Terdzo-'I-021

From Rinchen Terdzö

དགོངས་གསོལ་དཔའ་བོའི་འབྲུག་སྒྲ་

dgongs gsol dpa' bo'i 'brug sgra

by  མི་ཕམ་རྒྱ་མཚོ་ (Mipam Gyatso)
Volume 53 (འི) / Pages 523-532 / Folios 1a1 to 5b4

[edit]

དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །ཧོཿ དགོངས་སུ་གསོལ་ལོ། །ཧོཿ དགོངས་སུ་གསོལ་ལོ། །ཧོཿ དགོངས་སུ་གསོལ་ལོ། །གཞི་དབྱིངས་ཆོས་སྐུ་ཆེན་པོའི་ཀློང་ན་རང་སྣང་མ་འགགས་ལྷུན་གྲུབ་ཀྱི་རོལ་རྩལ་ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་དཀོན་མཆོག་གསུམ་དང་། ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་རབ་འབྱམས་ཆོས་སྐྱོང་སྲུང་མ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྙན་གསན་ཞིང་དགོངས་སུ་གསོལ་ལོ། ཁྱད་པར་དུ་སྙིགས་མ་ལྔ་བདོའི་སྐྱབས་གཅིག་སྣང་སྲིད་ཟིལ་གྱིས་གནོན་པ་༧དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ། སྤྲུལ་པའི་གུ་རུ་མཚན་བརྒྱད། རྣམ་འཕྲུལ་བཅུ་གཉིས། འཕྲུལ་མཚན་ཉི་ཤུ་ལ་སོགས་པའི་མངའ་བདག་ཆེན་པོ། འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་དང་། རིག་འཛིན་ཧཱུྃ་ཆེན་ཀཱ་ར། གྲུབ་མཆོག་འཇམ་དཔལ་བཤེས་གཉེན། མཁས་གྲུབ་བི་མ་མི་ཏྲ། དབང་ཆེན་ནཱ་གརྫུ་ན། མཐུ་ལྡན་པྲ་བྷ་ཧསྟི། དཔའ་བོ་དྷ་ན་སཾསྐྲི། ཕུང་བྱེད་ཤཱནྟིཾ་གརྦྷ། འཇིགས་མཛད་གུ་ཧྱ་ཙནྡྲ། རྗེ་འབངས་སྙིང་གི་བུ་དགུ། བརྒྱུད་པའི་བླ་མ་དམིགས་བསལ་སྦྱར་ན་འདིར་འཛུད། ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་དམ་པ། བརྒྱུད་གསུམ་རིག་འཛིན་བླ་མའི་ལྷ་ཚོགས་ཁྱེད་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ལ་དགོངས་པའི་ཐུགས་བསྐྱེད་རྡོ་རྗེའི་དམ་བཅའ་དགོངས་པར་མཛོད་ལ། དེང་འདིར་རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །རང་སྣང་ཡེ་ཤེས་ཀྱི་དུར་ཁྲོད་ཆེན་པོ་ཆོས་ཀྱི་དབྱིངས་དང་མཉམ་པ་དྲག་པོའི་མེ་རི་དམར་ནག་ཏུ་འཁྲུགས་པའི་ཀློང་ན། དྲན་པ་ཙམ་གྱིས་དངོས་གྲུབ་འདོད་དགུའི་སྤྲིན་ཕུང་གཡོ་བ། དཔལ་ཆེ་མཆོག་ཧེ་རུ་ཀཿའབར་བའི་མངའ་བདག་ཆེན་པོ། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་དང་། ཡི་དམ་སྒེར་གྱི་དགོངས་གསོལ་སྦྱར་ན་སྐབས་སུ་འཛུད་ལུགས་ཤེས་པར་བྱ། རྒྱུད་སྡེ་དྲུག་གི