Terdzo-WA-051



Property "author" has been marked for restricted use.








Terdzo-WA-051.pdf
Click the picture above to view the Shechen manuscript.

དགོངས་གཏེར་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་གི་བསྙེན་ཟིན་མདོར་བསྡུས་

dgongs gter tshe sgrub bdud rtsi'i bum bzang gi bsnyen zin mdor bsdus

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  པདྨ་བསྟན་འཛིན་གྲུབ་མཆོག་རྩལ་ (Eighth Pawo Pema Tendzin Drupchok Tsal)
in cycle  དགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་ (Dgongs gter tshe sgrub 'chi med bdud rtsi'i bum bzang)
Volume 20 (ཝ) / Pages 713-724 / Folios 1a1 to 6b1

Tibetan Text

༄༅། །དགོངས་གཏེར་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་གི་བསྙེན་ཟིན་མདོར་བསྡུས་བཞུགས་སོ། ། མི་ཤིགས་རྡོ་རྗེ་ནམ་མཁའི་སྐུ། ཁྱབ་བདག་བདེ་ཆེན་སྙིང་པོ་ལ། །བཏུད་ནས་བློ་དམན་ངལ་འཚོའི་ཕྱིར། །གསང་སྒྲུབ་ཟིན་བྲིས་མདོར་བསྡུས་དགོད། །མཆོག་གི་གླིང་པ་ལྔའི་ཡ་གྱལ་ཆོས་རྒྱལ་རིན་ཆེན་གླིང་པའི་ཡང་སྲིད་གྲུབ་པའི་རིག་འཛིན་ཆེན་པོར་ཡོངས་སུ་གྲགས་ཤིང་གྲུབ་པ་དཔལ་ལྡན་དཔའ་བོའི་དབང་ཕྱུག་སྐུ་ཕྲེང་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོའམ་པདྨ། གར་དབང་འགྲོ་འདུལ་རྒྱལ་པོའི་ཟབ་མོ་དགོངས་པའི་གཏེར་ཁ་ལས་བྱོན་པ་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་གི་རྩ་བ་རང་དོན་བསྙེན་པའི་རྣལ་འབྱོར་ནི་ཚེའི་གསང་སྒྲུབ་ཅེས་པ་འདི་ཡིན་པས། འདི་ཉིད་ཉམས་སུ་ལེན་པའི་སྒྲུབ་པ་པོ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་སྔོན་འགྲོ་སཙྪ་གདབ་ཅིང་སྲོག་བསླུ་ལམ་འཕྲང་བཅོས་པ་སོགས་ཚེ་ཐུང་བའི་ལས་སྒྲིབ་སྦྱོང་ཞིང་བསོད་ནམས་ཀྱི་དཔུང་སྐྱེད་པའི་དགེ་བའི་བྱ་བ་གང་འགྲུབ་བྱ། བཀྲ་ཤིས་ལ་བྱིན་ཆགས་པའི་གནས་སུ་ཡར་ངོ་གཟའ་སྐར་བཟང་བའི་ཐོ་རངས་སམ་ནམ་ལངས་ལྟ་བུར་ཐུན་གྱི་དབུ་བཙུག །བདེ་བའི་གདན་ལ་ལུས་སྒུལ་སྤྱོད། ངག་སྨྲ་བརྗོད། སེམས་རྣམ་རྟོག་སྤྲོ་བསྡུ་སོགས་བསམ་གཏན་གྱི་ཚེར་མར་གྱུར་པ་སྤངས་ལ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་མཐུན་པ་དོན་དུ་གཉེར་བའི་འདུན་པས་ཉམས་ལེན་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། མོས་གུས་དྲག་པོས་