Terdzo-NGI-013



Property "author" has been marked for restricted use.








Terdzo-NGI-013.pdf
Click the picture above to view the Shechen manuscript.

སྔགས་རྒོད་ལོཀྟྲི་པཱ་ལའི་སྲུང་ཟློག་གཏོར་ཟོར་ལ་བརྟེན་པའི་ལས་རིམ་བལྟས་ཆོག་ཏུ་བཀོད་པ་དྲང་སྲོང་དམོད་པའི་ཐོག་མདའ་

sngags rgod lok+t+ri pA la'i srung zlog gtor zor la brten pa'i las rim bltas chog tu bkod pa drang srong dmod pa'i thog mda'

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  སྔགས་རྒོད་ལོཀྟྲི་པཱ་ལ་ (Sngags rgod lok+t+ri pA la)
Volume 34 (ངི) / Pages 149-194 / Folios 1a1 to 23b6

Tibetan Text

༄༅། །སྔགས་རྒོད་ལོཀྟྲི་པཱ་ལའི་སྲུང་ཟློག་གཏོར་ཟོར་ལ་བརྟེན་པའི་ལས་རིམ་བལྟས་ཆོག་ཏུ་བཀོད་པ་དྲང་སྲོང་དམོད་པའི་ཐོག་མདའ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་རྀ་ཥི་ཤཱནྟ་ཀྲོ་དྷཱ་ཡ། བདེན་ཚིག་དམོད་པའི་ཕྱག་རྒྱས་སྟོང་ཁམས་ཀྱི། །བདུད་བགེགས་དྲེགས་ཚོགས་སྒོ་གསུམ་གཡོ་མེད་བཅིངས། །སྒྲུབ་ལ་མཆོག་སྩོལ་གསང་བདག་སྤྲུལ་པའི་སྐུ །དྲང་སྲོང་དྲི་མེད་ཞི་དང་ཁྲོ་བོར་འདུད། །རྐྱེན་ངན་སྤྱི་དང་ཁྱད་པར་སྡེ་བརྒྱད་ཀྱི། །བྱད་ཟོར་ཟློག་ལས་ཀུན་ལ་ཆེས་ཟབ་པ། །རྣོ་མྱུར་ཐོག་འདྲའི་སྲུང་ཟློག་བལྟས་ཆོག་ཏུ། །འཁྲུལ་མེད་རིག་འཛིན་གོང་མའི་གསུང་བཞིན་བསྡེབ། །གཏེར་ཁ་གོང་འོག་གཉིས་འདུས་དྲང་སྲོང་དམོད་པའི་སྔགས་རྒོད་ལོཀྟྲི་པཱ་ལའི་སྲུང་ཟློག་བསད་པའི་ལས་རིམ་ཁྱད་པར་བ་རྣམས་ནི། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ཀྱི་གསུང་ལས་རྟོགས་པར་བྱ་དགོས་ཤིང་། འདིར་རྒྱུན་གྱི་ཁྱེར་བདེའི་ལག་ལེན་གཏོར་ཟོར་ལ་བརྟེན་པའི་སྲུང་ཟློག་དཀྱུས་འགྲེའི་ལས་རིམ་བརྩམ་པ་ལ་དོན་གསུམ། སྦྱོར་བ་བཅའ་གཞི་གཤོམ་བཀོད། དངོས་གཞི་བསྙེན་སྒྲུབ་ལས་སྦྱོར། རྗེས་འཕང་བའི་ལས་ཀྱིས་མཇུག་བསྡུ་བའོ། །དང་པོ་ནི། སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པ་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། འདི་ཉིད་ཀྱི་རིག་གཏད་ནོས་ཏེ་དྲང་སྲོང་དྲི་མེད་ཞི་ཁྲོའི་བསྙེན་པ་སོང་བའི་སྔགས་པས་དྲག་པོའི་གནས་མཚན་ཉིད་དང་ལྡན་པ་ལ་སོགས་པར། སྔར་གཞི་མ་དུལ་བ་ཡིན་ན་གཞི་བདག་ལ་དཀར་གཏོར་བྱིན་ནས་གནང་བ་ནོད། སྒྲུབ་ཁང་གི་ཕུག་ལོག་ལྟ་བུ་གང་བདེར་དྲང་སྲོང་ཞི་ཁྲོའི་ཐང་སྐུ་སོགས་ཡི་དམ་ཆོས་སྐྱོང་གི་རྟེན་བཀྲམ་པའི་མདུན་དུ་མཆོད་སྟེགས་བང་རིམ་གསུམ་པ་ཁེབས་གཙང་མས་བཀབ་པའི་བསྟར་དང་པོར། རིན་པོ་ཆེའི་སྣོད་དུ་དྲང་སྲོང་ཞི་བའི་དཀར་གཏོར་དཀར་གསུམ་མངར་གསུམ་ཤིང་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་མདུན་དུ་མར་མེ་དྲི་ཆབ་སྤོས་ཞལ་ཟས་རྣམས་གཙང་མར་སྦྱར་བ། གཡས་གཡོན་དུ་གུ་རུ་ཞི་དྲག་ཕུར་གཤིན་སོགས་རང་གི་རྒྱུན་གྱི་ཡི་དམ་གང་ལ་བྱེད་པའི་གཏོར་མ་བཤམ། བསྟར་གཉིས་པར་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྤྱི་དང་། བྱེ་བྲག་སྒོས་སྲུང་དྲེགས་པའི་སྡེ་དཔོན། གཏེར་སྲུང་མཁའ་རི་སོགས་དང་། གཞི་བདག་གཏོར་མ་རྣམས་ཀྱི་གཡས་གཡོན་སྨན་རག །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བསྟར་གསུམ་པར་ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཀྱང་ཉེར་བར་བསྡོག །དེའི་མདུན་ཕྱོགས་ལྟ་བུ་གང་བདེར་ལས་དཀྱིལ་ནི། ཕུང་ཤུལ་གཡུལ་བཀྱེས་རོ་བསྲེགས་སོགས་གདུག་པའི་ས་སྣ་གསུམ་གྱི་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བརྩིགས་པའམ། མ་བྱས་ཀྱང་རུང་སྟེ་གཞི་དེར་ཞིང་ངམ་གཅན་གཟན་གྱི་པགས་པ་གན་རྐྱལ་དུ་བཏིང་བའམ། མ་འབྱོར་ན་གཞི་མ་ནག་པོའི་སྟེང་དུ་འབྲུ་ནག་བྲ་བོ་ཁྲག་གིས་སྦགས་པའི་ཚོམ་བུ་དབུས་དང་ཕྱོགས་མཚམས་བརྒྱད་དུ་བཀོད། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཆུ་དང་ཆང་ཁྲག་གིས་སྦྲུས་པར། ཁྱད་པར་རྫས་ལྔ་ཞེས་སྔར་གྱི་གཏོར་ཟན་རྙིང་པ་དང་ཆོས་སྨན་བཙན་དུག་ཤ་ཆེན་ཁྲག་ཆེན་རྣམས་བསྲེས་པའི་དྲག་པོའི་བཤོས་བུ་ཟུར་གསུམ་རྣོ་དབལ་ཅན་དཀྱིལ་དམར་མཐའ་ནག་པོ། འཁོར་གྱི་བཤོས་ཕྲན་བརྒྱད་དང་བཅས་པ་བཅད་ཁ་ཕྱིར་བསྟན་པའི་མཐེབ་ཀྱུ་ཁྲག་ཀོང་རྣམས་ཀྱིས་བསྐོར་ཞིང་མཚེ་ཡུངས། རྩང་དམར། རྩང་ལ་བསྐྱོན་པའི་ལིངྒ་དམར་པོ་ཁ་སྦུབ་པ། བསད་ཤ་དམར་པོ། རྒྱུ་རློན་སོགས་དྲག་རྒྱན་རྔམ་བརྗིད་ཅན་གྱི་རྩེ་མོར་སྐུ་རྟེན་ཙཀླི་ལ་མེ་ལོང་བཏགས་པ། མདའ་དར་ནག་པོའི་འཕུར་ལྡིང་གཡོ་བ་ཟློག་འཁོར་དང་བཅས་པ་འཛུགས། དེ་ཡང་བཅས་རྒྱས་པའི་སྐབས་སྲུང་ཟློག་གི་འཁོར་ལོ་སོ་སོར་སྲུང་ལྟེབ་བྱས་ཏེ་གཏོར་གདུགས་ཁྲོད་དུ་འདོགས་པ་ཡིན་ཡང་། གཏོར་ཟློག་གི་སྐབས་འདིར་སྲུང་འཁོར་སྲུང་ལྟེབ་བྱས་ནས་གཏོར་གདུགས་ཀྱི་འོག་ཏུ་གདགས་ཤིང་ཟློག་འཁོར་ཕྱར་ཐབས་སུ་གཏོར་མའི་རྩེར་འཛུག་པ་ཉིད་རྣམ་པ་གསལ་བས་དེ་ལྟར་ཕྱག་ལེན་དུ་མཛད། རྒྱས་པར་སྤྲོ་ན་དབུས་ཀྱི་གཏོར་མའི་ལྟེ་བའི་སྨད་ཆར་བསད་པའི་ཙཀྲ་དང་། རྦོད་གཏོང་ཟློག་པའི་འཁོར་ལོ་ལིངྒ་ཅན་དང་། འཁོར་གྱི་གཏོར་མ་བརྒྱད་ལ་མདུན་ནས་གཡས་སྐོར་གྱིས་རིམ་བཞིན་འཇིག་རྟེན་མགོན་པོ་ནས་བཟུང་རྒྱལ་པོའི་བར་སྒོས་ཟློག་གི་འཁོར་ལོ་རང་རྫས་ཀྱིས་དཔེའུ་ཆུང་བཞིན་བྲིས་པ་ཚོན་སྐུད་ཀྱིས་བཅིངས་ཏེ་བཅུག་ལ་མཐར་ལས་སྦྱོར་གྱི་སྐབས་སུ་འདོན་བདེའི་བཅས་བྱའོ། །བསྡུ་ན་དྲག་སྔགས་ཐེམས་དང་བཅས་པའི་ཤོག་དྲིལ་འཇུག་པར་གསུངས་པས། གཙོ་གཏོར་གྱི་ནང་དུ་དུག་ཤོག་ལ། རྦད་ཐུམས་རིལ་ལི། ཨོཾ་ལོཀྟྲི་པཱ་ལ་ནན། འཇིག་རྟེན་མགོན་པོས་བྱད་མ་རྦོད་གཏོང་ལྷ་སྲུང་དང་བཅས་པ་བྷྱོ་ཟློག་སོད། རྦད་ཐུམས་རིལ་ལི། ས་ག་པཱ་ཤ་ནན། ས་བདག་གིས་བྱད་མ་རྦོད་གཏོང་ལྷ་སྲུང་དང་བཅས་པ་བྷྱོ་ཟློག་སོད། མགོ་མཇུག་དེས་འགྲེས་ཏེ། ༴ནཱ་ག་དུ་དུ་ནན་ཀླུ་བདུད་ཀྱིས༴ ༴མ་མཾ་མ་མཾ་མ་མོས༴ ༴ཙིར་ཙར་ཙིར་ཙར་བཙན་གྱིས༴ ༴བཾ་རུ་ལུ་བཾ་རུ་ལུ་བདུད་ཀྱིས༴ ༴རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་གཟའ་བདུད་ཀྱིས༴ ༴ཧོ་ར་ཧོ་ར་རྒྱལ་པོས༴ ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་བྱད་མ་རྦོད་གཏོང་ལྷ་སྲུང་དང་བཅས་པའི་ཀཱ་ཝཱ་ཙི་བརླག་བརླག །གནོད་བྱེད་བྱད་མ་རྦོད་གཏོང་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག་སོད། རིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱག་ཀ་པ་ཡེ། ཞེས་ཕྲེང་གཅིག་ཏུ་བྲིས་པ་དུག་ཁྲག་གིས་བྱུགས་ཏེ་མགོ་ནས་དྲིལ་ལ་འཇུག་གོ །དེ་བཞིན་དུ་འཁོར་གྱི་བཤོས་ཕྲན་བརྒྱད་ཀྱི་དང་པོར། རྦད་ཐུམས་རིལ་ལི། ཨོཾ་ལོཀྟྲི་པཱ་ལ་ནན། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་བྷྱོ་ཟློག་སོད། རིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱག་ཀ་པ་ཡེ། ཞེས་པས་མཚོན་ཏེ། ས་ག་པཱ་ཤ་ནས། ཧོ་ར་ཧོ་རའི་བར་འགྲེས་སུ་བྲིས་པའི་ཤོག་དྲིལ་གོང་བཞིན་བྱས་ལ་གཏོར་མ་སོ་སོར་འཇུག །གཏོར་ཆེན་གྱི་མཐའ་སྐོར་དུ་རི་གསུམ་འདུས་པའི་ས་དང་དུར་ཁྲོད་གཡུལ་བཀྱེས་ཕུང་ཤུལ་གྱི་ས་དུག་ཁྲག་གིས་སྦྲུས་པའི། དྲག་པོའི་ཀོང་བུ་ཟུར་གསུམ་རྒྱ་དཔངས་སོར་བཞི་པའི་ནང་གྲི་ཁྲག་གིས་དམར་པོ་དང་ཕྱི་རོ་སོལ་གྱིས་ནག་པོར་བྱུགས་པའི་ནང་དུ་ཁྲག་སྣ། ཡུངས་དཀར་ནག །ལྕགས་ཟངས་རྡོའི་ཕྱེ་མ། སྐེ་ཚེ། ཤང་ཚེ། ཐལ་ཆེན། དུག་སྣ། མཚེ་དང་ཡུངས་དཀར་གོང་བུ། དྲེགས་པའི་ས་བོན་བྲིས་ནས་དུག་ཁྲག་གིས་བྱུགས་པའི་རྩང་དམར་བསྣོལ་མས་བརྒྱན་པའི་ལོགས་གསུམ་དུ་བྷྱོ་ཟློག་རྦད་བྲིས་པ་བཞི། སྐྱེར་མདའ་འུག་སྒྲོ་མ་གྲི་ལྕགས་ཀྱི་མདེའུ་བསྐྱོན་པར་དྲག་སྔགས་ཐེམས་དང་བཅས་བྲིས་ནས་སྦྲུལ་འཁྱུད་ལྟར་དཀྲིས་ལ་དུག་ཁྲག་གིས་བྱུགས་པ་བཞི། ཀོང་བུ་ཟུར་གསུམ་ཁྲག་སྣས་བཀང་བ་བཞི། མི་བསད་ཀྱི་རྦབ་རྡོའམ་དུར་ཁྲོད་ཀྱི་རྡོ་ནག་ལ་བྷྱོ་ཟློག་རྦད་བྲིས་པ་བཞི་རྣམས་ཏེ་ཟོར་རྫས་བཅུ་དྲུག་པོ་གཡས་སྐོར་དུ་སྤེལ་མར་བཀོད། དེ་དག་གི་ཉེ་ལོགས་སུ་ཚོན་སྐུད་ཀྱི་སྒུལ་ཐོག་མི་ལྤགས་ཀྱི་མཐིལ་ཡུགས་སྐྲའི་ལྗགས་ཅན་དང་ཟོར་གཞུ་བཅས་པའང་བཤམ། དཀྱིལ་འཁོར་གྱི་མདུན་དུ་ནག་པོའི་གཏོར་མ་ཟུར་གསུམ་པ་འཁོར་སྡེ་བརྒྱད་ཀྱི་གཏོར་མ་བཅས་པ་ཤ་ཁྲག་སྙིང་སྣས་བརྒྱན་པ་གཡས་གཡོན་དུ་སྨན་རཀ་དང་། དེའི་མཐར་ཁྲག་ཆེན་དང་བསྲེས་པའི་ཆུ་གཉིས། རང་རྫས་བསྲེས་པའི་དབང་པོ་ལྔའི་མེ་ཏོག་བཅོས་མའམ་ནས་ནག་གི་མེ་ཏོག །ཤ་ཆེན་སྦྱར་བའི་སྤོས། ཚིལ་རྐང་འབྲུ་མར་གྱི་མར་མེ། ཆང་ལ་མཁྲིས་ཆེན་སྦྱར་བའི་དྲི་ཆབ། ཤ་རུས་བསྲེས་པའི་ལྷ་བཤོས་དམར་པོ་ཟུར་གསུམ་སོགས་དྲག་པོའི་ཉེར་སྤྱོད་རྣམས་བསྐོར་བཤམ་བསྒྲིག །ཟུར་ཞིག་ཏུ་ཐུན་གཏོར་ཟུར་གསུམ་ལོགས་གསུམ་དུ་ཨོང་སྐྱུ་སྦྱར་ལ་ཤ་ཁྲག་གིས་བརྒྱན་པ་རྣམས་བཀོད། ལྕགས་སྣོད་ལྟ་བུ་ཡངས་པ་ཞིག་ཏུ་བྲུབ་ཁུང་ནང་ཉ་བོ་བཅུག་པ། བྱ་འུག་གི་དང་རུའི་སྒྲོ། ཐོད་པ་མཚན་ངན་དུ་ཡུངས་དཀར་ནག་རྦབ་རྡོ་ཟངས་ལྕགས་ཀྱི་ཕྱེ་མ་རྣམས་དུག་ཁྲག་གིས་ངར་བཏགས་པའི་ཐུན་རྫས། སྲོག་ཕུར་གདབ་ཕུར། གྲི་ལྕགས། སྒྲོལ་གྲི །ཐོ་བ། ཧོམ་གཟར་རྣམས་དར་ནག་གི་ཁེབས་དང་བཅས་པ་ལས་དཀྱིལ་གྱི་གཡོན་ངོས་ལྟ་བུར་བཞག །སློབ་དཔོན་གྱི་མདུན་དུ་གཡོན་ནས་རིམ་བཞིན་ནང་མཆོད་ཐོད་པ། དྲིལ་བུ། རྡོ་རྗེ། ཌཱ་མ་རུ། ནས་ཟེ། གཡབ་དར། སྲས་ཕུར་རྣམས་དང་། གཞན་ཡང་ཚོགས་ཀྱི་འཁོར་ལོའི་ཡོ་བྱད། གཞི་བགེགས་ཀྱི་གཏོར་མ་དཀར་དམར། རོལ་མོའི་བྱེ་བྲག་ལ་སོགས་པ་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ཞག་གྲངས་སམ་ཐུན་བཞིའི་རིམ་པས་སྒྲུབ་པ་དང་། ཆོ་གའི་དཀྱུས་གཅིག་ཏུ་ཚང་བར་བྱ་བ་གཉིས་ལས། དང་པོ་ལྟར་ན། ཞག་གསུམ་མམ་བདུན་རེ་ལ་སོགས་པའི་གྲངས་སུ་བཅད་ནས་ཆོག་མོད་ཀྱི་སྒྲུབ་མཁན་དཀོན་ལ། ཐུན་བཞིའི་རིམ་པས་བསྙེན་སྒྲུབ་སྲུང་ཟློག་བསད་པ་རྣམས་རིམ་བཞིན་ཉམས་སུ་ལེན་པར་འདོད་ན། ཐོར་ཐུན་ལ་བསྙེན་སྒྲུབ། སྔ་ཐུན་ལ་སྲུང་བ། དགོང་མཐུན་ལ་ཟློག་པ། སྲོད་ཐུན་ལ་བསད་པ་རྣམས་སོ་སོར་ཉམས་སུ་བླངས་པའི་ཐུན་སོ་སོའི་མཐར། ཐུན་གཏོར་ལ་རཀྟ་བྲན་དགུག་གཞུག་བྱ་བདུད་རྩིར་བྱིན་གྱིས་བརླབས་ཏེ། བསྙེན་སྒྲུབ་དང་སྲུང་བ་གཉིས་ལ་མཆོད་པའི་ཚུལ་དུ་ཕུལ་ལ་འདོད་དོན་གསོལ། ཟློག་བསད་གཉིས་ལ་ཟོར་དུ་ཤེས་པས་དགྲ་ཕྱོགས་སུ་འཕང་། སྲོད་ཐུན་གྱི་མཇུག་ཏུ་ཆོས་སྲུང་གཏོར