Terdzo-TSA-012



Property "author" has been marked for restricted use.








Terdzo-TSA-012.pdf
Click the picture above to view the Shechen manuscript.

འཇམ་དཔལ་ཚེ་བདག་ནག་པོའི་གཏོར་ཟློག་བདུད་དཔུང་མཐར་བྱེད་ཀྱི་ལག་ལེན་དམར་ཁྲིད་མཐོང་བས་གོ་འབྱེད་

'jam dpal tshe bdag nag po'i gtor zlog bdud dpung mthar byed kyi lag len dmar khrid mthong bas go 'byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  རྒྱ་ཞང་ཁྲོམ་རྡོ་རྗེ་འབར་ (Gya Zhangtrom Dorje Bar)
in cycle  གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ལྕགས་འདྲ་ (Gshin rje gshed phyag rgya zil gnon tshe bdag lcags 'dra)
Volume 17 (ཙ) / Pages 181-206 / Folios 1a1 to 13b6

Tibetan Text

༄༅། །འཇམ་དཔལ་ཚེ་བདག་ནག་པོའི་གཏོར་ཟློག་བདུད་དཔུང་མཐར་བྱེད་ཀྱི་ལག་ལེན་དམར་ཁྲིད་མཐོང་བས་གོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཡ་མཱནྟ་ཀཱ་ཡ། །ཡེ་ཤེས་དབྱིངས་ལས་ཕྱག་རྒྱ་སྟོབས་ཀྱི་སྐུ །འཁོར་འདས་ཟིལ་གྱིས་གནོན་མཛད་དེར་བཏུད་ནས། །མཐོང་བས་གོ་འབྱེད་གཏོར་ཟློག་ལག་ལེན་ནི། །ཐོས་ཆུང་སྔགས་པའི་དགའ་སྟོན་འདིར་དགོད་བྱ། །དེ་ལ་བཀའ་གཏེར་ཟུང་འཇུག་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་བཞེས་ལ་འབྲི་བྱང་གཉིས་ཀྱི་བཀའ་སྲོལ་དུ་ཡོངས་སུ་གྲགས་པ་ལས། འདིར་ཆོས་རྒྱལ་གཏེར་བདག་གླིང་པས་སྙིང་པོའི་བཅུད་བསྡུས་ཁྱེར་བདེར་མཛད་པའི་ལས་བྱང་དང་གཏོར་ཟློག་བདུད་དཔུང་མཐར་བྱེད་ཀྱི་ཡིག་ཆ་ལ་བརྟེན་ནས་ཟློག་པའི་ལས་རིམ་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་རྒྱུན་ལྟར་བརྩམ་པ་ལ་སྤྱི་དོན་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་ཆོ་གའི་རིམ་པའོ། །དང་པོ་ནི། གང་དུ་བྱ་བའི་གནས་སུ་བདག་བསྐྱེད་རྫོགས་པར་བྱ་བའམ། བསྡུ་ན། ཧཱུྃ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཞེས་གསལ་སྣང་ང་རྒྱལ་བཟུང་ལ་ཨྱཻ་རིང་ཅུང་ཟད་བཟླ། གཞི་བགེགས་ཀྱི་གཏོར་མ་འོག་ནས་འབྱུང་བ་བཞིན་བསྔོ། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་སོགས་བཟླས་པ་ཀུན་རྫོབ་ཀྱི་སྦྱང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱང་བས་ཡོངས་སུ་དག་པར་བྱས་པའི་གཞི་དེར་ལས་སྔགས་བཟླ་བཞིན་པས་དུག་ཁྲག་གིས་ཆག་ཆག་གདབ། དེ་ནས་ཐིག་སྐུད་མཚན་ཉིད་ལྡན་པ་དང་། ཚོན་སྣ་ལྔ་མདོག་རིགས་བསྡེབས་པ་མཆོད་པ་དང་བཅས་པ་འདུ་བྱས་ལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཐིག་ཚོན་རྣམས་ཧཱུྃ་ཡིག་ལས་བྱུང་བའི་རིགས་ལྔའི་གཤིན་རྗེའི་གཤེད་ཡུམ་དང་བཅས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་རྣམས་འོད་དུ་ཞུ་བ་ཐིག་ཚོན་སོ་སོ་ལ་ཐིམ་པས། རྡུལ་ཚོན་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད། ཐིག་སྐུད། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེ༔ སརྦ་དྷརྨཿསྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཿ ཨ་དྱནྟ་ཨ་ནུ་པྲ་བིཥྚཿ སརྦ་དྷརྨཱཿ ཨོཾ་ཨཱཿཧཱུྃ། ཞེས་བཟླ་བཞིན་གཅིག་ཏུ་དྲིལ་བ་ལས་ཀྱི་རྡོ་རྗེར་ཛཿཛཿཞེས་གཏད་ལ་སློབ་དཔོན་ནུབ་སློབ་མ་ཤར་དུ་གནས་པས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་ཐིག་བསྐོར་དང་བཅས་པས་མཁའ་ལ་གདབ་ཅིང་སྤྱོད་ལམ་མ་ནོར་བར་བྱེད། ལས་ཐིག་དཀར་ཆལ་གྱིས་སྦགས་པའི་སྲད་བུས་ཚངས་ཟུར་གྱི་ཐིག་རྣམས་ལེགས་པར་བཏབ་པའི་ལྟེ་བ་ནས་ཟླུམ་པོར་བསྐོར་བའི་དབུས་སུ་ཆོས་འབྱུང་ཟུར་བསྟན་ཟླ་གམ་གསུམ་ལྡན། དེའི་ཕྱིར་ལྟེ་བའི་བརྒྱད་ཆ་དང་། དེ་ནས་ཕྱེད་ཆ་ཡོད་པ་གསུམ། དེ་ནས་བརྒྱད་ཆ། བཞི་ཆ། བརྒྱད་ཆ། ཕྱེད་ཆ་སྟེ་ཟླུམ་སྐོར་བརྒྱད་ཀྱི་དང་པོར་ཐོད་ར། གཉིས་པར་ཐོད་མཁར་བཞི། གསུམ་པར་རྩིབས་བརྒྱད། བཞི་པར་ལྕགས་མཁར་བཅུ་གཉིས།་་་་འདི་ཉིད་རྩིབས་སྟབས་སུ་བྱས་ན་ལག་ལེན་བདེ་ཞིང་སྒོམ་དོན་དང་མི་འགལ་གསུང་། སྤྱི་ལྟར་ན་ཟུར་གསུམ་རྩེ་མོ་ནང་བསྟན་དུ་མཛད་མོད། དེ་ལྟར་ན་གནས་ཀྱང་ལྟོ་བའི་བཞི་ཆས་ཆོག་པ་ཡིན། ལྔ་པ་མུ་ཁྱུད། དྲུག་པར་འོབས་ཁུང་བཅུ་དྲུག །བདུན་པར་རྡོར་རྭ། བརྒྱད་པ་མེ་རིའི་གནས་ཡིན་པས་དེ་དག་སོ་སོ་དང་། དེའི་ཕྱི་རུ་ཞིང་གི་ཁོག་པ་མགོ་བོ་མདུན་བསྟན་དུ་བྲི། ཚོན་བྱེད་ཚུལ། གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་ཁྲག་མཚོ། ཐོད་ར་རྣམས་དཀར་པོ། ཐོད་མཁར་ནང་ཁྱམས་དམར་པོའམ་ལྗང་གུ །འཁོར་ལོ་སྔོན་པོ་རྩིབས་མཆན་ལྗང་གུ །ལྕགས་མཁར་སྔོ་ནག་གཞི་དམར། མུ་ཁྱུད་ལྗང་། འོབས་ཁུང་གཞི་ནག་སྟེང་གྲུ་གསུམ་དམར་ནག་གམ། ཡང་ན་གཞི་དམར་པོ་ལ་གྲུ་གསུམ་མཐིང་ནག་རྩེ་ནང་དུ་བསྟན་པ། རྡོར་རྭ་གཞི་ནག་པོ་ལ་རྡོ་རྗེ་སེར་པོ། མེ་དམར་སེར་རམ་ཁ་དོག་སྣ་ཚོགས། མ་ཏྲཾ་སྔོ་སྐྱ་ཁྲོ་ཉམས་ཅན་དུ་བྲིས་ལ། འབྲུ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་ལྷ་གནས་སུ་བཞུགས་ཚུལ་དང་མཐུན་པར་དགོད་པ་ནི་རྒྱུན་གྱི་ལག་ལེན་ཡིན་ལ། འགྲུབ་ཏུ་རུང་ན་དཀྱིལ་འཁོར་ཀྱང་སྒོ་རྫོགས་ཅན་བྱེད། དཀྱིལ་འཁོར་གྱི་དབུས་སུ་ལྕགས་སྣོད་དུ་འབྲུ་ནག་རྗེན་འཐག་ཁྲག་གིས་སྦྲུས་པའི་ཟློག་གཏོར་ཟུར་གསུམ་སྲིན་ཞལ་ཅན་ལ། འཁོར་དམར་གཏོར་ཟུར་གསུམ་གཙོ་བོའི་ཕྱེད་ཆར་སླེབ་པ་ལྔ་དང་ཁྲག་ཀོང་བཅད་ཁ་ཕྱིར་བསྟན་པའི་མཐེབ་སྐྱུས་བསྐོར་ཅིང་ཁྲག་གིས་བྱུག་པ་ལ། ཁྲམ་བྱང་མཚེ་ཡུངས་རྩང་དམར་རྒྱུ་རློན་སོགས་ཀྱིས་བརྒྱན་པའི་རྩེར་ལྷ་ཙཀ་དང་གཏོར་གདུགས་མཐིང་ནག་བཙུགས་པ་མཉྫི་ལ་བཞག །རྡོར་རའི་སྟེང་དུ་ཟོར་རྫས་རྣམས་བཀོད། དེ་ལ་ཀོང་ཟོར་ནི། ཕུང་ས་གསུམ་གྱི་ཀོང་བུ་གྲུ་གསུམ་རྒྱ་དཔང་སོར་བཞི་ལ་ཕྱི་རོ་སོལ་དང་ནང་དུག་ཁྲག་གིས་བྱུགས་པའི་ལོགས་གསུམ་དུ་དུག་ཁྲག་གིས་བྷྱོ་ཟློག་རྦད་ཅེས་བྲིས་པར། ཁྲག་གཏོར་གྲུ་གསུམ། མདའ། ཕང་། རྩང་། མཚེ། ཡུངས། དཔལ་འབར། རྒྱ་སྤོས། གུ་གུལ། རབས་ཆད་ཁང་པའི་དུད་པ། ཕབས་རྩི། ཆང་ཉེས་སྦང་མ། རམ་གྱི་ཕྱེ་མ། ཡུགས་སའི་ཕང་། རྟ་དམར་ཚིལ་བུ། ཤ་ཁྲག་སྣ་ཚོགས། དུག་སྣ་ཚོག་ཚད་བླུགས་ཅིང་སྐེད་པ་ཚོན་སྐུད་ཀྱིས་དཀྲིས་པ་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཀོད། དེ་དག་གི་བར་རྣམས་སུ་དམར་གཏོར་དང་། ཁྲག་ཀོང་གྲུ་གསུམ་ཡོན་བདག་གི་ལོ་གྲངས་སྤེལ་མའམ་ཉིས་རིམ་དུ་བཀོད། རྡོ་ཟོར་ནི། མི་བསད་རྦབ་རྡོའམ་དུར་ཁྲོད་ཀྱི་རྡོ་ལ་བྷྱོ་ཟློག་རྦད་བྲིས་པ་བཞི། ཚོན་སྐུད་སྣ་ལྔའི་བསྒུལ་ཐོག་གམ་འུར་རྡོ་མི་ལྤགས་ཀྱི་མཐིལ་དང་ཡུགས་སྐྲའི་འཇག་རྩེ་ཅན། སྐྱེར་མདའ་འུག་སྒྲོ་མ་གྲི་ལྕགས་ཀྱི་མདེའུ་དུག་ཁྲག་བྱུགས་པ་བཞི་གཞུ་དང་བཅས་པ། མི་རྟ་ཁྱི་གསུམ་བསད་པའི་གཡག་རྒོད་ཀྱི་རྭ་གཡས་པའི་ཕྱིར་ཁྲོ་བོའི་མིག་དང་། རྩེར་མེ་རི་བྲིས་པ་དང་། ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ་གསུམ། ཀེ་ཚེ། ཤང་ཚེ་བྱུ་ཚེ་བཅས་ཡུངས་ཀར་དང་བསྲེས་པའི་སྐམ་ཐུན། མི་རྟ་ཁྱི་ཕག་རྣམས་ཀྱི་ཁྲག་གི་རློན་ཐུན། གུ་གུལ་ཤ་ཆེན་ཚིལ་ཆེན་བཅས་པའི་བདུག་རྫས་རྣམས་ཐོད་ཚལ་གསུམ་དུ་སོ་སོར་བཤམ། ཕུང་རེ་དང་ཚོན་སྐུད་ཀྱང་འདུ་བྱ། དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཤར་དུ་མཆོད་གཏོར་དམར་པོ་ལྟེ་བར་ཁྲམ་རིས་ཅན་འཁོར་རང་འདྲ་ལྔ་དང་ལྷ་གྲངས་དང་མཉམ་པའི་མཐེབ་སྐྱུ་ཅན། ལྷོར་བཤགས་གཏོར་དཀར་པོ་ཟླུམ་པོ་འཁོར་བཞི་པ། ནུབ་ཏུ་སྐོང་གཏོར་དཔལ་གཏོར་དམར་པོ་འཁོར་བཞི་པ། བྱང་དུ་ཟློག་གཏོར་གྲུ་གསུམ་འཁོར་བཞི་པ་རྣམས་བཤམ། ཡང་ན་བཤགས་སྐོང་གཉིས་ལ་དཔལ་གཏོར་དམར་པོ་ལྷ་གྲངས་དང་མཉམ་པའི་མཐེབ་སྐྱུ་ཅན་གྱིས་ཀྱང་ཆོག་པར་བཞེད། ཟློག་གཏོར་ཀྱང་དྲེགས་འཇོམས་ལྟར་ནུབ་རེའི་ཐུན་གཏོར་བྱང་དུ་བཤམས་པ་ཡིན། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་གཡས་སྐོར་དུ་རིམ་བཞིན་ཁྲག་གི་ཨརྒྷཾ། དུག་ཆུའི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་བྱུགས་པའི་སྤོས་རེང་། ཚིལ་ཞུན་མར་ནག་གི་སྣང་གསལ། མཁྲིས་པའི་དྲི་ཆབ། ཤ་ཁྲག་རུས་པས་བརྒྱན་པའི་དྲག་པོའི་ཞལ་ཟས་དམར་ནག་རྣམས་ཕྱོགས་མཚམས་བརྒྱད་དུ་བཀོད། དཀྱིལ་འཁོར་གྱི་མདུན་དུ་ཤ་ཆེན་བདུད་རྩི་ཆོས་སྨན་ཀ་ར་བུ་རམ་རྣམས་བསྲེས་པའི་ཟན་ལ་བམ་གཟུགས་རྐང་ལག་བསྣོལ་མ་ལག་གཡས་གཡོན་དུ་སྨན་རཀ་དང་། སྤྱི་བོར་གཏོར་མ་བཞག་པ་ཀ་པཱ་ལའི་སྣོད་དུ་བཤམས་པའི་མཐའ་སྐོར་དུ་མདངས་སྐོང་གི་རྫས་སྲོག་ཆགས་ཀྱི་གཟུགས་བརྙན་ཚིལ་ཆེན་གྱི་མར་མེ་དང་བཅས་པ་བཀོད་པ་མཉྫིའི་ཁར་བཞག །དེའི་འོག་ཏུ་ཐོད་པའི་ནང་དུ་རབས་ཆད་ནག་པོ་རྟ་ནག་གཡག་ནག་གསུམ་གྱི་ཙིཏྟ་རང་པོ་འམ། མ་འབྱོར་ན་ཚལ་བུ་བསྲེས་པའི་སྙིང་གཟུགས་གསུམ་དར་ནག་གིས་བཀབ་པ་བཞག །བམ་གྱི་གཡས་གཡོན་དུ་མཆོད་བསྟོད་གསལ་སྒྲོན་གྱི་གཏོར་མ་རྩ་བ་ཟན་ལེབ་གྲུ་བཞི། རྩེ་མོ་གྲུ་གསུམ་གྱི་ལོག་གསུམ་ལ་མཐེབ་སྐྱུ་སྦྱར་བ་ཤ་ཁྲག་གིས་བརྒྱན་པ་དང་ཁྲག་སྐྱེམས་བཤམ། གཡས་གཡོན་ཕྱོགས་གང་བདེར་གསེར་སྐྱེམས་དང་། བྲུབ་ཁུང་གི་ལིངྒ། ཐུན་རྫས་སྐམ་རློན། ཕུར་བུ། སྒྲོལ་གྲི་སོགས་ཀྱང་བཤམ། དཀྱིལ་འཁོར་གྱི་རྒྱབ་བམ་ཕྱོགས་གང་བདེ་བར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་བང་རིམ་གསུམ་པའི། བསྟར་དང་པོའི་དབུས་སུ་ཚེ་བདག་གི་སྒྲུབ་གཏོར་འཇམ་དཔལ་ཞལ་གཟིགས་མར་གྲགས་པ་ནི། ཐོད་པའི་སྣོད་དུ་ལྕགས་མཁར་གྲུ་གསུམ་བསྣོལ་མའི་སྟེང་དུ་བཤོས་བུ་ཟུར་གསུམ་བྲ་གཟུགས་ཁོང་སེང་དམར་ནག་ཅན། འཁོར་ལྔ་པ་ཤ་ཁྲག་སྙིང་སྣས་བརྒྱན་པ། གཡས་སུ་ཡི་དམ་གཞན་ཡོད་ན་དང་། བླ་མའི་གཏོར་མ། གཡོན་དུ་ཕྱག་བཞི་དང་མ་ནིང་གི་གཏོར་མ། བསྟར་གཉིས་པར་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་གཏོར་མ་ཅི་ལྟར་རིགས་པ་བཀོད། བསྟར་གསུམ་པའི་དབུས་སུ་ནུབ་ཐ་མར་འབུལ་རྒྱུའི་ཆད་ཐོའི་གཏོར་མ་སྤྱི་འགྲེ །གཡས་སུ་རྡོ་རྗེ་རྒྱ་གྲམ་དཀར་པོའི་སྟེང་དུ་ལྷ་ཀླུ་གཉིས་ལ་གཏོར་མ་དཀར་ཟླུམ་རེའི་ཀླུ་ལ་སྦྲུལ་དཀྲིས་ཅན་ར་དཀར་འོ་མ་དང་ཀླུ་སྨན་གྱིས་བྲན་པ། གཡོན་དུ་རྡོ་རྗེ་རྒྱ་གྲམ་དམར་པོའི་སྟེང་བཙན་བཤོས་གྲུ་གསུམ་དམར་པོ་དང་བདུད་བཤོས་གྲུ་གསུམ་ནག་པོ་རྩེ་རྒྱལ་ཅན་ཤ་ཁྲག་གིས་བརྒྱན་པ། གཡས་གཡོན་གཉིས་ཀའི་རྩ་བ་ཟན་ལེབ་ཀྱིས་དཀྲིས་པ་སྟེ་གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གཏོར་མ་དང་། དེའི་གཡས་སུ་གཏེར་བདག་སྤྱི་གཏོར་དང་སྨན་ཕུད། གཡོན་དུ་བརྟན་མའི་གཏོར་མ་དང་གཞི་བདག་སྤྱི་གཏོར། རཀྟ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གི་རྒྱུན་གཏོར། བརྟན་མ་སོགས་ཀྱང་བཤམས་པ་དེ་དག་གི་མདུན་དུ་གཡས་གཡོན་ནས་བརྩམ་སྟེ་ཕྱི་ནང་གི་ཉེར་སྤྱོད་རྣམས་ཕྲེང་ཚར་མཇུག་སྤྲོད་དུ་བཤམས། གཞན་ཡང་ཚོགས་ཀྱི་ཡོ་བྱད། རོལ་མོའི་ཁྱད་པར་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་དང་། སློབ་དཔོན་གྱི་མདུན་དུ་ཅོག་རྩེའི་ཁར་གཡོན་ནས་རིམ་བཞིན་ནང་མཆོད། དྲིལ་བུ། རྡོ་རྗེ། ཐོད་རྔ། གཡབ་དར། ནས་བཟེད་རྣམས་བཀོད། གནས་ཁང་གི་ཁོར་ཡུག་རྣམས་ཀྱང་སྤྱན་གཟིགས་ཀྱི་རྣམ་པ་དུ་མས་མཛེས་ཤིང་བརྗིད་ཆགས་པར་བྱའོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལའང་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། གཞི་བགེགས་ཀྱི་གཏོར་མ་དཀར་དམར་གཉིས་བཤམས་ལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཕྱག་རྒྱ་བཅས་ལན་གསུམ་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿས་གཏོར་མགྲོན་རྣམས་བཀུག་ལ། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་རྒྱ་བཅས་ལན་གསུམ་གྱིས་བསྔོས་ལ། གཏོར་མ་དང་པོ་ལ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་བསྙེན་ཅིང་སྒྲུབ་པའི་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས་ཤིག །གཉིས་པ། བགེགས་ཚོགས་ལོག་འདྲེན་གདུག་པ་ཅན་བསྙེན་སྒྲུབ་ལས་གསུམ་མཐོང་ཐོས་མི་བཟོད་པ་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་གཏོར་མ་ཕྱི་རོལ་དུ་དོར། དེ་ནས་སྐྱབས་སེམས་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་ལྡན་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་དྲུང་དུ་གནས་བཅས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་བརྗོད། དེ་ནས་ལས་བྱང་གི་ཚོགས་གསག་བྱས་རྗེས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། དེ་ནས་མཚམས་གཅོད་ནས་བཟུང་དམ་བཅའི་བར་ལས་བྱང་བཞིན་དང་། དེ་ནས་བྱིན་དབབ་པ་ནི། སྤོས་རོལ་གཡབ་དར་དང་བཅས་ཏེ། ཧཱུྃ། བདེ་གཤེགས་རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཡུམ་དང་བཅས། །རྩ་བའི་ལྷ་དྲུག་རྒྱན་ལྷ་བདག་པོ་གསུམ། །གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་བཅས། །དྲག་པོའི་ལས་མཛད་ཕོ་ཉ་དམ་ཅན་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག །བདག་ཅག་སེམས་ཅན་ལས་ཀྱིས་མནར་བ་ལ། །རེ་ཞིང་དཔུང་གཉེན་གཞན་ན་མ་མཆིས་པས། །ཐུགས་རྗེ་ཆེན་པོས་འགྲོ་ལ་བརྩེར་དགོངས་ནས། །བྱིན་ཆེན་མྱུར་དུ་དབབ་པའི་དུས་ལ་བབ། །འཇམ་དཔལ་ཁྲོས་པའི་རྒྱལ་པོ་འཁོར་དང་བཅས། །སྔགས་ཚིག་བཤུགས་པའི་བརྡ་ཡིས་སྤྱན་འདྲེན་ན། །མི་དམིགས་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །དྲག་པོའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་སྐུར་ཅིག །སྒྲུབ་རྫས་དམ་པ་འདི་ལ་མཐུ་སྩོལ་ཅིག །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་དང་། ལས་བྱང་གི། ཧཱུྃ། རྟོག་མེད་སྤྲོས་བྲལ་སོགས་ནས་མཆོད་པ་བྱིན་རླབས་བར་དཀྱུས་བཞིན་བྱ་སྟེ་དེ་དག་ནི་སྔོན་དུ་འགྲོ་བའོ། །གཉིས་པ་དངོས་གཞི་ལ། རྣལ་འབྱོར་སྒྲུབ་པ་དང་། ལས་ཀྱི་སྦྱོར་བ་གཉིས་ལས། དང་པོ་ནི། བདག་མདུན་དབྱེར་མེད་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནས་བཟུང་སྨན་མཆོད་ཀྱི་བར་ལས་བྱང་བཞིན་ལ། སྨན་མཆོད་ཀྱི་མཇུག་ཏུ་འདི་ལྟར་སྦྱར་ཏེ། ཀུན་བཟང་འཇམ་དཔལ་འཇམ་དཔལ་བཤེས་གཉེན་དང་། །ཨོ་རྒྱན་གཙུག་ལག་དཔལ་དགེ་བལ་པོའི་རྒྱལ། །གནུབས་ཆེན་གནུབས་ཀྱི་རིགས་བྱོན་དྲུག་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཁྲོ་འབར་དར་རྒྱས་ཡང་དག་རྡོ་རྗེ་དང་། །ཤེར་རྒྱལ་འབུམ་ལེགས་གྲོ་སྟོན་བློ་གྲོས་རྒྱལ། །ཕག་སྟོན་སྦུག་སྟོན་ཆོས་ཀྱི་རྒྱལ་མཚན་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སྤང་སྟོན་སེ་སྟོན་སྤྱན་ཚབ་ནུབ་དགོན་པ། །བྱང་བདག་ཡབ་སྲས་ཟུར་ཆེན་རྣམ་འབྱོར་པ། །འགྱུར་མེད་རྡོ་རྗེ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཟིལ་གནོན་རྩ་བའི་ལྷ་དང་རྒྱན་གྱི་ལྷ། །སྤྲུལ་པ་རྣམ་གསུམ་གཤེད་བཞི་མོན་བདུད་དང་། །འཆི་བདག་བཅུ་གཉིས་སྒོ་སྐྱོང་དཀྱིལ་འཁོར་ལྷར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་དེ་ནས་ལས་བྱང་གི །ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་སོགས་ནས་ཐུན་མོང་མཆོད་པའི་བར་དཀྱུས་བཞིན་སོང་ནས། བཟླས་དམིགས་ཀྱི་འགོར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་ཨ་ཀྲོ་བཅུ་བདུན་པ་དམིགས་གནད་སྤྱི་ཁྱབ་ལྟར་བརྒྱ་རྩ་ཙམ་བཟླ། དེ་ནས་སོ་སོའི་དམིགས་གནད་དང་སྦྱར་ནས་སྐུ་གསུང་ཐུགས་ཨྱཻ་རིང་རྣལ་མ་རྣམས་སུམ་བརྒྱ་རེ་ཙམ་བཟླས་ལ་སྟོང་ཚིགས་ཀྱི་མཆོད་པ་ནི། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ལས་བྱང་གི །ཨྱཻ། ཆོས་ཉིད་སྐྱེ་བ་མེད་པ་ལས། །སོགས་ཀྱིས་བསྟོད། དེ་ནས། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཞེས་པས་གསལ་བཏབ་ལ། སྐུ་ཡི་ཆ་ཐམས་ཅད་ནས་འོད་ཟེར་གནམ་ལྕགས་ཀྱི་སོ་དང་། སྤུ་གྲིའི་སོ་ལྟ་བུ་དང་། མཚོན་ཆའི་རང་བཞིན་ཅན་འཕྲོས་གནོད་བྱེད་ཐམས་ཅད་ཉལ་ཉལ་གཅོད་པར་བསམ་ལ། ཨྱཻ་རིང་གི་མཐར། དགྲ་བགེགས་མྱགས་ཐུམས་རིལ་ཏྲིག་ནན། སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། གཟིར་སྤྱང་སྦྲེལ་བ་བརྒྱ་ཙམ་དང་། ཡང་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རྡོ་རྗེའི་མེ་འོད་གནམ་ལྕགས་ཞུན་མའི་ཚྭ་ཚྭ་ལྟར་འཕྲོས་པས་གནོད་བྱེད་ཐམས་ཅད་ཆོམས་ཆོམས་ཐུལ་གྱིས་བསྲེགས་པར་བསམ་ལ། སྤྲོ་ན་ཟློག་དམིགས་གཞན་ཡང་སྦྱར་ཏེ། ཨྱཻ་རིང་གི་མཐར། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོ། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་ཟློག་པའི་གཡུ་སྤྱང་བཏགས་པ་བརྒྱ་སྟོང་སོགས་ཅི་ནུས་བཟླས་ལ་སྟོང་ཚིག་གི་མཆོད་པ་སྔར་བཞིན་