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་གཏང་། མདུན་མཁར་སྐྱབས་ཡུལ་ཀུན་འདུས་ཀྱི་ངོ་བོ་བླ་མ་ཚེ་དཔག་མེད་གསལ་གདབ། རང་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པ་དང་། མར་གྱུར་སེམས་ཅན་མཐའ་དག་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ལ་དགོད་པའི་སླད་དུ་བདག་གིས་ཟབ་མོའི་བསྐྱེད་རྫོགས་ལ་འབད་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་གོ་འཕང་མ་འགྲུབ་བར་དུ་མི་གཏང་བར་བསྒྲུབ་པར་བགྱིའོ་སྙམ་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ལས་བྱང་ལྟར་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་ལ་སོགས་པ་བརྗོད། གསག་སྦྱོང་སྤེལ་གསུམ་ཚང་བའི་ཡན་ལག་བདུན་པ་དོན་རེ་རེ་བཞིན་གསལ་བཏབ་ལ་ཚིག་ལན་གསུམ་བརྗོད་པའི་མཐར་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། བསྙེན་ཐུན་གྱི་ཉིན་དང་པོར་རང་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བས་བགེགས་གཏོར་བྱིན་བརླབས་ནས་བསྔོ་ཞིང་བསྐྲད་ལ་ཀུན་རྫོབ་དང་དོན་དམ་གྱི་སྲུང་འཁོར་བསྒོམ། ཐུན་རྗེས་མ་དང་རྒྱུན་ཁྱེར་སོགས་ལ་བགེགས་གཏོར་མི་དགོས། སྲུང་འཁོར་གསལ་འདེབས་ཙམ་བྱུང་ན་ལེགས་སོ། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་རིམ་དང་། བཟླས་པའོ། །དང་པོ་ནི། དབང་རབ་ཀྱི་རྣལ་འབྱོར་རྫོགས་པའི་བསྐྱེད་ཚུལ་ཏེ། རང་རིག་གདོད་ནས་འགྱུར་བ་མེད་པ་དག་པའི་ཀུན་གཞི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་འོད་གསལ་གྱི་རང་མདངས་སྐད་ཅིག་གིས་ལྷའི་སྐུར་ཤར་བ་སྟེ། དེའང་ཤིན་ཏུ་སྲ་ཞིང་བརྟན་པ་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་དང་། ཉི་མ་ཟླ་བ་རྣམས་བརྩེགས་པའི་གདན་ལ་རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་འཚེར་བྱེ་རུའི་ལྷུན་པོ་ལྟ་བུ་ཞི་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་ཐོར་ཚུགས་རིན་པོ་ཆེའི་རྒྱན་བརྒྱད་དང་དར་གྱི་ན་བཟའ་གཉིས་ཀྱིས་མཛེས་པ། ཕྱག་གཉིས་མཉམ་གཞག་གིས་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་གང་བ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་གོས་དཀར་མོ་དམར་མོ་ཕྱག་གཡས་པས་མདའ་དར་དང་ལྕགས་ཀྱུ་གཡབ་ཅིང་གཡོན་ཚེ་བུམ་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་ཡབ་ཀྱི་རྐེད་ལ་འཁྲིལ་བ། ཡབ་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ག་འབར་བ། སྣང་སྟོང་ཡེ་ཤེས་ཀྱི་སྐུ་སྣང་སྲིད་ཀུན་ལ་ཁྱབ་ཅིང་གདོད་ནས་དམ་ཡེ་དབྱེར་མེད་ལྷུན་རྫོགས་ཆེན་པོར་གསལ་གདབ་ལ་གསལ་སྣང་མ་ཐོན་བར་དུ་སེམས་འཛིན། དང་པོ་ཞེན་པའི་ཡུལ། བར་དུ་ཡིད་ཀྱི་ཡུལ། མཐར་དབང་པོའི་ཡུལ་དུ་མངོན་སུམ་ལྟ་བུར་གསལ་བའི་གསལ་སྣང་ལ་བསླབ་པ་དང་། རང་ཉིད་མགོན་པོ་ཚེ་དཔག་མེད་དངོས་སུ་ངེས་པའི་ང་རྒྱལ་བརྟན་པོས་ཐ་མལ་པར་ཞེན་པའི་མིང་རུས་འཛིན་པ་འགོག་ནུས་པ་དང་། དེ་ཐམས་ཅད་ཀྱང་ཆོས་ཉིད་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ལས་དངོས་མཚན་དུ་རྡུལ་ཙམ་ཡང་གྲུབ་པ་མེད་པའི་རྣམ་དག་སྙིང་པོ་དྲན་པའི་རྒྱས་འདེབས་ཀྱིས་བསྐྱེད་རིམ་ཚད་དུ་ཕྱིན་པར་བྱའོ། །གཉིས་པ་ལ་ཐོག་མར་བཟླས་པའི་གཞི་དགོད་པ་ནི། རང་གི་ཐུགས་ཀར་འོག་ཉི་མ་སྟེང་ཟླ་བའི་དཀྱིལ་འཁོར་གྭའུ་ཁ་སྦྱོར་དུ་གྱུར་པའི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ། དེའི་ཧ་ཁོག་ནང་དུ་ཚེའི་ངོ་བོ་ནྲྀ་ལྗང་གུ །ནྲྀ་མིག་ཏུ་སྲོག་རྟེན་ཨ་དཀར་པོ་བཅས་གསུམ་ཀ་འོད་འབར། དེའི་མཐར་མདུན་ནས་བརྩམ། ཨོཾ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པའི་སྔགས་ཕྲེང་ངོ་ཕྱིར་བསྟན། གཡོན་སྐོར་དུ་འཁོད་པ་གསལ་བཏབ་ལ་སེམས་མ་ཟིན་བར་དུ་བསྒོམ་ཞིང་ཧྲཱིཿཧྲཱི༔ཞེས་ཡིད་བཟླས་བྱ། དེ་ནས་སྤྲོ་བསྡུ་ནི། ངག་ཏུ་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་ལས་འོད་ཟེར་དམར་པོ་འཕྲོས། སྔགས་ཕྲེང་ལ་ཕོག་པས་གཡས་སྐོར་དྲག་ཏུ་འཁོར། དེ་ལས་འོད་ཟེར་དམར་པོ་ནམ་མཁའ་ཁྱབ་པར་འཕྲོས། བརྒྱུད་པ་དགུ་ལྡན་གྱི་ཚེའི་རིག་འཛིན་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡི་དམ་རྒྱལ་བ་ཞི་ཁྲོ །མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་ན་བཞུགས་པའི་བཅོམ་ལྡན་འདས་ཚེ་འོད་དཔག་མེད་འཁོར་དང་བཅས་པ་ལ་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པས་མཆོད་ཅིང་ཐུགས་དམ་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས་རང་ལ་ཐིམ། ཡང་འོད་ཟེར་འཕྲོས། རྟེན་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་འབྱུང་བཞིའི་དྭངས་བཅུད། བརྟེན་པ་བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་དབང་པོ་ལ་སོགས་ཚེ་བསོད་དཔལ་འབྱོར་དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་རྣམས་ཀྱི་བྱིན་རླབས་ནུས