Terdzo-'A-016

From Rinchen Terdzö

ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྩ་བའི་དབང་བསྐུར་འཇུག་བདེ་བར་བཀོད་པ་འབྲེལ་ཚད་དོན་ལྡན་

thugs rje chen po mun sel sgron me'i rtsa ba'i dbang bskur 'jug bde bar bkod pa 'brel tshad don ldan

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  པདྨ་གླིང་པ་ (Pema Lingpa)
in cycle  ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ་ (Thugs rje chen po mun sel sgron me)
Volume 23 (འ) / Pages 389-412 / Folios 1a1 to 12b5

[edit]

༄༅། །ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྩ་བའི་དབང་བསྐུར་འཇུག་བདེ་བར་བཀོད་པ་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། ཐུགས་བསྐྱེད་རྣམ་ཐར་ཕྲིན་ལས་མཁའ་དང་མཉམ། ཁྱད་པར་གངས་ཅན་སྐྱེ་དགུའི་མགོན་གཅིག་པུ། །བླ་མ་མཆོག་དང་དབྱེར་མེད་སྙིང་རྗེའི་གཏེར། །བདག་སོགས་རྒྱུད་ལ་སྨིན་གྲོལ་བྱིན་རླབས་སྩོལ། །གང་དེའི་སྒྲུབ་ཐབས་སྙིང་པོའི་ཕུལ། །ཡང་འདུས་གསུམ་པའི་སྨིན་བྱེད་སྒོར། །ཞུགས་ནས་སྡུག་བསྔལ་མཚོ་བསྒྲལ་ཏེ། །གཏན་བདེའི་ལྗོངས་སུ་རྩེན་པར་འཚལ། །ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་དབང་གི་རྩ་བ་ལས་དོན་རྣམ་པ་བདུན་གྱིས་བསྟན་པའི། དང་པོ་བསྙེན་སྒྲུབ་ལ་བརྟེན་ཏེ་དབང་གི་རྫོང་བཅའ་བ་ནི། དངོས་སྒྲུབ་ཆེན་དང་འབྲེལ་བ་ཡིན་པས་འདིར་མགྱོགས་དབང་དཀྱུས་འགྲེ་ཙམ་དུ་བསྟན་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དང་དབང་བསྐུར། རྗེས་འཇུག་ཆོག་གི་རིམ་པ་རྣམས་སོ། །དང་པོ་ནི། གནས་ཁང་རྟེན་དང་རྒྱན་བཀོད་ཅི་འབྱོར་བྱས་པའི་གུང་དུ་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དབུས་སུ་ཆེ་བ་གཅིག །གཡས་གཡོན་དུ་གཉིས། དེ་རྒྱབ། དྲུག་དེ་རྒྱབ་བཞི་རྣམས་བཀོད་པའི་སྟེང་དུ་མཉྫི་ལ་རྣམ་རྒྱལ་བུམ་པ་དྲི་བཟང་ཆུ་དང་སོ་ལྔ་སྦྱར་བའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གྱིས་སྤྲས་པ། མདུན་དུ་དབང་རྟེན་མར་མེ། ཡི་གེ་འབྲུ་བདུན་སོ་སོར་ཕྲལ་བའི་ཙཀ་ལི། གཡས་སུ་དཔལ་གཏོར་རྒྱན་ལྡན་དར་གདུགས་ཅན། གཡོན་དུ་ཐོད་ཆང་དང་མེ་ལོང་གསལ་བ་རྣམས་བཀོད། སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་སྤྱི་ལྟར་བཤམ། ལས་བུམ། མིག་དར་མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་དང་། སྲུང་མའི་གཏོར་འབུལ། སྔོན་གཏོར། ཚོགས་ཆས་སོགས་ལས་བྱང་ལ་དགོས་པའི་རིགས་རྣམས་འདུ་བྱའོ། །གཉིས་པ་ནི། ཐོག་མར་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྨིན་གླིང་གཏེར་ཆེན་རིན་པོ་ཆེས་བསྒྲིགས་པའི་ལས་བྱང་སྐལ་བཟང་འདོད་འཇོ་ལྟར། བགེགས་བསྐྲད་ནས་མཆོད་བརླབ་བར་སྔོན་འགྲོའི་ཆོས་བདུན་བཏང་། དངོས་གཞི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། ཛཔ྄་ཁང་ཕྱེས་ལ་འཕྲོ་འདུའི་དམིགས་པ་བཅས་ཏེ་བཟླས་པ་ཅི་འགྲུབ་ཡེ་ཤེས་རིག་པ་གསལ་གདབ་བཅས་བྱ། གནད་ཀྱི་ཤོག་གཅིག་མའི་གཏོར་དབང་སྦྲེལ་ན། གཏོར་མའི་སྟེང་དུ་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ནག་བསམ་ལ། ཨོཾ་ཨཱཿཧཱུྃ། གུ་རུ་དེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཞེས་ཉེར་གཅིག་བརྗོད། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་ལ་འཇུས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་པ་བརྒྱ་སྟོང་ལ་སོགས་པ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། གཟུངས་ཐག་ལས་བུམ་ལ་