དང་། བསྟོད་བསྐུལ་ནི། མཆོད་བསྟོད་ཀྱི་གཏོར་མ་དང་། ཁྲག་སྐྱེམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །སོགས་མཆོད་བསྟོད་གསལ་སྒྲོན་གྱི་ཁྱུང་བསྐུལ་ཡན་བཏང་། དེ་ནས་སྐབས་འདིར་རྭ་ཟོར་བྱིན་རླབས་བྱ་སྟེ། རྭ་ཟོར་གུ་གུལ་གྱིས་བདུག་སྟེ་ལག་གཡས་སུ་བཟུང་། ཐུན་སྣོད། ཨེ་བྷྲཱུྃ་ཞེས་པས་དབྱིངས་ནམ་མཁའ་ལས་ཀྱི་བཙོན་ཁང་དུ་གྱུར། རྭ་རྩེ་དང་ནང་དུག་ཁྲག་གིས་བྱུགས་ཏེ། ར་རཀྟ་ཛྭ་ལ་མཎྜལ་ཧཱུྃ། ཞེས་ལན་གསུམ་བརྗོད། སྐམ་ཐུན་གྱིས་རློན་ཐོག་ཏུ་བྲབ་ཅིང་རྭ་ནང་དུ་བླུགས་ལ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཨྱཻ་དུན་ཀ་ཡཾ། ནྲྀ་ཏྲི་དགྲ་བགེགས་ཀྱི་སྲོག་ལ་ཐུན་རྨུགས་བྷྱོ། བྱད་མ་གནོད་བྱེད་ཀྱི་སྲོག་ལ་ཐུམས་རི་ལི་ལི་བྷྱོ། ཞེས་ལན་བདུན་བཟླ་ཞིང་ཕུས་འདེབས་ལ་ནུས་ལྡན་དུ་བྱས་པའི་ཁ་ཕུང་རེས་བཅད་ནས་ཚོན་སྐུད་ཀྱིས་བཅིངས་ལ་བཞག །དེ་ནས་མཆོད་བསྟོད་ཀྱི་འཕྲོ་ཡི་བསྟོད་བསྐུལ་ཡོངས་རྫོགས་བཏང་། དེ་ནས་ཆོས་སྐྱོང་རྣམས་ཀྱི་ཕྲིན་ལས་བསྟོད་པ་ཡན་དང་། རྗེས་འབྲང་རྣམས་ཇི་ལྟར་འོས་པ་བྱ། གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཀ་དང་། གཏེར་བདག་སྤྱི་གཏོར་ནས་སྐོང་བཤགས་ཕྲིན་བཅོལ་བར་གཏང་། དེ་ནས་ལས་བྱང་གི་ཚོགས་རྫས་བྱིན་རླབས་ནས་བཟུང་བར་པ་ཡན་དཀྱུས་བཞིན་བྱ། གཉིས་པ་ལས་ཀྱི་སྦྱོར་བ་ལ། བསད་པ་དང་ཟློག་པ་གཉིས་ཀྱི། དང་པོ་ནི། ཁྲག་སྐྱེམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ལ་གཏོར་མར་བྲན་ཏེ། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །སོགས་ཀྱིས་བསྐུལ་བ་གཏང་། དེ་ནས་གསེར་སྐྱེམས་ནི། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ལས་གཤིན་འཆི་བདག་མ་མགོན་ལྕམ་དྲལ་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་པ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་པའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །དེ་ནས་གཟུ་དཔང་ནི། ཧཱུྃ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོའི་ཚོགས༔ ཁྱད་པར་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ འཁོར་བཅས་བདག་ལ་དགོངས་ཤིང་གསན་དུ་གསོལ༔ སྣང་སྲིད་གདོད་ནས་ཆོས་སྐུར་རོ་གཅིག་ལ༔ མ་རྟོགས་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ རྩ་བརྒྱུད་བླ་མས་གཟུ་དང་དཔང་མཛོད་ཅིག༔ སྨིན་གྲོལ་ལམ་ཞུགས་བསྐྱེད་རྫོགས་ཟབ་མོའི་དོན༔ ཚུལ་བཞིན་ཉམས་བླངས་དངོས་གྲུབ་བླང་སེམས་ཀྱང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ་སེམས་ཀྱང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དཔའ་བོ་མཁའ་འགྲོས་གཟུ་དང་དཔང་མཛོད་ཅིག༔ ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ༔ བདེ་ཆེན་བྱང་ཆུབ་སྒྲུབ་པར་སེམས་ན་ཡང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དམ་ཅན་ཆོས་སྐྱོང་གཟུ་དང་དཔང་མཛོད་ཅིག༔ མ་ཉེས་མ་ལེན་ཡེ་ཤེས་ལྷ་ཡི་ཚོགས༔ སྡིག་ཅན་ལས་ངན་བསྟན་པའི་སྤྱི་དགྲ་འདིས༔ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་དམད༔ བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་བརྙས༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རི་ལྟར་བརྗིད་ཅིང་རྩང་ལྟར་འཛུགས་པ་དང༔ མདུན་ནས་སྒུག་ཅིང་རྒྱབ་འདེད་ཟུར་ནས་གསོད༔ ལུས་ཀྱིས་རྡུང་རྡེག་དཀོར་རྫས་རྐུ་ཞིང་འཕྲོག༔ ངག་གི་ཡ་གས་གཞན་གྱི་ནུས་མཐུ་བསྒུལ༔ ཡིད་ཀྱིས་བསམ་ངན་དུག་ལྟར་གཡོ་བྱེད་པས༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་སེམས་དང༔ ད་དགྲ་བདོ་བའི་དགྲ་བགེགས་གར་གནས་ཀྱང༔ གཤིན་རྗེ་གཤེད་པོའི་བཀའ་ཉན་འཁོར་བཅས་ཀྱིས༔ སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག༔ དེ་ནས་ཨྱཻ་རིང་ཚར་གཅིག་བརྗོད་པས་སྤྲུལ་པ་སྤྲོས་ནས། བྲུབ་ཁུང་དང་དམིགས་བྱ་སྐྱེད་འགུག་ནི། སྟོང་པའི་ངང་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པ་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ། དེའི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན་བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨྱཻ་རིང་གི་ཤམ་བུར། ནྲྀ་ཛཿཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ ཞེས་དགུག་གཞུག་ནན་ཏན་དུ་ཡིད་ཆེས་པར་བྱ་ཞིང་། ཕོ་ཉ་སྤྲོ་བ་ནི། ཨྱཻ། དྲག་པོ་ཨེ་ཡི་གཞལ་ཡས་ནས། །སོགས་གཏོར་ཟློག་གི་དཀྱུས་བཞིན་གྱི་མཇུག་ཏུ། ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་བླ་ཤ་རེ་མ་ཏི་འགྲིཾ་འགྲིཾ་ཤ་མ་རུ་ཏི་ཐུལ་ཐུལ། མྱོག་མྱོག །ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོག་ལིང་ཤག །ལིང་ཐུམས། ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་བླ་འགུགས་ཀྱི་སྔགས་བདུན་ཙམ་བཟླ། དེ་ནས། ཨྱཻ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ། །སོགས་བསྒྲལ་བསྟབ་གཏོར་ཟློག་གི་དཀྱུས་སུ་གསུངས་པ་བཞིན་བྱ། གཉིས་པ་ནི། ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་པའི་ཕོ་བྲང་ནས། །སོགས་བམ་སྐོང་གཏང་། ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་གཉིས་བསྣོལ་མར་སྟོབ་ཅིང་། ཧོཿ ལྷ་དང་བྲམ་ཟེ་གཙང་མ་ཟ། ཁྱི་ཕག་ལ་སོགས་མི་གཙང་ཟ། །དེ་དག་གྲོལ་བར་མི་འགྱུར་ཏེ། །གཉིས་འཛིན་སྤངས་ན་གྲོལ་གྱིས་རོལ། །ཞེས་ཚོགས་དྲང་། སློབ་དཔོན་གྱིས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྡོ་རྗེ་ཐེག་པའི་གསང་བའི་རྫས། །ཐབས་ཀྱིས་སྤྱད་ན་གྲོལ་བའི་རྒྱུ། །དེ་ཕྱིར་བདག་ནི་འདོད་ཡོན་སྤྱོད། །ཨ་ལ་ལ་ཧོཿ ཞེས་པས་བླང་། འདུས་པ་གཞན་རྣམས་ལའང་བྲིམ་ཞིང་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད། ལྷག་མ་རྣམས་བསྡུས་ལ་དཀྱིལ་འཁོར་གྱི་ཕུད་ལྷག་དང་བཅས་ཁ་ཕྲུས་བཏབ་ཅིང་བྱིན་གྱིས་བརླབས་ནས་བསྔོ། དེ་ནས་སྔགས་ཀྱིས་དམིགས་པ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སོགས་ཀྱི་མཐར། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་སརྦ་ཙིཏྟ་རོ་མྱགས་ཁ་ཐཾ་སྲོག་གཟེར་སྦུར་ནན་འདྲིད་ཕྱུངས་ཧྲི་ཤག་རྦད། ཉེར་གཅིག་བཟླ། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ཧ་ལ་ཧ་ལ་ཙ་མ་རི་ཕྱུངས་གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཉེར་གཅིག །ཨེ་དུན་ཀ་ཡཾ་གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཉེར་གཅིག །ཨྱཻ་རིང་མཐར། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿ ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་སྦྲེལ་བ་ཟློག་པ་གཡུ་ཡི་སྤྱང་མོ་ཅན་ལན་ཉེར་གཅིག་བཟླ། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ནི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴ་ན༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ་ཡ་མ་རཱ་ཛ་ཀཱི་ལ་ཡ་བྷྱོ༔ ཞེས་སོགས་ཅི་ནུས་བཟླས་མཐར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སོགས་ནས། ཁྱད་པར་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པར་དུ་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་རྦད་ཟློག །ཅེས་ཐལ་རྡེབ་བཅས་ལན་གསུམ་བྱ། དེ་ནས་ཟློག་པའི་ཕྲིན་ལས་དངོས་ནི། སྔར་གྱི་ལིང་རོ་རྣམས་རིམ་པར་འབུལ་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །སོགས་ཟློག་པ་གཞུང་བཞིན་གྱེར། དེ་ནས་ཐུན་གཏོར་ལ་དམིགས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་སོགས་ཀྱིས་དགུག་གཞུག་བྱ། རཾ་ཡཾ་ཁཾ། གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་པོ་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་བསྔོས་ལ། ཧཱུྃ། དམར་ཆེན་གཏོར་ཟོར་གཤིན་རྗེའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་ཟོར་དུ་བསྐུལ་ཏེ་དགྲ་ཕྱོགས་སུ་འཕང་། དེ་ནས་ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག་དང་ལས་བྱང་གི་བརྟན་སྐྱོང་བཅས་བྱ་ཞིང་། གཏང་རག་གི་མཆོད་པ་ནི། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ་སོགས་དང་། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་མ་ཧཱ་ཤྨ་ཤཱ་ན་ཨརྒྷཾ་སོགས་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་དང་། བསྟོད་པ་ནི། ཧཱུྃ། གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ །རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས། །ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ །གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་འཆག །ཧཱུྃ་ཧཱུྃ་ཧཱུྃ། གཞལ་ཡས་རྩ་བའི་ལྷ་ལྔ་སོགས་ཀྱིས་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ལས་བྱང་བཞིན་བྱ། སྨོན་ལམ་ནི། དགེ་བ་འདི་ཡིས་བདུད་བཞིའི་དཔུང་བཅོམ་སྟེ། །ཀུན་བཟང་འཇམ་དཔལ་དཔའ་བོའི་ས་བརྙེས་ནས། །རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས། །ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གིས་དགེ་བའི་རྩ་བ་འདི་ཀུན་ཀྱང། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཀྲ་ཤིས་ནི། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཞེས་སོགས་ཀྱི་ཤིས་པ་རྒྱ་ཆེར་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། སྒྲུབ་ཞག་རྫོགས་ནས་ཟོར་འཕང་བའི་ཉིན་ཟློག་པའི་མཇུག་གི་ཐུན་གཏོར་ཡན་སྔར་བཞིན་སོང་མཚམས་གཏོར་མའི་ལྷ་ལ་མཆོད་བསྟོད་བཟོད་གསོལ་རྣམས་སྔར་བཞིན་བྱས་ནས། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེགས། དམ་ཚིག་པ་བདག་ལ་བསྟིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སོགས་ཀྱི་མཐར་ཨྱཻ་རིང་ལ། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་ཟློག་སྤྱང་སྦྲེལ་ནས་ཟོར་རྫས་རྣམས་ལ་བསྔགས་ཤིང་ཐལ་རྡེབ་བྱ། ཟོར་རྫས་རྣམས་གཏོར་ཆེན་གྱི་མདུན་དུ་སྟེགས་ལ་བསྒྲིག །དེའི་མདུན་དུ་དམར་གཏོར་རཀྟས་བྲན་པ་ལ་དམིགས་བྱ་དགུག་བསྟིམ་བྱིན་རླབས་བསྔོ་བ་རྣམས་སྔར་ལྟར་བྱས་ནས་དམག་ལྟོའི་ཚུལ་དུ་གཏོར་ཆེན་དུ་འབུལ་ལ་འདོད་དོན་གསོལ་བ་ནི། ཧཱུྃ། བཅོམ་ལྡན་གཤིན་རྗེ་གཤེད་པོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་རྒུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་རྣམས། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་དང་། དཀར་གཏོར་སྲིད་པ་ཧུའི་ཕྱག་རྒྱ་དང་བཅས་པ་ཡང་བཤམ། དེ་ནས་དམར་གཏོར་མཐེབ་སྐྱུ་ཅན་གསེར་སྐྱེམས་བཅས་ཕྱོགས་སོ་སོར་གཏོང་བས་ཟོར་སྒོ་དབྱེ་བ་དཀྱུས་བཞིན་བྱ། གཏོར་ཆེན་ཡང་དཔག །བམ་གཏོར་ཆེན་ཤུལ་དུ་བཀོད། ཆད་ཐོ་གཏང་། དེ་ནས་དཀར་གཏོར་རུ་མཚོན་སྤོས་ཕོར་གྱིས་སྣ་དྲངས་པའི་ཟོར་གཏོར་རྣམས་གཟའི་རྒྱུ་ཕྱོགས་དང་བསྟུན་པའི་སར་ཁྱེར་ལ། ཐོག་མར་གསེར་སྐྱེམས་གཏང་། སློབ་དཔོན་གྱིས་སྲིད་པ་ཧུའི་རྒྱབ་ཡིག་བསྒྲག་པའི་དཀར་གཏོར་བསྔོ། དམིགས་བྱ་དགུག་གཞུག་བྱས་ནས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །སོགས་ནས། བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་པའི་བར་གྱི་ཟོར་བསྐུལ་སྔོན་འགྲོས་འཕང་བ་ནི། ཧཱུྃ། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་ཡི། །ཕོ་ཉར་མངག་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །གྲུ་གསུམ་གདུག་པ་ཀོང་བུའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །ཨྱཻ་རིང་གི་མཐར། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་ཟློག་སྤྱང་སྦྲེལ་མ་བཟླས་ལ་འཕང་། ཚིག་གཞན་རྣམས་འདྲ་བ་ལ། ཀོང་ཟོར་གྱི་ཚབ་ཏུ། རི་བོ་ཉིལ་བ་རྡོ་ཡི་ཟོར། ༈ །གནམ་ལྕགས་ཤུགས་ལྡན་གཏོར་མའི་ཟོར། ༈ །རྦ་ཀློང་འཁྲུགས་པ་ཁྲག་གི་ཟོར། ༈ །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། ༈ །སྟོབས་ལྡན་ཤུགས་དྲག་རྭ་ཡི་ཟོར། །ཞེས་རིམ་བཞིན་བཅུག་པས་ཟོར་རྫས་རྣམས་འཕང་། དེ་ནས། ཧཱུྃ། དམར་ཆེན་གཏོར་ཟོར་གཤིན་རྗེའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་དང་། བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །སོགས་ནས་བཟུང་། འགྲོ་བས་འཇམ་དཔལ་ས་ཐོབ་ཤོག །ཅེས་པའི་བར་དང་གཏོར་ཟློག་ལྟར་གྱི་ཨྱཻ་རིང་ཟློག་སྤྱང་ཅན་གྱི་དྲག་སྔགས་དང་བཅས་གཏོར་ཆེན་འཕངས་པས། གནོད་བྱེད་ཁོ་རང་གི་ལྷ་སྲུང་རྣམས་བདུད་དུ་བབ་སྟེ་ཟན་ལ་ཁྱིས་རུབ་པ་བཞིན་དུ་ཁོ་རང་གི་ཤ་ཁྲག་དམར་གྱིས་བཏང་བ་དེ་ཧབ་ཤ་ལིང་ལིང་ཟ་བར་བསམ་ལ་ཨྱཻ་རིང་མཐར། དགྲ་བགེགས་མནྟྲ་དུམ་མ་ཧཱ་ར་ག་དུཾ་རཾ་ཐུམས་ལིང་རྦད། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་གསང་ལམ་དགག་པའི་སྤྱང་མོ་བཟླ་ཞིང་ལས་བྱང་གི། ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །སོགས་ཀྱི་སྲུང་འཁོར་གྱིས་མཚམས་བཅད། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཡར་ལྡོག །སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ཏེ་ལས་བྱང་བཞིན་བརྟན་མ་བསྐྱང་། དམིགས་བྱ་དགུག་གཞུག་གི་མཐར། གནོད་བྱེད་ཀྱི་མགོ་དང་ལྕེ་ཡི་སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་གནམ་ལྕགས་ཀྱི་ཕུར་པས་ཐལ་བྱུང་དུ་འབིགས་ཏེ་ཕུར་པའི་རྒྱ་མདུད་རི་རབ་ཏུ་གྱུར་པས་མནན་པར་བསམ་ལ་ཨྱཻ་རིང་ཤམ་བུར། དགྲ་བགེགས་བྷི་ཏཾ་སཏྭཾ་བྷ་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་མནན་པའི་སྤྱང་མོ་བཟླ་ཞིང་གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གྱུར་པས་ཕྱིར་འབྲངས་དམ་སྲི་མནན་པར་བསམ་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་འཇམ་དཔལ་གཤིན་རྗེའི་གཤེད། ཁྲོ་བོ་འདུས་པས་ནམ་མཁའ་གང་། ཁྲོ་མོ་འདུས་པས་ས་གཞི་གང་། ཁྲོ་ཆུང་འདུས་པས་བར་སྣང་གང་། །ཐམས་ཅད་འདུས་པའི་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཐལ་བར་བརླག །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སཏྭམྦྷ་ཡ་ནན། ཞེས་བྲོ་བརྡུང་། གཏོར་གཞོང་ཁ་གྱེན་དུ་བསྟན་ལ། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །སོགས་ཀྱིས་ཤིས་པ་བརྗོད་ནང་དུ་ལོག་ལ་ཨ་ཀྲོ་སྤྱི་སྙིང་འབྲུ་བཅུ་བདུན་པར། ཨཱ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཛཿ ཞེས་བཏགས་པ་ཉེར་གཅིག་ཙམ་བཟླས་ལ། ཧཱུྃ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སོགས་སམ། རིགས་མཐུན་གང་འོས་ཀྱིས་ཚེ་འགུག་བསྟིམ་སྦ་བ་རྣམས་བྱ། དེ་ནས་དངོས་གྲུབ་བླང་བ་ནི། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་འགྲུབ་པར་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བམ་གནས་སུ་འཇོག་ཅིང་དངོས་གྲུབ་ཀྱི་རྫས་ལ་རོལ། ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག་རྣམས་བྱ། གཏང་རག་གི་མཆོད་བསྟོད་བཟོད་གསོལ་རྣམས་སྔར་ལྟར་བྱ། རྟེན་ཡོད་ན་ཡེ་ཤེས་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཧཱུྃ། རང་རིག་ཡེ་ནས་འཇམ་དཔལ་ལྷར། །གཤེགས་བྱ་གཤེགས་བྱེད་དངོས་པོས་སྟོང་། །འོན་ཀྱང་སྣང་ཚུལ་ཡེ་ཤེས་པ། །སྐྱེ་མེད་ཀློང་དུ་བཛྲ་མུ། །ཞེས་གཤེགས་གསོལ་བྱ། ལས་བྱང་བཞིན་དམ་ཚིག་པ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། རྡུལ་ཚོན་ཨ་ཀཱ་རོས་བསྡུ། སྨོན་ལམ་དང་ཤིས་བརྗོད་རྣམས་སྔར་བཤད་པ་ལྟར་བྱའོ། །འདིར་བཤད་པ་ལྟར་ལྷག་ཆད་མེད་པར་བྱ་བ་ནི་ཕྱག་ལེན་རྒྱས་པའི་ཕྱོགས་ཡིན་ལ། ཟློག་དཀྱིལ་རས་བྲིས་ཙམ་ལ་བརྟེན་ཅིང་བཅའ་གཞི་ཟོར་ཆས་སོགས་བསྡུས་པ་བྱས་ཀྱང་དཀྱུས་འགྲེ་ཙམ་འོང་ངོ། །གཏེར་ཆེན་ཉིད་ཀྱི་ཕྱག་བཞེས་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་གི་ཟིན་བྲིས་བཏབ་པ་སོགས་ལ་བརྟེན་རྗེས་འཇུག་མཁས་པ་དག་གིས་ཟིན་ཐུན་ཏུ་སྤེལ་བ་ལས་སྙིང་པོ་བླངས་པའོ། །ལུས་ཅན་སྤྱི་དང་ཆོས་བཞིན་སྤྱོད་པ་རྣམས། །འཕྲལ་ཡུན་བར་ཆད་གཡུལ་ལས་རྣམ་པར་རྒྱལ། །འཇམ་དཔལ་དཔལ་དང་ལྡན་པའི་སྐུ་ཐོབ་སྟེ། །འཁོར་བའི་འཁྲུལ་འཁོར་གཏིང་ནས་བཟློག་གྱུར་ཅིག །ཅེས་པའང་དུས་ཞབས་ཀྱི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དབེན་ཁྲོད་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).