Terdzo-WI-049



Property "author" has been marked for restricted use.








Terdzo-WI-049.pdf
Click the picture above to view the Shechen manuscript.

བཀའ་བརྒྱད་རང་བྱུང་རང་ཤར་ལས། གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་དབང་དང་རྗེས་གནང་གི་ཆོ་ག་རཏྣའི་རྒྱན་ཕྲེང་

bka' brgyad rang byung rang shar las gnod sbyin nor lha yongs rdzogs kyi dbang dang rjes gnang gi cho ga rat+na'i rgyan phreng

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ (Gnod sbyin nor lha yongs rdzogs)
parent cycle  བཀའ་བརྒྱད་རང་བྱུང་རང་ཤར་ (Bka' brgyad rang byung rang shar)
Volume 50 (ཝི) / Pages 743-754 / Folios 1a1 to 6b4

[edit]

༄༅། །བཀའ་བརྒྱད་རང་བྱུང་རང་ཤར་ལས། གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་དབང་དང་རྗེས་གནང་གི་ཆོ་ག་རཏྣའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨཱརྻ་ཛམྦྷ་ལ་ཡ། རྒྱལ་ཀུན་ཡོན་ཏན་རང་གཟུགས་ནི། །ས་བཅུའི་དབང་ཕྱུག་གནོད་སྦྱིན་ཚུལ། །འགྲོ་ཀུན་ཕོངས་པ་སེལ་མཛད་དེར། །བཏུད་ནས་རཏྣའི་རྒྱན་ཕྲེང་སྦྱིན། །འདིའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བའི་ཚུལ་ལ་གཉིས། དབང་བསྐུར་ཡོངས་རྫོགས་བྱ་བ་དང་། རྗེས་གནང་ཙམ་སྦྱིན་པ་འོ། །དང་པོ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད། རྗེས་དབང་གི་ལས་ལ་སྦྱོར་བའོ། །དང་པོ་ནི། གཙང་ཞིང་དགེ་བའི་གནས་སུ་རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་སྟེགས་བུའི་གུང་དུ་བདག་བསྐྱེད་མཆོད་གཏོར་བཤམ། སྟེགས་དབུས་དཀྱིལ་འཁོར་སྒོ་རྫོགས་གཞུང་མཐུན་བྲིས་པའམ། མེ་ཏོག་སེར་པོའི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་བུམ་པ་བཅུད་ལྡན་ཆས་སུ་བཅུག་པ། གཡས་སུ་གཏོར་མ་རིན་ཆེན་འབར་བ་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ། གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་སྦྱར་བས་བཀང་བ། རྒྱབ་ངོས་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་ཛཾ་ནག་གི་སྐུ་དང་ཆུ་གཙང་གི་བྱ་མ་བུམ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། ཉེར་མཁོའི་ཡོ་བྱད་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་སྒྲུབ་མཆོད་ནི། ཐོག་མར་བདག་བསྐྱེད་བཀའ་བརྒྱད་རང་ཤར་གྱི་ཕྲིན་ལས་ཡོངས་རྫོགས་ཀྱི་ཕྲིན་ལས་སམ་ཏིང་འཛིན་གོམས་པས་སྔགས་སྒྲུབ་ཙམ་གཏང་ཡང་ཆོག །མི་འགྲུབ་ན་ཉང་ལུགས་ཕྱག་རྒྱ་རྐྱང་སྒྲུབ་ཙམ་གྱིས་ཀྱང་ཆོག་སྟེ། གང་ལྟར་སྐྱབས་སེམས་སམ་རྒྱུན་བཤགས་ནས་བརྩམ། བསྐྱེད་བཟླས་རྫོགས་པར་བྱ། དེ་ནས་འདི་ཉིད་ཀྱི་གཏེར་གཞུང་ལྟར་གཏོར་མཆོད་བྱིན་བརླབ། ལྷ་བསྐྱེད་ནས་མཆོད་པའི་བར་བཏང་ནས་བཟླས་དམིགས་སྤྲོ་བསྡུ་སྤྱི་འགྲོ་བཅས་བཟླས་པ་ཅི་འགྲུབ་བྱ། མཐར་ཤམ་བུ་བཏགས་པའང་ཉེར་གཅིག་ཙམ་བཟླས་ལ་བསྟོད་པ་འདོན། བུམ་བསྐྱེད་ལས་བྱང་བསྐྱར་ནས་འདོན་གྲུབ་ན་ལེགས་ཤིང་བསྐྱེད་ཚིག་ཁ་བསྒྱུར་བྱ། མི་ལྕོགས་ན་སྤྱི་ལྟར་གསལ་བཏབ། གཟུངས་ཐག་འཐེན་ལ་བཟླས་པའི་མཐར་མཆོད་བསྟོད་འོད་ཞུ་བྱ། སྤྲོ་ན་དངོས་གྲུབ་བསྐུལ་ཚིག་བརྗོད་ལ་ཏིང་ངེ་འཛིན་གྱི་དབང་བླང་། སློབ་མ་གཞུག་པར་གསོལ་བ་གདབ། ལས་བུམ་འཁྱིལ་པས་བྱིན་བརླབ་བོ། །གསུམ་པ་རྗེས་དབང་གི་ལས་སྦྱོར་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོས་བཅིང་། སེམས་བསྐྱེད་གསལ་གདབ་སོགས་བྱས་ལ། དེའང་གངས་ཅན་སྐྱེ་དགུའི་སྐྱབས་དང་དཔུང་གཉེན་གཅིག་པུར་གྱུར་པ་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེས་ཆེར་ལྷག་པའི་རྒྱལ་བ་པདྨ་འབྱུང་གནས་ཀྱིས། ཕྱི་རབས་གདུལ་བྱ་རྣམས་ལ་བརྩེ་བས་དགོངས་ཏེ་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་ཐབས་ཀྱི་རིམ་པ་བསམ་ལས་འདས་པ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པ་ལས། འགྲོ་བ་སེར་སྣའི་ཉེས་པས་དབུལ་ཞིང་ཕོངས་པར་གྱུར་པ་རྣམས་ཀྱི་དོན་དུ་འཕགས་པ་རྨུགས་འཛིན་ཆུའི་དབང་པོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་མཐའ་ཡས་པའང་གནང་ནས་ཟབ་མོའི་གཏེར་རྒྱས་བཏབ་པ་རྣམས་ཀྱི་ནང་ཚན་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་སྒྲུབ་པའི་ཐབས་འདི་ནི། མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་གྱི་ཡ་གྱལ་རིག་འཛིན་ཆེན་པོ་ཉི་ཟླ་འོད་འབར་གྱིས་ཟང་ཟང་ལྷ་བྲག་ནས་བོད་ཁམས་སྐྱོབ་བྱེད་བློན་པོ་ལྟ་བུའི་གཏེར་ཆེན་སྤྱན་དྲངས་པའི། ཤར་དུང་མཛོད་དཀར་པོའི་ཆོས་སྡེ་དྲག་པོ་བཀའ་བརྒྱད་རང་བྱུང་རང་ཤར་གྱི་ཆ་ལག་ཏུ་བྱུང་བ་ཤིན་ཏུ་ཟབ་ཅིང་འདྲིལ་བའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ལ་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི༔ དབང་བསྐུར་རྗེས་གནང་དམ་པ་བསྩལ་དུ་གསོལ༔ ཐུགས་རྗེ་བརྩེ་བ་ཆེན་པོས་གཟུང་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་དུ། བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གཞན་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པས་དོན་རེ་རེ་བཞིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཀྱིས་རྒྱུན་བཤགས་ལན་གསུམ། དེ་ནས་དབང་གི་གཞི་བསྒྲུབ་པ་ལ་ཁྱེད་རང་རྣམས་ནོར་ལྷ་ཡོངས་རྫོགས་དམ་ཚིག་པའི་དཀྱིལ་འཁོར་འདི་བཞིན་གསལ་འདེབས་པར་ཞུ། ཨ་མྲྀཏས་བུམ་ཆུས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བརྗོད། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས། སྣོད་རྣམ་པར་དག་པ་ཡོན་ཏན་རིན་པོ་ཆེ་བཀོད་པའི་ཞིང་ཁམས་ཀྱི་དབུས་སུ་ནོར་བུའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པ། དེའི་ནང་དུ་བཅུད་རྣམ་པར་དག་པ་པདྨ་ཉི་ཟླ་གཏེར་གྱི་བུམ་པའི་ཁྲིའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། ཡོངས་སུ་གྱུར་པ་ལས་ཁྱེད་རང་མགོན་པོ་ཛམྦྷ་ལ་ནམ་མཁའི་མདོག་ཅན་ཐོད་ཁྲག་དང་ནེའུ་ལེ་བསྣམས་པ། གཅེར་བུ་རལ་པའི་ཅོད་པན་སྦྲུལ་གྱིས་བརྒྱན་ཅིང་བཞེངས་སྟབས་ཀྱིས་བཞུགས་པ། ཕྱོགས་བཞིར་པད་ཟླའི་གདན་ལ་ཤར་དུ་ཛཾ་ལ་དཀར་པོ་གཡས་བགྲང་ཕྲེང་། ལྷོར་ཛཾ་ལ་སེར་པོ་གཡས་ཤིང་ཏོག །ནུབ་ཏུ་ཛཾ་ལ་དམར་པོ་གཡས་ནོར་བུ། བྱང་དུ་ཛཾ་ལ་ལྗང་གུ་གཡས་རྒྱལ་མཚན། ཐམས་ཅད་ཀྱི་ཕྱག་གཡོན་པས་ནེའུ་ལེ་བསྣམས་ཤིང་དར་དང་རིན་པོ་ཆེའི་རྒྱན་དང་གནོད་སྦྱིན་སྒེག་པའི་ཉམས་ཅན། འཁོར་དུ་ནོར་ལྷ་ཕོ་མོ་བཀའ་སྡོད་ལས་མཁན་དུ་མས་བསྐོར་བ་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་འདུས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོག་མིན་གྱི་གནས་དང་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རང་འདྲའི་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་མོས་ཤིག །དྲི་ཞིམ་པོའི་སྤོས་བཏུལ། རོལ་མོ་དབྱངས་བཅས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་ལ་ཡེ་ཤེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བུམ་བཅུད་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་སུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། དུག་ལྔ་དང་སེར་སྣའི་ཉེས་པ་བཀྲུས། ཕུང་ལྔ་གནས་གྱུར་ཏེ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་མངོན་དུ་བྱས་པར་མོས་ཤིག །ཛཾ༔ བུམ་པ་སྐྱེ་མེད་རྣམ་དག་ཆོས་ཀྱི་སྐུ༔ ལོངས་སྤྱོད་ཞི་ཁྲོ་སྒྲུབ་ཆེན་བཀའ་བརྒྱད་ལྷ༔ སྤྲུལ་སྐུ་འགྲོ་དྲུག་སེམས་ཅན་དོན་མཛད་པའི༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཛམྦྷ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲའི་མལ་དུ། བུདྡྷ། རཏྣ། པདྨ། ཀརྨ། རྣམས་སྦྱར་ལ་བུམ་པ་མགོ་བོའི་གནས་ལྔར་བཞག་ཅིང་བུམ་ཆུ་སྦྱིན། དེས་སྐུའི་དབང་ཐོབ། སྣང་སྟོང་དབྱེར་མེད་ཀྱི་བསྐྱེད་རིམ་བསྒོམ་པ་ལ་དབང་། མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རང་བྱུང་བདེ་སྐྱོང་གི་སྣོད་དུ་ཁམས་གསུམ་ཙིཏྟའི་དྭངས་བཅུད་བསྡུས་པའི་བྱང་སེམས་དམར་པོའི་རྒྱུན་མགྲིན་པར་མྱངས་པ་འཁོར་འདས་ཀུན་གྱི་དབང་ཕྱུག་ཆེན་པོར་གྱུར་པར་མོས་ཤིག །ཐོད་པའི་བདུད་རྩི་ལག་ཏུ་གཏད་ཅིང་ཁར་སྦྱིན་ལ། ཛཾ༔ ཁམས་གསུམ་སྙིང་ཁྲག་མ་ལུས་འདུས་པའི་བཅུད༔ བདུད་རྩི་བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་ལོངས་སྤྱོད་དབང་དུ་སྡུད་པའི་རྫས༔ བུ་ལ་བྱིན་པས་དངོས་གྲུབ་ཐོབ་པར་འགྱུར༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་ཎཱི་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསུང་གི་དབང་ཐོབ། གྲགས་སྟོང་དབྱེར་མེད་ཀྱི་བཟླས་བརྗོད་བྱེད་པ་ལ་དབང་། ཚངས་དབྱངས་ཡན་ལག་དང་ལྡན་པའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ངོ་བོ་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་དཀྱིལ་འཁོར། རྣམ་པ་སྲིད་གསུམ་བརྟན་གཡོའི་དྭངས་མའི་དབྱིག་ཐམས་ཅད་གཅིག་ཏུ་འདུས་པའི་ཡིད་བཞིན་ནོར་བུ་དགོས་འདོད་ཀྱི་ཆར་རྒྱུན་འབེབ་པ་འདི་ཉིད་བྱིན་པས་དངོས་གྲུབ་རྣམ་པ་གཉིས་ལ་རང་དབང་ཐོབ་པར་མོས་ཤིག །གཏོར་མ་ལག་ཏུ་གཏད། གཏོར་ཟན་མྱང་དུ་གཞུག་ལ། ཛཾ༔ ཡིད་བཞིན་ནོར་བུ་རིན་ཆེན་འབར་བ་འདི༔ ཁམས་གསུམ་སྲིད་གསུམ་ཀུན་གྱི་ནོར་བསྡུས་པས༔ ལོངས་སྤྱོད་འདོད་དགུའི་ཆར་འབེབ་དབང་གི་རྒྱལ༔ སྐལ་ལྡན་བུ་ལ་བྱིན་པས་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་ཎཱི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། རིག་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཟབ་གསལ་གཉིས་སུ་མེད་པའི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཟངས་གཞོང་སྐུ་གཟུགས་བཅས་སློབ་མ་ལ་ཞལ་ཕྱོགས་པར་བཞག །ཆུ་བུམ་ཉེར་བསྡོགས་བྱས་ལ། མཐའ་རྟེན་དུ་ཆུ་སྦྱིན་འབུལ་བའི་རྗེས་སུ་གནང་བ་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཟངས་གཞོང་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་ཉི་ཟླ་གཏེར་གྱི་བུམ་པའི་ཁྲི་ལ། ཧཱུྃ་ལས་མགོན་པོ་ཛམྦྷ་ལ་མཐིང་ནག་ཐོད་ཁྲག་དང་ནེའུ་ལེ་བསྣམས་པ། ཕྱོགས་བཞིར་ནོར་བདག་རིགས་བཞི། དེ་རྒྱབ་ནོར་ལྷ་ཕོ་བརྒྱད་མོ་བརྒྱད། ཨ་པར་ཙི་ཏ། ལས་མཁན་ཏྲིའུ། སྒོ་སྲུང་བཞི། གནོད་སྦྱིན་བྱེ་བའི་འཁོར་དང་བཅས་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཨེ་ཧྱེ་ཧི། ས་མ་ཡ་ཧྲཱིཾ་ཧྲཱིཾཿཛཿཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་བྱང་སེམས་བདུད་རྩིའི་རང་བཞིན་གྱི་ཆུའི་རྒྱུན་ཕུལ་བས་མཉེས་ཤིང་ཚིམས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས་པའི་ཆུ་སྦྲེང་དུ་གཞུག་ལ། སྙིང་པོ་བརྒྱ་རྩ་སོགས་བརྗོད། མཐར་གཏོར་ཟླུམ་མམ་རིལ་བུ་སྐུ་གཟུགས་མདུན་དུ་ཕུལ་ལ་འབྲུ་གསུམ་གྱིས་བརླབ། སྙིང་པོ་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་སོགས་ཀྱིས་བསྟོད། ཡིག་བརྒྱས་བཟོད་གསོལ་བྱ། སྙིང་པོའི་མཐར། སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཏགས་པ་བརྗོད་ལ་དངོས་གྲུབ་ཀྱི་ཆུ་ཐིགས་རེ་སྦྱིན་ཅིང་མྱང་དུ་གཞུག །ནོར་ལྷ་ཡེ་ཤེས་པ་བཛྲ་མུ༔ ཞེས་པས་རང་བཞིན་གྱི་གནས་སམ་རྟེན་ལ་གཤེགས། དམ་ཚིག་པ་རང་རང་གི་སྙིང་ཁར་ཐིམ་པར་མོས་ཤིག །ཤིས་པ་བརྗོད། དེས་བྱང་གཏེར་ནོར་ལྷ་ཡོངས་རྫོགས་ཀྱི་དབང་བསྐུར་གྲུབ་པ་ལགས་པས་སོགས་བརྗོད་ལ་དམ་ཚིག་གཟུང་བ་སོགས་རྗེས་སྤྱི་ལྟར་བྱ། ༈ གཉིས་པ་རྗེས་གནང་ཁོ་ན་བྱེད་ན་གཤོམ་གྱི་སྐབས་དཀྱིལ་འཁོར་ཚོམ་བུ་དང་མཆོད་གཏོར་ཙམ་ལས་བཅའ་གཞི་གཞན་ཅིའང་མི་དགོས་ཤིང་། བདག་བསྐྱེད་ཕྱག་རྒྱ་རྐྱང་སྒྲུབ་ཙམ་དང་མདུན་བསྐྱེད་བཟླས་པ་བསྟོད་པ་གྲུབ་པའི་རྗེས་སུ་གནང་བ་ནོད་པ་ཙམ་བྱ། རྗེས་གནང་དངོས་ལ་ཁྲུས་ནས་རྒྱུན་བཤགས་ཡན་སྔར་ལྟར་ལ། དབང་བཤད་སྐབས། སྨིན་བྱེད་དོར་ནས། རྗེས་གནང་བསྒྲུབ་པ་ལ། ཞེས་དང་། གསོལ་གདབ་ཚིག་རྐང་གསུམ་པར། དབང་སྐུར་དོར་ནས། རྗེས་སུ་གནང་བ་དམ་པ་བསྩལ་དུ་གསོལ༔ ཞེས་སྒྱུར། རྒྱུན་བཤགས་འཕྲོས། དེ་ནས་ཐོག་མར་སྐུའི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་ནས་ལྷ་བསྐྱེད་གོང་ལྟར་ལ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། ཐུགས་སྲོག་ཛཾ་ནག་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས། བླ་མ་བདེ་གཤེགས་ཡོངས་རྫོགས་སུ་གསལ་བའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཛཾ་ལྷ་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྤོས་རོལ་དང་། སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས། བྱས་ལ་བསྙེན་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །མེ་ཏོག་འབུལ་སྟེར་སྤྲོ་ན་སྤྱི་ལྟར་བྱ་ཆོག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོ་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་སོ་སོའི་རང་རྟགས་ཕྱག་མཚན་ནེའུ་ལེ་རྣམས་ལས་འོད་ཟེར་འཕྲོས། ལྕང་ལོ་ཅན་དུ་ཛཾ་ལ་རིགས་ལྔའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་བྱིན་རླབས་དངོས་གྲུབ་ཀྱི་རང་བཞིན་ཕྱག་མཚན་དང་འོད་ཟེར་གྱི་རྣམ་པ་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་མོས་ལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། སེམས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལྷའི་གསང་བ་གསུམ་དུ་གྱུར་ནས་མགོན་པོ་ཛམྦྷ་ལའི་སྐུ་གསུང་ཐུགས་དང་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་མཛོད་ཅིག །ཤིས་པ་བརྗོད། དམ་ཚིག་ཁས་བླང་སོགས་རྗེས་སྤྱི་དང་མཐུན། དབང་རྒྱུན་ཙམ་ལ་སྔ་མ་དང་སྦྲེལ་ནས་བྱེད་ན་རྒྱུན་བཤགས་ཡན་ཚར་གཅིག་གིས་ཆོག་པས། ཐུགས་གཏོར་དབང་གྲུབ་མཚམས་སླར་ཡང་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་སྐུའི་རྗེས་སུ་གནང་བ་སོགས་སྦྲེལ། ཆུ་སྦྱིན་རྗེས་གནང་གཤམ་དུ་བྱས་པས་གྲུབ་བོ། །རྗེས་ཀྱི་བྱ་བ་མཆོད་ཁ་གསོས་ལ་མཆོད་བསྟོད་བྱ། དངོས་གྲུབ་བླང་། ནོངས་བཤགས་བཟོད་གསོལ་སྤྱི་འགྲེ། རྟེན་ལ་བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་གཏེར་གཞུང་ལྟར་བྱའོ། །གཞུང་ལས། འདི་རང་གི་བུའམ་སྙིང་འདྲ་གཅིག་ལ་བྱིན༔ གཞན་ལ་བྱིན་ན་རང་གི་ཟས་ནོར་ལ་གནོད་པས་མི་སྦྱིན་གསུངས༔ འདི་ཞུ་དུས་འབུལ་བ་རེ་ཤིན་ཏུ་དགོས་པར་གསུངས་སོ༔ འདི་ཤིན་ཏུ་དམ་པར་ཆོངས་ཤིག་གསུངས་སོ༔ འདིའི་སྒྲུབ་པ་དང༔ དབང་དང་ལས་སྦྱོར་བྱ་བ་ཐམས་ཅད༔ སྐར་མ་རྒྱལ་སྨད་ཁོ་ན་ལ་བྱའོ༔ དེས་གྲུབ་པའོ༔ རང་སྒྲུབ་པ་པོས་དབང་འདི༔ ལོ་རེ་ལ་ལན་གསུམ་བཞི་རེ་རང་གིས་རང་ལ་བསྐུར་བར་བྱའོ༔ དེས་ནི་བསོད་ནམས་རྒྱས་པར་འགྱུར་རོ༔ ཞེས་གསུངས་པའང་ཡིད་ལ་གཅགས་པར་བྱའོ། །སེར་སྣའི་ཉེས་པས་བཅིངས་པའི་དབུལ་ཕོངས་འགྲོ། །རེ་བའི་ཤིང་རྟ་རཏྣའི་ཆར་པས་བཀང་། །ཐུགས་རྗེའི་ཤུགས་ཀྱིས་ཉོན་མོངས་སྒྲོག་ལས་བཀྲོལ། །བདེ་གཤེགས་རིན་ཆེན་མང་དངོས་འགྲུབ་གྱུར་ཅིག །ཅེས་པའང་རིན་པོ་ཆེ་གཏེར་གྱི་མཛོད་ཆ་ཤས་ནས་ཡོངས་སུ་གང་བའི་ཆ་རྐྱེན་དང་བློ་དམན་ལ་ཕན་པ་ཉི་ཚེ་བ་འབྱུང་བའི་སྒོ་མཐོང་ནས། རིག་འཛིན་གྱི་གཟུགས་བརྙན་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-WI-08-byang gter nor lha yongs rdzogs-01.JPG
RTZ-Tsagli-THA-66-byang gter nor lha yongs rdzogs-01.jpg
RTZ-Mandala-274-byang gter bka' brgyad rang shar gyi nor lha yongs rdzogs dkyil 'khor.jpeg
RTZ-Mandala-Dzongsar-06-519-byang gter nor lha yongs rdzogs.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).