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རང་ལ་ཐིམ། ཡང་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། འཆི་བདག་གཤིན་རྗེ་གཙོ་བོར་གྱུར་པའི་སྡེ་བརྒྱད་ལྷ་སྲིན་མཐུ་བོ་ཆེ་རྣམས་ཀྱིས་རང་གི་བླ་ཚེ་བརྐུས་ཕྲོགས་ཁྱེར་བ་རྣམས་དང་། རང་བཞིན་གྱིས་ཉམས་པ་འཐོར་བ་ཡར་བ་བྲོས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་རང་ལ་ཐིམ། ཡང་འོད་ཟེར་འཕྲོས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་སྦྱངས། ཕྱི་སྣོད་ཀྱི་འཇིག་རྟེན་བདེ་ལྡན་དག་པའི་ཞིང་ཁམས། ནང་བཅུད་ཀྱི་སེམས་ཅན་འཆི་མེད་ཚེ་ལྷ་གཙོ་འཁོར། སྒྲ་གྲགས་སྔགས་ཀྱི་རང་སྒྲ །རྟོག་ཚོགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར། རྒྱལ་བའི་བྱིན་རླབས། བརྟན་གཡོའི་དྭངས་བཅུད། ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་རང་ཤུགས་ཀྱིས་འདུས་ཏེ་དྭངས་སྲོག་ཡིག་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་རྒྱས་ཏེ་སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་འཆི་མེད་རྡོ་རྗེའི་སྐུ་ཐོབ་པར་མོས་ལ། ཧྲཱིཿཟུང་སྦྲེལ་དང་། འབྲུ་བརྒྱད་གཉིས་ཀ་འབུམ་ཕྲག་ལྔ་རེ་བཟླ། ཐུན་མཚམས་སུ་དབྱངས་གསལ་ཡིག་བརྒྱས་ཁ་བསྐང་། ཡེ་དྷར་གྱིས་ནུས་པ་བརྟན་པར་བྱས་ལ་སྟོང་ཚིགས་སྤྱི་ལྟར་འབུལ། མདའ་དར་གཡབ་ལ་ཚེ་འགུགས་གྱེར་བའི་སྐབས། སྔོན་ཚེ་བཅོམ་ལྡན་འདས་ཚེ་དཔག་མེད་རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱིས་འགྲོ་བའི་དོན་དུ་འཆི་མེད་ཚེའི་དངོས་གྲུབ་བསྒྲུབས་པ་དེ་བཞིན་དུ་སྙིགས་མའི་དུས་འདིར་རྗེས་འཇུག་རྣལ་འབྱོར་པ་བདག་གིས་ཀྱང་སྒྲུབ་ཅིང་ཐུགས་དམ་བསྐུལ་བ་ལགས་པས། ཁྱེད་རྣམས་ཀྱི་ཐུགས་རྗེ་ནུས་པའི་སྟོབས་རྩལ་ཆེན་པོས། བདག་གི་བླ་ཚེ་བསོད་ནམས། ཀླུང་རྟ་ཆད་ཉམས་ཡར་འཐོར་ཕྲོགས་པ་རྣམས་རང་གནས་སུ་བསྡུས་ཏེ་སོར་ཆུད་པ་དང་། ཕྱི་འབྱུང་ལྔའི་དྭངས་བཅུད། ནང་སྐྱེ་དགུའི་ཚེ་བསོད། གསང་བ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ལ་བདག་གི་ལུས་ངག་ཡིད་གསུམ་ལ་སྩོལ་ཅིག་པའི་ཚིག་དང་མོས་གུས་ཀྱིས་བསྐུལ་བས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཚེ་བདག་མགོན་པོའི་རྣམ་པར་བཞེངས་ཏེ་ཕྱག་གཡས་པ་རྣམས་ཀྱིས་མདའ་དར་གཡབ་པས་ཚེ་བཅུད་རྣམས་རང་དབང་མེད་པར་བཀུག་ནས་གཡོན་གྱི་བུམ་པར་མེ་རེ་རེ་འཁྱིལ། དེ་ལས་བདུད་རྩིའི་རྒྱུན་ཆེན་པོ་བབས། རང་གི་སྤྱི་བོ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། ཁྱད་པར་སྙིང་གའི་ཚེ་རྟེན་ལ་ཐིམ་པས་སྐྱེ་འཆི་འཕོ་འགྱུར་མེད་པ་ཚེ་བདག་མགོན་པོ་དང་དབྱེར་མེད་པའི་རྡོ་རྗེའི་སྐུར་གྱུར། ཉི་ཟླའི་གྭའུ་ཁ་བསྒྲིགས། ཡེ་ཤེས་ལྔའི་རང་བཞིན་ཕྱག་མཚན་ལྔའི་རྒྱས་བཏབ་པས་ནམ་ཡང་གཞོམ་གཞིག་དང་བྲལ་བ་རྟག་བརྟན་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་གོ་འཕང་གྲུབ་པར་མོས་ལ་སྔགས་ལན་གསུམ་མམ་ཉེར་གཅིག་བརྗོད་དོ། །གསུམ་པ་རྗེས་རིམ་ནི། མཐར་མཚན་བཅས་ཀྱི་རྫོགས་པའི་རིམ་པ་བསྒོམ་པ་སྟེ། ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་ཞིང་ཁམས་དང་བཅུད་ལྷར་གསལ་བ་ཐམས་ཅད་རིམ་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་ཡུམ་ཡབ་ལ་ཐིམ། དེ་ཉིད་འོད་དུ་ཞུ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ཕྱི་རོལ་དུ་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ནང་ནས་རིམ་བཞིན་དམར་པོ། དཀར་པོ། སེར་པོ། ལྗང་གུ །སྔོན་པོའི་གུར་ཁང་ལྔ་རིམ་གྱི་རྒྱབ་ཏུ་རྡོ་རྗེའི་གུར་ཁང་སྲ་ཞིང་བརྟན་ལ་བསྐལ་པའི་རླུང་ཡང་རྒྱུ་བར་མི་ནུས་པར་བསྒོམས་ལ་ཡུན་རིང་དུ་སེམས་བཟུང་། འདི་བར་ཆད་སྲུང་བའི་མན་ངག་ཁྱད་པར་དུ་འཕགས་པ་ཡིན། ཐུན་འཇོག་པའི་ཚེ་བཀྲ་ཤིས་དང་བསྔོ་སྨོན་ལས་བྱང་ལྟར་བྱ། ཐུན་མཚམས་སུའང་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བར་སྤྱོད་ཡུལ་ལམ་དུ་ཁྱེར་བ་དང་ཚོགས་གསོག་པའི་རིམ་པ་ལ་འབད། འགྲུབ་པའི་རྟགས་སྤྱི་དང་མཐུན། བར་ཆད་ཀྱི་རྟགས་བྱུང་ན་གེགས་སེལ་གྱི་རིམ་པའང་སྐབས་དང་བསྟུན་ནོ། །ཞར་བྱུང་གསང་སྒྲུབ་ཟབ་གནད་རླུང་སྦྱོར་ཉམས་སུ་ལེན་པར་འདོད་ན། བསྐྱེད་བཟླས་སྔོན་དུ་བཏང་། རང་ལུས་ལྷ་སྐུ་འོད་ཀྱི་རང་བཞིན་ཐུགས་སྲོག་ཚེ་རྟེན་སྔགས་ཕྲེང་བཅས་སྔར་ལྟར་གསལ་གདབ་ལ་རླུང་རོ་ལན་གསུམ་འབུད། དེ་ནས་རང་བབ་ཏུ་བཞག་ལ་དབུགས་ཕྱིར་འགྲོ་བའི་རླུང་ཁ་དོག་ལྔ་ལྡན་ཏོང་སྐུད་སྣ་ལྔ་གཤིབས་པ་ལྟ་བུ་ཕྲ་ལ་ལྡེམ་པ་ཕྱིར་སོང་བས་འཁོར་འདས་ཐམས་ཅད་ཁྱབ། སངས་རྒྱས་སྲས་བཅས་དྲང་སྲོང་རིག་འཛིན་རྣམས་ཀྱི་སྐུ་ཚེའི་དངོས་གྲུབ། ལྷ་ཀླུ་མིའི་ཚེ་བསོད་ནམས་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་བླངས་པ་ལྟར་བདུད་རྩིའི་རྣམ་པར་བསྡུས། དབུགས་ནང་དུ་རྔུབས་པ་ན་ཡུམ་གྱི་ཞལ་དུ་ཞུགས། སྐུའི་ནང་བརྒྱུད་པདྨའི་ཟེའུ་འབྲུར་བབས་པ་རྡོ་རྗེའི་སྦུ་གུས་ནར་གྱིས་དྲངས་ཏེ་ཐུགས་སྲོག