Terdzo-PA-043



Property "author" has been marked for restricted use.








Terdzo-PA-043.pdf
Click the picture above to view the Shechen manuscript.

ཐུགས་སྒྲུབ་དྲག་པོ་གུ་རུ་རྡོ་རྗེ་དྲག་རྩལ་གྱི་སྨིན་བྱེད་རྩ་བའི་དབང་ལྔ་གཏོར་དབང་དང་སྦྱར་བ་དྲག་རྩལ་ཐུགས་ཀྱི་ཐིག་ལེ་

thugs sgrub drag po gu ru rdo rje drag rtsal gyi smin byed rtsa ba'i dbang lnga gtor dbang dang sbyar ba drag rtsal thugs kyi thig le

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
in cycle  ཐུགས་སྒྲུབ་དྲག་པོ་གུ་རུ་རྡོ་རྗེ་དྲག་རྩལ་ (Thugs sgrub drag po gu ru rdo rje drag rtsal)
parent cycle  གསང་འདུས་རྡོ་རྗེའི་ཐིགས་པ་ (Gsang 'dus rdo rje'i thigs pa)
Volume 13 (པ) / Pages 551-564 / Folios 1a1 to 7b3

[edit]

༄༅། །ཐུགས་སྒྲུབ་དྲག་པོ་གུ་རུ་རྡོ་རྗེ་དྲག་རྩལ་གྱི་སྨིན་བྱེད་རྩ་བའི་དབང་ལྔ་གཏོར་དབང་དང་སྦྱར་བ་དྲག་རྩལ་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། བླ་མ་རྡོ་རྗེ་དྲག་པོ་རྩལ། །གང་གི་བྱིན་རླབས་གཟི་བྱིན་གྱིས། །བདག་སོགས་སྙིང་གི་མུན་པ་སོལ། །སྨིན་བྱེད་བཀོད་ལ་བྱིན་གྱིས་རློབས། །གང་ཟག་སྤྲོས་མེད་རྣམས་ཀྱི་དོན་དུ་དྲག་པོའི་གཏོར་དབང་ཐུགས་ཀྱི་ཉིང་ཁུ་དང་རྩ་བའི་དབང་ལྔ་སྦྲགས་ནས་བསྐུར་བ་གཏེར་ཆེན་ཉིད་ནས་ཕྱག་བཞེས་བར་མ་ཆད་དུ་བྱོན་པ་དེ་ལྟར་ན། སྦྱོར་བ་སྟེགས་བུར་མཎྜལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་ཁྲི་འུར་བུམ་པ་བཅུད་བཀང་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་བཀོད། ཤར་དུ་བནྡྷ་ཆང་དང་ཆོས་སྨན་སྦྱར་བས་བཀང་བ། ལྷོར་ཕྱག་མཚན་དྲུག་གི་ཙཀླི། ནུབ་ཏུ་དཔལ་གཏོར་རྒྱན་ལྡན། བྱང་དུ་གཙོ་བོའི་སྐུ་ཙཀ་རྣམས་བཞག །སྨན་རཀ་གཏོར་གསུམ། ཕྱི་མཆོད་སོགས་སྤྱི་ལྟར་བཤམ། ལས་བུམ། ཕྲིན་ལས་ཀྱི་གཏོར་ཚོགས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་དབང་བསྐུར་བའི་དོན་དུ་ཕྲིན་ལས་ལྟར་བདག་མདུན་བུམ་པའི་བསྐྱེད་བཟླས་ལོངས་སྐབས་དང་བསྟུན་པའི་རྒྱས་བསྡུས་ཇི་ལྟར་རིགས་པར་བྱས་ལ་རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ་པ་ཙམ་གྱིས་ཆོག་གོ །དངོས་གཞི་དབང་གི་ཆོ་ག་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས། དེའང་གངས་ཅན་བོད་ཀྱི་སྐྱབས་གནས་གཅིག་པུ་པ་གསུང་རྡོ་རྗེ་སྤྲུལ་པའི་སྐུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་ཉིད། བོད་ཆོས་སྐྱོང་རྒྱལ་པོ་འཇམ་མགོན་ཁྲི་ལྡེས་སྤྱན་དྲངས་པའི་ཐོག་མར་བལ་ཡུལ་ནས་སྐད་ཅིག་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོས་མོན་ཁ་སྟག་ཚང་སེང་གེ་ཕུག་ཏུ་ཕེབ། རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་བཞེངས་ནས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཞག །སྣང་བ་མཐའ་ཡས་ཀྱིས་གསུངས་པའི་རྩ་རྒྱུད་དྲེགས་པ་སྙིང་འབྱིན་ལ་བརྟེན་ནས་སྒྲུབ་ཐབས་ཆ་ལག་དང་བཅས་པ་མཛད་ནས་རེ་ཞིག་གཏེར་དུ་སྦས། ཚུར་མཐོང་སྤྱིའི་སྣང་ངོར་སླར་བལ་ཡུལ་ནས་རིམ་བཞིན་ཆགས་ཕེབ་པའི་ཚུལ་མཛད། དཔལ་གྱི་བསམ་ཡས་འབྱོངས་པའི་རྗེས་སུ་དཀོར་སྲུང་རྒྱལ་པོ་པེ་ཧར་འདུལ་བའི་གཉེན་པོར་དྲག་པོ་དམར་ཆེན་གྱི་སྐུར་བཞེངས་པའི་ཚེ། ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མས་རྒྱུད་གདམས་ངག་ཞུས་པ་ལ་བརྟེན་ནས། བོད་ཡུལ་དྲག་སྒྲུབ་ཀུན་གྱི་སྔ་ཤོས་འདི་ཉིད་སྟག་ཚང་སེང་ཕུག་ནས་ཕྱུང་སྟེ་རྗེ་འབངས་གྲོགས་གསུམ་ལ་གདམས། སླར་ཕྱི་རབས་གདུལ་དཀའ་འདུལ་བའི་གཉེན་པོར་ཆེད་དུ་བསྔགས་པར་དགོངས་ནས་བར་ཁམས་ཀྱི་གནས་མཆོག་གླང་མ་ལུང་དུ་ཟབ་མོ་གཏེར་གྱི་རྒྱས་བཏབ་པ། བཞི་བཅུ་ཁ་རལ་གྱི་དུས་རྟགས་རྣམས་མངོན་དུ་གྱུར་པའི་ཚེ་འབངས་ཆོས་བློ་མགོན་པོའི་སྐྱེ་བ། དབང་ཆེན་རྟ་མཆོག་དཔལ་དང་ཐ་དད་མེད་པ་རྩོད་བྲལ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་བསམ་གཏན་གླིང་པའམ། སྟག་ཤམ་ནུས་ལྡན་རྡོ་རྗེས་སྤྱན་དྲངས་ཏེ་གདུག་པའི་ལྷ་སྲིན་འབྱུང་པོའི་ཚ་ངར་བཅོམ་པར་མཛད་པའི་ཟབ་ཆོས་འདི་ལ་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ལས། འདིར་རྩ་རྒྱུད་དྲེགས་པ་སྙིང་འབྱིན་ལས། གང་ཟག་སྤྲོས་པ་མེད་དོན་ལ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན༔ དམ་ཚིག་རྒྱས་གདབ་དབང་དོན་འཆད༔ སྨིན་གྲོལ་མཆོག་ལ་རེག་པར་འགྱུར༔ ཅེས་གསུངས་པ་ལྟར་གང་ཟག་སྤྲོས་མེད་ལ་དགོངས་པའི་འབྲིང་བསྡུས་གཉིས་ལྷན་ཅིག་ཏུ་བསྐུར་བ་བརྒྱུད་པའི་ཕྱག་བཞེས་ལས་འབྱུང་བ་ལྟར་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་གུ་རུ་རྡོ་རྗེ་དྲག་པོ་རྩལ་དབྱེར་མེད་དུ་མོས་པ་གྱིས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ རྩ་གསུམ་དྲག་པོའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པར་འཇུག་འདོད་བསྟན་པར་འཚལ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་གསུམ་དྲག་པོའི་དཀྱིལ་འཁོར་དུ༔ དམ་ཚིག་མི་ལྡན་གང་ཟག་ལ༔ དབང་བསྐུར་བསྟན་ཡང་མི་འཚལ་ཏེ༔ དེ་བས་དམ་ཚིག་ཚུལ་བཞིན་སྲུངས༔ ཞེས་གནང་བ་སྦྱིན། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་རྡོ་རྗེ་དྲག་པོ་རྩལ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་ལ་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་སླད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། གསག་སྦྱོང་གི་གནད་བསྡུས་པ་ཡན་ལག་བཅུ་པ་རྣམས་དོན་དྲན་བཞིན་པས་རེ་རེ་བཞིན་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལས༔ གུ་རུ་རྡོ་རྗེ་དྲག་པོ་རྩལ༔ བདག་ཉིད་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ བདག་ནི་རྣལ་འབྱོར་དབང་ཕྱུག་གིས༔ རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ ཧཱུྃ༔ རྡོ་རྗེ་དྲག་པོའི་ལྷ་ཚོགས་གཤེགས༔ དྲེགས་པ་སྡེ་བརྒྱད་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་སྒྲིབ་བཤགས་ལ་རྗེས་ཡི་རང༔ དྲག་པོའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ལན་གསུམ་གསུམ་བྱ། ཐ་མལ་གྱི་སྒོ་གསུམ་ལ་བྱིན་རླབས་འཇུག་པའི་སྐབས་མེད་པས། ཁྱེད་རང་རྣམས་སྐད་ཅིག་གིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པའི་སྐུར་གསལ་ཐོབ་ཅིག །བླ་མ་དང་དཀྱིལ་འཁོར་པ་དབྱེར་མེད་པ་རྡོ་རྗེ་དྲག་པོ་རྩལ་ཡེ་ཤེས་པའི་ཕྱག་རྒྱ་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཕྱོགས་བཅུའི་ཞིང་དང་ལྷོ་ནུབ་རྔ་ཡབ་གླིང་དུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རིག་འཛིན་ཡི་དམ་མཁའ་འགྲོ་ཐམས་ཅད་གུ་རུ་རྡོ་རྗེ་དྲག་པོའི་རྣམ་པ་སྤྲིན་འཁྲིགས་པ་ལྟར་སྤྲོ་ཆི་ལེ། འོད་མེ་རེ་བྱོན་ནས་ཁྱེད་རང་རྣམས་དང་བུམ་པ་སོགས་དབང་རྫས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དབྱངས་བཅས་ཀྱིས་བྱིན་དབབ་པ་ནི། ཧཱུྃ༔ གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔ གནས་འདིར་དབང་སྐུར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ བཛྲ་ས་མ་ཡ་ཛཿཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཡེ་ཤེས་སེམས་དཔའ་རྣམས་དམ་ཚིག་གི་སློབ་མ་འདི་རྣམས་ལ་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ་ཧཱུྃ། ཡེ་ཤེས་པ་བརྟན་ཕྱིར་མེ་ཏོག་འཐོར། དངོས་གཞི་རྩ་བའི་དབང་ལྔ་རིམ་པར་བསྐུར་བའི་ཐོག་མར་སྐུ་བུམ་པའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད། བུམ་པ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་བུམ་བཅུད་གུ་རུ་རྡོ་རྗེ་དྲག་རྩལ་ལ་ཁྲོ་བཅུ་རྒྱན་ལྷ་མཁའ་འགྲོ་དཔའ་བོ་དམ་ཅན་རྣམས་སྤྲིན་ལྟར་འཐིབས་ཤིང་གློག་ལྟར་འཁྱུག་སྟེ། ལྷ་ཚོགས་དེ་རྣམས་ཀྱི་གནས་གསུམ་ལས་བྱིན་རླབས་ཀྱི་འོད་ཟེར་དཀར་དམར་མཐིང་གསུམ་བར་མ་ཆད་པར་ཁྱེད་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་དག་ནས་གུ་རུ་དྲག་པོའི་སྐུར་གྱུར་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་དབྱིངས་གཞལ་ཡས་སུ༔ རྩ་གསུམ་དཀྱིལ་འཁོར་པད་འབྱུང་དྲག་པོ་རྩལ༔ ཁྲོ་བཅུ་རྒྱན་ལྷ་དཔའ་བོ་གིང་ཚོགས་བཅས༔ འཇའ་དཔུང་འོད་ཟེར་ཐུགས་རྗེ་བྱིན་རླབས་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་ལྔ་རྫོགས་ཉོན་མོངས་རྣམ་པར་དག༔ ཚོགས་བརྒྱད་གནས་དག་གསལ་སྟོང་ལྷ་ངོ་མཐོང༔ ཕུང་ཁམས་སྣོད་བཅུད་ལྷ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ་ཧེ་རུ་ཀ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ་ཨཱཿཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་དབང་སྤྱི་བོར་བསྐུར། བུམ་ཆུ་ངག་ལ་བླུད་དོ། །དེ་ལྟར་བུམ་པའི་དབང་བསྐུར་པས་ཁྱོད་ཀྱི་ལུས་ལ་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུའི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །བུམ་པ་ལ་བརྟེན་ནས་དྲག་པོའི་སྐུའི་དབང་ཐོབ་པས། སྣང་སྲིད་སྣོད་བཅུད་བདག་ལུས་ཐ་མལ་དུ་མ་ལུས་པར་སྣང་སྟོང་དྲག་པོའི་ལྷ་ཚོགས་སུ་ངོ་ཤེས་པར་མཛོད་ཅིག །གཉིས་པ་གསུང་བྷནྡྷའི་བདུད་རྩིའི་དབང་བསྐུར་བ་ལ། བྷནྡྷར་བདུད་རྩིའི་རྒྱ་མཚོའི་དབུས་སུ་རྩ་གསུམ་དྲག་པོའི་ལྷ་ཚོགས་གསལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་རང་བཞིན་དང་དབྱེར་མེད་པ་དེ་ཉིད་ཁྱེད་རང་གི་ངག་ལ་ཐིམ་པས་ངག་གི་དྲི་མ་དག་ནས་གུ་རུ་དྲག་པོའི་གསུང་གི་ནུས་པ་ཐམས་ཅད་རང་ལ་ཐིམ་པའི་མོས་པ་མཛོད། ཨཱ༔ བྷནྡྷ་ཁོར་ཡུག་ཆོས་དབྱིངས་ཡངས་པའི་སྣོད༔ བཅུད་ནི་དམ་རྫས་བདུད་རྩི་ཡེ་ཤེས་མཚོ༔ རྩ་ཁམས་དག་པ་བདེ་བའི་རང་བཞིན་བསྐྱེད༔ ངག་ཏུ་བདེ་སྟོང་གསང་བའི་དབང་བསྐུར་བས༔ བདེ་བ་ཆེན་པོའི་དབང་བསྐུར་མཆོག་ཐོབ་ཤོག༔ སྙིང་པོའི་ཤམ་དུ། བཛྲ་ཨ་མྲྀཏ་ཀུཎྜ་ལཱི་མ་ཧཱ་སུ་ཁ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཅེས་བདུད་རྩི་ངག་ཏུ་སྦྱིན། དེ་ལྟར་བནྡྷ་བདུད་རྩིའི་དབང་བསྐུར་བས་ཁྱོད་ཀྱི་ངག་ལ་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་གསུང་གི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །བདུད་རྩི་ལ་བརྟེན་ནས་དྲག་པོའི་གསུང་གི་དབང་ཐོབ་པས། སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་རླུང་ཟུང་འཇུག་གི་དོན་ངོ་ཤེས་པར་མཛོད་ཅིག །གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ལ། ལྷ་ཚོགས་རྣམས་ཀྱི་ཐུགས་ལས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་བརྡ་དོན་རྟགས་སུ་འབྲེལ་བའི་དཔལ་ཆེན་དྲག་པོའི་ཕྱག་མཚན་རྣམས་འཕྲོས་ཏེ་ཁྱེད་རང་རྣམས་ལ་གཏད་པས་སྒོ་གསུམ་གྱི་ནད་གདོན་དང་ཁྱད་པར་སེམས་ཀྱི་དྲི་མ་དག་ནས་གུ་རུ་དྲག་པོའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་ཐིམ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ རྡོ་རྗེ་འབར་བས་རི་རབ་ཐང་ལ་བསྙིལ༔ རལ་གྲི་འབར་བས་དགྲ་བགེགས་དུམ་བུར་གཏུབས༔ བྷནྡྷ་ཐོད་ཁྲག་རྣམ་རྟོག་རྩད་ནས་གཅོད༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་དབྱིངས་སུ་སྒྲོལ༔ ལྕགས་སྡིག་ནག་པོས་བགེགས་ཀྱི་སྙིང་ཁྲག་འཇིབས༔ དཔལ་ཆེན་དྲག་པོའི་ཐུགས་ཀྱི་ཕྱག་མཚན་འདི༔ འགྱུར་བ་མེད་པ་རྡོ་རྗེའི་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་མཆོག་འདི་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ དྲག་པོའི་བྱིན་རླབས་མ་ལུས་འདུས་པའི་དཔལ༔ དབང་བསྐུར་ཡོངས་རྫོགས་དེང་འདིར་ཐོབ་པར་ཤོག༔ སྙིང་པོའི་ཤམ་དུ། ཨོཾ་བཛྲ་ཀརྨ་ཀྲི་ཤ་བྷནྡྷ་རཀྵ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་སྙིང་གར་བསྐུར་ཞིང་ལག་ཏུ་གཏད། དེ་ལྟར་ཐུགས་ཕྱག་མཚན་ཡོངས་རྫོགས་ཀྱི་དབང་བསྐུར་པས་ཁྱོད་ཀྱི་སེམས་ལ་གུ་རུ་དྲག་པོའི་ཐུགས་ཀྱི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །ཕྱག་མཚན་ལ་བརྟེན་ནས་ཐུགས་ཀྱི་དབང་ཐོབ་པས་དྲན་རྟོག་གང་ཤར་ཐམས་ཅད་རང་རིག་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གསལ་སྟོང་ཟུང་འཇུག་གི་དོན་ལས་མ་གཡོས་པ་ངོ་ཤེས་པར་མཛོད་ཅིག །བཞི་པ་ཡོན་ཏན་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། གཏོར་མ་ཤེས་པ་བཞིའམ་དྲུག་ལྡན་དུ་གསུངས་པ་ལས་དབང་གི་སྐབས་སུ་ལྷ་དང་བྱིན་རླབས་སུ་ཤེས་དགོས་པས་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་དུར་ཁྲོད་འབར་བའི་ནང་དུ་གཏོར་མ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་གཏོར་མའི་ངོ་བོ་མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ་ལས་རྩ་གསུམ་ཆོས་སྐྱོང་དམ་ཅན་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་མ་ལུས་པ་འདུས་པའི་དབང་རྣམས་ཐོབ་པས་ཕྲིན་ལས་རྣམ་བཞིའི་བདག་ཉིད་དུ་གྱུར་སྙམ་པའི་མོས་པ་མཛོད། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་སྟོན་པ༔ བདེ་གཤེགས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འདུས༔ རང་བྱུང་མ་འགགས་ལྷུན་གྱིས་གྲུབ་པའི་ལྷ༔ འཇིགས་བྱེད་ཆེ་མཆོག་རྡོ་རྗེ་དྲག་པོ་རྩལ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་འདི་ལ་དབང་བཞི་བསྐུར་དུ་གསོལ༔ སྐུ་ནི་མི་འགྱུར་འཆི་མེད་རྡོ་རྗེའི་སྐུ༔ ལུས་ལ་སྐུ་ཡི་དབང་བསྐུར་ཡོངས་རྫོགས་ཤོག༔ གསུང་ནི་འགག་མེད་ཚངས་དབྱངས་རྡོ་རྗེའི་གསུང༔ འགག་མེད་ཚངས་དབྱངས་གསུང་གི་དབང་ཐོབ་ཤོག༔ ཐུགས་ནི་སྤྲོས་བྲལ་འཁྲུལ་མེད་ཆོས་ཀྱི་དབྱིངས༔ འགྱུར་མེད་ཐུགས་ཀྱི་དབང་བསྐུར་མཆོག་ཐོབ་ཤོག༔ གཏོར་ཆེན་འབར་བ་སྐུ་གསུམ་ལྷུན་གྱིས་རྫོགས༔ རྣམ་དག་བདེ་ཆེན་སྤྲོས་བྲལ་ནམ་མཁའ་ཆེ༔ རྒྱལ་བ་མ་ལུས་འདུས་པའི་མཆོག་ཆེན་པོ༔ དྲག་པོའི་དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ཤྲཱི་ཧེ་རུ་ཀ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨ་མི་དྷེ་ཝ༔ ཁྲོཾ་གུ་རུ་ཎ༔ ཡ་མཱནྟ་ཀ༔ ཧྱ་གྲཱི་ཝ༔ བཛྲ་པཱ་ཎི༔ ཧ་རི་ནི་ས༔ ཡཀྴ་ཧཱུྃ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་དྲག་པོ་རྩལ༔ ཨོཾ་བཛྲ་ཧེ་རུ་ཀ༔ རཏྣ་ཧེ་རུ་ཀ༔ པདྨ་ཧེ་རུ་ཀ༔ ཀརྨ་ཧེ་རུ་ཀ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ གུ་རུ་ཀྲོ་ཏ་སརྦ་ས་མ་ཡ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གུ་ཎ་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་གནས་གསུམ་དུ་བསྐུར། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲག་པོ་གཏོར་ཆེན་འབར་བའི་དབང་བསྐུར་པས༔ ལུས་སྣང་སྟོང་ལྷའི་སྐུར་གྱུར་ཏེ༔ བུམ་པའི་དབང་ཐོབ༔ ངག་གྲགས་སྟོང་སྔགས་ཀྱི་རང་བཞིན་དུ་གྱུར་ཏེ༔ གསུང་གསང་བའི་དབང་ཐོབ༔ སེམས་ཆོས་ཉིད་བདེ་སྟོང་དུ་གྱུར་ཏེ༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྒོ་གསུམ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་དབང་བཞི་པའི་དོན་ཡོངས་རྫོགས་ཐོབ་པ་ཡིན་ནོ༔ ལྔ་པ་ཕྲིན་ལས་ཡོངས་རྫོགས་སྐུ་འབག་གི་དབང་བསྐུར་བ་ལ། རྡོ་རྗེ་དྲག་པོ་རྩལ་གྱི་ཡེ་ཤེས་ཀྱི་སྣང་བརྙན་ཞལ་གསུམ་སྐུ་གསུམ། ཕྱག་དྲུག་ཕ་རོལ་ཕྱིན་དྲུག །མཚོན་ཆ་དྲུག་གིས་འགྲོ་དྲུག་ཐར་པར་སྒྲོལ་བ། དུར་ཁྲོད་དང་དཔལ་ཆས་གཉིས་རྟོག་གི་དྲེགས་པ་དབང་དུ་སྡུད་པ། ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན་པ། ཡུམ་རྡོ་རྗེ་ཕག་མོ་སྐུ་ལ་འཁྲིལ་བ་ནི་བདེ་སྟོང་ཐབས་ཤེས་གཉིས་སུ་མེད་པས་འགྲོ་བའི་དོན་མཛད་པའི་བརྡ་སྟེ། དེ་ལྟར་དོན་གྱི་བརྡ་རྟགས་དང་ལྡན་པའི་ཡི་དམ་དབང་དྲག་པདྨའི་སྐུ་འདི་ཉིད་དུས་རྣམས་ཀུན་ཏུ་མ་བརྗེད་པར་སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ་པ་དང་། གསུང་གི་སྙིང་པོ་གྲགས་སྟོང་ཆུ་བོའི་རྒྱུན་ལྟར་བཟླ་བ་དང་། ཐུགས་ཀྱི་ཏིང་འཛིན་གསལ་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་ལ་མཉམ་པར་བཞག་པས། ཡོན་ཏན་གྱི་ནུས་པ་གུ་རུ་དྲག་པོ་དང་མཉམ་ཞིང་མཐུ་སྟོབས་ཕྲིན་ལས་བཞི་ལ་དབང་ཐོབ་པས་ལས་བཞི་གང་བརྩམ་ཡང་ཐོགས་མེད་དུ་འགྲུབ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཆོས་སྐུ་ཡེ་ནས་ཀ་དག་ངོ་བོ་ལས༔ དབྱེར་མེད་དག་པ་ལོངས་སྐུའི་ཕྱག་རྒྱར་གསལ༔ རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་སེམས་དཔའི་སྐུ༔ རྣམ་འཕྲུལ་རབ་ཁྲོས་རྡོ་རྗེ་དྲག་པོ་རྩལ༔ སྐུ་གསུམ་རྣམ་དག་ཡོངས་རྫོགས་བདེ་བ་ཆེ༔ འཛིན་རྟོག་རང་སར་དག་ཕྱིར་དབང་བསྐུར་རོ༔ གཙོ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་སྐུ་འབག་གནས་གསུམ་དུ་བཞག །དེ་ལྟར་ཕྲིན་ལས་ཡོངས་རྫོགས་སྐུ་འབག་ལ་བརྟེན་ནས་དབང་བསྐུར་པས། སྐལ་ལྡན་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །དེ་ལྟར་འཁོར་ལོ་ལྔ་རབ་ཏུ་གནས་པ་ལ་བརྟེན་ནས་གནས་སྐབས་སུ་གཟའ་ཀླུ་རྒྱལ་བསེན་འབྱུང་པོའི་གནོད་པའི་ནད་གདོན་བར་ཆད་ཐམས་ཅད་ཞི་ནས་མཐར་ཐུག་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། མེ་ཏོག་འཐོར་རོ། །སྐུ་གཟུགས་སྤྱི་བོར་བཞག་པས་བུམ་པའི་དབང་ཐོབ། མགྲིན་པར་བཞག་པས་གསང་དབང་ཐོབ། སྙིང་གར་བཞག་པས་ཡི་དམ་ལྷ་དང་རང་སེམས་དབྱེར་མེད་འདྲེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྣང་བ་སྐུ །གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་ངོ་ཤེས་པས་ཚིག་དབང་ཐོབ། རྗེས་ཤེས་བདེ་གསལ་མི་རྟོག་ཉམས་འབར་བས། ངོ་བོ་ངོས་བཟུང་མེད་པ་ལས་དེ་ཁོ་ན་ཉིད་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ། །མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་དག་གིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་རྩ་བའི་དབང་བསྐུར་གཏོར་དབང་དང་བཅས་ལེགས་པར་ཐོབ་པ་ཡིན་པས་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དབང་དོན་དམ་ཚིག་བྱེ་བྲག་རྣམས༔ མ་ལུས་ཐམས་ཅད་བདག་གིས་བགྱིད༔ དམ་ཚིག་འདི་ལ་འདའ་རེ་ཀན༔ ཞེས་དང་གཏང་རག་མཎྜལ་སོགས་སྤྱི་མཐུན་བྱ། རྗེས་ཀྱི་རིམ་པའང་ལས་བྱང་གི་མཇུག་ཆོག་རྒྱས་བསྡུས་སྐབས་ཕྱེད་པར་བྱས་པས་གྲུབ་བོ། །མི་ཤིགས་འཁོར་ལྔའི་ཏི་ལ་ཀ །བླ་མ་དྲག་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཉིད་དུ་སྨིན། །མི་ཟད་རྒྱན་འཁོར་སྤྲོ་བྱེད་ཤོག །ཅེས་པའང་ཉེར་མཁོ་ཁྱེར་བདེའི་སླད་དུ་འཁྲུལ་མེད་བརྒྱུད་པའི་གསུང་རྒྱུན་ཉིད་ཁུངས་སུ་བྱས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-PA-14-stag sham gur drag rtsa dbang-01.JPG
RTZ-Tsagli-Dzongsar-PA-14-stag sham gur drag rtsa dbang-02.JPG
RTZ-Tsagli-Dzongsar-PA-14-stag sham gur drag rtsa dbang-03.JPG
RTZ-Mandala-068-stag sham rdo rje drag rtsal.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).