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། དགོངས་པ་དུས་སུ་མི་གཡེལ་བའི་རྡོ་རྗེའི་དམ་ཚིག་ཆེན་པོ་ལ་གནས་པ་རྣམས་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །ས་འོག་དང་ས་སྟེང་ས་བླའི་འཇིག་རྟེན་གྱི་གནས་ཡུལ་དུར་ཁྲོད་ཆེན་པོ་རྣམས་སུ་བཞུགས་ཤིང་རྒྱུ་བའི། དཔལ་རྡོ་རྗེ་ཁྲག་འཐུང་ཆེན་མོ་བཛྲ་བཱ་རཱ་ཧཱི། གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ། སེང་གེའི་གདོང་ཅན་ མཁའ་འགྲོ་དམིགས་བསལ་ཡོད་ན་འཛུད། སོགས་རིགས་ལྔའི་མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ། ཕྲིན་ལས་རྣམ་བཞི་བསྒྲུབ་པའི་མངའ་བདག་ཆེན་པོ་རྣམས་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །ཉི་མ་བྱང་ཤར་གྱི་མཚམས་མདའ་མདུང་རལ་གྲིའི་གུར་གྱི་གཞལ་ཡས་ན་བཞུགས་པའི། དཔལ་རྡོ་རྗེ་ནག་པོ་ཆེན་པོ་རྣམ་སྣང་ཚོགས་ཀྱི་བདག་པོ། གཏུམ་བྱེད་སྐུ་ཡི་མགོན་པོ། གསོད་བྱེད་གསུང་གི་མགོན་པོ། སྒྲོལ་བྱེད་ཐུགས་ཀྱི་མགོན་པོ། ཡུམ་ཡཀྴ་བཻ་ཏ་ལི། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། ནག་པོ་སྟོང་། དགྲ་བླ་ཁྲི། ཤ་ཟ་འབུམ། མ་མོ་ས་ཡ། ལྷ་དམག་བྱེ་བ་དུང་ཕྱུར། སྤྲུལ་འཁོར་ཕོ་ཉ་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །གསང་ཆེན་ལྷུན་གྱིས་གྲུབ་པའི་དུར་ཁྲོད་འཇིགས་སུ་རུང་བ་ན་དྲེགས་པ་རུ་དྲ་སྡེ་གསུམ་གྱི་གཤེད་དུ་ཁྲོས་པ། སྣང་སྲིད་དྲེགས་པ་ཀུན་གྱི་སྤྱི་རྗེ་དཔལ་འབར་མ་ནིང་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །མཚོ་མུ་ལེ་མཐིང་གི་གཞལ་ཡས་ན་བཞུགས་པའི་མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་དང་། སྔགས་སྲུང་ཨེ་ཀ་ཙཱ་ཏི། དམ་ཅན་རྡོ་རྗེ་ལེགས་པ། གཟའ་རྒོད་དུག་གི་སྤུ་གྲི། སྤྲུལ་པའི་བཙན་རྒོད་ཆེན་པོ། ཞིང་སྐྱོང་སེང་གདོང་ཡབ་ཡུམ། ནོར་སྲུང་དུར་ཁྲོད་ལྷ་མོ། བོད་སྐྱོང་བརྟན་མ་བཅུ་གཉིས། རྣམ་སྲས་ཛམ་ལྷ་ཡབ་ཡུམ། ལས་གཤིན་འཆི་བདག་ནག་པོ། སྔགས་བདག་དྲེགས་པ་བཅོ་བརྒྱད། དྲེགས་པའི་སྡེ་དཔོན་སུམ་ཅུ། བཀྲ་ཤིས་ཚེ་རིང་མཆེད་ལྔ། གཏེར་སྲུང་བདུད་བཙན་ཀླུ་གསུམ། མཐུ་ཆེན་དགྲ་བླ་བཅུ་གསུམ། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། བརྒྱུད་གསུམ་རིག་འཛིན་བླ་མའི་ཐ་ཚིག་ལ་གནས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་དམ་ལྡན་གྱི་གྲོགས་མཛད་པ། ལེགས་ཉེས་སྟངས་འཛིན་ཅིང་དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ལས་དྲག་པོ་ལ་མངའ་དབང་མཛད་པ། རྒྱུད་གསུམ་གྱི་ཆོས་སྐྱོང་དྲེགས་པའི་སྡེ་ཚོགས། བང་གློག་ལས་མྱུར་བ། བོས་ན་འདུ་ཞིང་བསྒྲུབ་ན་འགོ་བ། དམ་ཉམས་ལ་སྡང་མིག་བལྟ་ཞིང་དགྲ་བོའི་ཤ་ཁྲག་ལ་རྔམས་པ། ཁྱེད་རྣམས་རིག་འཛིན་རྩ་བརྒྱུད་བླ་མའི་སྤྱན་སྔར་དཀྱིལ་འཁོར་ཆེན་པོའི་གྲལ་དུ་བཞག་ནས། སྤྱི་བོར་དབང་རྟགས་ཀྱི་རྡོ་རྗེ་བཞག །ལྕེ་ལ་དམ་ཚིག་གི་བདུད་རྩི་བླུགས་ཏེ། མ་འོངས་དམ་ལྡན་རིག་འཛིན་གྱི་ཚོགས་ལ་སྟོངས་གྲོགས་བྱེད་ཅིང་བསྟན་དགྲ་སྡིག་ཅན་སྒྲོལ་བའི་རྡོ་རྗེའི་ཐ་ཚིག་གཉན་པོ་དགོངས་ལ། རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །གཞན་ཡང་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་སྣང་སྲིད་དྲེགས་པ། སྲིད་པའི་བདེ་སྡུག་གི་སྟངས་འཛིན་ཅིང་། ལེགས་ཉེས་ཀྱི་བྱ་ར་བྱེད་པ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་གནས་ཤིང་རྒྱུ་བ། ལོ་ཟླ་ཞག་དུས་ཚེས་དང་གཟའ་སྐར་སྤར་སྨེ་རྟེན་འབྲེལ་གྱི་བདག་པོ་དང་། ཁྱད་པར་སའི་ཕྱོགས་དང་དུས་འདི་ལ་དབང་བའི་སྣང་སྲིད་ཀྱི་དྲེགས་པ་མ་ལུས་པ་ཐམས་ཅད་སྙན་གསན་ཅིང་དགོངས་པར་མཛོད་ལ། བདག་གི་བསྟན་དགྲ་སྡིག་པོ་ཆེ་འདིས་དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། ལས་རྒྱུ་འབྲས་ཁྱད་དུ་བསད། སྣང་སྲིད་དྲེགས་པ་ལ་དོ་བརྡོས། རྣལ་འབྱོར་པ་བདག་ལ་ཕོད་བཙུགས། ཆོས་སྐྱོང་སྲུང་མ་ལ་འཁོན་བཏང་བའི་སྡིག་ཅན་འདི་རྣམས་བདག་གིས་སྒྲོལ་བ་ལ། རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱི་ལམ་ནས་སྣང་སྲིད་དྲེགས་པ་ཡོངས་ཀྱིས་དཔང་པོ་མཛོད་ཅིག །ཧོ། རྩ་གསུམ་ཆོས་སྐྱོང་དྲེགས་པའི་ཚོགས་དང་བཅས་པ་ཁྱེད་རྣམས། ཐུགས་ཆོས་དབྱིངས་སྤྲོས་པ་མེད་པའི་ངང་ལས་སྙིང་རྗེ་དྲག་གཏུམ་མི་བཟད་པའི་རྩལ་སྣང་ཆེན་པོས། དུས་མཐའི་མེ་ལྟར་འབར་བའི་སྐུ་གར་དགུའི་ཉམས་ཀྱིས་བརྗིད་ཅིང་། འཇིགས་རུང་སྤྲིན་ནག་འཁྲིགས་པ་ལྟ་བུའི་ཁྲོ་གཉེར་གཡོ་བ་དང་། དྲག་སྔགས་ཐོག་སེར་འཁྲུགས་པའི་གད་རྒྱངས་འབྲུག་སྟོང་ལྟར་སྒྲོག་བཞིན་དུ། ལེགས་ཉེས་ཀྱི་དཔང་པོ་མཛད་པའི་སྤྱན་མིག་ཉི་ཟླ་སྟོང་གི་དཀྱིལ་འཁོར་བགྲད་ནས། དགྲ་བོའི་ཤ་ཁྲག་ལ་རྔམས་པ་འབར་བའི་ཞལ་གྱི་དཀྱིལ་འཁོར་གནམ་ས་ལྟར་གདངས་ཤིང་། སྐྱིན་ཐང་དུག་མདའ་འཕྲོ་བའི་མཆེ་བ་གངས་རི་ལྟར་གཙིགས་ཏེ། གནོད་བྱེད་དགྲ་བགེགས་རྔུབ་པའི་དྲག་པོའི་དབུགས་ཆེན་དུས་མཐའི་འཐོར་རླུང་ལྟར་གཡོ་ཞིང་། འཇིགས་པའི་གློག་ཕྲེང་དྲག་པོ་གཡོ་བ་ལྟ་བུའི་ལྗགས་བསྐྱོད་པར་མཛད་ནས། དེང་འདིར་དམ་ཉམས་པའི་དགྲ་བགེགས་བསྒྲལ་པའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། དོན་སྙིང་གི་ནགས་ཚལ། དབུགས་རླངས་ཀྱི་ན་བུན། རྐང་མར་གྱི་འདམ་རྫབ་དང་བཅས་པའི་དཔའ་སྐྱེམས་འདི་བཞེས་ལ། མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་སྤྱི་དང་། བྱེ་བྲག་དུས་གསུམ་རྒྱལ་བའི་གདུང་འཚོབ་༧དཔལ་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་རིན་པོ་ཆེ་མདོ་སྔགས་བསྟན་པ་ཉི་ཟླ་ཟུང་འབྲེལ་ལ། བསམ་པ་ངན་པ། སྦྱོར་བ་རྩུབ་པ། དངོས་སུ་འཚེ་བ། ལྐོག་ན་གཤེ་བ། བསྟན་དང་བསྟན་འཛིན་གྱི་དབུ་འཕང་སྨད་པའི་དགྲ་བགེགས་སྡིག་ཅན་རྣམས། འཇིག་རྟེན་གྱི་ཁམས་གང་ན་འདུག་པ་འབར་བའི་སྤྱན་གྱིས་གཟིགས་ལ་དུས་ད་ལྟ་ཉིད་དུ་སྒྲོལ་ཅིག །དགྲ་བགེགས་དེ་དག་གི་སྡེ་དང་ཕྱོགས་སུ་གཏོགས་པ་རྣམས་ཀྱི་བསོད་ནམས་རླུང་རྟ་སྣུབས་ཤིག །ཁ་ཕུང་རྗེས་མེད་དུ་ཐོངས་ཤིག །ནམ་ཡང་ལྡང་མེད་དུ་མཛོད་ཅིག །ཁྱད་པར་དུ་བདག་ཅག་དཔོན་སློབ། སྡེ་དགོན་མི་ཕྱུགས་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མ། མཐོ་ལ་ཁ་ནས་ཇག་པ་རྟ་ཁ་བསིག་མི། དམའ་ལུང་ཁུང་ནས་རྐུན་མ་ཤ་ཆིང་ཁུར་མི། རྐུན་ཁ་གཤོམ་བྱེད་མི། འཇབ་ལག་གཤོམ་བྱེད་མི། མི་མེད་དང་ལྷ་མེད་ཟེར་མི། ཁ་མཆུ་དང་རྩོད་ཡ་གཟུང་མི། ཁ་དཀར་ཞིང་སྙིང་ནག་པ། དོ་བརྡོ་ཞིང་ཕོད་བཙུགས་པ། བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ། ལེགས་ན་མི་དགའ་ཉེས་ན་དགའ་བ། བཟང་ན་མི་དགའ་ངན་ན་དགའ་བ། བསྟོད་ན་མི་དགའ་སྨད་ན་དགའ་བ། ཚེ་སྲོག་དབང་ཐང་ལ་འཁུ་ཞིང་། སྟོབས་དཔལ་འབྱོར་པ་ལ་འཚེ་བ། གཤེ་སྐུར་དུག་སྦྱོར་བྱེད་ཅིང་། བྱད་ཕུར་རྦོད་གཏོང་གཤོམ་པ། ལག་པ་ཚིག་ཏུ་རྔོ་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་གཤོམ་པ། ད་དགྲ་ཐད་དུ་ལངས་པ། མིང་བྱང་བུ་ལ་བཀོད་པ། མཚན་དཀར་ཆག་ལ་བཏབ་པ། ཕྲིན་ལས་ཀྱི་ཡུལ་དུ་གྱུར་པ་བསྒྲལ་བའི་ཞིང་དུ་གྱུར་པའི། འདིར་དགྲ་བགེགས་དམིགས་བསལ་ཡོད་ན་འཛུད། དགྲ་བགེགས་སྡིག་པོ་ཆེ་འདི་རྣམས་ཀྱི་སྟེང་དུ། རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཁྲོས་འཁྲུགས་རྔམས་པའི་རང་བཞིན་དུས་མཐའི་མེ་རླུང་གིས་བསྐྱོད་པའམ། གནམ་ལྕགས་དྲག་པོའི་སེར་སྤྲིན་འཁྲིགས་པ་ལྟ་བུའི་དམག་དཔུང་ཆེན་པོ་དུས་ད་ལྟ་ཉིད་དུ་ཕོབ་ཅིག །དགྲ་བོ་ཆེ་རྒྱུད་ལ་བབས་ན་སྡོང་རྒན་ལ་མེ་མཆེད་པ་བཞིན་དུ་ཐོངས་ཤིག །འབྲིང་རྒྱུད་ལ་བབས་ན་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོངས་ཤིག །ཆུང་རྒྱུད་ལ་བབས་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིག །ཕོ་རྒྱུད་ཀྱི་རྩ་བ་ཀླུ་ལ་གཏོད་ཅིག །མོ་རྒྱུད་ཀྱི་མངལ་འཛིན་བཙན་ལ་གཏོད་ཅིག །སྐྱེས་དར་མ་གྲིར་སོད་ཅིག །མོ་དར་མ་འགགས་སུ་ཆུགས་ཤིག །བུ་ཚ་ཚངས་ཕྱིང་ནང་དུ་སོད་ཅིག །རིང་པོར་སྐྱེས་པའི་རྩ་བ་ཆོད་ཅིག །ཐུང་ངུར་སྐྱེས་པའི་རྟིང་པ་ཕུད་ཅིག །སྦོམ་པོར་སྐྱེས་པའི་ཁོག་པ་དཀྲུགས་ཤིག །གནམ་གྱི་འཇུ་ཐག་ཆོད་ཅིག །ས་ཡི་རྟེན་ཕུར་ཕྱུངས་ཤིག །དམ་ཉམས་པའི་དགྲ་བགེགས་རྣམས་ཀྱི་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་དང་བཅས་པ་ཐལ་བའི་རྡུལ་དུ་རློགས་ཤིག །སོད་ཅིག །སྒྲོལ་ཅིག །ཁ་སྐོར་ཅིག །ཚངས་དཀྲུགས་ཤིག །ལིངས་ཐོབས་ཤིག །མིག་ཕྱུངས་ཤིག །སྙིང་དྲོངས་ཤིག །ཁོང་ཁྲག་ས་ལ་ཕོས་ཤིག །རོའི་ཟམ་པ་ཚུགས་ཤིག །ཁྲག་གི་ཆག་ཆག་ཐོབས་ཤིག །ངུ་འབོད་ཀྱི་ཟིང་ལོང་ཐོངས་ཤིག །ཕོ་རྒྱུད་ཤ་ལ་དགའ་བས་ཤ་ཟོ་ཞིག །མོ་རྒྱུད་ཁྲག་ལ་དགའ་བས་ཁྲག་ཐུངས་ཤིག །སྲོག་བདག་དབུགས་ལ་རྔམས་པས་དབུགས་རྔུབས་ཤིག །སྡེ་བརྒྱད་གཟན་ལ་རྔམས་པས་ཟ་ཁ་སྟོན་ཅིག །དགྲ་བོ་འདིའི་ཚེ་སྲོག་ལ་བབས་ན་མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས་ཤིག །ཁ་རྗེ་ལ་བབས་ན་བྲག་རི་ཐོག་གིས་བཤིག་པ་བཞིན་དུ་ཐོངས་ཤིག །ལུས་སྟོབས་ལ་བབས་ན་སྒོ་ང་བྲག་ལ་བཅར་པ་བཞིན་དུ་ཐོངས་ཤིག །ལྷ་སྲུང་ལ་བབས་ན་བྱ་རོག་རྡོས་བསྐྲོགས་པ་བཞིན་དུ་ཐོངས་ཤིག །མངའ་ཐང་ལ་བབས་ན་ལོ་ཏོག་སེར་བས་བཅོམ་པ་བཞིན་དུ་ཐོངས་ཤིག །འཁོར་འབངས་ལ་བབས་ན་ནགས་ཚལ་མེས་ཚིག་པ་བཞིན་དུ་ཐོངས་ཤིག །ཟས་ནོར་ལ་བབས་ན་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག །གཉེན་བཤེས་ལ་བབས་ན་ཤོག་སྐྱ་རླུང་གིས་ཁྱེར་བ་བཞིན་དུ་ཐོངས་ཤིག །ཡུལ་མཁར་ལ་བབས་ན་བྱེ་མའི་ཁང་བུ་འགྱེལ་བ་བཞིན་དུ་ཐོངས་ཤིག །ནོར་ཕྱུགས་ལ་བབས་ན་གྲོག་ཚང་ལ་རྡོ་ཕོག་པ་བཞིན་དུ་ཐོངས་ཤིག །བསོད་ནམས་ལ་བབས་ན་ནམ་ལངས་ཀྱི་སྐར་མ་ཡལ་བ་བཞིན་དུ་ཐོངས་ཤིག །རླུང་རྟ་ལ་བབས་ན་ཁང་རུལ་ལ་སྒྱོགས་རྡོ་ཕོག་པ་བཞིན་དུ་ཐོངས་ཤིག །སྟོབས་ཤུགས་ལ་བབས་ན་རི་དྭགས་རྒྱ་རུ་བཙུད་པ་བཞིན་དུ་ཐོངས་ཤིག །དཔལ་འབྱོར་ལ་བབས་ན་མེ་སྟག་ཆུ་ལ་བོར་བ་བཞིན་དུ་ཐོངས་ཤིག །ལིང་ཁུང་ཆེན་པོ་ཁ་མ་དོག་ཅིག །ཤན་པ་ལག་དམར་གྱི་སྤུ་གྲི་མ་རྟུལ་ཅིག །སྐྱེ་བ་ཕྱི་མ་ལ་དུས་མ་བཏབ་ཅིག །ལས་ཀྱི་རྣམ་པར་སྨིན་པ་ལ་ཁུངས་མ་ཕྱུང་བར། རྩ་གསུམ་དམ་ཅན་རྒྱ་མཚོའི་སྐུ་ཤུགས་དྲག་པོ་མི་བཟད་པ་མྱུར་དུ་བསྐྱེད་པར་མཛད་ནས། དུས་ད་ལྟ་ཉིད་དུ་དགྲ་བགེགས་སྡིག་ཅན་འདི་རྣམས་ལ་འཇིགས་སུ་རུང་བའི་ཆོ་འཕྲུལ་ཐོངས་ཤིག །ལྟས་ངན་གྱི་ཡོ་ལང་སློངས་ཤིག །སྐྱོབ་བྱེད་ཀྱི་ལྷ་གནོད་པའི་བདུད་དུ་ཕོབ་ཅིག །སྲུང་བའི་གུར་རྡོ་རྗེའི་མཚོན་གྱིས་ཤིགས་ཤིག །བསམ་སྦྱོར་ངན་པའི་མཚོན་ཆ་ཁོ་ཡི་གཤེད་དུ་སློངས་ཤིག །བདུན་རྒྱུད་རྩད་ནས་ཆོད་ཅིག །མིང་ཙམ་ཡང་མེད་པར་ཐལ་བའི་རྡུལ་དུ་རློགས་ཤིག །མདོར་ན་བསྟན་དགྲ་སྡིག་པོ་ཆེ་རྣམས་ཀྱི་བླ་ཚེ་སྲོག་དབུགས་སྟོབས་དཔལ་འབྱོར་པ་དང་བཅས་པ། རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་འབར་བའི་ཞལ་དུ་བཞེས་ནས་དགྱེས་པའི་གང་རྒྱངས་དྲག་པོ་འབྲུག་སྒྲ་སྟོང་ལྟར་བསྒྲགས་པས། བདག་ཅག་དཔོན་སློབ་སྡེ་དང་བཅས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་མཚུངས་པ་མེད་པའི་སྒོ་ནས། དགྲ་བགེགས་འབྱུང་པོའི་ཚོགས་རྣམས་གདོད་མའི་ཆོས་སྐུ་ཆེན་པོར་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བའི་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་པར་མཛོད། སྨྲས་པ། ཨེ་མ། དམོ༵ད་པ༵་དྲག་སྔགས་དྲ༵ག་པོ༵འི་སྤྲིན་ནག་ལས། །འཇིགས་རུང་དཔ༵འ་བོ༵འི་འབྲུ༵ག་སྒྲ༵་རྣམ་འཇིགས་པས། །དགྲ༵་བགེ༵གས་སྡིག་ཅན་དོན་སྙི༵ང་ཚལ་པ་བརྒྱར། །འགེམ༵ས་འདི་སྔ༵གས་འཆ༵ང་དཔ༵འ་བོ༵འི་གད༵་རྒྱ༵ངས་ཡིན། །ཞེས་དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ཞེས་པ་འདི་ཡང་རབ་ཚེས་ས་ཡོས་ཟླ་བ་དགུ་པའི་ཚེས་ཉེར་བརྒྱད་ལ། དཔལ་མ་ཧཱ་ཀཱ་ལ་སྒྲུབ་པའི་དུས་སུ་ཟིལ་གནོན་དགྱེས་པ་རྩལ་ཞེས་འབོད་པས་ཐུན་བར་གཅིག་ལ་ཤར་མར་བྲིས་པ་འདིས་བསྟན་དགྲ་སྡིག་ཅན་བསྒྲལ་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).