་ལ་ཐིམ་པས་གཟི་བརྗིད་འོད་དུ་འབར། རང་ལུས་ཚེའི་བདུད་རྩིས་གང་། འཇའ་ལུས་རྡོ་རྗེའི་སྐུར་སྨིན། ཡང་རླུང་ཕྱིར་སོང་བས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་བསྡུས། སྔར་ལྟར་དྲངས་ཏེ་ཐིམ་པས་ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཁམས་ནས་ཚེ་ཉམས་པ་གསོས་པ་སོགས་གོང་ལྟར་བསྒོམ། དེ་རྣམས་ཀྱི་ཚེ་ཧྲཱི༔གཅིག་གི་བཟླས་པ་བྱ། བསྡུ་རིམ་སྔར་བཤད་པ་ལྟར་ལ་བདག་ཉིད་འོད་གསལ་དུ་བསྡུ་ཞིང་སྐྱེ་འཆི་མེད་པ་ཀ་དག་གི་ཀློང་དུ་ཅི་གནས་སུ་བཞག །དེ་ལས་ལྡངས་པ་ན་སྐད་ཅིག་གིས་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་བསྒོམས་ལ་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པ་ལས་མ་གཡོས་པར་བསྔོ་སྨོན་དང་སྤྱོད་ལམ་བྱ། ཕན་ཡོན་གཏེར་གཞུང་ལས་བཤད་པ་ལྟར་རོ། །དེ་ལྟར་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་སྒྲུབ་པ་བྱེད་པར་འདོད་ན་དཀྱིལ་འཁོར་བུམ་པ་འབྲང་རྒྱས་ཚེ་རིལ་ཚེ་ཆང་མདའ་དར་ཕྱི་ནང་མཆོད་པ་སྤྱི་མཐུན་བཀོད་ནས། ལས་བྱང་ལ་བརྟེན་ཏེ་བདག་མདུན་དབྱེར་མེད་དམ་ཛཔ྄་ཁང་དབྱེ་བའི་སྒོ་ནས། ཚེ་ལྷ་གཙོ་འཁོར་བསྒོམས་ནས། སྔགས་འཁོར་དང་སྤྲོ་བསྡུའི་དམིགས་པ་རྣམས་བདག་བསྐྱེད་ཀྱི་རིགས་འགྲེ་གསལ་བཏབ་ལ་ལས་གཞུང་གི་བཟླས་པ་བྱ་ཞིང་ཚེ་བཅུད་བསྡུ། ཐུན་མཐར་ཚེ་འགུགས་ཀྱང་ཟུར་བཀོལ་ལྟར་གྱེར། དགོང་མོའི་ཆར་བཀའ་སྲུང་གཏོར་འབུལ་ཚོགས་སྐོང་མ་ཆག་པར་བྱ། བདུན་གཅིག་གམ་གསུམ་ལ་སོགས་པའི་ཞག་གྲངས་ཐེམས་པའི་རྟགས་མཐོང་བའི་སྔ་དྲོར་དབང་ལེན་བྱ་ཞིང་། སྔོན་རྗེས་ཀྱི་རིམ་པ་ཐུན་བཞིའི་བཅད་ཁྲིགས་རྣམས་གསང་བ་སྤྱི་དང་མཐུན་པར་སྤྱད། བསྙེན་སྒྲུབ་ཐེམས་ནས་བདག་བསྐྱེད་ལ་བརྟེན་པའི་གསང་སྒྲུབ་རླུང་སྦྱོར་དང་བཅས་པ་རྒྱུན་དུ་ཐོ་རངས་ལ་མ་ཆག་པར་ཉམས་སུ་བླངས་ན། དུས་མ་ཡིན་པའི་འཆི་བ་ལས་རྒྱལ་ཞིང་ཚེ་རིང་པོར་འཚོ་བ་སོགས་གཞུང་ཉིད་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་ངེས་པར་ཐོབ་པར་འགྱུར་རོ། །འབྲེལ་ཚད་དུས་མིན་འཆི་ལས་སྐྱོབ། །ཆོས་ལྡན་སྐུ་ཚེ་རིང་དུ་བརྟན། །ཚེ་དང་ཡེ་ཤེས་དཔག་མེད་རྒྱལ། །བདག་གཞན་འགྲོ་བས་མྱུར་འགྲུབ་ཤོག །ཅེས་པའང་དཔལ་ལྡན་དཔའ་བོ་རིན་པོ་ཆེ་མཆོག་གི་སྤྲུལ་སྐུ་གཙུག་ལག་ཉི་མའི་ཞལ་སྔ་ནས་གསུང་བསྐུལ་གནང་བ་ལྟར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བྲིས་པ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).