Terdzo-RA-034



Property "author" has been marked for restricted use.








Terdzo-RA-034.pdf
Click the picture above to view the Shechen manuscript.

རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་བཅུད་ཐིག་

rta mgrin bde gshegs gcig dril gyi dkyil 'khor du dbang bskur ba'i cho ga dbang chen thugs kyi bcud thig

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  རྟ་མགྲིན་བདེ་གཤེགས་གཅིག་དྲིལ་ (Rta mgrin bde gshegs gcig dril)
Volume 25 (ར) / Pages 723-736 / Folios 1a1 to 7b5

[edit]

༄༅། །རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། བདེ་ཆེན་འབར་བའི་གསང་བ་གསུམ། །རྒྱལ་ཀུན་དབྱིངས་དང་སྙོམས་པར་ཞུགས། །བྱིན་རླབས་གློག་ལྟར་མྱུར་བའི་ལྷས། །སྟན་འདིར་དངོས་གྲུབ་རྣམ་གཉིས་སྩོལ། །འདིར་དབང་བསྐུར་བ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེང་བུ་ཁེབས་ལྡན་སྟེང་གཞུང་མཐུན་དཀྱིལ་འཁོར་རས་བྲིས་སམ་མེད་ན་མཎྜལ་དྲི་བཟང་གིས་ཆག་ཆག་བཏབ་པར་འབྲུའི་ཚོམ་བུ་གཅིག་བཀོད་པའི་སྟེང་སེང་ལྡེང་ཕུར་པ་དར་དམར་པོའི་ཅོད་པན་ཅན་ཕུར་སྟེགས་ལ་གཟུག །གཡས་སུ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ནང་དུ་ཡུངས་དཀར་ལ་རྩ་སྔགས་བཟླས་པ་བླུགས་ཤིང་ཁ་རྒྱན་གཟུངས་རྡོར་བཅས་པ་དང་། གཡོན་དུ་དཔལ་གཏོར་རྟ་ཞལ་གྱིས་མཚན་པ་དར་གདུགས་དམར་པོ་ཕུབ་པ་དགོད། རྟ་ཞལ། དུར་ཁྲོད་ཆས་བརྒྱད་ཀྱི་ཙཀླི། སྔགས་བྱང་། གཞུང་པོད། ཕྲེང་དམར་རྣམས་ཅི་བདེར་བཞག །མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ། ཕྲིན་ལས་ལ་དགོས་པའི་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱའོ། །དེ་ནས་ལས་བྱང་བརྒྱུད་འདེབས་ནས་བརྩམ་མཐར་ཆགས་སུ་གཏང་། ལྷ་བསྐྱེད། དབང་ཆེན་འབར་བའི་སྐུ་ལ་ཡོངས་སུ་རྫོགས། །ཞེས་པའི་མཚམས་སུ། བུམ་པ་བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་། །བདུད་རྩིའི་རྒྱ་མཚོས་ཡོངས་སུ་གང་བའི་དབུས། །རང་ཉིད་ཐུགས་ལས་ཧྲཱིཿཡིག་དམར་པོ་འཕྲོས། །ཡོངས་གྱུར་བདེ་གཤེགས་ཀུན་འདུས་རྟ་མགྲིན་རྒྱལ། །དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དབུ་གཙུག་རྟ་ཞལ་དུར་ཁྲོད་དཔལ་ཆས་བརྒྱན། ཁྲོ་བོའི་གོ་ཆ་བྱ་ཁྱུང་སྤྲུལ་པ་འགྱེད། །ཕུར་པ་ཧྲཱིཿལས་གཞལ་ཡས་ཁང་གི་དབུས། །དབང་ཆེན་རྟ་མགྲིན་ཁྲོ་ཚོགས་ཁྱུང་བཅས་གསལ། །སྤྱི་མགྲིན་སྙིང་གར་སོགས་བཟླས་པའི་བར་གཏང་། བཟླས་པའི་སྐབས་བདག་མདུན་ཐམས་ཅད་ལ་སྤྲོ་བསྡུའི་དམིགས་པ་སོ་སོར་གཏོང་བ་དང་། བུམ་ལྷ་ལས་བདུད་རྩིའི་རྒྱུན་བབས་པ་སོགས་སྤྱི་ལྟར་དམིགས་ནས་རྩ་སྔགས་བུངས་བསྐྱེད། དྲག་སྔགས་ཅི་འགྲུབ་བཟླ། དབང་སྒྲུབ་ཙམ་ལ་ཤམ་འདོགས་མི་དགོས། མཐར་གཏོར་མ་འབུལ། ལས་བུམ་དུ་ཕྲིན་ལས་ཀྱི་རྟ་མགྲིན་དཔའ་བོ་གཅིག་པ་བསྐྱེད་ལ་སྔགས་ཀྱིས་བྱིན་བརླབ། བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་ཚང་བར་བཏང་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དོ། །དངོས་གཞི་དབང་གི་ཆོ་ག་ནི། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་བཅད་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གདུལ་བྱ་གདུག་ཅན་རྣམས་ཀྱི་ངོར་འབར་བ་ཆེན་པོའི་སྐུར་བསྟན་པ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ལ་རྒྱུད་དང་གདམས་ངག་གི་རིགས་གསར་རྙིང་གཉིས་ཀ་ལས་འབྱུང་ཞིང་། དེའང་རྡོ་རྗེའི་རིགས་སུ་སྒྲུབ་པ་རྡོ་རྗེ་ཁྲོ་བོ་རྟ་མགྲིན་ནག་པོ། རིན་ཆེན་རིགས་སུ་སྒྲུབ་པ་རྟ་མཆོག་ཧེ་རུ་ཀ་སེར་པོ། པདྨའི་རིགས་སུ་སྒྲུབ་པ་པདྨ་དབང་ཆེན་དང་པདྨ་མཐར་བྱེད། ལས་ཀྱི་རིགས་སུ་སྒྲུབ་པ་དོན་ཡོད་རྟའི་རྒྱལ་པོ། དེ་དག་ལའང་ཡེ་ཤེས་ཧེ་རུ་ཀ་ལྟར་སྒྲུབ་པ། ལས་ཀྱི་ཁྲོ་བོ་ལྟར་སྒྲུབ་པ། འཇིག་རྟེན་དྲེགས་པའི་སྡེ་དཔོན་ལྟར་སྒྲུབ་པའི་ཚུལ་མང་དུ་བཞུགས་པ་ལས། སྔ་འགྱུར་གཏེར་མའི་ཕྱོགས་སུ་སྒྲུབ་སྡེ་ཆེན་པོ་བརྒྱད་ལས། པདྨ་གསུང་གི་རིགས་དཔལ་ཆེན་ཧེ་རུ་ཀ་ལྟར་སྒྲུབ་པའི་ཚུལ་རྒྱས་འབྲིང་བསྡུས་པ་མཐའ་ཡས་པ་ཞིག་འབྱུང་བ་ལས། འདིར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པ་རྟ་མགྲིན་བདེ་གཤེགས་འདུས་པའམ། བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སློབ་དཔོན་དགོངས་སུ་གསོལ། །མི་གནས་ཡེ་ཤེས་ལྷ་ཡི་ལྷ། །དབང་ཆེན་རྒྱལ་པོ་དགོངས་སུ་གསོལ། །བདག་ཅག་དད་ལྡན་སྐལ་པ་བཟང་། །དབང་ཆེན་དཀྱིལ་འཁོར་འདིར་འཇུག་ན། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་ཞུ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །དབང་ཆེན་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ནས་བྱིན་གྱིས་བརླབ་འདོད་ན། །བླ་མ་རིག་འཛིན་བདག་དང་ནི། །དབང་ཆེན་རྟ་མཆོག་རྒྱལ་པོ་ལ། །ལུས་ངག་ཡིད་གསུམ་དང་བ་ཡིས། །གུས་པའི་སེམས་ཀྱིས་མཉན་པར་བྱ། །བསྟན་པ་སྤྱིའི་འཇུག་སྒོ་དང་མཐུན་པར་ཐེག་པ་ལ་རིམ་པར་འཇུག་ཅིང་རྒྱུད་རྣམ་པར་དག་པའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་སྤྲིན་བཞིན་གཏིབས་ནས་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། བདག་ནི་དེང་ནས་སོགས་ལས་བྱང་ལྟར་ལན་གསུམ། མར་གྱུར་འཁོར་བའི་རྒྱ་མཚོར་སྡུག་བསྔལ་གྱིས་གཡེང་བ་མཐའ་དག་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་སླད་དུ་པདྨ་དབང་གི་དཀྱིལ་འཁོར་དུ་འཇུག་ཅིང་ལམ་ཟབ་མོ་བསྒོམ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་ཅན་མ་ལུས་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ཕྱོགས་བཅུ་དུས་གསུམ་སོགས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པའི་མེ་ཏོག་གཏད་ལ། མཆོག་གི་མེ་ཏོག་ལྷ་དང་མིའི་རྒྱན་དམ་པའི་ཕྲེང་བ་ཕྱག་ཐལ་མོ་སྦྱར་བའི་བར་དུ་ཐོགས་ནས་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས། མེ་ཏོག་ལ་སོགས་ཡེ་ཤེས་ཕྲེང་། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །ཐུགས་ཀྱི་གནང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་དབབ་ཏུ་གསོལ། །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་གཞུག །དེ་ལྟར་ཕུལ་བ་དཀྱིལ་འཁོར་གྱི་གཙོ་བོས་བཞེས་ཏེ་སླར་ཡེ་ཤེས་ཀྱི་ཅོད་པན་དུ་བྱིན་གྱིས་བརླབས་ནས་ཁྱེད་རང་གི་སྤྱི་གཙུག་ཏུ་བཅིངས་པར་མོས་ཤིག །ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཧྲཱིཿབཛྲ་ཀྲོ་དྷ། ཞེས་མེ་ཏོག་སླར་སྤྱི་བོར་བཞག་ལ། ལེགས་སོ་ལེགས་སོ་རིགས་ཀྱི་བུ། །དབང་གི་དངོས་གྲུབ་ཐོབ་འདོད་ན། །བླ་མ་མཉེས་པར་བཀུར་ནུས་སམ། །དབང་ཆེན་སྐུ་རུ་བསྒོམ་ནུས་སམ། །དེ་ལྟར་ནུས་ན་བྱིན་གྱིས་བརླབ། །ཅེས་པའི་ལན་དུ་འདིའི་རྗེས་ཟློས། ཧོཿ བླ་མ་ཡི་དམ་དགོངས་སུ་གསོལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ནམ་དུ་ཡང་ནི་སྤང་མི་བྱ། །དབང་ཆེན་སྐུ་རུ་རྟག་ཏུ་བསྒོམ། །སྔགས་ཀྱི་སྙིང་པོའང་མི་བརྗེད་བཟླ། །བྱིན་རླབས་ཆེན་པོ་དུས་འདིར་སྩོལ། །གཞུང་དུ་མི་གསལ་ཡང་སྤྱི་འགྲོ་ལྟར་ན། དེ་ནས་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་དུ་མཛོད། ལས་ཆུ་འཐོར་ལ་ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