འགྲོ༔ བཏང་སྙོམས་སུ་བཞག་ན་བོགས་མི་འབྱུང་བས༔ དེ་ལ་བཟང་རྟོག་མ་ཞུགས༔ ཡོན་ཏན་དུ་མ་ཞེན༔ རོ་མ་མྱངས༔ ཡེ་ཤེས་སུ་ཤར༔ ངང་མ་ཤོར༔ རྟོག་པ་གཞན་གྱིས་བར་མ་ཆོད་པར་ལམ་དུ་གཏོང་ངོ༔ གཏོང་ལུགས་གོང་དང་འདྲའོ༔ གཉིས་པ་ངན་རྟོག་ནི༔ ཉམས་མི་དགའ་བ་ཤེས་པ་འཚུབ་པ་འདྲེ་སྣང་ལ་སོགས་པ་བྱུང་ན༔ དེ་ལ་ངན་པར་བལྟས༔ སྐྱོན་དུ་བཟུང༔ རོ་མྱངས་ན་བར་ཆད་དུ་འགྲོ་བས་ལམ་དུ་གཏང་ངོ༔ དེ་ལ་ངན་རྟོག་མ་ཞུགས༔ སྐྱོན་དུ་མ་ཞེན༔ རོ་མ་མྱངས༔ ཡེ་ཤེས་སུ་ཤར༔ ངང་མ་ཤོར༔ རྟོག་པ་གཞན་གྱིས་བར་མ་ཆོད་པར་ལམ་དུ་གཏང་བར་བྱ་ལ༔ གཏོང་ལུགས་གོང་དང་འདྲ་བས་བོགས་སུ་འདོན་པར་བྱའོ༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ཞེས་པས༔ རྣལ་འབྱོར་ལྔ་དང་གེགས་སེལ་བཞི་བོགས་འདོན་གསུམ་པོ།་་་དེ་དག་རྣམས་ནི་ལམ་གྱི་ཆ་རྐྱེན་ཡན་ལག་ཏུ་བསྟན་པ་ཡིན་ནོ༔ ༈ གཞུང་དོན་གསུམ་པ༔ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ ཞེས་པས༔ ལམ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་འབྲས་བུ་ལ་བཞི་སྟེ༔ འབྲས་ཆོས་ངོས་གཟུང་བ༔ འགྲོ་དོན་བྱེད་ཚུལ༔ དགོངས་པ་ལ་བཞུགས་ལུགས༔ གདུལ་བྱ་ཐུགས་རྗེས་གཟིགས་ཚུལ་ལ་གཞན་གྱིས་ལོག་རྟོག་ཟློག་པའོ༔ དང་པོ་འབྲས་ཆོས་ངོས་གཟུང་བ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ ཞེས་པས༔ ལམ་སྒྲིབ་བྱེད་ཀྱི་དྲི་མ་དག་པའི་ཚེ་རང་བཞིན་ཡེ་ནས་སངས་རྒྱས་པའི་དོན་མངོན་དུ་བྱེད་པའོ༔ དེ་ལ་དོན༔ རྟགས༔ ངོ་བོ༔ སྣང་ཚུལ་བཞི་སྟེ༔ དོན་གཉིས་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ༔ རྟགས་དྲུག་པ་རྡོ་རྗེ་འཆང་དུ་སྣང་བ༔ ངོ་བོ་རང་རིག་པ་རང་བྱུང་གི་ཡེ་ཤེས་གཅིག་དང་དུ་མ་དང་བྲལ་ཞིང་མཐའ་གང་ལ་ཡང་མི་གནས་པ༔ སྣང་ཚུལ་འབྲས་བུའི་ཆོས་ཉེར་ལྔར་སྣང་སྟེ༔ གཞི་བརྟེན་པའི་སྐུ་ལྔ༔ གོ་བརྡ་སྤྲོད་པའི་གསུང་ལྔ༔ མཁྱེན་པའི་ཡེ་ཤེས་ཐུགས་རྗེ་ལྔ༔ དགོས་པ་འབྱུང་བའི་ཡོན་ཏན་ལྔ༔ གཞན་དོན་བྱེད་པའི་ཕྲིན་ལས་ལྔ་སྟེ༔ ལྔ་ལྔ་ཉི་ཤུ་རྩ་ལྔའོ༔ དང་པོ་སྐུ་ལྔ་ནི༔ སྐྱེ་མེད་མཐའ་བྲལ་རྣམ་དག་གི་ཡེ་ཤེས་སྐུ་བཞིའི་རྟེན་བྱེད་པ་ནི་ཆོས་སྐུ༔ ཆོས་ཐམས་ཅད་སྣང་ལ་འཛིན་མེད་དུ་སྤྱོད་ཅིང་ཡོན་ཏན་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་པའི་སྐུའི་རྟེན་བྱེད་པ་ལོངས་སྐུ༔ ཆོས་སྐུ་ལས་མ་གཡོས་པར་གདུལ་བྱའི་བློ་དང་མཐུན་པར་སྤྲུལ་ནས༔ གང་ལ་གང་འཚམས་སུ་སྟོན་པའི་ཡེ་ཤེས་ཡོན་ཏན་གྱི་རྟེན་བྱེད་པ་ནི་སྤྲུལ་པའི་སྐུ༔ སྟོང་རིག་དབྱེར་མི་ཕྱེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་རྟེན་བྱེད་པ་ནི་རྡོ་རྗེའི་སྐུ༔ ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཡུལ་མེད་རང་རིག་གསལ་བ་ནི་མངོན་བྱང་གི་སྐུའོ༔ གཉིས་པ་གསུང་ལྔ་ནི༔ བརྗོད་བྲལ་རྣམ་དག་གི་ཡེ་ཤེས་བསམ་བརྗོད་ཀྱི་གཞིར་གྱུར་པ་ནི་དོན་གྱི་གསུང༔ སྐུ་མཐོང་བས་དོན་གྱི་བརྡ་འཕྲོད་པའི་ཡེ་ཤེས་ནི་དགོངས་པ་བརྡའི་གསུང༔ གདུལ་བྱའི་ངོར་ཚིག་རེ་རེས་དོན་རེ་གོ་བའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པའི་བྱིན་རླབས་ཀྱིས་དོན་གསལ་བར་བྱེད་པ་ཚིག་གི་གསུང༔ གྲགས་སྟོང་གཉིས་མེད་ཀྱི་གོ་བརྡ་འཕྲོད་པའི་ཡེ་ཤེས་ནི་རྡོ་རྗེའི་གསུང༔ གསུང་དབྱངས་ཡན་ལག་དྲུག་ཅུས་རིགས་དྲུག་ལ་བརྡ་སྤྲོད་པ་སྒྲ་སྐད་ཐམས་ཅད་རང་རིག་པར་གསལ་བའི་ཡེ་ཤེས་ནི་མངོན་བྱང་གསུང་ངོ༔ གསུང་ལྔ་པོ་ལ་ཡང་ངོ་བོ་བརྡ་སྤྲོད་པ་གཅིག་ལ་བརྗོད་ཚུལ་རྟོགས་པ་ཐ་དད་དོ༔ གསུམ་པ་ཐུགས་ལྔ་ནི༔ ཆོས་ཉིད་སྟོང་པ་མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོའི་ཐུགས༔ ཆོས་ཐམས་ཅད་གསལ་བར་མི་རྟོག་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཐུགས༔ ཆོས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཐུགས༔ ཆོས་ཐམས་ཅད་སྣང་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེའི་ཐུགས༔ ཞེན་མེད་ཡེ་ཤེས་ཀྱི་ལས་བཞིས་འགྲོ་དོན་མཛད་པ་ནི་འགྲོ་བ་སྒྲོལ་བའི་ཐུགས་སོ༔ བཞི་པ་ཡོན་ཏན་ལྔ་ནི༔ ཞིང་ཁམས༔ གཞལ་ཡས༔ འོད་ཟེར༔ གདན་ཁྲི༔ རྒྱན་ཆའོ༔ དེ་ཡང་དང་པོ་ཆོས་སྐུའི་ཞིང་ཁམས་ནི༔ དབྱིངས་རང་བཞིན་གྱིས་རྣམ་པར་དག་པའོ༔ ལོངས་སྐུའི་རང་གསལ་འོད་ཀྱི་འཁོར་ལོའོ༔ སྤྲུལ་སྐུའི་སྟོང་གསུམ་མི་མཇེད༔ རྡོ་རྗེ་དང་མངོན་བྱང་ལ་མ་བཤད༔ གཉིས་པ་གཞལ་ཡས་ནི༔ ཆོས་སྐུའི་འོག་མིན་ཆོས་ཀྱི་དབྱིངས༔ ལོངས་སྐུའི་རང་སྣང་ཡེ་ཤེས༔ སྤྲུལ་སྐུའི་རང་སྣང་དཀྱིལ་འཁོར༔ རྡོ་རྗེ་དང་མངོན་བྱང་ལ་མ་བཤད༔ གསུམ་པ་འོད་ཟེར་ནི༔ ཆོས་སྐུ་ལ་ཡེ་ཤེས་ལྔའི་འོད་ཟེར༔ ལོངས་སྐུ་ལ་ཡེ་ཤེས་ཀྱི་རང་མདངས་འོད་ལྔ་རུ་འབར་བ༔ སྤྲུལ་སྐུ་ལ་སྐུའི་གནས་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་ཡོད་པར་གསུངས༔ བཞི་པ་གདན་ཁྲི་ནི༔ ཆོས་སྐུ་ལ་ལྟ་བ་ཁ་སྦྱོར༔ ལོངས་སྐུ་ཤེས་རབ་ཁ་སྦྱོར༔ སྤྲུལ་སྐུ་ཐུགས་རྗེ་ཁ་སྦྱོར་གྱི་གདན་ཁྲིའོ༔ ལྔ་པ་རྒྱན་ཆ་ནི༔ ཆོས་སྐུ་ལ་སྐྱེ་མེད་རྣམ་དག་གི་རྒྱན༔ ལོངས་སྐུ་ལ་འགགས་མེད་རང་གསལ་གྱི་རྒྱན་ཏེ༔ ཐུན་མོང་མ་ཡིན་པའི་མཚན་དཔེ་དང༔ རྟགས་ཀྱི་རྒྱན་བཅུ་སྟེ༔ དབུ་རྒྱན༔ སྙན་རྒྱན༔ མགུལ་རྒྱན༔ དོ་ཤལ༔ དཔུང་རྒྱན༔ ཕྱག་གདུབ་གཉིས༔ ཞབས་གདུབ་གཉིས༔ སེ་མོ་དོ་དང་བཅུའོ༔ སྤྲུལ་སྐུའི་རྒྱན་ཐུན་མོང་གི་མཚན་དང་དཔེ་བྱད་དོ༔ རྡོ་རྗེ་དང་མངོན་བྱང་ལ་མ་གསུངས་སོ༔ ལྔ་པ་ཕྲིན་ལས་ལྔ་ནི༔ ཞི་རྒྱས་དབང་དྲག་མངོན་སྤྱོད་དེ༔ ལས་དང་ཉོན་མོངས་དགྲ་བགེགས་ཐམས་ཅད་མེད་པ་ནི་ཞི་བའི་ལས༔ ཚེ་དང་བསོད་ནམས་རང་རིག་པའི་ཡེ་ཤེས་རྒྱས་པར་སྟོན་པ་ནི་རྒྱས་པ༔ སེམས་དང་རིག་པ་འཁོར་འདས་ཐམས་ཅད་དབང་དུ་འདུས་པ་ནི་དབང༔ མི་མཐུན་པའི་དབྱིངས་ཐམས་ཅད་ཚར་གཅོད་པ་ནི་དྲག་པོ༔ གནས་ལུགས་མངོན་དུ་གྱུར་པ་ནི་མངོན་སྤྱོད་ཀྱིའོ༔ གཉིས་པ་འགྲོ་དོན་བྱེད་ཚུལ་ནི༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད་དོན་བྱེད༔ ཅེས་པས༔ རྟེན་ཅན་གྱིས་དོན་བྱེད་པ༔ རྟེན་མེད་ཀྱིས་དོན་བྱེད་པ༔ ངོ་བོ་ཉིད་ཀྱིས་དོན་བྱེད་པ་གསུམ་ལས༔ དང་པོ་རྟེན་ཅན་གྱིས་དོན་བྱེད་པ་ནི༔ གཞི་ཆོས་སྐུ་གཉིས་སུ་མེད་པའི་ཡེ་ཤེས་ལ་བརྟེན་ནས་གདུལ་བྱ་དག་པ་ལ་ལོངས་སྐུ༔ མ་དག་པ་ལ་སྤྲུལ་སྐུ་མཛད་དེ་ཡེ་ཤེས་ཡོད་པའི་ལུགས་སོ༔ གཉིས་པ་རྟེན་མེད་ཀྱིས་མཛད་པ་ནི༔ སངས་རྒྱས་ལ་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་མོད་ཀྱང་གདུལ་བྱའི་བློ་སྣང་དུ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པ་སྟེ་ཡེ་ཤེས་མེད་པའི་ལུགས་སོ༔ གསུམ་པ་ངོ་བོ་ཉིད་ཀྱིས་མཛད་པ་ནི༔ ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཤིས་ཀྱི་ངོ་བོ་ཅིར་ཡང་མ་ཡིན་པ་ཉིད་ལས༔ རྩལ་ཅིར་ཡང་མ་འགགས་པ་ཤར་ནས་མཛད་པ་སྟེ་གཉིས་མེད་ཀྱི་ལུགས་སོ༔ དེ་ཡང་དོན་མཛད་པ་པོ་སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཆང་ངོ༔ སྐུ་ལྔ་ཡོན་ཏན་གྱི་ལྡོག་ཆ་ནས་ཕྱེ་ཡི་དངོས་པོ་ཐ་དད་ལྟར་བདེན་པ་ནི་མ་ཡིན་ནོ༔ དེ་ཡང་རྡོ་རྗེ་དང་མངོན་བྱང་གཉིས་ནི་སྐུ་གསུམ་གྱི་ཆ་ལས་བཏགས་པས་སྐུ་བརྟགས་པ་བ་ཡིན་ལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ནི་མཚན་ཉིད་པའོ༔ དེ་ལའང་ཆོས་སྐུ་ནི་བདག་དོན་དགོངས་པའི་ཆ་ཡིན་པས་འགྲོ་དོན་མི་མཛད་ལ༔ གཟུགས་སྐུ་གཉིས་ནི་གཞན་དོན་མཛད་པའི་ཆའོ༔ དེ་ལ་གཉིས་ཏེ༔ གདུལ་བྱ་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་ལོངས་སྐུས་དོན་མཛད༔ མ་དག་པ་རིགས་དྲུག་ལ་སྤྲུལ་སྐུས་དོན་མཛད་དོ༔ དེ་ལ་བཞི༔ སྐུའི་དོན་མཛད་པ་ནི་མཛད་པ་བཅུ་གཉིས༔ གསུང་གི་མཛད་པ་ལ་བཞི་སྟེ༔ དབྱེ་བ་ལ་དགོངས་ཏེ་མཛད་པ་གསུང་རབ་ཡན་ལག་བཅུ་གཉིས༔ བསྡུ་བ་ལ་དགོངས་ཏེ་མཛད་པ་སྡེ་སྣོད་གསུམ༔ གཉེན་པོ་ལ་དགོངས་ཏེ་མཛད་པ་སྤོང་སྦྱོང་ལམ་དུ་བྱེད་པ་གསུམ༔ རྒྱུ་འབྲས་ལ་དགོངས་ཏེ་མཛད་པ་སྔགས་མཚན་ཉིད་གཉིས་སོ༔ ཐུགས་ཀྱི་མཛད་པ་མངོན་པར་ཤེས་པ་དྲུག༔ བསམ་གྱིས་མི་ཁྱབ་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་བཞིའོ༔ གསུམ་པ་དགོངས་པ་ལ་བཞུགས་ཚུལ་ནི༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ ཞེས་པས༔ གཞི་བདེན་པ་དབྱེར་མེད་མཐའ་གང་ལ་ཡང་མི་གནས་ཤིང་གཅིག་དང་ཐ་དད་ལས་གྲོལ་བར་གནས་པའི་དོན་མངོན་དུ་བྱས་པ་མཐར་ཐུག་གི་འབྲས་བུ༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་མཐའ་གང་ལ་ཡང་མི་གནས་ལ༔ གཅིག་དང་དུ་མ་དང་བྲལ་ཞིང༔ གཅིག་དང་ཐ་དད་ལས་གྲོལ་བར་བཞུགས་སོ༔ དེ་ཡང་ཀུན་ཏུ་བཟང་པོའི་ཡོན་ཏན་གྱི་ཁྱད་པར་ལས་འབྲས་ཆོས་ཉེར་ལྔར་སྣང་བས་གཅིག་དང་བྲལ་ལ༔ འབྲས་ཆོས་ཉེར་ལྔ་ཡང་ཀུན་ཏུ་བཟང་པོའི་ཐུགས་རང་བྱུང་ཡེ་ཤེས་གཅིག་ཏུ་འདུས་པས་དུ་མ་དང་བྲལ་བའོ༔ ཡང་གདུལ་བྱའི་ངོ་བོ་ལ་དུས་གསུམ་སངས་རྒྱས་ལྟར་སྣང་བས་གཅིག་དང་བྲལ་ལོ༔ དེ་དག་བདེན་པ་རང་རྒྱུད་དུ་མི་གནས་ཏེ་སྟོང་པ་བདག་མེད་དུ་གཅིག་པས་དུ་མ་དང་བྲལ་ལོ༔ དགོངས་པ་གཅིག་ཏུ་བདེན་ན་རྟོག་ཚོགས་གནས་འགྱུར་རྫུན་དུ་འགྱུར༔ ཐ་དད་དུ་བདེན་ན་སངས་རྒྱས་གཅིག་ལ་སྤྲུལ་པ་དུ་མ་མི་འཆར་བར་འགྱུར༔ དེས་ནས་གཅིག་དང་ཐ་དད་ལས་གྲོལ་བ་གཉིས་སུ་མེད་པར་བཞུགས་སོ༔ བཞི་པ་གདུལ་བྱ་ཐུགས་རྗེས་གཟིགས་ཚུལ་ལ་གཞན་གྱི་ལོག་རྟོག་ཟློག་པ་ནི༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་རྫུན་བརྟག༔ ཅེས་པས༔ གཟིགས་ཚུལ༔ ཞེས་པ་ནི་རང་གི་ཚུལ་ཏེ༔ གང་གཟིགས་ན་གདུལ་བྱ་སེམས་ཅན་གྱི་ཁམས་འདི་གཟིགས༔ གང་གིས་གཟིགས་ན་སྟོན་པ་སངས་རྒྱས་ཀྱི་ཐུགས་རྗེས༔ ཚུལ་ཇི་ལྟར་གཟིགས་པ་ལ་གསུམ་སྟེ༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་སྐྱེས་པར་གཟིགས༔ ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་འགགས་པར་གཟིགས༔ གཉིས་མེད་མཁྱེན་པའི་ཡེ་ཤེས་ཀྱིས་སྐྱེ་འགག་གཉིས་སུ་མེད་པར་གཟིགས་སོ༔ གྲུབ་དང་མ་གྲུབ་བདེན་རྫུན་བརྟག༔ ཅེས་པ་ནི་གཞན་གྱི་ལོག་རྟོག་ཟློག་པ་སྟེ༔ འོ་ན་གཟིགས་པར་བྱ་བའི་ཡུལ་སེམས་ཅན་གྱི་ཁམས་འདི་དག་སངས་རྒྱས་ཀྱི་ངོས་ནས་གྲུབ་བམ་མ་གྲུབ༔ དང་པོ་ལྟར་ན་འཁྲུལ་སྣང་འདི་དག་བདེན་དངོས་སུ་འགྱུར་ཏེ༔ ཡང་དག་གི་ཤེས་ངོར་གྲུབ་པའི་ཕྱིར༔ འདོད་ན༔ བརྫུན་པས་བསལ༔ གཉིས་པ་ལྟར་ན༔ སངས་རྒྱས་ལོག་ཤེས་ཅན་དུ་འགྱུར་ཏེ༔ མེད་པ་ལ་ཡོད་པར་གཟིགས་པའི་ཕྱིར༔ ཟླ་བ་གཉིས་འཛིན་གྱི་མིག་ཤེས་བཞིན་ནོ༔ ཞེས་པས་ན༔ དངོས་པོ་རང་རྒྱུད་པར་བདེན་པར་ཐལ་བ་ནི་ཁྱབ་པ་མ་གྲུབ༔ བདེན་པ་དབྱེར་མེད་མཐའ་བྲལ་དུ་ཐལ་བ་ནི་འདོད་པ་ཡིན་ནོ༔ ༈ རྩ་བའི།་་་གསུམ་པ་མཇུག་གི་དོན་ལ་གཉིས་ཏེ༔ དང་པོ་ཆོས་ཀྱི་ཆེ་བ་བསྟན་པ་ནི༔ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་གྱུར་བླ་མེད་ཐེག་མཆོག་གོ༔ གཉིས་པ་དགེ་བ་ཐམས་ཅད་མཁྱེན་པར་བསྔོ་ཞིང་མཚན་དང་མཛད་བྱང་ཡོངས་སུ་རྫོགས་ཚུལ་དང་བཅས་བསྟན་པ་ནི༔ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲོལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་ཟད་ཉེས་དག་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་མཛད་པ་རྫོགས་སོ༔ གསང་སྔགས་བླ་མེད་ཐེག་པའི་མཆོག༔ ཡང་དག་ངེས་པ་དོན་གྱི་ཆོས༔ ཚེ་གཅིག་སངས་རྒྱས་ཉེ་བའི་ལམ༔ ཨེ་མ་ཡིད་བཞིན་ནོར་བུ་འོ༔ འདི་དགེས་ལུས་ཅན་འགྲོ་བ་ཀུན༔ རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ༔ རང་ཆས་རང་ངོ་ཤེས་གྱུར་ནས༔ རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).