སྤོས་ཏེ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧྱ་གྲཱི་བ་པདྨཱནྟ་ཀྲིཏ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླས། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་མོས། དེ་ནས་བཀའ་གཏེར་སྲུང་མ་ལ་གཏོར་འབུལ་རྒྱས་བསྡུས་ཅི་འགྲུབ་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཡན་བྱ། སློབ་མ་གཞུག་པའི་དོན་དུ་རིག་པའི་མེ་ཏོག་དོར་ཞིང་གསོལ་བ་གདབ་པ་སྤྱི་ལྟར་བྱའོ། །དེ་ནས་དབང་བསྐུར་བ་ལ། འཇུག་པའི་ཆོས་དང་། དབང་བསྐུར་བ་དངོས་གཉིས་ཀྱི་དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། ཕྱག་བཅས་གྲལ་དུ་འཁོད། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར། བགེགས་གཏོར་བྱིན་བརླབས་ནས་སྔགས་བསྔོས་བར་ལས་བྱང་ལྟར་བྱས་ལ། བདེན་སྟོབས་བརྗོད་པ་ནི། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། རྡོ་རྗེ་སློབ་མ་འདི་རྣམས་དཀྱིལ་འཁོར་ཆེན་པོར་གཞུག་ཅིང་དབང་བསྐུར་བ་ལ་གླགས་བལྟ་ཞིང་བར་དུ་གཅོད་པར་བྱེད་པ་ཐམས་ཅད། འདིར་མ་གནས་པར་དཔག་ཚད་དང་རྒྱང་གྲགས་མང་པོ་འདས་པའི་སར་དེངས་ཤིག །གང་མི་འགྲོ་བ་དེ་དག་ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། བགེགས་གཏོར་དོར། གུ་གུལ་བདུག །ཡུངས་ཐུན་གཏོར་ལ་ལས་སྔགས་དང་། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ལས་བྱང་གི་མཚམས་བཅད་སྦྱར་ལ་སྲུང་འཁོར་གྱིས་བཅིངས། མཎྜལ་བཀྱེ་བསྡུ་གྲུབ་པ་དང་། སེམས་བསྐྱེད་གསལ་གདབ་དབང་བཤད་སྤྱི་འཚམ་རྒྱས་བསྡུས་ཅི་རིགས་དང་ཁྱད་པར། འདིར་སྐབས་སུ་བབས་པ། བཅོམ་ལྡན་འདས་ཀྱི་ཞལ་ནས་སངས་རྒྱས་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ལ་ལན་གཅིག་ཕྱག་བྱས་པ་བསོད་ནམས་ཆེ་བར་གསུངས་པ་ལྟར། རྣམ་ཐར་སྨོན་ལམ་ཕྲིན་ལས་ཚད་མེད་པ་དང་ལྡན་པའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ་མཚན་དང་སྐུའི་རྣམ་འགྱུར། རྒྱུད་སྡེ་གོང་འོག་ནས་གསུངས་པའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་མཆིས་པ་ཕལ་མོ་ཆེ། སྤྱན་རས་གཟིགས་དབང་ཉིད་གདུལ་བྱ་འདུལ་དཀའ་བ་མཐའ་དག་ཐབས་ལ་མཁས་པས་འདུལ་བའི་སླད་དུ་འཆི་མེད་རིག་པ་འཛིན་པའི་སྐུར་བསྟན་པ་གུ་རུ་པདྨ་སཾ་བྷཱ་ཝ་དེ་ཉིད་ཀྱིས། མངའ་བདག་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་དོན་དང་། གངས་རིའི་འགྲོ་བ་མགོན་མེད་པ་རྣམས་ལ་ལྷག་པར་བརྩེ་བས་དགོངས་ཏེ་རྒྱུད་དང་མན་ངག་སྒྲུབ་ཐབས་དང་འབྲེལ་བའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་བསྩལ་པ་མཐའ་དག །གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་ལ་སོགས་པས་མི་བརྗེད་པའི་གཟུངས་ཀྱིས་བཟུང་སྟེ་ཤོག་སེར་ལ་བརྡ་ཡིག་ཏུ་བཀོད་ནས་མ་འོངས་གདུལ་བྱའི་དོན་དུ། བོད་ཡུལ་མཐའ་དབུས་རྣམས་སུ་གཏེར་དུ་སྦས་པར་མཛད་པ་འདོན་པའི་སྐྱེས་བུ་རིམ་པར་བྱོན་ནས་འགྲོ་བའི་དོན་དཔག་ཏུ་མེད་པར་མཛད་པའི་ནང་ཚན། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལ་བརྟེན་པའི་སྒྲུབ་སྐོར་འདི་ལ་འང་རིམ་པ་གསུམ་དུ་བྱོན་པ་ལས། དང་པོ་གུ་རུ་ཆོས་དབང་དང་། གཉིས་པ་རྡོ་རྗེ་གླིང་པས་སྤྱན་དྲངས་ཤིང་། གསུམ་པ་མུན་སེལ་སྒྲོན་མེ་དང་མཚུངས་པའི་ཆོས་སྐོར་འདི་ཉིད་མོན་ཡུལ་བུམ་ཐང་རི་མོ་ཅན་གྱི་ཟངས་ཕུག་རྡོ་རྗེའི་ར་བ་ནས། ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔ་པ་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པས་སྤྱན་དྲངས་ཏེ་སྐལ་ལྡན་གྱི་འགྲོ་བ་མཐའ་ཡས་པ་རྣམ་གྲོལ་གྱི་ས་ལ་དབུགས་དབྱུང་བར་མཛད་པའི། ཟབ་ཆོས་ཁྱད་པར་ཅན་འདིའི་རྩ་བའི་སྨིན་བྱེད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ་འབྲུ་གསུམ་གྱིས་གདོང་དགབ། ཨ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཡི་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མི་ཕྱེད་པ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བདག་སོགས་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་པར་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི༔ ཀུན་གྱིས་མཐོང་བ་མ་ཡིན་གྱི༔ སྐལ་ལྡན་སྒྲུབ་མཆོག་འགས་མཐོང་སྲིད༔ སྐལ་ལྡན་བུ་ཁྱོད་འདིར་ཞུགས་མཛོད༔ ཨ་ལ་ལ་ཧོ༔ དེ་ནས་སེམས་བསྐྱེད་པར་བསྐུལ་བ་ནི། ཧོ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བླ་མེད་བྱང་ཆུབ་མ་བསྐྱེད་ན༔ བསྟན་པས་མཐོང་བར་མི་འགྱུར་ཕྱིར༔ བུ་ཁྱོད་འགྲོ་དོན་སེམས་བསྐྱེད་ཅིག༔ འོ་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པར་བྱ་སྙམ་དུ་སེམས་བསྐྱེད་ཅིང་། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་བཅས་པའི་སྤྱན་སྔར། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་དང་རིགས་དྲུག་སོགས་ལས་བྱང་ལྟར་ལན་གསུམ། བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཏེ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་འདི་བཟུང་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཡན་ལག་བཅུ་པའི་སྒོ་ནས་གསག་སྦྱང་སྤེལ་གསུམ་ལྷན་ཅིག་ཏུ་བྱ་བའི་འདུན་པས་ཚིག་སོ་སོ་དང་མཐུན་པའི་བསྒོམ་དོན་གསལ་ཐོབ་ལ་རྗེས་ཟློས། ཧོཿ བླ་མ་ཡི་དམ་མཁའ་འགྲོ་སོགས་གསུམ་བྱ། དེ་ནས་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞི་མ་རིག་འཁྲུལ་པས་གདོད་ནས་བཅད་པ་མཚོན་བྱེད་རྟགས་ཀྱི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དཀྱིལ་འཁོར་ཕྱོགས་བཞིའི་སྒོ་བཞི་ནས༔ བདུད་བཞི་འཇོམས་མཛད་ཁྲོ་བོ་བཞི༔ འགྲོ་དྲུག་འཁོར་བའི་སྒོ་ཆོད་ལ༔ རྣམ་ཐར་བཞི་ཡི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་གསོལ་བ་གདབ་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་གྱུར་པ་མོས་མཛོད། ཅེས་བརྗོད་ལ་ཡོལ་བ་བཏང་ཡོད་ན་བསལ། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འཁོད་ནས། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་འབུལ་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་དངོས་སུ་ཚོམ་བུའི་དཀྱིལ་འཁོར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མོས་པ་ལ་འདོར་བ་ཞུ། ཧོ༔ དབང་མཛད་ཐུགས་རྗེའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ པྲ་ཏི་ཛ་པཱུ་ཛཿཧོཿ ཞེས་དོར་དུ་བཅུག་པས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ལ། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་བྱོན་ནས་ཁྱེད་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པ་མོས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ལ་མེ་ཏོག་མགོ་བོར་བཞག་ལ། ཐུགས་རྗེའི་དབང་ཕྱུག་གམ་པདྨ་དགྱེས་པ་ལྟ་བུ་ལྷའི་མཚན་ལས་གྲས་པའི་གསང་མཚན་བཏགས། དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བདག་ནི་ཐོག་མ་མེད་དུས་ནས༔ མི་ཤེས་མ་རིག་མུན་པར་ཚུད༔ བླ་མའི་ཐུགས་རྗེའི་གསེར་ཐུར་གྱིས༔ ཡེ་ཤེས་མིག་ཕྱེ་ལྷ་དང་སྤྲོད༔ ཅེས་ལན་གསུམ་ཞུ། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། བུ་ནི་མི་ཤེས་རྨོངས་འཁྲུལ་པས༔ མདོངས་ཤིང་འགྲིབས་པར་གྱུར་པ་ནི༔ རྡོ་རྗེ་གསེར་གྱི་ཐུར་མ་ཡིས༔ ལིང་ཏོག་ངེས་བསལ་དལ་ལ་ལྟོས༔ ཞེས་གསེར་ཐུར་གྱིས་དབྱེ་ཚུལ་བྱ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་གསལ་བ། གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། ཡེ་ཤེས་རང་སྣང་གི་ཕོ་བྲང་རང་བྱུང་ལྷུན་གྲུབ་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་པདྨའི་ལྟེ་བར། དབུས་སུ་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་སྙོམས་པར་འཇུག་པ་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་བཞུགས་པ། ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན། སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད། སྲས་ནོར་བུ་འཛིན་པ་གཡས་ནས་འདུད་ཅིང་། གཡོན་ནས་གསང་སྔགས་འཛིན་མ་འདུད་པ། འདབ་མ་དྲུག་ལ་ལྷའི་ཐུབ་པ་ཨོཾ་དཀར་པོ། ལྷ་མིན་གྱི་ཐུབ་པ་མ་སྔོན་པོ། མིའི་ཐུབ་པ་ཎི་སེར་པོ། བྱོལ་སོང་གི་ཐུབ་པ་པད་སེར་ནག །ཡི་དྭགས་ཀྱི་ཐུབ་པ་མེ་ལྗང་དམར། དམྱལ་བའི་ཐུབ་པ་ཧཱུྃ་མཐིང་ནག །དེའི་ཕྱི་རིམ་པད་འདབ་སྟོང་རྩ་མུ་ཁྱུད་རིམ་པ་བཞིར་རྫོགས་པ་ལ་སངས་རྒྱས་སྟོང་རྩ་གཉིས། སྒོ་བཞིར་བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀ་རྣམས་བཞུགས་པ་སྟེ། དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད། ད་རེས་མཚན་མའི་རྟེན་འདིས་མཚོན་ཏེ་མ་རིག་མུན་སེལ་འཕགས་པ་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཇལ་བར་གྱུར་པར་མོས་ལ་དད་པ་དང་སྤྲོ་དགའ་བསྐྱེད་མཛོད། དམ་ཚིག་བདུད་རྩིའི་མནའ་ཆུ་ལྕེ་ལ་བཞག་པ་སྙིང་དབུས་སུ་ཐིམ་ནས་ཡེ་ཤེས་སེམས་དཔར་གྱུར་ཏེ་བྱིན་གྱིས་རློབས་པར་མོས་ཤིག །ཀ་པཱ་ལའི་བདུད་རྩི་ཆོས་སྨན་སྦྱར་བ་བྱིན་ལ། ཧཱུྃ༔ དམ་ཚིག་རྡོ་རྗེའི་ཆུ་འདི་ཡིས༔ དམ་ཚིག་བསྲུང་ན་དངོས་གྲུབ་སྟེར༔ ཡེ་ཤེས་སེམས་དཔར་འདི་གྱུར་ནས༔ སྒྲིབ་གཉིས་བྱང་སྟེ་སངས་རྒྱས་ཐོབ༔ དམ་ཚིག་ཉམས་ན་ན་རཀ་གནས༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ མཆོག་ཏུ་དམ་ཚིག་གཙང་བ་གཅེས༔ ས་མ་ཡ་ན་ར་ཀན་བག་ཤ་སཱི༔ ཞེས་བརྗོད། དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་གྲུབ། ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་འགྲོ་འདུལ་ཕྲིན་ལས་མཐའ་རྟེན་གཏོར་དབང་ཕན་ཡོན་གྱིས་ངེས་ཤེས་སྐྱེད་པ་བཅས་རྣམ་གྲངས་བདུན་དུ་མཆིས་པ་ལས། དང་པོ་ཕྱི་བུམ་པའི་དབང་ལ་བརྟེན་ནས་ལུས་བྱིན་གྱིས་རློབ་ཅིང་ལྷ་བསྒོམ་པར་རྗེས་སུ་གནང་བ་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་བག་ཆགས་དང་བཅས་པ་དག་ནས་ཁྱེད་རང་རྣམས་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ་ཕྱག་གཡས་པདྨའི་ཕྲེང་བ་དང་། གཡོན་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིའི་བུམ་པ་བསྣམས་པ། པད་ཉི་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་མ་དམར་གསལ་གཅེར་བུ་དབུ་སྐྲ་གྲོལ་ཞིང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཕྱག་གཉིས་ཀྱིས་པདྨ་དང་བུམ་པ་འཛིན་པ། ཞབས་གཉིས་ཡབ་ལ་འཁྱུད་ཅིང་། བདེ་བ་ཆེན་པོ་མཆོག་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་གསལ་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོ་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་དུ་བྱོན། བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གང་བའི་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། ཁྱད་པར་གྱི་སྤོས་ཀྱིས་བདུག །ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བཟླ་ཞིང་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་རྣམས་ལ་རོ་གཅིག་ཏུ་བརྟན་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ། གཉིས་པ་ནང་བདུད་རྩི་ལ་བརྟེན་ནས་ངག་བྱིན་གྱིས་རློབ་ཅིང་སྔགས་བཟླ་བའི་ལུང་འབོགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པ་བདུད་རྩིས་གང་བ་མགྲིན་པར་བཞག །བདུད་རྩི་བླུད། ཁྱེད་རང་རྣམས་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་འཐོན་མགྲིན་པའི་ལམ་དུ་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་བདུན། གསུམ་པ་གསང་བ་མར་མེ་ལ་བརྟེན་ནས་ཡིད་བྱིན་གྱིས་རློབ་ཅིང་སེམས་ཀྱི་ངོ་སྤྲད་པ་ལ་ཐོག་མར་བྱིན་རླབས་འབེབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཁྱེད་རང་རྣམས་བཞེངས་ནས་ཐལ་སྦྱར་དུ་གནས་པ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྙིང་གར་ཧྲཱིཿཡིག་མར་མེ་ལྟར་འབར་བ། སྤྱི་བོར་བླ་མ་དང་དབྱེར་མེད་པའི་སྣང་བ་མཐའ་ཡས། སྣང་སྲིད་ཐམས་ཅད་ཡི་དམ་དཔའ་བོ་མཁའ་འགྲོས་ཤིག་ཤིག་ཡམ་ཡམ་གང་ཞིང་གར་སྟབས་བསྒྱུར་བར་མོས་མཛོད། རོལ་མོ་བསྒྲགས། གུ་གུལ་དང་སྤོས་ཆེན་བསྲེགས། ཡིག་བདུན་གྱི་དབྱངས་དིར་དིར་བྱ། སྤྲོ་ན་གསོལ་འདེབས་དང་མ་ཎིའི་ཛཔ྄་དབྱངས་གཏེར་སྟོན་གྱི་གསུང་རྒྱུན་ལྟར་བྱ། དེ་ནས་མར་མེ་བསྟན་ལ། ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་ངང་ལ་མ་བཅོས་པར་བཞག །དེའི་དོན་མར་མེའི་སྣང་བ་གསལ་ལ་རང་བཞིན་མ་གྲུབ་པ་འདིས་མཚོན་པ་ཡིན་ཏེ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་དེ་ཁོ་ན་ཉིད་མེ་ལོང་ལ་བརྟེན་ནས། འཁོར་འདས་ཐམས་ཅད་ཀྱི་གཞི་རང་སེམས་འཁྲུལ་པའི་ངོ་བོ་གསལ་སྟོང་འཛིན་མེད་དུ་རིག་པས་འཆིང་གྲོལ་མེད་པའི་གནས་ལུགས་ཡང་དག་པ་རྟོགས་པ་ན། སྣ་ཚོགས་རང་གྲོལ་རིག་པའི་རྩལ་དབང་ཐོབ་པ་ཡིན་པས་དེའི་དོན་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། ཧྲཱི༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ ངན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ༔ ཟུག་རྔུ་བྲལ་བས་བདེ་བ་ཆེ༔ དེ་ནི་གནས་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་མེད་པ༔ མེ་ལོང་ལྟ་བུར་རྟོགས་པ་ན༔ སྒོ་གསུམ་ཐ་མལ་སྐུ་གསུང་ཐུགས༔ ཅིར་མི་དགོངས་པས་ཐུགས་རྗེ་ཆེ༔ དེ་ནི་ལྷ་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པས་ན༔ སྒོ་ལྔ་ཡུལ་ལྔ་གཉིས་མེད་མཆོད༔ དེ་ནི་མཆོད་ཚོགས་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ འགྲོ་དོན་བྱ་བྱེད་ལྷུན་གྱིས་གྲུབ༔ དེ་ནི་གཞན་དོན་རིག་པའི་དབང༔ རྒྱལ་པོས་དབང་མཆོག་བསྐུར་མི་ལ༔ འཁོར་རྣམས་ཀྱིས་ནི་ཅིས་མི་བསྐུར༔ བུམ་ཆུ་སྤྱི་ནས་བླུགས་དུས་སུ༔ ལུས་ཀུན་ཁྱབ་པ་སྨོས་ཅི་དགོས༔ མཚོན་ཆའི་འཁོར་ལོ་འཕར་བའི་ཚེ༔ གང་འཕོག་གཅོད་པ་ཆོས་ཉིད་དོ༔ ཡེ་ཤེས་འཁོར་ལོ་མེ་འབར་བས༔ མ་རིག་ནགས་སྲེག་ཐེ་ཚོམ་མེད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ལྔ་པ་སྤྲུལ་སྐུ་ཡི་གེའི་དབང་ལ་བརྟེན་ནས་འགྲོ་བ་འདུལ་བར་རྗེས་སུ་གནང་བ་ནི། ཡི་གེ་འབྲུ་བདུན་རེ་རེ་བཞིན་གཏད་ལ། ཨོཾ༔ ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས༔ ལྷ་རྣམས་འདུས་པའི་སྲོག་སྙིང་ཨོཾ༔ ཨོཾ་བཟུང་ལྷ་ཡི་འགྲོ་བ་ཐུལ༔ མ། ཐགས་བཟང་རིས་ཀྱི་སྐུ་གསུང་ཐུགས༔ ལྷ་མིན་འདུས་པའི་སྲོག་སྙིང་མ༔ མ་བཟུང་ལྷ་མིན་འགྲོ་བ་ཐུལ༔ ཎི། ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས༔ མི་རྣམས་འདུས་པའི་སྲོག་སྙིང་ཎི༔ ཎི་བཟུང་མི་ཡི་འགྲོ་བ་ཐུལ༔ པད། སེང་གེ་རབ་བརྟན་སྐུ་གསུང་ཐུགས༔ བྱོལ་སོང་འདུས་པའི་སྲོག་སྙིང་པད༔ པད་བཟུང་བྱོལ་སོང་འགྲོ་བ་ཐུལ༔ མེ། ནམ་མཁའ་མཛོད་ཀྱི་སྐུ་གསུང་ཐུགས༔ ཡི་དྭགས་འདུས་པའི་སྲོག་སྙིང་མེ༔ མེ་བཟུང་ཡི་དྭགས་འགྲོ་བ་ཐུལ༔ ཧཱུྃ། ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས༔ དམྱལ་བ་འདུས་པའི་སྲོག་སྙིང་ཧཱུྃ༔ ཧཱུྃ་བཟུང་དམྱལ་བའི་འགྲོ་བ་ཐུལ༔ ཧྲཱིཿ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས༔ བདེ་གཤེགས་འདུས་པའི་སྲོག་སྙིང་ཧྲཱི༔ ཧྲཱིཿབཟུང་འཁོར་བ་དོང་ནས་སྤྲུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ གཞུང་གི་ས་བཅད་ཀྱིས་མ་བསྡུས་ཀྱང་གནད་ཀྱི་མན་ངག་ཤོག་གཅིག་མ་འདིར་སྤྲད་ན་ཡང་འདུས་གཞན་གྱི་འགྲོས་དང་མཐུན་ཞིང་དགོས་གནད་ཆེ་བར་སྣང་བས་དེ་ལྟར་སྦྱོར་ན། དྲུག་པ་མཐའ་རྟེན་གཏོར་དབང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ལ་མོས་གུས་བྱས་པས་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་དུ་མོས་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བའི་དབང༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་མས་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་གྱིས་རློབས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ ལུས་ཀྱི་སྒྲིབ་པ་བྱང་གྱུར་ནས༔ མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དེ་བ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་བ་ལིངྟ་ཨ་བྷི་ཥིཉྩ་ཨོཾ༔ དེས་འགྲེས་ཏེ། ཡང་གཏོར་མ་འདི་ཉིད་སོགས་ནས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་དང་དངོས་གྲུབ་སོགས། གཏོར་མ་མགྲིན་པར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་སོགས་གོང་ལྟར་ལ། བྱིན་གྱིས་རློབས༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་བྱང་གྱུར་ནས༔ སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ སྔགས་མཐར། ཝཱ་ཀ་བ་ལིང་ཏ་ཨ་བྷི་ཥིཉྩ་ཨཱ༔ ཡང་གཏོར་མ་འདི་ཉིད་སོགས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་སོགས། གཏོར་མ་སྙིང་གར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་སོགས་ནས། བྱིན་གྱིས་རློབས༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས༔ ཡིད་ཀྱི་སྒྲིབ་པ་བྱང་གྱུར་ནས༔ སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ལ། མོས་གུས་དུང་བ་བྱས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པ་ཅན་དུ་བྱུང་བ་ཁྱེད་རང་གི་གནས་ལྔར་ཐིམ་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་སོགས་ནས་བྱིན་གྱིས་རློབས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིང་ཏ་ཨ་བྷི་ཥིཉྩ་མཱཾ༔ གཏོར་མའི་ལྷ་ཁྱེད་རང་རྣམས་ལ་ཐིམ་པས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་མཛོད། གཏོར་དབང་མི་བྱེད་ན་འདི་བཞག་ལ་གོང་གི་ས་བཅད་ལྔ་པའི་འཕྲོས། དྲུག་པ་ཞེས་མཚམས་སྦྱར་ནས་ཕན་ཡོན་བརྗོད་པ་ལ་འཇུག །བདུན་པ་དབང་ཐོབ་པའི་ཕན་ཡོན་བརྗོད་ཅིང་སྣོད་ལྡན་དུ་ངེས་ཤེས་སྐྱེད་པ་ནི་རྡོ་རྗེའི་ཚིག་རྐང་ཉིད་ལ་གསན་པས་ཁྱབ་པར་གདའ། ཨེ་མ་ཧོ༔ ལེགས་འོང་བུ་ཁྱོད་སྐལ་པ་བཟང༔ དེ་ལྟར་དབང་རྫོགས་སྤྱན་རས་གཟིགས༔ ཁྱེད་ཡིན་སངས་རྒྱས་སྐུ་གསུང་ཐུགས༔ མཁའ་མཉམ་འགྲོ་དོན་ད་སྤྱོད་ཅིག༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་ཀུན༔ ཡིག་བདུན་དབང་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲངས་ན་འཛད༔ དབང་ཐོབ་ཡོན་ཏན་ཟད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲངས་ནུས་ཀྱི༔ ཡིག་བདུན་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་རྣམས༔ བགྲང་བར་ནུས་ཀྱི་ཡི་གེ་བདུན༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་བདུན་དབང་ཐོབ་འཛིན་ཟློས་མིས༔ ལས་དང་ལས་ཀྱི་རྣམ་སྨིན་རུང༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་སྦྱོང་བར་བྱེད༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་གཅོད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་མཐོང་ཐོས་དྲན་རེག་རུང༔ བསྒོམ་བཟླས་བྲི་འཆང་སྟོན་པ་རྣམས༔ ཡོན་ཏན་ལྡན་ཅིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་གསུངས་པ་ལྟར་ལགས་པས་དགའ་སྤྲོ་རྒྱ་ཆེན་པོ་བསྐྱེད་མཛོད། དེ་ནས་དབང་ཐམས་ཅད་ཀྱི་སྙིང་པོའི་དོན་ཁྱད་པར་དུ་འཕགས་པ་རིག་པ་རྩལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་རྩ་བའི་རྒྱུད་དོན་རིག་པའི་རྩལ་དབང་འདི་དང་མི་ལྡན་ན༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བཤད་ཀྱང༔ འབྲས་བུའི་དོན་རྟོགས་པ་མི་སྲིད་པས༔ དོན་མེད་དུ་ཚེ་ཟད་པ་ཡིན་ནོ༔ དེ་ཕྱིར་རིག་པ་རྩལ་གྱི་དབང་ཁོང་གི་སྙིང་ངམ་མིག་འབྲས་ལྟ་བུ་ཡིན་ནོ༔ དེ་ཡང་ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་གནད་འདིར་འདུས་ཤིང༔ རྩལ་དབང་འདི་ཐོབ་ན་བསྐལ་བར་བསགས་པའི་ལས་ཀྱིས་མི་གོས་ཤིང༔ ཡི་གེ་གཅིག་གམ་བཤད་པ་ཚིག་གཅིག་མི་ཤེས་ཀྱང༔ སངས་རྒྱས་དངོས་ཡིན་ནོ༔ དེ་ལྟ་བུའི་དབང་དོན་གང་ཞེ་ན༔ རྒྱུད་ལས་འདི་སྐད་དུའོ༔ འཁོར་བ་སངས་རྒྱས་ཀུན་གྱི་གཞི༔ རང་སེམས་རིག་པ་བཅིང་གྲོལ་མེད༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སྣ་ཚོགས་རང་གྲོལ་རིག་པའི་དབང༔ ཞེས་པས༔ རྩལ་དབང་འདི་ལ་དོན་བརྒྱད་དེ༔ དབང་གི་ངོ་བོ་དང༔ གང་གིས་བསྐུར་བ་དང༔ གང་ལ་བསྐུར་བ་དང༔ ཅིའི་ཕྱིར་བསྐུར་བ་དང༔ ཐོབ་པའི་རྟགས་དང༔ སྐྱོན་ཡོན་དང་འབྲས་བུ་བསྟན་པ་དང་བརྒྱད་དོ༔ ངོ་བོ་ནི་འཁོར་འདས་ཀྱི་ཀུན་གཞི་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ༔ དེ་ཡང་སངས་རྒྱས་དང་སེམས་ཅན་གཉིས་ལ་ཁྱད་རིག་མ་རིག་གཉིས་ལས་མེད༔ ཡང་རིག་པ་བྱང་ཆུབ་ཀྱི་སེམས་འདི་ནངས་རྟོགས་ན་ནངས་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས་པའོ༔ རིག་པ་བྱང་ཆུབ་ཀྱི་སེམས་འདི་སྐུ་དང་ཡེ་ཤེས་རྒྱས་པར་སྣང་ཡང༔ ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་ངོ་བོ་ཉིད་ཀྱིས་མ་གྲུབ༔ ངན་སོང་དུ་འགྲོ་བ་ལྟར་སྣང་ཡང༔ ལོག་རྟོག་སྒྱུ་མར་སྣང༔ ངན་སོང་ངོ་བོ་ཉིད་ཀྱིས་མ་གྲུབ༔ སྡིག་པས་གནོད་མ་བསྐྱལ༔ དགེ་བས་ཕན་མ་བཏགས༔ ཅི་སྟེ་དེ་ལྟར་དགེ་སྡིག་གཉིས་ཀྱང་སེམས་ཐིག་ལེ་ཉག་གཅིག་ཏུ་སྣང་བས༔ བདེ་སྡུག་སྣ་ཚོགས་སུ་བྱུང་ཡང་རྩལ་ལས་བྱུང༔ ཞི་ཡང་ཐིག་ལེ་ཉག་གཅིག་ཏུ་ཞི་བས༔ བདེ་སྡུག་ཇི་ལྟར་སྣང་ཡང་སེམས་ཐིག་ལེ་ཉག་གཅིག་ལ་བྲི་གང་དང་བཅིང་གྲོལ་མེད་དེ༔ རིག་པ་ཡེ་ཤེས་དབང་གི་ངོ་བོ་ཡིན་ནོ༔ དབང་དེ་གང་གིས་བསྐུར་ན༔ སེམས་ཅན་སངས་རྒྱས་སུ་རྟོགས་པའི་བླ་མས་སོ༔ གང་ལ་བསྐུར་ན༔ སློབ་མ་རིག་པའི་རྩལ་ཅན་ལ་བསྐུར་བའོ༔ ཅིའི་ཕྱིར་དབང་བསྐུར་ན༔ རང་ཐ་མལ་པ་རང་ཉིད་ཆོས་སྐུར་རྟོགས་ནས་དབང་ཐོབ་པར་བྱེད་པའོ༔ ཇི་ལྟར་བསྐུར་ན༔ སློབ་དཔོན་གྱིས་སློབ་བུའི་སེམས་ཡེ་སངས་རྒྱས་པའི་དོན་རང་གནས་སྣང་བ་རང་སེམས་བླ་མེད་དུ་ངོ་སྤྲད་པས༔ སྣ་ཚོགས་རང་གྲོལ་བློ་འདས་སུ་རིག་པས༔ ཁམས་གསུམ་འཁོར་བ་ལས་གྲོལ༔ སེམས་ལ་རང་དབང་ཐོབ་པས་དབང་བསྐུར་ཏེ༔ སྣང་བ་ཐམས་ཅད་སེམས་སུ་སྣང་བས་གཟུགས་བརྙན་གྱི་དཀྱིལ་འཁོར་ཡིན༔ སེམས་ཀྱི་ངོ་བོ་སྐྱེ་བ་མེད་པར་མཐོང་བས་གདོང་གཡོགས་བཀྲོལ་བ་ཡིན༔ སྡུག་བསྔལ་རོལ་པ་སྟོང་གསལ་འཛིན་མེད་མེ་ལོང་ལྟ་བུར་ཤེས་པས་མིག་ཕྱེ་བ་ཡིན༔ རང་རིག་ཆོས་སྐུར་ཡིད་ཆེས་པ་ནི་ལྷ་ངོ་སྤྲད་པ་ཡིན་ནོ༔ རྟོག་མེད་ངང་དུ་གནས་པས་དཀྱིལ་འཁོར་དུ་ཞུགས་པ་ཡིན་ནོ༔ རང་རིག་ཆོས་སྐུར་དབང་ཐོབ་པས་རྟོགས་པ་མངོན་དུ་གྱུར་ཏེ༔ སྣང་སྲིད་འཁོར་འདས་ལ་དབང་ཐོབ་པར་འགྱུར་རོ། །ཐོབ་པའི་རྟགས་རིག་པ་སྟོང་གསལ་ཆོས་སྐུ་ཉམས་སུ་མྱོང་ཞིང་རྟོགས་མཁན་ཁོ་རང་གྲོལ་བ་དང་དུས་གཅིག་ཏུ་འོང་ངོ་། །དབང་མ་ཐོབ་པའི་སྐྱོན༔ འབྲས་བུ་མེད་ཅིང་བརླག་པར་འགྱུར༔ ཞེས་སོ༔ ཐོབ་པའི་ཡོན་ཏན་ནི༔ ལས་དང་ཉོན་མོངས་པས་མི་བརྫི་བར་རྣམ་རྟོག་ཡེ་ཤེས་སུ་འཆར་ཞིང༔ ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་ལ་དབང་བསྒྱུར་བའོ༔ འབྲས་བུ་ནི༔ དེ་ལྟར་དབང་བསྐུར་ཐོབ་པ་དང༔ ཐུགས་རྗེ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན་ཏེ༔ དཔེར་ན་ཁྱུང་ནམ་མཁའ་ལ་ལྡིང་ཙ་ན་གཅོང་རོང་དོག་པོ་ལ་ཉམ་མི་ང་བར་རང་གསལ་ཞིང༔ ཡུལ་ཀུན་ལ་བལྟ་བ་བཞིན་དུ༔ རིག་པའི་རྩལ་དབང་ཐོབ་པའི་རྣལ་འབྱོར་པ་ཡང་རང་རིག་ཀུན་བཟང་རོལ་པར་ཉམས་དགའ་ཞིང༔ འཁོར་བའི་གཅོང་རོང་གི་ཉམས་ང་མེད་པར་རང་དབང་རང་གིས་ཐོབ་པའོ༔ ཨེ་མ་ཧོ༔ སྣང་སྲིད་འཁོར་འདས་རྟོག་པའི་ཚོགས༔ སེམས་ཡིན་སེམས་ཉིད་སྐྱེ་འགག་མེད༔ མཐའ་བྲལ་སྤྲོས་མེད་ལྷ་ཡི་དབང༔ རང་གསལ་དགེ་སྡིག་སྐྱོན་ཡོན་གོས་པ་མེད༔ རང་སྣང་མ་རིག་འཁོར་བའི་དབང༔ འཁྲུལ་འཁོར་ཟད་མེད་འཕེལ་བ་མེད༔ རང་རིག་རྟོགས་ན་ཡེ་ཤེས་དབང༔ ཆོས་དབྱིངས་དམ་པ་ཟད་མི་ཤེས༔ གང་ལྟར་སྣང་བས་ཀུན་དབང་བསྒྱུར༔ ཉིན་ནུབ་སྣང་བ་ཇི་བཞིན་པ༔ རིག་པའི་རྩལ་དབང་མཁྱེན་པར་མཛོད༔ ཐུགས་རྗེའི་མཐར་ཐུག་ཅིར་མི་དགོངས༔ སྣང་བ་རྟོག་མེད་ཆོས་སྐུའི་རྒྱན༔ མེ་ལོང་ལྟ་བུའི་དོན་རྟོགས་ན༔ རིག་པ་རྩལ་གྱི་དབང་ཐོབ་བོ༔ ཆོས་ཐམས་ཅད་ཀྱང་རིག་པ་རྩལ་གྱི་དབང་ཐོབ་ནས་གཅིག་ཤེས་ཀུན་གྲོལ་དུ་གྱུར་ལ༔ རྩལ་དབང་མ་ཐོབ་ན་ཀུན་ཤེས་གཅིག་རྡུགས་སུ་འགྱུར་བས༔ འདི་ཁོ་ན་ལ་ནན་ཏན་དུ་བྱ་བར་གསུངས་སོ༔ དེ་ནས་མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེ་དག་གིས་གཏེར་ཆེན་པདྨ་གླིང་པའི་ཟབ་ཆོས་ཐུགས་རྗེ་ཆེན་པོ་ཡང་སྙིང་ཀུན་འདུས་མུན་སེལ་སྒྲོན་མེའི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་སློབ་མའི་བྱ་བ་གྲུབ། གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་ཆོག་བྱ། གཏོར་འབུལ་དང་བརྟན་མ་བསྐྱང་ཞིང་། གཏང་རག་མཆོད་བསྟོད་འབུལ། ནོངས་པ་བཤགས། མདུན་བསྐྱེད་ཡེ་ཤེས་པ་རས་བྲིས་དང་རྟེན་ཡོད་ན་བརྟན་བཞུགས་བྱ། ཚོམ་བུ་དང་རྟེན་མེད་ན་གཤེགས། ཉེར་བསྡུ། ལྷར་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐའ་རྒྱས་སུ་བྱའོ། །སྣང་ཞེན་ཐུགས་རྗེའི་ཕྱག་རྒྱར་དག །སྒྲ་རྩོལ་ཡིག་བདུན་དབྱངས་སུ་སྨིན། །འཁྲུལ་རྟོག་བདེ་ཆེན་ཐིག་ལེར་རྫོགས། །འཁོར་འདས་མཉམ་ཉིད་དབྱིངས་ཐིམ་ཤོག །ཚུལ་འདིར་པད་གླིང་བདུན་པའི་ཆོག་ཁྲིགས་བཞུགས་ཀྱང་སྐབས་ཐོག་དཔེ་རྒྱུན་མ་འབྱོར་པས། རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བའི་སྣེ་སེལ་ཙམ་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གཞུང་འདིར་མི་གསལ་བའི་འཐད་འོས་ཁ་ཤས་ཆོས་དབང་ཡང་འདུས་ནས་ཁ་བསྐངས་ཏེ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).