་ཀླུ་དང་དྲེགས་པ་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་དབང་ཆེན་རྟ་མཆོག་རྒྱལ་པོ་སྐུ་མདོག་དམར་པོ་དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་བའི་སྟེང་དུ་རྟ་མགོ་ལྗང་ཞུར་གསུམ་གྱིས་མཚན་ཅིང་རིགས་ལྔའི་དབུ་རྒྱན་གྱིས་སྤྲས་པ། ཕྱག་དྲུག་གི་གཡས་དང་པོས་གསེར་གྱི་ཞགས་པ་དང་མི་གཡོ་མགོན་པོ་ཁྲ་ཐབས་སུ་འགྱེད་པ། བར་པས་རལ་གྲི །ཐ་མས་དགྲ་སཏྭ་བསྣམས་པ། གཡོན་དང་པོས་ལྕགས་སྒྲོག་དང་ཕྱག་ན་རྡོ་རྗེ་ཁྲ་ཐབས་སུ་འགྱེད་པ། བར་པ་ན་ཐོང་གཤོལ། ཐ་མས་ཐོ་བ་བསྣམས་པ། གླང་ཀོ་ཞིང་ལྤགས་སྟག་ཤམ་ཁྲག་ཞག་ཐལ་ཆེན་སྦྲུལ་རིགས་ལྔ་རྡོ་རྗེའི་གཤོག་པ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱིས་སྤྲས་ཤིང་ཀླུ་རིགས་བཞི་ཞབས་ཀྱིས་མནན་པ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་འགྱིང་བའི་གནས་གསུམ་འབྲུ་གསུམ་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་དཔལ་པདྨ་དབང་ཆེན་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པས་བྱིན་གྱིས་བརླབ་པར་མོས་ཤིག །སྤྲོ་ན་ལས་བྱང་ལྟར་བྱིན་འབེབ་ཀྱང་བརྗོད། སྤོས་དུད་རོལ་མོའི་སྒྲ་སྦྱར་ཏེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཞེས་པ་དྲག་ཏུ་བརྗོད། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། རྒྱ་གྲམ་སྤྱི་བོར་བཞག་ལ། ཨོཾ་ཏིཥྛ་བཛྲ། ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་མང་པོ་དང་ལྡན་པས། རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་རྣམས་རིམ་པར་བསྩལ་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱིཿ བཀྲ་ཤིས་ཡིད་འོང་ལྷ་ཡི་བུམ་པ་འདིས། །བལྟམས་པ་ཙམ་གྱིས་ལྷ་རྣམས་ཀུན་གྱིས་དགོངས། །དབང་ཆེན་དབང་ལ་མངའ་མཛད་དཔལ་ཆེན་པོ། །ཀུན་ལ་དབང་སྒྱུར་ཆེན་པོའི་དབང་བསྐུར་རོ། །ཡོངས་ལ་མངའ་མཛད་ཁྲོ་རྒྱལ་དབང་ཐོབ་ཤོག །ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཨཱཿ དེ་ལྟར་དབང་བསྐུར་པས་ཁྱེད་རང་གི་ལུས་དབང་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ་པོ་དངོས་སུ་གྱུར་པར་མོས་མཛོད། བུམ་པ་དཔྲལ་བར་བཞག་ལ། ཧཱུྃ། ཁྲོ་རྒྱལ་ཀུན་གྱི་སྐུ་ཡི་ངོ་བོ་ནི། །ཡ་མཱནྟ་ཀ་གཤིན་རྗེའི་གཤེད་པོ་ཡིས། །རིགས་ཀྱི་བུ་ཁྱོད་ལ་ནི་དབང་བསྐུར་བས། །བདེ་གཤེགས་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཨཱཿ དཔྲལ་བར་གཤིན་རྗེ་གཤེད་པོ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས་ཤིག །བུམ་པ་མགྲིན་པར་བཞག་ལ། ཧཱུྃ། ལྗགས་སྟེང་སྤྲོས་བྲལ་སྐྱོན་མེད་པདྨའི་གསུང་། །སངས་རྒྱས་གཙོ་བོ་སྣང་བ་མཐའ་ཡས་ཡིན། །རྒྱལ་བ་རིགས་ཀྱི་བདག་པོས་དབང་བསྐུར་བས། །སྤྲོས་བྲལ་འགག་མེད་གསུང་གི་དབང་ཐོབ་ཤོག །ཨོཾ་པདྨ་དྷ་ར་ཧྲཱིཿཨཱཿ ལྕེ་ལ་སངས་རྒྱས་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་གྱིས་མཚན་པར་མོས། བུམ་པ་སྙིང་གར་བཞག་ལ། ཧཱུྃ། སངས་རྒྱས་ཀུན་གྱི་ཆོས་སྐུ་པདྨའི་ཐུགས། །རྟ་མགྲིན་རྟ་སྐད་བཞད་པ་ཡེ་ཤེས་སེམས། ཁྲོ་མཆོག་ཡེ་ཤེས་རྔམ་པས་དབང་བསྐུར་བས། །བདེ་གཤེགས་གསུང་གི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཨཱཿ སྙིང་གར་རྟ་མགྲིན་ཡེ་ཤེས་སེམས་དཔའ་དམར་པོ་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་ལྟེ་བར་བཞག་ལ། ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་རྗེའི་ཡེ་ཤེས་སྲས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཕུར་པའི་ལྷ། །ཐུགས་ཉིད་མི་རྟོག་ཡེ་ཤེས་གསལ་བའི་ལྷས། །བདེ་གཤེགས་ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཧཱུྃ་ཨཱཿ ལྟེ་བར་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་ལག་པ་གཡས་སུ་བཞག་ལ། ཧཱུྃ། བདེ་གཤེགས་ཀུན་གྱི་ཡོན་ཏན་རིན་པོ་ཆེ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །མི་གཡོ་མགོན་པོ་ཡེ་ཤེས་ཁྲོ་བོའི་རྒྱལ། །ཡོན་ཏན་ལྷུན་གྲུབ་ཆེན་པོས་དབང་ཐོབ་ཤོག །ཨོཾ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཨཱཿ ལག་པ་གཡས་པར་མི་གཡོ་མགོན་པོ་ལྗང་སྔོན་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་ལག་གཡོན་དུ་བཞག་ལ། ཧཱུྃ། བདེ་གཤེགས་ཕྲིན་ལས་མྱུར་མགྱོགས་ཐུགས་རྗེ་ལས། རིག་སྔགས་བདག་པོ་ལོག་འདྲེན་ཀུན་འདུལ་བ། །ཕྱག་ན་རྡོ་རྗེ་གཏུམ་དྲག་རྔམ་པའི་ལྷ། །ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཨཱཿ ལག་པ་གཡོན་པར་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་དཔུང་པ་གཡས་སུ་བཞག་སྟེ། ཧཱུྃ། བདེ་གཤེགས་ཀུན་གྱི་ཕྲིན་ལས་རྒྱ་མཚོ་ལས། །རྟོག་པ་འཕང་གཅོད་ཐབས་ཀྱི་རང་བཞིན་ཏེ། །གཤོག་པ་གཡས་པར་རྣམ་རྒྱལ་ཐབས་སུ་ཤར། །ཕྲིན་ལས་རྒྱ་མཚོའི་འགྲོ་དོན་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཨཱཿ གཤོག་པ་གཡས་པར་རྣམ་པར་རྒྱལ་བ་དཀར་པོ་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་དཔུང་པ་གཡོན་དུ་བཞག་ལ། ཧཱུྃ། བཀའ་གསང་རྨད་བྱུང་བདེ་གཤེགས་ལས་མཛད་པ། ཁམས་གསུམ་རྣམ་རྒྱལ་ཉོན་མོངས་བདུད་ལས་རྒྱལ། །གཤོག་པ་གཡོན་པ་ཤེས་རབ་ངང་དུ་ཤར། །ལྟ་བ་དབྱིངས་ལ་སྤྱོད་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཨཱཿ གཤོག་པ་གཡོན་པར་རྣམ་པར་རྒྱལ་བ་དམར་སྐྱ་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། ལག་པ་གཡོན་གྱི་སོར་མོའི་སྟེང་དུ་བུམ་པ་བཞག་ལ། ཧཱུྃ། གདུག་པའི་ཀླུ་རྣམས་དབང་དུ་སྡུད་པ་དང་། །ཡེ་ཤེས་སྤྲུལ་པས་གདུག་པ་འཇོམས་པའི་ཕྱིར། །རིགས་ལྔའི་ཁྱུང་ཆེན་ལྔ་ཡི་སྐུ་རུ་ཤར། །ཕྲིན་ལས་ཀླུ་དང་གདུག་པ་འདུལ་བའི་དབང་ཐོབ་ཤོག །ཨོཾ་ས་ཧྲཱི་ཏ་ག་རུ་ཎ་ཧཱུྃ་ཕཊ་ཨཱཿ སོར་མོ་ལྔ་རིགས་ལྔའི་བྱ་ཁྱུང་མཐིང་དཀར་སེར་དམར་ལྗང་གུ་རྣམས་སུ་གྱུར་པར་མོས་ཤིག །བུམ་པ་མགོར་བཞག་ལ། ཧཱུྃ། བདེ་གཤེགས་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །སངས་རྒྱས་ཀུན་གྱི་གཙོ་མཆོག་རྒྱལ་བ་ལྔ། །རིགས་ལྔའི་སངས་རྒྱས་སྐུ་ལ་རྫོགས་པ་ཡིས། །ཡེ་ཤེས་ལྔ་ལྡན་སྐུ་ལྔའི་དབང་ཐོབ་ཤོག །ཧཱུྃཿཨོཾ་སྭཱ་ཨཱཾཿཧཱ་ཨཱཿ བུམ་ཆུ་འཐོར་ཞིང་བླུད་ལ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པར་གྱུར་པའི་མོས་པ་མཛོད། རྟ་མགོ་སྤྱི་བོར་བཞག་ལ། ཧཱུྃ། དབང་གི་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །སྐུ་གསུང་ཐུགས་ལ་མྱུར་དུ་རྫོགས་པའི་སྐུ །དྲེགས་པ་དབང་སྡུད་ཁྲོ་ཚོགས་ཟིལ་གྱིས་གནོན། །རྟ་སྐད་རྔམ་པའི་དབང་མཆོག་ཐོབ་པར་ཤོག །གྷོ་ར་ཧྲི་ཧཱུྃ་ཨཱཿ རྟ་མགོས་མངའ་གསོལ་བས་དབང་གི་རྟ་སྐད་ས་གསུམ་དུ་ཁྱབ་པས་འཁོར་འདས་ཟིལ་གྱིས་གནོན་ཅིང་དབང་དུ་འདུས་པར་མོས་ཤིག །དུར་ཁྲོད་ཆས་རྣམས་གཏད་ལ། ཧཱུྃ། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་དང་། །ཞིང་ལྤགས་གཡང་གཞི་ཐབས་ལ་མཁས་པ་དང་། །སྟག་གི་པགས་པའི་ཤམ་ཐབས་ལྡན་པ་དང་། །ཐོད་པའི་ཕྲེང་བས་འཁོར་བ་འདྲེན་པ་དང་། །སྦྲུལ་གྱི་ཆུན་པོས་གདུག་པ་སྒྲོལ་བ་དང་། ཁྲག་ཞག་ཐལ་ཆེན་མཁའ་འགྲོ་སྡུད་པ་དང་། །དུར་ཁྲོད་ཆས་བརྒྱད་སྐུ་ལ་དབང་བསྐུར་བས། །མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང་། ཁྲོ་ཚོགས་ཐམས་ཅད་དགྱེས་པ་སྐྱེད་པ་དང་། །བདུད་དང་དགྲ་བགེགས་མ་ལུས་འདུལ་བར་ཤོག །མ་ཧཱ་ཀྲོ་དྷ་ཧཱུྃ་ཨཱཿ སྐུ་ལ་བགོ་བའི་གོས་གསུམ་དང་བྱུག་པའི་རྩི་གསུམ། ཐོད་སྦྲུལ་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་མངའ་གསོལ་བས་འཇིག་རྟེན་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་གཟི་བརྗིད་བསྐྱེད་པར་མོས་ཤིག །སྒྲུབ་ཕུར་ལག་ཏུ་གཏད་ལ། ཧཱུྃ། ཡེ་ཤེས་རྟ་མགྲིན་ཁྲོ་བོའི་འགྱིང་ཕུར་འདི། །པདྨ་དབང་ཆེན་སྐུ་ཡི་རྟེན་ཡིན་པས། ཁྲོ་འགྱིང་བརྗིད་པས་གདུག་པ་འདུལ་བར་བྱེད། །བཅངས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད། །བཏབ་པ་ཙམ་གྱིས་སྲིད་གསུམ་རྡུལ་དུ་རློག །སྐལ་ལྡན་རིགས་ཀྱི་བུ་ཡིས་བཟུང་བར་བྱ། །པདྨ་དབང་ཆེན་རྒྱལ་པོས་བྱིན་གྱིས་རློབས། ན་མོ་བུདྡྷཱ་ཡ། ཀཱི་ལི་ཀཱི་ལ་ཡ། ཙན་དྷ་མི་རི་ལི། ཙན་དྷེ་ཙན་དྷེ། ཙན་དྷེ་ནཱ་ག་བྷནྡྷཱ་ཡ་ཧཱུྃ་ཕཊ་ཕཊ། ཕུར་པ་དབང་ཆེན་སྐུར་གསལ་བ་གཏད་པས་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་དང་གཉིས་སུ་མེད་པའི་གོ་འཕང་ཐོབ་པར་མོས་ཤིག །བཟླས་ལུང་ནི། སློབ་དཔོན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་དམར་པོ་པདྨ་རཱ་གའི་ཕྲེང་བ་ལྟ་བུ་འཕྲོས་ཏེ་བྱུང་། ཁྱེད་རང་གི་སྙིང་གར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོའི་ཐུགས་ཀར་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ་རྩ་སྔགས་དང་དྲག་སྔགས་ལན་གསུམ་གསུམ་བཟླར་གཞུག །སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཡི། །དྲག་སྔགས་ཟབ་མོ་གདུག་པ་འདུལ་བ་ཡི། །བཟླས་པ་ཙམ་གྱིས་བདེ་གཤེགས་ཀུན་དང་ཉེ། །བསྒྲུབས་པར་གྱུར་ན་སྔགས་ཀྱི་དངོས་གྲུབ་ཐོབ། །བཏབ་པར་གྱུར་ན་དགྲ་བགེགས་རྡུལ་དུ་རློག །རིགས་ཀྱི་བུ་ཁྱོད་ཀྱིས་ནི་སྒྲུབ་པར་གྱིས། །དྲག་སྔགས་གསུང་གི་སྙིང་པོའི་དབང་ཐོབ་ཤོག །སྒྲུབ་པོད་ལག་ཏུ་གཏད་ལ། དཔལ་བདེ་གཤེགས་གཅིག་དྲིལ་གྱི་ཆོས་བཀའ་ཡོངས་སུ་རྫོགས་པ་ལ་རང་དབང་ཐོབ་ནས་བྱིན་རླབས་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད། དཔལ་གཏོར་སྤྱི་བོར་བཞག་ལ། ཧཱུྃ། རྨད་དུ་བྱུང་བ་དཔལ་གྱི་གཏོར་ཆེན་འདི། །དབང་ཆེན་ཁྲོ་ཚོགས་ཐུགས་དམ་བསྐང་བ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་མཆོད་པའི་ཕྱིར། །རྨད་བྱུང་མཆོད་པའི་གཏོར་མས་དབང་བསྐུར་བས། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བར་ཤོག །མ་ཧཱ་བ་ལིན་ཏ་ཧཱུྃ་ཁཱ་ཧི། དཔལ་ཆེན་རྟ་མཆོག་དབང་གི་རྒྱལ་པོ། ཡེ་ཤེས་ཁྲོ་ཆེན་རྣམ་དྲུག །རིགས་བདག་སྣང་བ་མཐའ་ཡས། བཀའ་སྡོད་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་བྱིན་རླབས་དབང་བསྐུར་སྩོལ་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ། ཅེས་བརྗོད་ལ་ལག་ཏུ་གཏད། ཤིས་བརྗོད་ཇི་ལྟར་འོས་པར་བྱ། དེས་གཏེར་ཁ་གོང་མའི་གསང་མཛོད་ཆེན་པོ་ལས་བྱོན་པའི་རྟ་མགྲིན་བདེ་གཤེགས་འདུས་པའི་སྨིན་བྱེད་ལེགས་པར་གྲུབ་པ་ལགས་པས་སོགས་མཚམས་སྦྱར་ལ་དམ་ཚིག་གཟུང་བ། གཏང་རག་མཎྜལ་སྤྱི་དང་མཐུན་པས་དབང་གི་རྗེས་རིམ་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་དཀྱིལ་འཁོར་རྗེས་ཆོག་ལས་བྱང་ལྟར་མཐར་ཆགས་སུ་བྱའོ། །ལྷ་གཅིག་སྒོམ་དང་སྔགས་གཅིག་པུ། །བཟླས་ཆོག་བདེ་གཤེགས་སྤྱི་སྒྲུབ་འདིར། །འཇུག་པའི་སྐལ་བ་བཟང་ལྡན་ཏེ། །སྐྱེ་དགུ་འབད་མེད་གྲོལ་བར་ཤོག །དེང་སང་རྟ་པོད་གཞུང་དུ་འདིའི་དབང་ལུང་གི་རྒྱུན་ཆད་པས་འབད་པས་བཙལ་ནས་གཏེར་མཛོད་དུ་བཞུགས་སུ་གསོལ་ཡང་གཏེར་གཞུང་ལག་ལེན་འདེབས་དཀའ་བས་གསལ་བར་བྱེད་པ་པོ་ནི། པདྨ་གར་དབང་བློ་གྲོས་མཐའ་ཡས་ཏེ་གསུང་གི་དབང་ཕྱུག་གི་ཕོ་བྲང་དང་ཉེ་བ་ཙ་འདྲ་རིན་ཆེན་བྲག་ཏུ་བགྱིས་པ་དགེ་ལེགས་འཕེལ།། །།

RTZ-Tsagli-CHA-13-nyang gi rta mgrin bde 'dus-01.jpg
RTZ-Tsagli-CHA-13-nyang gi rta mgrin bde 'dus-02.jpg
RTZ-Tsagli-CHA-13-nyang gi rta mgrin bde 'dus-03.jpg
RTZ-Tsagli-CHA-13-nyang gi rta mgrin bde 'dus-04.jpg
RTZ-Tsagli-Dzongsar-RA-12-nyang gi rta mgrin-01.JPG
RTZ-Tsagli-Dzongsar-RA-12-nyang gi rta mgrin-02.jpeg
RTZ-Tsagli-Dzongsar-RA-12-nyang gi rta mgrin-03.JPG
RTZ-Tsagli-Dzongsar-RA-12-nyang gi rta mgrin-04.JPG
RTZ-Tsagli-Dzongsar-RA-12-nyang gi rta mgrin-05.JPG
RTZ-Tsagli-Dzongsar-RA-12-nyang gi rta mgrin-06.JPG
RTZ-Tsagli-Dzongsar-RA-12-nyang gi rta mgrin-07.JPG
RTZ-Tsagli-Dzongsar-RA-12-nyang gi rta mgrin-08.JPG
RTZ-Mandala-140-nyang gter rta mgrin bde gshegs chen dril.jpeg
RTZ-Mandala-Dzongsar-03-278-nyang gi rta mgrin.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).