Terdzo-SHA-018



Property "author" has been marked for restricted use.








Terdzo-SHA-018.pdf
Click the picture above to view the Shechen manuscript.

ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཡང་དག་སྙིང་པོའི་དབང་ཆོག་བདེ་ཆེན་འཇུག་ངོགས་

chos dbang rin po che'i gter byon yang dag snying po'i dbang chog bde chen 'jug ngogs

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  ཡང་དག་སྙིང་པོ་གསེར་ཞུན་མར་མེ་གཅིག་པ་ (Yang dag snying po gser zhun mar me gcig pa)
Volume 27 (ཤ) / Pages 327-348 / Folios 1a1 to 11b5

[edit]

༄༅། །ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཡང་དག་སྙིང་པོའི་དབང་ཆོག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མྱཀྶིདྡྷི་ཤྲཱི་ཡེ། བདེ་མཆོག་རྟག་པའི་ཐིག་ལེ་རུ། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྒྱལ་ཀུན་གྲུབ་པ་གཅིག་པུ་དེར། །བཏུད་ནས་སྨིན་བྱེད་རྣམ་གསལ་འགོད། །གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱོན་པ་དཔལ་ཡང་དག་སྙིང་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བའི་རིམ་པ་ལ་གསུམ། དབང་གི་རྫས་བཤམ་པ། དབང་དོན་དཀྱིལ་འཁོར་སྒྲུབ་པ། དབང་སྐུར་གྱི་ཆོ་ག་དངོས་སོ། །དང་པོ་ནི། དམ་མེད་སོགས་ཀྱིས་དབེན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་གཙོར་གྱུར་པའི་རྟེན་གྱི་མདུན་དུ་སྟེགས་གཙང་མ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་གླིང་དགུ་ཟླ་གམ་གྱིས་མཚན་པའི་རས་བྲིས་བཀྲམ། མ་འབྱོར་ན་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་ཁར་མཉྫི་ལ་འབྲུའི་གཞོང་པ་བཞག་པའི་དབུས་སུ་ཐོད་སྐུ་དར་མཐིང་ནག་གི་ན་བཟའ་བཅས་བསླངས་ཏེ་བཞུགས་པའི་མདུན་དུ། ཐོད་ཚལ་ལམ་ཀོང་བུར་མར་མེ་སྡོང་བུ་དགུ་བཙུགས་པ་བཀོད། འདིར་ཐོད་སྐུ་ནི་ཐོད་པ་མཚན་ལྡན་ལ་བྱང་སེམས་དཀར་དམར་སྦྱར་བའི་ཚོན་གྱིས་དཔལ་ཆེན་པོའི་སྐུ་དང་ཕྱི་རོལ་ཕྱོགས་མཚམས་བརྒྱད་ལ་ཧ་ཡིག་བརྒྱད་མགོ་ཕྱིར་བསྟན་བྲིས་པའོ། །རྒྱབ་ངོས་སུ་སྔགས་བྱང་གསེར་རམ་མཚལ་གྱིས་བྲིས་པ། དཀྱིལ་འཁོར་གྱི་ནུབ་ངོས་སུ་དཔལ་གཏོར་རཀྟའི་ཐིག་ལེ་དགུས་མཚན་པའི་གཡས་གཡོན་དུ་སྨན་རཀ་གི་ཞལ་བུ། མཐའ་སྐོར་དུ་མཆོད་ཡོན་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་ཚོགས་དང་དཀར་བགེགས། སྲུང་མ་དང་བརྟན་མའི་འབུལ་གཏོར། ལས་བུམ། མིག་དར་མེ་ཏོག་རོལ་མོའི་རིགས་སོགས་ཉེ་བར་མཁོ་བ་རྣམས་དཀྱུས་ཀྱི་ལག་ལེན་བཞིན་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་པ་ནི། ཚིག་བདུན་སོགས་གསོལ་འདེབས། བསང་ཆུའམ་ལས་བུམ་བྱིན་རླབས་དང་། སྐྱབས་སེམས་ཡན་ལག་བདུན་པ། དཀར་བགེགས་སྨིན་ལུགས་རྡོར་སེམས་ལྟ་བུས་བསྔོས་ནས། ཡོངས་རྫོགས་ལས་བྱུང་བའི་སྔོན་འགྲོ་ལས་བདུན་དང་། གཏེར་ཆེན་གྱིས་མཛད་པའི་ཡང་དག་སྙིང་པོའི་ལས་བྱང་ཉུང་གསལ་གྱི་ཏིང་འཛིན་གསུམ་གྱིས་དཀྱིལ་འཁོར་བསྐྱེད་པ་ནས་བརྩམ་བཟླས་པའི་བར་དུ་བཏང་། དེའང་བླ་མ་རྟོགས་དགོངས་དང་ལྡན་པས་བདག་མདུན་སྣང་སྲིད་ཐམས་ཅད་གཞི་རྫོགས་ཀྱི་དཀྱིལ་འཁོར་གཅིག་གི་ངོ་བོར་གསལ་འདེབས་པ་ལས་སྤྲོས་པ་མང་པོ་མི་དགོས་ཤིང་། གོ་རྟོགས་དམན་ན་བསྟོད་པའི་བར་བདག་མདུན་དབྱེར་མེད་དུ་བྱས། དེ་ནས་དབང་དོན་དུ་རྩ་སྔགས་ལ་ཕཊ་ཛཿབཏགས་པས་མདུན་རྟེན་གྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེས་ཏེ་ཛཔ྄་དགོངས་ཀྱི་སྤྲོ་བསྡུ་རྣམས་བདག་མདུན་གཉིས་ཀ་ལ་བྱས་ཏེ། འབྲུ་བརྒྱད་ཅི་ནུས་མཐར་སྟོང་ཚིགས་འབུལ། སྲུང་མའི་གཏོར་ཆོག་གཏེར་གཞི་བཅས་པ་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་ཆད་བཏང་ལ་རིག་པའི་མེ་ཏོག་དོར། གནང་བ་ནོད་པ་ནི་ཕྱིས་ནས་འབྱུང་བས་འདིར་མི་དགོས། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གསུམ་པ་དབང་ཆོག་ལ་གསུམ། འཇུག་པའི་ཆོ་ག །དབང་གི་ཆོ་ག །རྗེས་ཀྱི་ཆོ་གའོ། །དང་པོ་ནི། ཐོག་མར་སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། གྲལ་ལ་འཁོད་དེ་བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་བཅས་སྤྱི་འགྲེ་བྱ། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ན། སྲིད་པའི་རྒྱ་མཚོར་སྡུག་བསྔལ་གསུམ་གྱིས་གཡེང་བའི་འགྲོ་བ་མཐའ་དག་གདོད་ནས་རང་བྱུང་གི་ཧེ་རུ་ཀ་ཡང་དག་གྲུབ་པ་གཅིག་པུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཔལ་སྒྱུ་མ་བདེ་མཆོག་གི་དཀྱིལ་འཁོར་དུ་ཞུགས་ནས་སྨིན་བྱེད་ཀྱི་དབང་ནོད་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ཟབ་མོ་གསལ་བཏབ་ནས་གསན་པར་ཞུ། དེའང་གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་རིང་ལུགས་ལ་ཐེག་པ་རིམ་པ་དགུར་གྲགས་པ་ལས། མཐར་ཐུག་བླ་མེད་ནང་རྒྱུད་སྡེ་གསུམ་ཞེས་རྒྱུད་ལུང་མན་ངག་གི་དོན་ཟབ་སྙིང་པོར་སྟོན་པའི་ཡ་གྱལ་རྒྱུད་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་པ་ལས། འདིར་རྒྱུད་ལྟར་ན་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ་ལས་ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་གལ་པོ་ཆེ་ཆུང་སོགས་ལ་བརྟེན་ཅིང་། སྒྲུབ་སྡེ་ལྟར་ན་ཡང་དག་ཐུགས་ཀྱི་སྒྲུབ་ལུགས་ཧེ་རུ་ཀའི་སྤྱི་རྒྱུད་སོགས་ལས་ཕྱུང་པ་དང་། གཞན་ཡང་འཇིག་རྟེན་ལས་འདས་པའི་མདོ་སོགས་ཨ་ནུ་ལུང་གི་དགོངས་བཅུད་ཀྱང་དྲིལ་བས་མདོར་ན་རྒྱུད་ལུང་གཉིས་ཀའི་བཅུད་ཕྱུང་ཞིང་། རྡོ་རྗེ་ཧཱུྃ་མཛད་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨས་ཐུགས་ཉམས་སུ་བཞེས་པས་མཆོག་གི་གྲུབ་པ་མཐར་ཕྱིན། ཕྱིས་གུ་རུ་རིན་པོ་ཆེས་བོད་ཡུལ་དུ་ཇོ་མོ་མཚོ་རྒྱལ། གནུབས་ནམ་སྙིང་དང་སངས་རྒྱས་ཡེ་ཤེས་རྣམས་ལ་གདམས་ངག་གི་བཅུད་བསྡུས་ཏེ་མནོག་ཆོས་སུ་བསྩལ་པས་སོ་སོས་ཀྱང་གྲུབ་པའི་འབྲས་བུ་ཐོབ། དེ་དག་གིས་ཀྱང་ཕྱི་རབས་ལ་དགོངས་ཏེ། མཁར་ཆེན་བཟས་མཁོ་མཐིང་ལྷ་ཁང་གི་སྣང་མཐའི་ཐུགས་ཀ་དང་། སངས་རྒྱས་ཡེ་ཤེས་ཀྱིས་ཡེར་པ་ཟླ་བ་ཕུག་ཏུ་སྦས། ནམ་མཁའི་སྙིང་པོ་ལ་ཡང་དག་གི་བཀའ་བབས་གསུམ་དུ་བཞུགས་པ་ལས། ཡང་ཟབ་སྙིང་པོར་དྲིལ་བ་ཁ་ཚང་དོན་འདྲིལ་གྱི་མན་ངག་ཁྱད་པར་དུ་འཕགས་པ་པདྨའི་ལུགས་འདི་ཉིད་སྒྲུབ་རྟེན་ཐོད་སྐུ་མཐོང་གྲོལ། བྱང་སེམས་དམ་རྫས་མྱོང་གྲོལ། སྙན་བརྒྱུད་བཀའ་རྒྱ་བསྟན་སྲུང་གི་ཁྱད་པར་དང་བཅས་ཏེ་མཁར་ཆུ་གསང་བ་དབང་ཕུག་ཏུ་རྒྱས་བཏབ་པ། ཕྱིས་དུས་ལ་བབས་པའི་ཚེ་མངའ་བདག་གསུང་གི་རྣམ་འཕྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་ཏེ། སྐལ་ལྡན་རྣམས་ལ་རིམ་པར་བརྒྱུད་ཅིང་སྨིན་གྲོལ་བྱིན་རླབས་ཀྱི་ཉག་ཐག་མ་ཆད་པ་གུ་རུའི་ཐུགས་དམ་རྣམ་གསུམ་གྱི་གཙོ་བོར་གྲགས་པ་འདི་ཉིད་ཀྱི་སྨིན་བྱེད་ཀྱི་རིམ་པ་བསྒྲུབ་པར་བགྱི་བ་ལ། འཇུག་པ་དང་དབང་གི་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །སྔོན་ཆད་ཁྱེད་རང་རྣམས་དཀྱིལ་འཁོར་འདིར་མ་ཞུགས་པའམ་ཞུགས་ཀྱང་མ་རིག་པའི་སྒྲིབ་གཡོགས་དང་བཅས་པར་མཚོན་པའི་བརྡར་དར་ཡུག་དམར་པོ་རེས་གདོང་གཡོགས་པར་མོས་མཛོད། ཨོཾ་ཨཱཿཧཱུྃ། ཞེས་དར་དམར་གྱིས་གདོང་དགབ། དཀྱིལ་འཁོར་པའི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་མེ་ཏོག་གསར་པའི་ཆུན་འཕྱང་ཕྱག་ཏུ་ཐོགས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་སྤྲད། ལས་ཀྱི་སློབ་དཔོན་གྱིས་ཁྲིད་དེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་སླར་ཤར་སྒོར་འདུག་པར་མོས་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོའི་བར་དུ་ནི༔ རྒྱལ་བའི་བཀའ་བཞིན་བསྒྲུབ་ལགས་ན༔ བདག་ཅག་དཀྱིལ་འཁོར་གཞུག་ཏུ་གསོལ༔ དམ་ཚིག་སྡོམ་པ་དབང་བསྐུར་ཞུ༔ ལན་གསུམ། དེ་ལྟར་རྩེ་གཅིག་གུས་པས་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྣོད་དུ་རུང་བའི་གནང་བ་བསྩལ་བར་མོས་ཤིག །དུས་གསུམ་རྒྱལ་བ་འདུས་པའི་གཙོ༔ ཐུགས་རྗེའི་བྱིན་རླབས་བྱང་སེམས་ལྡན༔ དགོངས་པ་རྣ་བརྒྱུད་ཐུགས་བཅུད་མངའ༔ རྒྱུད་གྲོལ་བྱང་ཆུབ་ལམ་ལ་འཛུད༔ རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་གི་དཀྱིལ་འཁོར་དུ་འཇུག་པ་ལ་རྒྱུད་རྣམ་པར་དག་པ་གལ་ཆེ་བས། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་ནམ་མཁའ་གང་བར་སད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་བླ་མས་དཀྱིལ་འཁོར་པའི་ལྷ་ལ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ལ། དུས་གསུམ་བླ་མ་སྐུ་དྲིན་ཅན༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ རང་བཞིན་ལྷུན་གྲུབ་ཕོ་བྲང་ན༔ བཞི་བཅུ་རྩ་གཉིས་ལྔ་བཅུ་བརྒྱད༔ དཀྱིལ་འཁོར་ཕྱི་ནང་དམ་ཚིག་ཅན༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ དཀྱིལ་འཁོར་ཕྱི་ནང་ཁས་བླངས་ནས༔ བསམ་པ་མྱ་ངན་འདས་མོད་ཀྱང༔ སྦྱོར་བ་འཇིག་རྟེན་པ་ཡི་ཚུལ༔ འཇིག་རྟེན་སྐྱོང་བའི་ལས་མཛད་ཅིང༔ རྣལ་འབྱོར་བསམ་པ་སྒྲུབ་མཛད་པའི༔ དཔའ་བོ་དཔའ་མོ་དམ་ཚིག་ཅན༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ བདག་དང་ཡོན་བདག་སློབ་མ་ལ༔ ཐུགས་རྗེས་བརྩེ་བར་དགོངས་པ་ཡིས༔ སེམས་ཅན་སྡུག་བསྔལ་བསྒྲལ་བྱའི་ཕྱིར༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཕོ་བྲང་དཀྱིལ་འཁོར་དམ་པ་འདིར༔ བདག་གིས་སློབ་མ་གཞུག་པར་བགྱི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་བརྗོད། དེ་ནས་ཡེ་ཤེས་རིག་པའི་དཀྱིལ་འཁོར་གྱི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྒོ་བཞིར་འཇུག་པར་འཚལ་ལགས་ན༔ ཡེ་ཤེས་ལྷ་དང་ཞལ་མཇལ་ཞིང༔ བདག་ལ་བྱིན་གྱིས་བརླབ་པར་ཞུ༔ ཞེས་ཞུ། བླ་མས། ཕོ་བྲང་དཀྱིལ་འཁོར་སྒོ་བཞི་ནི༔ ཞེ་སྡང་ཆེན་པོས་ཤར་གྱི་སྒོ༔ ང་རྒྱལ་ཆེན་པོས་ལྷོ་ཡི་སྒོ༔ འདོད་ཆགས་ཆེན་པོས་ནུབ་ཀྱི་སྒོ༔ ཕྲག་དོག་ཆེན་པོས་བྱང་གི་སྒོ༔ ཐོག་མེད་དུས་ནས་བཅད་པ་ལ༔ སྙིང་རྗེའི་རང་བཞིན་ལྕགས་ཀྱུ་མས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ བྱམས་པའི་རང་བཞིན་ཞགས་པ་མས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ དགའ་བའི་རང་བཞིན་ལྕགས་སྒྲོག་མས༔ ཀུན་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ བཏང་སྙོམས་རང་བཞིན་དྲིལ་བུ་མས༔ ནན་ཏན་ཡེ་ཤེས་བྱང་སྒོ་ཕྱེས༔ ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་ཡོལ་བ་བསལ། ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་མོས་ལ་བརྡའི་ཕྱག་བྱ་བ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དང༔ ཞི་ཁྲོའི་ལྷ་ཚོགས་དཀྱིལ་འཁོར་ལྷར༔ དཀོན་མཆོག་གསུམ་དང་རྡོ་རྗེ་མཆེད༔ བརྡ་དང་གར་གྱིས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། སློབ་དཔོན་གྱིས། ཧཱུྃ༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ རྒྱུད་ལྔའི་ལམ་གྱི་སྒོ་བཅད་ནས༔ མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ༔ བླ་མེད་གནས་སུ་དྲང་བར་བྱ༔ བཛྲ་ས་མ་ཡ་ཛ༔ ཞེས་སློབ་དཔོན་གྱིས་ཐུགས་རྗེས་བཟུང་བར་ཞལ་གྱིས་བཞེས་པ་ལ། ཁྱེད་རང་རྣམས་ཀྱིས་ཀྱང་འཁོར་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་སྙམ་པས་འདིའི་རྗེས་ཟློས། བདག་ཅག་འཁོར་བའི་སེམས་ཅན་རྣམས༔ མ་རིག་པ་ཡི་བག་ཆགས་ཀྱིས༔ འཁོར་བའི་གནས་སུ་འཁྱམས་པ་ལ༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད། བླ་མས། འཁོར་བའི་སེམས་ཅན་འདི་ལྟ་བུ༔ ཡི་གེ་དཔའ་བོ་འབྲུ་ལྔ་ཡིས༔ ལམ་ལྔར་སྐྱེ་བའི་སྒོ་བཅད་དེ༔ དངོས་གྲུབ་མཆོག་དང་སྤྲད་པར་བྱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སྒོ་དབྱེ་ནས་འདི་བར་སྒྲུབ་ཆེན་དང་འབྲེལ་བའི་བསྲེ་བསྣན་ལ་གཙོ་བོར་དགོངས་པ་ཡིན་ཡང་འདིར་བྱས་པ་ལ་འགལ་བ་མེད་ཅིང་རྒྱུན་མི་ཆད་པའི་ཕྱིར་དཀྱུས་གཅིག་ཏུ་བཀོད་པ་ཡིན་ནོ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་རིགས་དང་མཐུན་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་བློས་འདིའི་རྗེས་ཟློས་གྲུབ་པའི་སྐབས་དཀྱིལ་འཁོར་དུ་འདོར་བར་ཞུ། བདག་གི་རིག་པའི་མེ་ཏོག་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ལ་འབུལ༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ པྲ་ཏི་གྲྀཧྞ་ཧཱུྃ༔ ཞེས་དཀྱིལ་འཁོར་དངོས་སམ་འགྲིམ་དཀྱིལ་ལ་འདོར་དུ་གཞུག །མེ་ཏོག་གང་དུ་ཕོག་ཀྱང་གཙོ་བོ་དཔལ་ཆེན་ཧེ་རུ་ཀའི་དབྱིངས་སུ་གཅིག་པས་ཁྱེད་རང་རྣམས་རྡོ་རྗེ་མི་བསྐྱོད་པའི་རིགས་སུ་ངེས་ཤིང་། གནས་སྐབས་རིགས་སོ་སོ་དང་མཐུན་པའི་ལས་དང་དངོས་གྲུབ་ཐོགས་པ་མེད་པ་འགྲུབ་པ་ཡིན་ནོ། །ཞེས་རུ་ལུ་འབྲུ་བརྒྱད་བརྗོད་ལ་མེ་ཏོག་སྤྱི་བོར་བཞག །དེ་ནས་དམ་བསྒྲག་པ་ནི་བདུད་རྩི་ལན་གསུམ་སྦྱིན་ལ། དམ་ཚིག་འདི་ནི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ས་མ་ཡ་ཨི་དན་ན་ར་ཀན༔ སྐབས་འདིར་གཞུང་དུ་མི་གསལ་ཡང་བཀའ་གཏེར་གཞན་གྱི་འགྲོས་ལྟར་ཡེ་ཤེས་པ་དབབ་པར་སྤྲོ་ན། དེ་ནས་ཡེ་ཤེས་པ་དབབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ལ་རྡོ་རྗེ་ཁྲག་འཐུང་ཆེན་པོ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ། སློབ་དཔོན་གྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེའི་སྙིང་གར་བཅིངས་ཏེ། འདི་ནི་དམ་ཚིག་ཁྲོ་བོ་སྟེ། །རྡོ་རྗེ་ཁྲག་འཐུང་ཞེས་སུ་འདོད། །བླ་མེད་ཡེ་ཤེས་རྡོ་རྗེ་ལྷ། ཁྱོད་ལ་དེ་རིང་དབབ་པར་བྱ། །ཞེས་བརྗོད། ཁྱེད་རང་རྣམས་ལུས་དྲང་པོར་བསྲངས་ཏེ་གནས་པའི་སྙིང་གར་མ་ལས་ཉི་མའི་དཀྱིལ་འཁོར་བསྐལ་མེ་ལྟར་འབར་བའི་སྟེང་དུ་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེ་ཧཱུྃ་གིས་མཚན་པར་གསལ་ཐོབ་ཅིག །བླ་མས་གཡོན་པའི་ཁུ་ཚུར་ཁ་སྦུབ་པའི་སྲིན་ལག་གཡས་པའི་མཛུབ་མོས་དྲངས་པ་རྡོ་རྗེ་དབབ་པའི་རྒྱ་བཅིང་སྟེ། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ། ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་ཤིང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་སད་པར་གྱུར་པ་ལ། བླ་མའི་སྙིང་གའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་སློབ་མའི་སྙིང་གར་ཐིམ་པར་བསམ་ཞིང་། སྤོས་ཆེན་གྱིས་བདུག །ཌཱ་དྲིལ་སོགས་རོལ་མོ་སྣ་ཚོགས་པའི་སྒྲ་དང་སྦྱར་ཏེ། རུ་ལུའི་མཐར་ཨཱ་ཝེ་ཤ་ཡ་ཨ་ཨཱཿབཏགས་པ་དྲག་ཏུ་བརྗོད་པས་བབས་པའི་རྟགས་བྱུང་བ་ན་རྡོ་རྗེ་རྒྱ་གྲམ་མགོ་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། མ་རིག་པ་ཡི་ལིང་ཏོག་གིས༔ ཤིན་ཏུ་ལྡོངས་པར་གྱུར་པ་ལ༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ ཉོན་མོངས་སྒྲིབ་གཡོགས་བསལ་དུ་གསོལ༔ བླ་མས་གསེར་ཐུར་ཐོགས་ལ། མ་རིག་པའི་སྒྲིབ་པ་མཐའ་དག་གདོང་གཡོགས་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་པ་ལྟར༔ མ་རིག་པ་ཡི་ལིང་ཏོག་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཡེ་ཤེས་དག་པའི་སྤྱན་ཐོབ་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ འདི་ལ་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ རིགས་ཀྱི་བུ་ཉོན་ཅིག །ཕྱི་ལྟར་ན་གཞལ་ཡས་ཁང་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་གྲུབ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་རྟགས་སུ། གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ལ་སོགས་པ་གཞལ་ཡས་ཁང་གི་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པར་སྣང་བའོ། ཁྱད་པར་སྐུ་གསུང་ཐུགས་དང་ལྡན་པས་ཐོད་པའི་ཕྲེང་བ། ཐབས་ཤེས་དབྱེར་མེད་པས་ཉི་ཟླ། ཡེ་ཤེས་བཞིའི་དོན་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་ཉོན་མོངས་པ་དང་བག་ཆགས་ཀྱིས་མ་གོས་པས་ཟླ་གམ་དང་། ཐུགས་རྗེས་ཐམས་ཅད་ལ་ཁྱབ་པས་རིན་པོ་ཆེའི་བླ་རེ་དང་། འདོད་ཡོན་ལྔ་ལ་སྤྱོད་པས་ན་བཟའ་སྣ་ཚོགས་དང་། ཆེ་བའི་ཡོན་ཏན་དང་ཐུགས་རྗེ་རྒྱུན་མི་ཆད་པས་ཕྲེང་བས་ཀྱང་བརྒྱན་པའོ། །ནང་ལྟར་ན་རང་གི་ཁོག་པ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་། གསང་བ་ལྟར་ན་ཙིཏྟ་རིན་པོ་ཆེ་སུལ་བརྒྱད། དབུས་ཁོག་སྟོང་པ་དང་དགུ་པོ་ཟླ་གམ་དགུའི་དཀྱིལ་འཁོར་ཡིན་ནོ། །དེ་ལ་བཞུགས་པའི་ལྷ་ནི། ཕྱི་ལྟར་གཙོ་མཆོག་དཔལ་ཆེན་བཛྲ་ཧེ་རུ་ཀ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཕཊ་ཀྱི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ཧཱུྃ་སྒྲ་འབྱིན་པ། སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུག་ཅིང་། རལ་པ་ཁམ་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུས་རྒྱས་པ། ཕྱག་དྲུག་གི་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་པ་བསྣམས་པས་གཡོན་དང་པོས་ཐོད་ཁྲག་བསྣམས་པ་ཐུགས་ཀར་དཀྲུགས་པའི་ཚུལ་ཅན། བར་མ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་རྒྱུ་མའི་ཞགས་པ། ཐ་མ་གཉིས་ཀྱིས་ཐོད་པའི་རྔེའུ་ཆུང་དང་ཁྱུང་ཆེན་ཁྲ་ཐབས་སུ་འགྱེད་པ། ཞབས་བཞི་གཡོན་བརྐྱང་པའི་སྟབས་ཀྱིས་ཁྱུ་མཆོག་ལྷ་ཆེན་ཕོ་མོ་ཉི་ཟླ་པདྨའི་གདན་ལ་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་ཅན། ཐོད་རློན་གྱི་དོ་ཤལ་དང་། ཐོད་ཚལ་སྦྲུལ་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་མཐིང་ག་གཡས་ཁ་ཊྭཱཾ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་ཁྲག་སྟོབ་པ། གཅེར་བུ་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། ཞབས་གཡས་བརྐྱང་པའི་རོལ་པས་ཡབ་དང་གཉིས་སུ་མེད་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པའོ། །འདིའི་ཡེ་ཤེས་ཀྱི་རང་རྩལ་འཁོར་གྱི་ཁྲོ་མོ་བརྒྱད་དུ་ཤར་བ་ནི། ཤར་དུ་དཀར་མོ་མཐིང་ག་གཡས་ཞིང་དབྱུག་འཕྱར་ཞིང། གཡོན་བྷན་དམར་འཛིན་པ། ལྷོར་རྐུན་མོ་སེར་མོ་མདའ་གཞུ་འགེངས་པའི་རྩེ་མོ་གཙོ་བོའི་ཐུགས་ཀར་གཏོད་པ། ནུབ་ཏུ་སྦོས་མོ་དམར་མོ་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་གཡོན་བྷན་དམར་འཛིན་པ། བྱང་དུ་རྨོངས་མོ་ནག་མོ་གཡས་རྡོ་རྗེ་རྩེ་དགུ་ཕྱར་ཞིང་གཡོན་པས་སྙིང་ཟ་བ། ཤར་ལྷོར་རྒན་བྱེད་མ་དམར་སེར་གཡོན་ཞིང་ཆུང་བཟུང་བའི་རྒྱུ་མ་གཡས་པས་འདྲེན་ཅིང་སྟོབ་པ། ལྷོ་ནུབ་ཏུ་ཐལ་བྱེད་མ་ལྗང་ནག་གཡས་པའི་རྡོ་རྗེས་གཡོན་གྱི་དུང་ཁྲག་དཀྲུག་ཅིང་གསོལ་བ། ནུབ་བྱང་དུ་མ་ཚོགས་མ་མཐིང་ནག་ཕྱག་གཉིས་ཀྱིས་ཞིང་བཟུང་ནས་སྙིང་ཟ་བ། བྱང་ཤར་དུ་དུར་ཁྲོད་མ་སེར་སྐྱ་གཡོན་ཞིང་ཆུང་བཟུང་བའི་མགོ་བོ་གཡས་པས་བཅད་ནས་ཟ་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། སྐྲ་སེར་པོ་འབར་བ། གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་བའོ། །དེ་ལྟར་སྐུ་ཕྱག་རྒྱའི་མཚན་ཉིད་ཐ་དད་པར་སྣང་ཡང་། ཡེ་ཤེས་དང་རང་བཞིན་གཞན་དུ་འགྱུར་བ་མེད་ཅིང་། ཆོས་ཀྱི་སྐུ་ལས་གཡོ་བ་མེད་པར་ཤེས་པར་བྱའོ། །ནང་ལྟར་ན་འཁོར་གྱི་ལྷ་མོ་ཐམས་ཅད་དཔལ་ཆེན་པོའི་ཞལ་དང་ཕྱག་སོགས་སྐུ་ལ་རྫོགས་ཤིང་། གསང་བ་ལྟར་ན་གཞིའི་སྐབས་སུ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་པས། འབྲས་བུའི་སྐབས་སུ་ཡེ་ཤེས་རྣམ་པ་བརྒྱད་ཀྱི་རང་བཞིན་ཏེ། དེའང་ཡུལ་ཅན་ཡེ་ཤེས་འདུས་པའི་ངོ་བོ་ནི་ཤྲཱི་ཧེ་རུ་ཀའོ། །ཡུལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་ཡུམ་ཀྲོ་དྷཱི་ཤྭ་རཱི་མའོ། །རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ནི་གཽ་རཱི་མ་ཁྲོ་མོ་བརྒྱད་དོ། །དེའི་ཡུལ་ལ་སོགས་པ་ནི་སིཾ་ཧ་ཕྲ་མེན་བརྒྱད་དོ། །རྒྱན་གྱི་ལྷ་མོ་དང་དབང་ཕྱུག་མ་ལ་སོགས་པ་དེ་དག་གི་བྱིན་རླབས་ཀྱི་ཆོ་འཕྲུལ་ཤར་བའོ། །དེ་རྣམས་རྣམ་པ་ཐ་དད་པར་སྣང་ཡང་། དོན་དབྱིངས་དང་ཡེ་ཤེས་ལས་མི་གཡོ་བ་ནི་དོན་དམ་པའི་བདེན་པའོ། །རྟགས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྣང་བ་ནི་ཀུན་རྫོབ་བདེན་པའི་ཚུལ་དུ་སྣང་བའོ། །ཞེས་ལྷ་ངོ་སྤྲད་ཅིང་དོན་རྟགས་བཤད་ལ་དམ་བསྒྲག་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་དམ་བཅས་བཞིན༔ སྲོག་ལ་བབས་ཀྱང་མ་གཏོང་ཞིག༔ ཡན་ལག་དམ་ཚིག་རྟག་ཏུ་སྲུངས༔ ས་མ་ཡ་ཧཱུྃ༔ ཇི་སྐད་བཤད་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་མེ་ཏོག་ཕུལ་བཞིན་པར་འདིའི་རྗེས་ཟློས། བཀའ་དྲིན་ཆེ་འོ་བཀའ་བཞིན་བགྱིད༔ ཅེས་ཞུའོ། །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དབང་ཆོག་ནི། ཞུགས་ནས་དབང་རྫོགས་པར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་རིམ་པ་དབང་གིས་བགྲོད་པ་ཞེས་བྱ་སྟེ། དབང་མ་བསྐུར་བར་གསང་སྔགས་སྒྲུབ་པ་ལ་མི་དབང་ཞིང་སྒྲུབ་པ་བྱེད་པ་ལ་དབང་མ་ཐོབ་ན་མི་འགྲུབ་པས། དེ་ལ་དབང་གི་ངོ་བོ་ནི། ཤེས་རབ་དང་ཏིང་འཛིན། ངེས་ཚིག་ལམ་སྒྲུབ་པ་ལ་དབང་བར་བྱེད་པ། དབྱེ་བ་ཕྱི་བུམ་པ། ནང་གསང་དབང་། གསང་བ་ཤེར་ཡེ། དེ་ཁོ་ན་ཉིད་མཐར་ཐུག་གི་དབང་དང་བཞིར་ཡོད་ཅིང་། དེ་དག་ཀྱང་སྐབས་འདིར་དོན་ཟབ་སྙིང་པོར་དྲིལ་ནས་བསྐུར་བར་བགྱིད་པ་ལ། ཐོག་མར་ཕྱི་བུམ་པའི་དབང་གི་དོན་དུ་འདུན་པ་འདི་བཞིན་དུ་མཛོད། བནྡྷ་དཔལ་ཆེན་པོའི་སྐུར་གསལ་བ་སྤྱི་བོར་བཞག་པས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་གི་ལུས་ལ་ཐིམ་སྟེ་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་སྐུ་སྤྱི་བོར་བཞག་ལག་ཏུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ༔ སྔོན་གྱི་སྐྱེས་མཆོག་སྒྲུབ་པ་ཡིས༔ དཔལ་ཆེན་ཁྲག་འཐུང་སྐུར་བསྒོམས་ཏེ༔ རྣལ་འབྱོར་ཁྱོད་ལ་དབང་བསྐུར་བས༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ དབང་དེའི་དོན་ཁྱེད་རང་གི་ལུས་དཔལ་ཆེན་པོ་ཡེ་ཤེས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པར་གྱིས་ཤིག །དེའང་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་སྐྱེས་མ་འགགས་པར་ཤར་བའི་རྟགས༔ བཅོམ་ལྡན་འདས་དཔལ་ཀུན་བཟང་ཧེ་རུ་ཀ་ཡེ་ཤེས་ཀྱི་སྐུ་ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་པ་གཅིག་ཏུ་གསལ་ཏེ༔ དེ་ཡང་ཞལ་གཡས་དཀར་བ༔ གཡོན་དམར་བ༔ དབུས་མཐིང་བ༔ དུར་ཁྲོད་ཆས་ཀྱིས་གཏམས་པ༔ ཕྱག་གཡས་དང་པོ་རྡོ་རྗེ༔ བར་པ་ཁ་ཊྭཱཾ་ག༔ ཐ་མ་རྔེའུ་ཆུང༔ གཡོན་དང་པོ་བནྡྷ་རཀྟས་བཀང་བ༔ བར་པ་རྒྱུ་ཞགས༔ ཐ་མ་ཁྱུང་ཁྲ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དཀྱིལ་ན་བཞུགས་པའོ༔ དེ་ལྟ་བུར་གསལ་བའི་སྐུ་དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་སེམས་ཀྱི་གཟུགས་བརྙན་ལྷར་གསལ་བ་ཡིན་ནོ༔ ཞལ་གཡས་དཀར་བ་གཽ་རཱི་མ༔ གཡོན་དམར་བ་པྲ་མོ་ཧ༔ ཕྱག་དྲུག་བཻ་ཏཱ་ལི༔ པུཀྐ་སི༔ ཙཽ་རཱི་མ༔ གྷསྨ་རཱི༔ སྨ་ཤ་ནི༔ ཙཎྜ་ལཱི་སྟེ་ལྷ་མོ་དྲུག་གོ༔ གདན་ཟླ་བའི་དཀྱིལ་འཁོར༔ སིཾ་ཧ༔ བྱཱ་ཀྲྀ༔ སྲྀ་ལ༔ ཤྭ་ན༔ གྲྀ་ཌྷ༔ ཀཾ་ཀཱ༔ ཁྭ་ཁ༔ ཧུ་ལུ་སྟེ་ཕྲ་མེན་མ་བརྒྱད་དོ༔ ཞབས་བཞི་རྟ་གདོང༔ ཕག་གདོང༔ སྤྲེལ་གདོང༔ སྤྱང་གདོང་མ་སྟེ་སྒོ་མ་བཞིའོ༔ དེ་རྣམས་ཀྱང་ལོགས་ན་ཡོད་པ་མ་ཡིན་ཏེ༔ རྣམ་པར་ཤེས་པའི་ཚོགས་བརྒྱད་གཽ་རཱི་མ་བརྒྱད༔ ཡུལ་བརྒྱད་ཕྲ་མེན་མ་བརྒྱད༔ རྟག་ཆད་ཡོད་མེད་མཐའ་བཞི་སྒོ་མ་བཞི༔ དེ་ལྟ་བུ་དེ་རྟག་པ་ཐེར་ཟུག་མ་ཡིན་ཏེ༔ མ་སྐྱེས་པའི་དབྱིངས་སུ་གསལ་བས་ཡབ་ཡུམ་དབྱིངས་ཡེ་ཤེས་གཉིས་མེད་ཐིག་ལེ་ཆེན་པོའི་ངང་དུ་གཅིག་པས༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ ཅེས་བྱའོ༔ རང་གི་སེམས་ཉིད་དཔལ་ཆེན་པོའི་སྐུར་གསལ་བ་དེ་ལ་ལྷ་ཚོགས་ཐམས་ཅད་འདུས་པས༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ ཞེས་བྱའོ༔ དེ་ཁོ་ན་དཔལ་ཆེན་པོའི་ཐུགས་རྣམ་པར་མི་རྟོག་པས་ཆོས་སྐུ༔ རང་བྱུང་ཡེ་ཤེས་རང་ལ་གསལ་བས་ལོངས་སྐུ༔ ལྷའི་དལ་རྣལ་འབྱོར་པའི་ལུས་ལ་རྫོགས་པས་སྤྲུལ་སྐུ་སྟེ༔ རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ ཞེས་བྱ་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེ་ལྟར་ཕྱིའི་དབང་ལུས་ལ་བསྐུར་པས་ལུས་ཀྱི་སྒྲིབ་པ་དག །ས་དང་པོའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་ཡིན་ནོ། །གཉིས་པ་ནང་གསང་བ་སྔགས་ཀྱི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་སྲོག་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་དཔལ་ཆེན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་གི་མཐར་འཁོད་པར་མོས་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་མཛོད་བྱས་ལ་རུ་ལུའི་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་བརྟན་པར་བྱས་པའི་མོས་པ་མཛོད། སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ གསལ་བྱེད་འབར་བའི་གཞལ་ཡས་སུ༔ གསལ་བ་ཐིག་ལེའི་ངོ་བོ་ཉིད༔ ཡི་གེའི་ཕྲེང་བའི་ཚོགས་མཆོག་ལས༔ རིགས་ཀྱི་དཀྱིལ་འཁོར་གསལ་འཕྲོས་ཐིམ༔ ཨོཾ་ཛྙཱ་ན་སཏྭ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ དབང་དེའི་དོན་ནི་དཔལ་ཡང་དག་གི་དགོངས་པ་རུ་ལུ་འབྲུ་བརྒྱད་དུ་འདུས་པ་ཡིན་ཏེ། སྒྲ་གྲགས་སྟོང་བྱུང་ཡང་ཆོས་ཉིད་ལས་བྱུང་བས་སྟོང་པའི་སྒྲ་བརྗོད་མེད་མཚོན་དཔེ་ལས་འདས་པར་ཤེས་པར་གྱིས་ཤིག །རང་གི་རིག་པ་སེམས་ཀྱི་བདག་ཉིད་དཔལ་ཆེན་པོའི་སྐུར་གསལ་བའི་ཐུགས་ཀ་ནས༔ ཡེ་ཤེས་སེམས་དཔའ་རུ་ལུ་འབྲུ་བརྒྱད༔ ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པ་ལས༔ སྣོད་ཀྱི་འཇིག་རྟེན་སྟོངས༔ བཅུད་ཀྱི་སེམས་ཅན་བསྒྲལ་ནས༔ ཤེས་པའི་བདག་ཉིད་ལ་ཐིམ༔ འོད་ལྔ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཡིག་འབྲུ་ལ་ཐིམ༔ ཧཱུྃ་ཡང་རིམ་པས་ཡེ་ཤེས་ཐིག་ལེ་ལ་ཐིམ༔ ཐིག་ལེ་ཡང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སྟོང་ནས༔ ཆོས་ཐམས་ཅད་སྟོང་པ༔ གསལ་བ༔ དག་པ༔ མཚན་མ་མེད་པ༔ རྒྱུན་ཆད་མེད་པ༔ སྐྱེ་འཇིག་མེད་པ༔ བརྗོད་པ་བྲལ་བ༔ ཁ་དོག་དང་དབྱིབས་སུ་མ་གྲུབ་པ༔ ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ༔ དྲན་རིག་ཡེ་ཤེས་རྒྱུན་ཆད་མེད་པ་དེ་ལ༔ ཆོས་ཉིད་མ་བུ་འཕྲད༔ རང་ས་ཟིན༔ རང་ཞལ་མཐོང༔ མཚན་མ་རྒྱས་ཐེབས༔ བག་ཆགས་ཟིལ་གྱིས་མནན༔ མཚན་མ་རང་གྲོལ༔ ཡེ་ཤེས་ཀྱི་ས་ལ་བསླེབས་པ༔ ཞེས་བྱ་བ་ཡིན་པས་དེའི་དོན་ཤེས་པར་གྱིས་ཤིག །དེ་ལྟར་ནང་གི་དབང་ངག་ལ་བསྐུར་པས་ངག་གི་སྒྲིབ་པ་དག །ས་བརྒྱད་པ་དང་སྐལ་པ་མཉམ་པ་ཡིན་ནོ། །གསུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཔེ་མར་མེ་འདིས་མཚོན་ནས་རང་གི་སེམས་ཉིད་རྟོག་མེད་མ་བསྒྲིབས་པར་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །མར་མེ་སྤར་བ་སྙིང་གར་གཏུགས་ལ། ཧཱུྃ༔ དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་བསྡུས་ནས༔ སྐྱེ་མེད་དབྱིངས་ལས་ཡེ་ཤེས་མེར་གསལ་བ༔ ཀུན་གཞི་གནས་འགྱུར་སྤྱན་དགུ་ཡེ་ཤེས་འབྱིན༔ སྒྲིབ་པ་བསལ་ཕྱིར་ཡེ་ཤེས་གསལ་བར་ཤོག༔ ཨོཾ་བཛྲ་ཨ་དྷི་པ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེ་ལ་ཀོང་བུ་ནི་རང་གི་སྒོ་ལྔའི་རྣམ་པར་ཤེས་པ་བྷ་ག་ཡངས་པའི་ཀློང་ངོ༔ མར་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་སྤྲོས་པ་དང་བྲལ་བའོ༔ སྡོང་བུ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ༔ མེ་ལྕེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བདག་གི་བག་ཆགས་བསྲེགས་ཤིང་སྦྱངས་ཏེ༔ མ་རིག་པའི་མུན་པ་བསལ༔ རང་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསལ་བར་བསྒོམ་པའི་དོན་ཡིན་པས་ཤེས་པར་གྱིས་ཤིག །དེ་ལྟར་གསང་བའི་དབང་སེམས་ལ་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་དང་སྐལ་པ་མཉམ་པ་ཡིན་ནོ། །དེ་ནས་ཐོད་སྐུ་བསྟན་ལ། བཞི་པ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དབང་ནི༔ བླ་མའི་མན་ངག་སྟེ༔ དེ་ལ་གཉིས༔ སེམས་ངོས་བཟུང་བ་དང༔ ལམ་དུ་སློང་བའོ༔ དེ་ལ་དང་པོ་སེམས་ངོས་བཟུང་བ་ནི༔ ཡེ་ཤེས་འཁོར་ལོ་ལས༔ སེམས་ནི་དྲག་ཏུ་གཏད་པར་བྱ༔ ཞེས་པས་ཐོད་པའི་བྲིས་སྐུ་ལ་དྲག་ཏུ་གཏད་ལ་སེམས་བཟུང་ངོ༔ སེམས་མི་འཕྲོ་བར་འདུག་ན༔ སེམས་ཟིན་པ་ཡིན་པས༔ དེ་ལམ་དུ་བསླང་བ་ནི༔ ལྟ་བ༔ སྒོམ་པ༔ སྤྱོད་པ༔ འབྲས་བུའོ༔ དེ་ལ་ལྟ་བ་ནི༔ འདི་ལྟར་གྱི་སྣང་བ་སེམས་སུ་ངོ་སྤྲད་དེ༔ སེམས་བྱུང་གི་བག་ཆགས་བརྟས་པའོ༔ སེམས་སྟོང་པར་ངོ་སྤྲད་དེ༔ ཁ་དོག་དང་དབྱིབས་མེད་པས་རང་སྟོང་པར་འདུག་པའོ༔ སྟོང་པ་དབྱེར་མེད་དུ་ངོ་སྤྲད་དེ༔ སྣང་སྟོང་གཉིས་མེད་དུ་འདུག་པའོ༔ དབྱེར་མེད་ཙམ་དུའང་མ་ཞེན་པའོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ སྣང་སྟོང་དབྱེར་མེད་ཕྱིར་ན་སེམས༔ སེམས་ལ་ངོས་བཟུང་མེད་པ་འོ༔ ཞེས་འབྱུང་ངོ༔ སྒོམ་པ་ནི༔ རིག་པ་ཡུལ་མེད་དུ་གསལ་བ་སྟེ༔ སེམས་མ་བཅོས་པར་བཞག་པས་རང་གསལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ མར་མེ་རླུང་གིས་མ་བསྐྱོད་བཞིན༔ གསལ་ལ་མི་རྟོག་མ་ཡེངས་བཞག༔ ཅེས་གསུངས་སོ༔ སྤྱོད་པ་ནི༔ སེམས་འཕྲོ་བའི་དུས་ན་ནམ་མཁའི་སྤྲིན་བཞིན་དུ་རྣམ་རྟོག་གི་མཚན་མ་ཅི་བྱུང་ཡང་རང་བྱུང་རང་ཞིར་བཞག་གོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ དེ་ལ་སེམས་ནི་འཕྲོས་གྱུར་ན༔ ནམ་མཁའི་སྤྲིན་བཞིན་ཤེས་པར་བྱ༔ ཞེས་སོ༔ འབྲས་བུ་ནི༔ སེམས་གཞི་རྩ་དང་བྲལ་བས་གང་གི་ངོ་བོར་ཅིར་ཡང་མ་གྲུབ་པ་ནི་དཔལ་ཆེན་པོའི་ཐུགས་ཡང་དག་པ་ཆོས་ཀྱི་སྐུའོ༔ ཡེ་ཤེས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ༔ དེ་ལ་ཐུགས་རྗེ་རྒྱུན་ཆད་མེད་པ་ནི་སྤྲུལ་པའི་སྐུའོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ དེ་ཡི་དོན་རྟོགས་ཆོས་ཀྱི་སྐུ༔ འགྲོ་དོན་གཟུགས་སྐུས་བྱེད་པ་འོ༔ ཞེས་འབྱུང་ངོ༔ མདོར་ན་འདི་ནི་མཐར་ཐུག་ལྟ་སྒོམ་གྱི་དབང་ཡིན་ཏེ། ལྟ་བ་སྣང་སྟོང་དབྱེར་མེད། སྒོམ་པ་རིག་པ་ཡུལ་མེད། སྤྱོད་པ་རྣམ་རྟོག་རང་གྲོལ། འབྲས་བུ་རང་བྱུང་དུ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དབང་ལུས་ངག་ཡིད་གསུམ་ལ་བསྐུར་པས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །སངས་རྒྱས་དང་སྐལ་པ་མཉམ་པ་ཡིན་ནོ། །དེ་རྣམས་ཀྱིས་ཡེ་ཤེས་འཁོར་ལོ་རྩ་བའི་དབང་ཞེས་བྱ་བ་ཡང་དག་སྙིང་པོའི་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཆོག་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་དང་བརྟན་མ་བསྐྱང་། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་དང་རས་བྲིས་ཡིན་ན་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་བཀྲ་ཤིས་བཅས་བྱས་པས་འགྲུབ་བོ། །དཔལ་ཆེན་མངོན་གྲུབ་སློབ་དཔོན་གྱིས། །དཔལ་ཆེན་ཐུགས་ཀྱི་བཅུད་ཕྱུང་བ། །འདི་རྒྱུན་ཉིན་སྐར་དང་མཚུངས་ཤིང་། །ལག་ལེན་ཚད་ལྡན་དེ་བས་དཀོན། །དེ་ཕྱིར་ལྷག་བློ་ལས་བྱུང་དགེས། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །འདི་བསྟན་བརྡལ་བའི་འདོད་དོན་དག །གེགས་མེད་ལྷན་ཅིག་ཉིད་འགྲུབ་ཤོག །འདི་ཉིད་གཞུང་ཉུང་ཡང་ལག་ལེན་དུ་འདེབས་པར་དཀའ་བས་རང་འདྲའི་བློ་རྨོངས་ལ་གཟུ་ལུམ་གྱི་ཉེས་པ་མི་འབྱུང་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་ཁྲག་འཐུང་ཐུགས་ཀྱི་འཁོར་ལོའི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-SHA-04-chos dbang yang dag-01.JPG
RTZ-Tsagli-Dzongsar-SHA-04-chos dbang yang dag-02.jpeg
RTZ-Tsagli-Dzongsar-SHA-04-chos dbang yang dag-03.JPG
RTZ-Tsagli-JA-01-chos dbang yang dag thod sku-01.jpg
RTZ-Mandala-Dzongsar-03-297-chos dbang yang dag.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).