་འབུལ་དང་ཚོགས་མཆོད་འཕྲོས། གཏོར་ཟློག་ནུབ་རེ་བཞིན་འགྲུབ་ན་སྦྱོར་ཆོག་ལ། མི་འགྲུབ་ན་སྒྲུབ་པ་ཟིན་ཉེའི་མཇུག་ནུབ་གསུམ་ཙམ་དུ་སྦྱར། ནུབ་རེའི་རྗེས་ཆོག་དང་། མཐར་འཕང་བའི་ལས་ཀྱིས་མཇུག་སྡུད་པར་བྱའོ། །གཉིས་པ་ནི་ད་ལྟའི་ཕྱག་བཞེས་སྤྱི་འགྲོ་ཡིན་ཏེ། དེའང་ཐོག་མར་ཚིག་བདུན་གསོལ་འདེབས། བརྒྱུད་འདེབས། སྨིན་ལུགས་ལས་བྱང་སྙིང་པོའི་དོན་གསལ་གྱི་སྐྱབས་སེམས་ནས་བརྩམ་སྔོན་འགྲོ་རྣམས་དང་། དངོས་གཞི་དྲང་སྲོང་ཞི་བའི་སྒོམ་བཟླས་ཡན་སོང་ནས་གནས་བསྒྱུར་གྱི་ཚེ། མཆོད་རྟེན་དུ་སྒྱུར་བ་སོགས་སྲུང་ཟློག་བསད་པའི་མན་ངག་རྡོ་རྗེའི་ཐོག་འབེབ་ལྟར་བྱས་ཀྱང་ཆོག་མོད། པུ་རིའི་བཅས་དང་མི་འབྲེལ་སྐབས་དེ་ལྟར་དགོས་ངེས་ཀྱང་མེད་པས། སྲུང་ཟློག་གི་ཆོ་ག་དཀྱུས་གཅིག་ཏུ་སྒྲུབ་པ་གཙོར་བཏོན་སྐབས་འདིར་བདག་མདུན་གཉིས་ཚིག་རིས་གཅིག་གིས་འདི་ལྟར་བསྒོམ་སྟེ། རང་ཉིད་དྲང་སྲོང་ཞི་བ་རུ། །གསལ་བ་འོད་དུ་ཞུ་བ་ལས། །མཐིང་ནག་གནམ་ལྕགས་རྡོ་རྗེ་ནི། །རྩེ་དགུ་ཆེ་བརྗིད་རྣོ་དབལ་འབར། །ཡར་རྩེ་མེ་འབར་ཚྭ་ཚྭ་འཕྲོ། །མར་རྩེ་བྱད་མ་གན་རྐྱལ་གྱི། །ལྕེ་ཡིས་བྲང་ཁེབས་སྙིང་དབུས་གཟེར། །རྡོ་རྗེའི་ལྟེ་བ་ཡངས་པའི་ནང་། །གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས། །རང་ཉིད་སྐད་ཅིག་ཁྲོ་བོ་ནི། །ཞེ་སྡང་རྡོ་རྗེ་གསང་བའི་བདག །ཅེས་སོགས་ལས་བྱང་གི་དཀྱུས་ལྟར་ལ། མེ་ཡི་ཚྭ་ཚྭ་ཤུགས་དྲག་འཕྲོ། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས། །སྟེང་གི་ནམ་མཁར་རྣམ་སྣང་དང་། །མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །དོན་གྲུབ་ལ་སོགས་སངས་རྒྱས་དང་། །བྱང་སེམས་སྤྲིན་གཏིབས་ལྟ་བུས་སྲུང་། །ཕྱི་རོལ་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་པདྨ་རལ་གྲི་དང་། །རླུང་མེ་ཆུ་ས་ཁྲོ་ཆུང་གུར། །ནང་བལྟ་འཇམ་ཞིང་ཕྱི་བལྟའི་ངོས། །རྣོ་དབལ་གཅོད་པའི་ངར་ལྡན་སོ། །དྲག་སྔགས་དམོད་ཚིག་རང་སྒྲ་བཅས། །གནོད་བྱེད་དགྲ་བགེགས་ཚར་གཅོད་པའི། །གཞོམ་མེད་གུར་གྱིས་གཏམས་པར་གྱུར། །ཟོར་རྫས་སྡེ་བརྒྱད་དྲེགས་པའི་ཚོགས། །སྲ་བའི་གོ་བགོས་རྣོ་བའི་ཟོར། །མཚོན་ཆའི་འཕྲུལ་འཁོར་ཐོགས་པ་ནི། །མི་སྡུག་གཟུགས་ཀྱི་རྣམ་འགྱུར་ཅན། །རྒྱོབ་སོད་ཅ་ཅོའི་འཇིགས་སྒྲ་སྒྲོག །གྲངས་མེད་གློག་ལྟར་རབ་མྱུར་ཞིང། །ཐོག་ལྟར་འབེབ་པའི་རྫུ་འཕྲུལ་ཅན། །འཁོར་ཡུག་གང་བ་རྣམས་སུ་གྱུར། །རང་གི་གནས་གསུམ་ཨོཾ་དཀར་དང་། །སོགས་ནས་གནས་གསུམ་བྱིན་རླབས་དང་སྤྱན་འདྲེན་ནས་གཟུང་། མཆོད་བསྟོད་བཟླས་པའི་བར་ལས་བྱང་མཐར་ཆགས་སུ་བཏང་ནས། བཟླས་དམིགས་གསལ་བཏབ་ལ་དྲག་པོའི་རྩ་བསྙེན་ཅི་འགྲུབ་བཟླ། དེ་ནས་སྲུང་བའི་དམིགས་བཟླས་བྱེ་བྲག་ཏུ་བྱ་བ་ནི། དྭངས་མའི་ཐུགས་སྲོག་ཡི་གེ་ཧཱུྃ། །ཤིན་ཏུ་གསལ་ཞིང་འབར་བ་ཡི། །ཐིག་ལེར་བླ་མ་སློབ་དཔོན་དང། ཁོག་པར་རང་དང་མཐའ་སྐོར་དུ། །བསྲུང་བྱ་མཐའ་དག་ཚུད་པར་གྱུར། །སྨྲ་བྱེད་རྡོ་རྗེའི་ཡིག་འབྲུ་ལས། །འོད་ཟེར་ཕོ་ཉའི་ཚོགས་སྤྲོས་པས། །རང་གཞན་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་སྲོག་བརྐུས་ཤིང་ཕྲོགས་པ་དང་། །ཡར་ཞིང་འཁྱམས་པ་ཐམས་ཅད་དང་། །སྣོད་བཅུད་ཡོན་ཏན་མ་ལུས་པ། །ཚུར་བསྡུས་བསྲུང་བྱ་ཐམས་ཅད་ལ། །བསྟིམས་པས་བཀྲག་མདངས་གཟི་བརྗིད་འབར། །འོད་ཕྲེང་རྡོ་རྗེའི་གུར་ཁང་གིས། །ཅིས་ཀྱང་མི་ཤིགས་པ་རུ་བསྐོར། །ཅེས་པའི་ཏིང་འཛིན་རྩེ་གཅིག་པས། ཨོཾ་ལོཀྟྲི་པཱ་ལ་ནན་སྲུངས། ས་ག་པཱ་ཤ་ནན་སྲུངས། ནཱ་ག་དུ་དུ་ནན་སྲུངས། མ་མམ་མ་མམ་སྲུངས། ཙིར་ཙར་ཙིར་ཙར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་སྲུངས། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ནྲྀ་བྷྲཱུྃ་ཧཱུྃ་ཛཿ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཟླ། དེ་ནས་ཟློག་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྨྲ་བྱེད་རྡོ་རྗེ་རྭ་དགུའི་རྩེར། །ཕཊ་དམར་མེ་ཡི་ཚྭ་ཚྭ་ནི། །རྣོ་ངར་ཤུགས་དྲག་འཕྲོ་བ་དང་། །མཐའ་ཕྱག་གནམ་ལྕགས་ལག་པའི་མཐིལ། །སྡིགས་མཛུབ་དབུས་སུ་དགྲ་བགེགས་ནི། །བྱད་མ་ལྷར་བཅས་གསལ་བ་དང་། །གཙོ་བོ་བདག་དང་གུར་ཁང་གི །ལྷ་ཚོགས་ཐམས་ཅད་ཕྱིར་གཟིགས་ནས། །དྲག་སྔགས་དམོད་མོ་ཆེར་སྒྲོག་པའི། །སྐུ་ཡི་བ་སྤུའི་བུ་ག་ནས། །སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན། །ནམ་མཁའ་གང་བར་སྤྲོས་པ་ཡིས། །བྱད་མ་མེ་ལྕེར་སྦྲང་བུ་བཞིན། །བཅད་བསྲེགས་ཐལ་བ་ཉིད་བྱས་ནས། །སྐྱོབ་བྱེད་ལྷ་སྲུང་ཁོ་རང་གི །གཤེད་དུ་བབས་ཤིང་རླུང་བསྐྱོད་ཀྱིས། །ཤིང་བལ་བཞིན་དུ་མཐར་བསྐྲད་གྱུར། །ཅེས་དམིགས་པ་དང་ང་རྒྱལ་ཤུགས་དྲག་ཏུ་བསྐྱེད་ལ། ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་ག་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་ཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག །ཅེས་དྲག་ཏུ་བཟླ། དེ་ནས་བསད་པ་ནི། མདུན་དུ་བྲུབ་ཁུང་ཨེ་ཡིག་ལས། །བྱུང་བའི་ལྕགས་ཁང་གྲུ་གསུམ་པ། །དུག་གི་མུན་འཁྲིགས་བསྐལ་མེ་འབར། །ནད་ཀྱི་ན་བུན་མཚོན་ཆར་འབེབ། །དེ་ཡི་ནང་དུ་གཤིན་རྗེ་ནི། །ཕོ་མོ་འཇིགས་རུང་གཉིས་ཀྱི་བར། །ནྲྀ་ཏྲི་ཡོངས་གྱུར་དམིགས་བྱ་ནི། །མགོན་མེད་སྐྱབས་བྲལ་ཉམ་ཐག་པ། །མཐའ་སྐོར་དྲེགས་པ་སྡེ་བརྒྱད་ཚོགས། །འཇིགས་གཟུགས་མཚོན་ཆ་ཐོགས་པས་བསྐོར། །སྨྲ་བྱེད་རྡོ་རྗེའི་རྩེ་མོ་ནས། །འོད་ཟེར་ཛཿཡིག་ཕོ་ཉར་སྤྲོས། །དམིགས་བྱ་དབང་མེད་ཉིད་བཟུང་ནས། །མདུན་གྱི་རྟེན་ལ་ཐིམ་པར་གྱུར། །ཅེས་པ་ནས་དམིགས་བཟླས་ལ་འཇུག་ཀྱང་ཆོག་མོད། སྤྲོ་ན། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དྲང་སྲོང་སྔགས་རྒོད་ལོཀྟྲི་པཱ་ལའི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ ས་ག་པཱ་ཤ་ནན་ཛཿ ནཱ་ག་དུ་དུ་ནན་ཛཿ མ་མཾ་མ་མཾ་ཛཿ ཙིར་ཙར་ཙིར་ཙར་ཛཿ བཾ་རུ་ལུ་བཾ་རུ་ལུ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ ཧོ་ར་ཧོ་ར་ཛཿ ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲྀ་ཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་སོགས་ཀྱིས་བཀུག་ལ། ལས་བྱང་ལྟར། རྡོ་རྗེའི་རྩེ་ཡི་ཕཊ་རྣམས་ལས། །ཞེས་སོགས་ཀྱིས་དམིགས་པ་གསལ་བཏབ་ནས། ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམས། སོགས་དྲག་སྔགས་དང་། རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། སོགས་ཐུན་སྔགས་ཅི་རིགས་བཟླས་པའི་མཐར་ཐུན་རྫས་ལའང་ངར་བསྐྱེད། ཐལ་རྡེབ་བྱ་བ་ནི། ལག་པ་རྡོ་རྗེའི་བྲག་རི་ལྟར། །ནས། སྡིག་པ་རྣམས་ཀྱིས་ཟོས་པར་གྱུར། །བར་ལས་བྱང་ལྟར་ལ། ན་མོ། རིག་འཛིན་རྩ་བརྒྱུད་སོགས་ཀྱི་བདེན་བརྗོད་མཐར། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པར་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ལན་གསུམ་གྱིས་ཐལ་མོ་བརྡེབ། སླར་ཡང་དམོད་མོ་ནི། བཀའ་ལྟར་མི་བྱེད་ཅིང་སོགས་ཀྱིས་ཐལ་རྡེབ་ལན་གསུམ་བྱ། བཀའ་བསྒོ་འདི་ཡི་ནུས་པ་ཡིས། །སོགས་དང་། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བར་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བརྗོད་ནས་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་དོ། །དེ་ལྟར་བཟླས་པ་རྣམས་གྲུབ་ནས། ཆོས་སྲུང་སྤྱི་སྒོས་གཏེར་སྲུང་གི་གཏོར་ཆོག་སྐོང་བ་སོགས་དང་། ཚོགས་བྱིན་རླབས་ནས་མཆོད་བཤགས་བསྒྲལ་བསྟབ་ཀྱི་བར་དུ་བཏང་། དེ་ནས་སློབ་དཔོན་གྱི་མདུན་དུ། གསེར་སྐྱེམས་དང་བསྒྲལ་ཆས་རྣམས་བཀོད་ལ། གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་གསང་བདག་ལོཀྟྲིའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་ལས་གཤིན་འཆི་བདག་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་པ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །གཟུ་དཔང་ནི། ཧཱུྃ། རྩ་བརྒྱུད་བླ་མ་དཀོན་མཆོག་རིན་ཆེན་གསུམ། །ལྷག་པའི་ལྷ་མཆོག་དྲང་སྲོང་དྲི་མ་མེད། །སྤྲུལ་པའི་ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་དང་། །ཡི་དམ་ཆོས་སྐྱོང་སྲུང་མ་མཁྱེན་པར་གསོལ། །སྣང་སྲིད་དྲེགས་པ་སྡེ་བརྒྱད་སྤྲུལ་འཁོར་བཅས། །རབ་འཇིགས་ལོཀྟྲིའི་ལྷ་ཚོགས་དཔང་མཛོད་ཅིག །སྔགས་འཆང་བདག་གིས་མ་ལན་མ་ཉེས་ཀྱང་། །དགེ་བཅུ་ཁྱད་གསོད་མི་དགེ་དང་ལེན་པའི། །བསྒྲལ་བའི་ཞིང་བཅུར་གྱུར་པའི་དགྲ་དང་བགེགས། །གཟུགས་ལིང་མིང་དང་མཚན་མར་བཏབ་པ་འདི། །ཏིང་འཛིན་སྔགས་དང་དམོད་པའི་བདེན་ཚིག་གིས། །སྐད་ཅིག་འདིར་ཁུག་བསྒྲལ་གདབ་ལས་མཛོད་ཅིག །བྲུབ་ཁུང་བསྐྱེད་པ་ནི། ཕཊ། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ་ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་ནག་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ། གཤིན་རྗེ་ཕོ་མོ་འཇིགས་སུ་རུང་བ་གཉིས་ཀྱི་བར་དུ། ནྲྀའམ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲ་འམ་བགེགས་གང་ཡིན་པ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དྲང་སྲོང་སྔགས་རྒོད་ལོཀྟྲི་པཱ་ལའི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ ས་ག་པཱ་ཤ་ནན་ཛཿ ནཱ་ག་དུ་དུ་ནན་ཛཿ མ་མཾ་མ་མཾ་ཛཿ ཙིར་ཙར་ཙིར་ཙར་ཛཿ བཾ་རུ་ལུ་བཾ་རུ་ལུ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ ཧོ་ར་ཧོ་ར་ཛཿ ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲྀ་འམ་ཏྲི་ཛཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཱཎྜེ་ཧོཿ ཞེས་དགུག་གཞུག་དྲག་པོ་བརྒྱའམ་ཉེར་གཅིག་བདུན་ནམ་གསུམ་ལ་སོགས་པས་དམིགས་བྱ་ལིངྒ་ལ་དྲག་ཏུ་བསྟིམ་མོ། །དེ་ནས་ཡི་དམ་བསྐུལ་བ་ནི། ཧཱུྃ། སངས་རྒྱས་བསྟན་པ་བསྲུང་བ་དང་། །ལས་ངན་དགྲ་བགེགས་བསྒྲལ་བ་དང་། །བར་གཅོད་རྒྱལ་འགོང་འདུལ་བ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། །དྲང་སྲོང་ཆེན་པོ་རབ་ཁྲོས་ཤིང་། །ཉོན་མོངས་དུག་གསུམ་འཇོམས་པའི་ཕྱིར། །དུས་གསུམ་སངས་རྒྱས་འཁོར་བཅས་བཞེངས། །ཞེ་སྡང་དུག་ལྔ་གཞོམ་པའི་ཕྱིར། །རིགས་ལྔའི་སངས་རྒྱས་འཁོར་བཅས་བཞེངས། །མི་དགེ་བཅུ་རྣམས་འདུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་འཁོར་བཅས་བཞེངས། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། །དྲང་སྲོང་འཁོར་བཅས་ཐམས་ཅད་བཞེངས། །བར་ཆད་ལོག་འདྲེན་འདུལ་བའི་ཕྱིར། །ཕྱག་མཚན་ཐམས་ཅད་མཚོན་ཆར་བཞེངས། །བཞེངས་ཤིག་དྲང་སྲོང་ཆེན་པོའི་ཚོགས། །འདིར་བྱོན་མཆོད་གཏོར་འདི་བཞེས་ལ། །བསྟན་པ་སྲུང་བའི་ལས་མཛོད་ཅིག །ཕྲིན་ལས་བཅོལ་བའི་དུས་ལ་བབ། །བྱད་མ་ཟློག་པའི་དུས་ལ་བབ། །རྒྱལ་འགོང་འདུལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཆེ་བའི་ང་རྒྱལ་བསྐྱེད་པའི་དམིགས་པ་ནི། རྡོ་རྗེའི་ལྟེ་བའི་ཧཱུྃ་ཡིག་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། །སྡེ་བརྒྱད་སྙིང་ནས་དབང་མེད་དྲངས། །མདུན་དུ་བཀུག་པའི་སྤྱི་བོ་རུ། །རྡོ་རྗེ་རྒྱ་གྲམ་བཞག་པ་ཡིས། །འགུལ་འཁྱོག་སྤངས་ཏེ་འདར་བར་བསམ། །ཧཱུྃ། ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་གཤིན་རྗེ་ཀུན་གྱི་ཡུམ། །ང་ནི་ཁམས་གསུམ་ཀུན་གྱི་བདག །ང་ནི་དབང་ཕྱུག་ཆེན་པོ་སྟེ། །ང་ནི་སྲོག་གཅོད་ཀུན་གྱི་རྗེ། །ང་ནི་སྲིད་པ་ཀུན་གྱི་བདག །ཧཱུྃ། ང་ནི་སྲིད་པ་ཀུན་གྱི་རྗེ། །ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ། །ང་ནི་སྲོག་གཅོད་ཀུན་གྱི་བདག །ཐམས་ཅད་ཀུན་གྱི་སྲོག་སྙིང་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ། །ང་ནི་སྙིང་ཁྲག་ཀུན་གྱི་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ཞེས་བརྗོད། སླར་ཡང་དྲག་ཏུ་བསྐུལ་ཞིང་འགུགས་པ་ནི། བྷྱོ། མཆོད་བསྟོད་བསྙེན་ཅིང་བསྒྲུབས་པའི་ཡེ་ཤེས་ལྷ། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་སྲོག་སྙིང་བདག །ཐོགས་མེད་ཕྲིན་ལས་སྒྲུབ་པའི་དྲག་རྩལ་ཅན། །རབ་འཇིགས་དྲང་སྲོང་ལོཀྟྲིའི་ལྷ་ཚོགས་རྣམས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །སྐྱོད་ཅིག་སྐྱོད་ཅིག་མཉམ་ཉིད་དབྱིངས་ནས་སྐྱོད། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད། །དྲེགས་འདུལ་དྲང་སྲོང་ཆེན་པོའི་དུས་ལ་བབ། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེའི་དུས་ལ་བབ། །སྤྲུལ་འཁོར་དྲང་སྲོང་འབུམ་སྡེའི་དུས་ལ་བབ། །བཀའ་ཉན་དྲེགས་པ་སྡེ་བརྒྱད་དུས་ལ་བབ། །དོ་ནུབ་ད་དུས་ནམ་གྱི་གུང་ཐུན་ལ། །དྲེགས་པ་སྡེ་བརྒྱད་དབང་དུ་སྡུས་ལ་ཤོག །སྣང་སྲིད་དྲེགས་པའི་སྲོག་སྙིང་ཕྲོགས་ལ་ཤོག །གནོད་བྱེད་དགྲ་བགེགས་བྱད་མ་ཁུག་ལ་ཤོག །དྲང་སྲོང་ཆེན་པོའི་ཐུགས་རྗེའི་བྱིན་མ་ཆུང་། །དྲེགས་འདུལ་ཁྲོ་རྒྱལ་རྫུ་འཕྲུལ་རྩལ་མ་ཞན། །བདེན་ཚིག་དམོད་པའི་དྲག་སྔགས་དབལ་མ་རྡུགས། །སྤྲུལ་འཁོར་སྡེ་བརྒྱད་ལས་བྱེད་བང་མ་བུལ། །དམིགས་པར་གང་བྱས་དགྲ་གདོན་བྱད་མ་འདི། །ལོ་ཟླར་མ་འགོར་མྱུར་དུ་མ་བསྒྲལ་ན། །དྲང་སྲོང་ཆེན་པོའི་བདེན་ཚིག་ཉམས་འགྱུར་རམ། །བཀའ་ཉན་དྲེགས་པའི་མཐུ་རྩལ་རྫུན་དུ་ཆེ། །དེ་བས་སྨན་རཀ་གཏོར་མ་མཆོད་པའི་ཚོགས། །མཐུན་པའི་དམ་རྫས་རྒྱ་མཚོ་འདི་བཞེས་ལ། །ཡིད་ལ་བརྣགས་པའི་དགྲ་གདོན་གནོད་བྱེད་བགེགས། །གཟུགས་ལིང་མིང་དང་བྱང་བུར་བཏབ་པ་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས་ལ་ཤོག །ཞགས་པ་ཅན་གྱིས་རྐེ་ནས་ཁྲིད་ལ་ཤོག །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས་ལ་ཤོག །དྲིལ་བུ་ཅན་གྱིས་རྡུལ་དུ་རློགས་ལ་ཤོག །ཡི་དམ་ལྷ་དང་དྲང་སྲོང་ཆེན་པོ་ཡི། །དམོད་པའི་བདེན་སྟོབས་བརྗོད་པའི་བྱིན་རླབས་ཀྱིས། །གནོད་བྱེད་དགྲ་བགེགས་གཟུགས་མིང་ལིངྒ་ལ། །མྱུར་དུ་ཕོབ་ཅིག་སརྦ་ནྲྀ་ཏྲི་ཛཿ རིངས་པར་ཁུག་ཅིག་བཛྲ་ཨངྐུ་ཤ་ཛཿ མྱུར་དུ་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །དམ་པོར་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །དྲག་པོས་སྒྲོལ་ཅིག་བཛྲ་གྷཱཎྜེ་ཧོཿ གནོད་བྱེད་དགྲ་བགེགས་སརྦ་ནྲྀ་ཏྲི་ཨངྐུ་ཤ་ཛཿཛཿ ལྷ་དང་དབྱེ་བ་ནི། རང་གི་ལྕེ་རྡོ་རྗེའི་རྩེ་མོ་ནས་སྤྲུལ་པའི་ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པ་གྲངས་མེད་པ་སྤྲོས་པས་ཁོའི་ལྷ་སྲུང་རྣམས་བྱ་རོག་གི་ཁྱུ་རྡོས་བདས་པ་ལྟར་སྐད་ཅིག་གིས་བསྐྲད་དེ། ཁོ་སྐྱོབ་བྱེད་ཀྱི་ལྷ་དང་བྲལ་ཞིང་མགོན་སྐྱབས་མེད་པར་བྱིའུ་ཕྲུག་ཐང་ལ་བསྐྱུར་པ་ལྟར་འདུག་པར་བསམ་ཤིང་། ཧཱུྃ། དམ་ཉམས་དགྲ་བགེགས་བྱད་མ་འདིའི། །སྲུང་སྐྱོབ་བྱེད་པའི་ཡི་དམ་དང་། །ལྷན་སྐྱེས་ལྷ་ལྔ་འགོ་བའི་ལྷ། །བྱིན་རླབས་དབང་ལྷ་ཆོས་སྐྱོང་དང་། །བསྙེན་སྒྲུབ་མཆོད་བསྟེན་སྲུང་མའི་ཚོགས། །ཡེ་ཤེས་འཇིག་རྟེན་ལྷ་ཚོགས་རྣམས། །དྲང་སྲོང་བདེན་པས་ད་ཕྲོལ་ཅིག །ནྲྀ་ཏྲི་སརྦ་དེ་བ་ཨུ་ཙ་ཏ་ཡ་ཕཊ། ཨ་ཏྲག་རཀྴ་མཱ་ར་ཡ་ཤག་ཕྱེ་ཕྱེ། ནྲྀ་ཏྲག་རཀྵ་མཱ་ར་ཡ་ཕྱེ་ཕྱེ། ཞེས་བརྗོད་ཅིང་གུ་གུལ་གྱིས་བདུག་ཅིང་སྒྲོ་གཉིས་ཀྱིས་བྱབ་བོ། །དོ་གལ་ཆེ་ན་གཞན་ནས་འབྱུང་བ་ལྟར་ལྷ་དབྱེའི་རྫས་དུད་ཀྱིས་དབྱེའོ། །ཉེས་པ་བསྒྲག་པ་ནི། ཧཱུྃ། དུག་ལྔའི་དབང་གྱུར་དགྲ་གདོན་ཁྱོད། །རང་ཉེས་ལས་ངན་རང་ལ་སྨིན། །ད་ལྟ་བསྒྲལ་བའི་ཞིང་དུ་གྱུར། །སྔོན་གྱི་ཉེས་བྱས་ལ་འགྱོད་ཅིང་། །ཕྱིས་ནས་མི་བགྱིད་དམ་བཅས་ནས། །བྱང་ཆུབ་འཐོབ་པར་ཁྱོད་སྨོན་ཅིག །ཐུན་རྡེག་པ་ནི། ཐུན་རྫས་རྣམས་དྲག་པོ་སྡེ་བརྒྱད་ཀྱི་དམག་དཔུང་མཚོན་ཆ་སྣ་ཚོགས་དང་ནད་མཚོན་གནམ་ལྕགས་ཐོག་སེར་དྲག་པོ་ཐོགས་པ་རྣམས་དགྲ་བགེགས་དེའི་སྟེང་དུ་ཕབ་ནས། ཁོའི་སྙིང་གར་རྣམ་པར་ཤེས་པའི་ངོ་བོ་མར་མེ་ལྟ་བུ་ཞིག་ཡོད་པ་དེ་ནག་བསྐམས་སེ་བཏང་། ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་ཤིང་ཤ་ཁྲག་རུས་པ་ལྷག་མ་མེད་པར་ཟོས་པར་གྱུར་པར་བསམ་ལ། བྷྱོ། ང་ནི་ཞེ་སྡང་རྡོ་རྗེ་སྟེ། །ང་ནི་དྲང་སྲོང་དྲི་མ་མེད། །དྲང་སྲོང་དམོད་པའི་བདེན་ཚིག་གིས། །ལྷ་སྲིན་སྡེ་བརྒྱད་དྲེགས་པ་རྣམས། །ཐུན་ཟོར་ཕོ་ཉར་བདག་བསྐུལ་གྱིས། །སྟོང་གསུམ་ཐུན་གྱི་ཕོ་ཉས་ཁེངས། །མཚེ་ཡུངས་མཚོན་རྡོ་ཟངས་ལྕགས་ཕྱེ། །དུག་ཁྲག་དྲག་པོའི་ཐུན་རྫས་རྣམས། །སོ་སོའི་ཕོ་ཉས་མཚོན་ཆ་ཐོགས། །ནད་མཚོན་ཐོག་སེར་ཐན་ལྟས་ངན། །མ་རུངས་ཕྱོགས་ཀུན་དགྲ་བགེགས་སྟེང་། ཁ་ཆར་བུ་ཡུག་ལྟར་ཕོབ་ལ། །དགྲ་བགེགས་ལུས་ངག་ཡིད་ཚེ་བསོད། །མི་ནོར་ཡུལ་ཞིང་ལོངས་སྤྱོད་རྣམས། །སྐད་ཅིག་ཉིད་ལ་བརླག་པར་གྱིས། །ཞེས་པ་ཙམ་གྱིས་འཐུས་ལ། དོ་གལ་ཆེ་ན་བུ་ལོད་རིན་ཆེན་བཟང་པོས་མཛད་པ། བྷྱོ། སྣ་ཚོགས་ཐུན་རྫས་དྲག་སྔགས་དམོད་མཚོན་འདི། །བཀའ་ཉན་སྡེ་བརྒྱད་དྲེགས་པ་འདུས་པའི་དམག །མགོན་ཀླུ་ས་རྒྱལ་མ་གཟའ་བཙན་བདུད་སོགས། །སྣ་ཚོགས་གཟུགས་ཅན་མགོ་བརྙན་བཞོན་པར་བཅས། །ཕྱག་མཚན་སྣ་ཚོགས་དྲག་པོའི་ཐུན་རྫས་རྣམས། །དགྲ་བགེགས་འདི་ཡི་གཟུགས་ཕུང་ཡུལ་མཁར་ལ། །དྲག་པོའི་ཐུན་ཟོར་རྡེག་པའི་དུས་ལ་བབ། །གནམ་ལྕགས་ཐོག་སེར་ཀིང་ཀང་དགྲ་ལ་བྷྱོ། །དལ་ཡམས་ཁྲག་ནད་བུ་ཡུག་དགྲ་ལ་བྷྱོ། །མཛེ་གྲུམ་ཕོལ་མིག་གླང་ཐབས་དགྲ་ལ་བྷྱོ། །སྨྱོ་འབོག་བརྒྱལ་ནད་ལྷོག་གཟེར་དགྲ་ལ་བྷྱོ། །ནད་མཚོན་གློ་བུར་གྲི་ཐབས་དགྲ་ལ་བྷྱོ། །མ་རུངས་ལྟས་ངན་གྱ་གཅིག་དགྲ་ལ་བྷྱོ། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོ། །གློ་བུར་བདུན་བརྒྱ་ཉི་ཤུ་དགྲ་ལ་བྷྱོ། །ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་བྷྱོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་བྷྱོ། །དུས་མིན་འཆི་བ་རྣམ་བརྒྱད་དགྲ་ལ་བྷྱོ། །ལོ་ཟླ་ཞག་དུས་སྐེག་ངན་དགྲ་ལ་བྷྱོ། །མོ་ལྟས་རྨི་ལམ་མཚན་ངན་དགྲ་ལ་བྷྱོ། །ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམས། འཇིག་རྟེན་མགོན་པོས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་འམ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ས་ག་པཱ་ཤ་ནན་རྦད་ལིང་། ས་བདག་གིས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ནཱ་ག་དུ་དུ་ནན་རྦད་ཕཊ། ཀླུ་བདུད་ཀྱིས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། མ་མཾ་མ་མཾ་རྦད་མྱོགས། མ་མོས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཙིར་ཙར་ཙིར་ཙར་རྦད་རྦུད། བཙན་གྱིས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམས། བདུད་ཀྱིས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོས། གཟའ་བདུད་ཀྱིས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཧོ་ར་ཧོ་ར་རྦད་ཤག །རྒྱལ་པོས་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཅེས་དྲག་སྔགས་དང་། ཐུན་སྔགས་ནི། རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བསེན་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། པེ་ཧར་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གཙང་ཐེལ་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གནོད་བྱེད་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། ཤིགས་ལྷུ་རུ་གཏུབས་རྦད་མྱོགས། ཧ་ལ་པ་ཏི་ནན། ག་ན་པ་ཏི་རྦད་རྨུགས། འཁོར་བ་ཐུལ་རྦད་ཆོམས། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག་རྦད་ཧུར། དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲིའི་སྲོག་ལ་མཱ་ར་ཡ་རྦད་རྦད། གནོད་བྱེད་རྒྱལ་པོ་ཐམས་ཅད་རཱ་ཙ་ཧབ་ལེ་ཧབ་ལེ་སོད། ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད། འབྱུང་པོ་ཐམས་ཅད་ཀུ་ཏྲི་ཀུ་ཏྲི་སོད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད། ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད། གྲི་བོ་གྲི་མོ་ཐམས་ཅད་སུམ་ཏྲི་སུམ་ཏྲི་མཱ་ར་ཡ་སོད། གནོད་བྱེད་དགྲ་བགེགས་ཆེ་གེ་མོའམ་ནྲྀ་ཏྲི་མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿ ཞེས་བརྗོད་ལ་ཐུན་བྲབ། དེ་ནས་གནས་སྤར་བ་ནི། གྱེར་སྒོམ་རྩེ་གཅིག་ཏུ་དྲིལ་བས་འདི་སྐད་ཅེས། རང་གི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿ རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་མཁའ་གསང་ལས་སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་མཐིང་ནག་ཕུར་བུ་སྒྲིལ་བ། ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་འབར་བའི་དབལ་ཟུར་གསུམ་དུ་རྣོ་བའི་ཁོང་སེང་དུ་ལྷའི་ཕོ་བྲང་དང་བཅས་པ། རྩེ་མོར་དྲེགས་པའི་དམག་ཚོགས་ལས་ལ་རྔམས་ཤིང་དུས་མེའི་ཚྭ་ཚྭ་འཕྲོ་བར་གྱུར། ཨོཾ་རྀ་ཥི་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཕུར་བུ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། དེ་ཉིད་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་མཐུ་དང་ལྡན་པར་གྱུར་པར་བསམ་ལ། ཨེ་མ་ཁམས་གསུམ་སེམས་ཅན་རྣམས། །མ་རྟོགས་འཁྲུལ་པ་སྙིང་རེ་རྗེ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཐུགས་རྗེའི་ཐབས་ཀྱི་སྦྱོར་བ་ཡིས། །ཕུང་པོ་བསྒྲལ་བའི་ཞིང་དུ་བྱས། །རྣམ་ཤེས་ཡུམ་གྱི་མཁའ་ལ་སྦ། །ཡེ་ཤེས་དཔའ་བོར་བྱིན་བརླབས་ཏེ། །རིག་པ་ཆོས་ཀྱི་དབྱིངས་སུ་འཕང་། ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད། །ཅེས་བརྗོད། སླར་ཡང་ཕུར་བུ་ལིངྒའི་ནྲྀའམ་ཏྲི་མིག་ཏུ་བསྒྲིལ་ཞིང་བཏབ་ལ། ཧཱུྃ། ཡེ་ཤེས་རྩལ་ལྡན་ཕུར་བུ་འདི། །དགྲ་བགེགས་སྙིང་ལ་བཏབ་པ་ཡིས། །ཉོན་མོངས་དུག་ལྔ་རྩད་ནས་གཅོད། །ལས་ངན་རྣམ་སྨིན་འཕྲོ་བཅད་ནས། །ཡེ་ཤེས་དབྱིངས་སུ་གནས་སྤར་རོ། །ཧཱུྃ། དགྲ་གདོན་ཁྱོད་ཀྱི་སྙིང་ནང་ན། །ལུས་སྲོག་རྣམ་ཤེས་ཆགས་པའི་རྟེན། །རླུང་དྭངས་སྔོ་སྐྱ་མཐེ་བོང་ཙམ། །དེ་ནང་རཀྟའི་དྭངས་མ་ནི། །དམར་སེར་རྒྱ་སྲན་ག་འུ་ཙམ། །དེ་དབུས་རྣམ་ཤེས་ངོ་བོ་ནི། །ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ། །དེ་ལ་ཡེ་ཤེས་ཕུར་བུ་ཡི། །རྣོ་དབལ་གཟི་འོད་རེག་ཙམ་གྱིས། །རླུང་གི་དྭངས་མ་འཇའ་ལྟར་ཡལ། །རཀྟའི་དྭངས་མ་འུབ་ཀྱིས་བསྐམས། །རྣམ་ཤེས་ངོ་བོ་ཐིག་ལེ་དེ། །ཡེ་ཤེས་ཕུར་བུའི་ཁོང་གསེང་དུ། །བྱང་ཆུབ་རྒྱུན་ལམ་ནང་དུ་ཞུགས། །འཆང་གཟུང་ལོགས་བརྒྱད་ཕོ་བྲང་དུ། །དཔལ་ཆེན་ཡབ་ཡུམ་ཐུགས་ཀ་རུ། །སྐད་ཅིག་ཉིད་ལ་ཐིམ་མ་ཐག །དེ་ལུས་སོལ་སྡོང་གོག་པོ་བཞིན། །ནག་ཁོག་གཟི་བཀྲག་མེད་པར་གྱུར། །ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨེ་ཡཾ་རཾ་སྥ་ར་ཎ་ཕཊ། བོ་དྷི་ཙིཏྟ་ནྲྀ་ཏྲི་སཾ་ཧ་ར་ཎ་ཧཱུྃ། ཞེས་འདོན་སྒོམ་ཟུང་འཇུག་ལ་དམིགས་པ་ཤིན་ཏུ་གསལ་བར་བྱའོ། །ཕུར་བུ་གདབ་པ་ནི། གདབ་ཕུར་ལག་ཏུ་སྒྲིལ་ཞིང་། ཧཱུྃ། རྡོ་རྗེ་ཕུར་བུ་ཀཱི་ལ་ཡ། །སངས་རྒྱས་ཕྲིན་ལས་ཡོངས་རྫོགས་སྐུ །དྲེགས་འདུལ་དྲང་སྲོང་ཁྲོ་ཆེན་གྱི། །སྲས་མཆོག་བཛྲ་ཀཱི་ལ་ཡ། །སྒྲིལ་ཞིང་སྒྲིལ་ཞིང་བཏབ་ཙམ་གྱིས། །དགྲ་བགེགས་ལུས་ངག་ཡིད་གསུམ་དང་། །ཕུང་ཁམས་སྐྱེ་མཆེད་འབྱུང་བ་ལྔ། །ལས་ཉོན་བག་ཆགས་ཤེས་སྒྲིབ་བཅས། །སྐད་ཅིག་ཉིད་ལ་བསྒྲལ་ནས་ཀྱང་། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་ནྲྀ་ཏྲི་ཤཱ་ཏྲཱུཾ་ཏྲིག་ནན་རྦད་ནན་བྷི་ན་ཙིཏྟ་རྦད་ནན་ནྲྀ་ཏྲི་ཧུར་ཐུམས་ཛཿ མཱ་ར་ཡ་རྦད་རྦད། ཅེས་དང་ཐུན་སྔགས་སྤུ་གྲི་དྲག་སྔགས་རིང་མོ་ཡང་གོང་བཞིན་བཟླ་ཞིང་ལིངྒ་རྣམས་ཀྱི་གནས་ལྔ་དང་། དབང་པོ་ལྔ་དང་། བླ་གནས་རྣམས་སུ་དབལ་ནུབ་ཙམ་དུ་གདབ་བོ།། བསྒྲལ་བ་ནི། མི་བསད་པའི་མཚོན་ཆ་ཐོགས་ཏེ། ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་རབ་འབར་བ། །ཡེ་ཤེས་རྣོ་བའི་མཚོན་ཆ་ཡིས། །དགྲ་གདོན་བག་ཆགས་འཁྲུལ་པའི་སེམས། །ལོག་རྟོག་འཁོར་བ་རྒྱུན་ཆོད་ཅིག །ཨོཾ་མནྟྲ་སུམ་བྷ་ནི་བཛྲ་ཛྭ་ལ་ཧཱུྃ། ཨོཾ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱཾ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཨཱཿབྷྲཱུྃ། ཚལ་པ་ཚལ་པ་མཱ་ར་ཡ་ཛཿཛཿ ཞེས་མཚོན་ཆས་བསྣུན་པའི་ཚེ། ཕུར་བུའི་དབལ་ནས་མཚོན་ཆ་སྣ་ཚོགས་ཀྱི་ཆར་བབས་པས་ཁོའི་གཟུགས་ཕུང་རྣམས་དུམ་བུར་བཏང་བར་བསམ་མོ། །གཏུན་དུ་བརྡུང་བ་ནི། ལིང་རོ་རྣམས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དྲག་སྔགས་ཀྱི་ངར་བཏགས་པས་བརྡུང་ཞིང་། གཏུན་ཁུང་ཡུམ་གྱི་བྷ་གར་ཐོ་བ་ཡབ་ཀྱི་རྡོ་རྗེས་བརྡུངས་པས་ཁོའི་རྣམ་སྨིན་གྱི་ལུས་དེ་དམར་ཉོག་ཉོག་བཏང་བར་བསམ་ཞིང་། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེའི་མཚོན་ཆས་བསྒྲལ་ནས་ཀྱང་། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེའི་ཐོ་བས་རྡུང་བ་ན། །ལྷ་ཡང་རུང་སྟེ་བརླག་བགྱི་ན། །དགྲ་གདོན་གནོད་བྱེད་སྨྲོས་ཅི་དགོས། །ཨོཾ་པདྨ་ཨཱ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཞེས་བརྡུང་ངོ་། །ཞལ་དུ་སྟོབ་པ་ནི། ལིང་རོ་གཏོར་མར་སྦྲན་ལ། ཧཱུྃ། ཆོས་དབྱིངས་ངང་ལས་སྙིང་རྗེ་ཡི། །རྩལ་སྣང་ཁྲོ་བོའི་སྐུར་བསྟན་པ། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཞེས། །མཐིང་ནག་མི་སྡུག་ཁྲོ་ཚུལ་ཅན། ཁམས་གསུམ་སྲིད་གསུམ་ཟ་བྱེད་པ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རི་རབ་ཙམ་གྱི་སྐུར་བཞེངས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་གཏམས་འདྲའི་མཆེ་བ་གཙིགས། །གློག་སྟོང་འགྱུ་འདྲའི་ལྗགས་རྐྱོངས་ལ། །དགྲ་གདོན་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་དབང་པོ་ལྔ། །དོན་སྣོད་ཀླད་རྐང་ཁུ་བར་བཅས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་སྒྲིམ་མོ་ཨཱ་རལླི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །བྷྱོ། དྲེགས་འདུལ་ཁྲོ་རྒྱལ་འབར་བ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྤྲུལ་པ་ཡང་སྤྲུལ་ལ་སོགས་པ། །ལས་བྱེད་རྣོ་མྱུར་རྫུ་འཕྲུལ་ཅན། །བྱེ་བ་འབུམ་སྡེའི་ཚོགས་བཅས་རྣམས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རི་རབ་ཙམ་གྱི་སྐུར་བཞེངས་ཤིག་སོགས་སྔ་མ་ལྟར། བྷྱོ། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡི། །ཡང་གཡོག་བཀའ་ཉན་ལས་བྱེད་པ། །མགོན་པོ་ས་བདག་ཀླུ་རིགས་ལྔ། །མ་མོ་བཙན་བདུད་གཟའ་རྒྱལ་འགོང་། །སྣང་སྲིད་དྲེགས་པའི་སྡེ་དཔུང་བཅས། །རང་རང་སྤྲུལ་པ་ཡང་སྤྲུལ་དང་། །གཡོག་དང་ཡང་གཡོག་ཕོ་ཉར་བཅས། །སྟོང་གསུམ་གང་བའི་དྲེགས་པ་རྣམས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རི་རབ་ཙམ་གྱི་སྐུར་བཞེངས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་གཏམས་འདྲའི་མཆེ་བ་གཙིགས། །གློག་སྟོང་འགྱུ་འདྲའི་ལྗགས་རྐྱོངས་ལ། །དགྲ་གདོན་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་དབང་པོ་ལྔ། །དོན་སྣོད་ཀླད་རྐང་ཁུ་བར་བཅས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་སྒྲིམ་མོ་ཨཱ་རལླི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ཞེས་བརྗོད་ལ་དབུལ་ཞིང་བསྟབས་པས་དགྲ་གདོན་བྱད་མའི་ཤ་ཁྲག་རྣམས་ཁྲོ་རྒྱལ་དྲེགས་པའི་འཁོར་ཚོགས་དང་བཅས་པས་ཧབ་ཧབ་ཧུབ་ཧུབ་ཆེམས་ཆེམ་གསོལ་ཞིང་དགྱེས་པའི་གད་མོ་འབྲུག་སྟོང་ལྡིར་བ་ལྟར་བསྒྲགས་ནས་ཚིམས་ཤིང་དགྱེས་པར་བསམ། དམོད་པའི་བདེན་སྟོབས་བརྗོད་པ་ནི། བཀའ་ལྟར་མི་བྱེད་ཅིང་སོགས་ནས། དྲང་སྲོང་དམོད་དེ་བཟློག་ཏུ་མེད། །ཅེས་དང་གཞན་ཡང་འདོད་པའི་དོན་ལ་གསོལ་བ་གདབ། བརྡ་དང་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ་ཞིང་ལྷག་ཆོག་གཏང་། དེ་ནས་ལིང་རོ་ལྷག་མ་རཀྟར་བཅས་པ་གཏོར་ཆེན་ལ་སྟོབ་ཅིང་། ཟློག་པའི་ལས་ལ་ཐུགས་དམ་སྐུལ་བ་ནི། ཧཱུྃ། མཆོག་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་དམ་ཅན་སྲུང་མའི་ཚོགས། །དྲང་སྲོང་དྲི་མེད་སྤྲུལ་འཁོར་བཀའ་སྡོད་བཅས། །ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ། །བྷྱོ། དྲེགས་འདུལ་ཁྲོ་རྒྱལ་ཆེན་པོའི་དུས་ལ་བབ། །སྤྲུལ་པའི་དྲང་སྲོང་འབུམ་ཚོགས་མཐུ་མ་ཆུང་། །འཁོར་གྱི་ལྷ་སྲིན་སྡེ་བརྒྱད་རྩལ་མ་ཞན། །མྱུར་མགྱོགས་ཕོ་ཉའི་ཚོགས་རྣམས་བང་མ་བུལ། །ཆོས་ཤིག་ཆོས་ཤིག་སྡེ་བརྒྱད་དམག་དཔུང་ཆོས། །རྒྱུགས་ཤིག་རྒྱུགས་ཤིག་དགྲ་བོའི་ཡུལ་དུ་རྒྱུགས། །ཕོབ་ཅིག་ཕོབ་ཅིག་ཐན་དང་ཆོ་འཕྲུལ་ཕོབ། །ཕྲོགས་ཤིག་ཕྲོགས་ཤིག་སྲོག་དབུགས་བླ་ཚེ་ཕྲོགས། །དམིགས་པར་གང་བྱས་དམ་ཉམས་དགྲ་བོ་འདི། །ལོ་ཟླར་མ་འགོར་མྱུར་དུ་མ་བསྒྲལ་ན། །དྲང་སྲོང་ཆེན་པོའི་བདེན་ཚིག་ཉམས་འགྱུར་ཏེ། །བཀའ་ཉན་དྲེགས་པའི་ཚོགས་རྣམས་མཐུ་རེ་ཆུང་། །དེ་བས་དམ་རྫས་བ་ལིཾ་གཏོར་མ་དང་། །དགྲ་བོའི་ཤ་ཁྲག་རུས་ལ་རྔམས་ཟས་གྱིས། །བྱད་མའི་ལྷ་སྲུང་རང་གཤེད་རང་ལ་ཕོབ། །བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །ཧཱུྃ། དྲང་སྲོང་ཆེན་པོ་དྲི་མེད་དགེ་བ་ཡི། བཀའ་ཉན་ལས་བྱེད་ལྷ་སྲིན་དྲེགས་པ་རྣམས། །སོ་སོའི་གནས་ནས་དཔུང་ཚོགས་བཞོན་པར་བཅས། །ཚུར་སྤྱོན་ཚུར་སྤྱོན་གནས་འདིར་དམ་ལ་སྤྱོན། །བྷྱོ། དྲེགས་པ་སྡེ་བརྒྱད་མཚན་ཉིད་ནི། །མུན་ནག་འཚུབས་མ་ཁྱི་ལི་ལི། །ནད་ཀྱི་ན་བུན་ཐུ་ལུ་ལུ། །ཐོག་སེར་བུ་ཡུག་ཆི་ལི་ལི། ཁྲག་གི་ཆར་པ་སི་ལི་ལི། །ཀིང་ཀང་གློག་དམར་ཀེམས་སེ་ཀེམ། མ་རུངས་འབྲུག་སྒྲ་འུ་རུ་རུ། །མི་སྡུག་མཚན་མ་ཤ་ར་ར། །ཆོ་འཕྲུལ་སྣ་ཚོགས་ཐོ་རོ་རོ། །དྲེགས་པ་སྡེ་བརྒྱད་དགྲ་ལ་བྷྱོ། །ལྷ་ཀླུ་བདུད་བཙན་མ་མོ་དང་། །སྲོག་བདག་གཟའ་ཀླུ་གཤིན་རྗེ་དམུ། །གནོད་སྦྱིན་རཱ་ཙ་འགོང་པོའི་ཚོགས། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །སྣང་སྲིད་ལྷ་འདྲེ་དྲེགས་པའི་ཚོགས། །རྒྱུགས་ཤིག་ད་ནི་ལས་ལ་ཆོས། ཁུག་ཅིག་ཁུག་ཅིག་བླ་ཚེ་ཁུག །དགྲ་བགེགས་བླ་ཚེ་ད་ཁུག་ཅིག །སྲོག་རྩ་ཆོད་ལ་སྙིང་རྩ་གཏུབས། །སྡེ་བརྒྱད་དམག་དཔུང་དགྲ་ལ་བྷྱོ། །དགྲ་བོའི་མི་ནོར་ཁ་ཕུང་ཐོངས། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཕོབ། །བསྐུལ་ལོ་རྦད་དོ་མཐུ་མ་ཆུང་། །དྲང་སྲོང་བདེན་པའི་བཀའ་མ་བཅག །རྣལ་འབྱོར་དམ་རྫས་ཆུད་མ་གསོན། །ཤ་ཁྲག་རྒྱན་ལྡན་བ་ལིཾ་ལོངས། །བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས། །མངའ་གསོལ་བ་ནི། ཧཱུྃ་ཏྲཱཾ། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་སྐུར་སྣང་བ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་ཟེར་ལས། །སྤྲུལ་སྐུ་དྲེགས་འདུལ་དྲང་སྲོང་དྲི་མེད་ཅེས། །སངས་རྒྱས་སྟོང་གི་སྤྲུལ་པར་མངའ་གསོལ་ལོ། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཡིས། །བག་ཆགས་སྒྲིབ་ཚོགས་སྤངས་པར་མངའ་གསོལ་ལོ། །ཞལ་གཅིག་ཕྱག་གཉིས་དྲང་སྲོང་ཆ་ལུགས་འཛིན། །ཐབས་དང་ཤེས་རབ་ལྡན་པར་མངའ་གསོལ་ལོ། །སྐུ་མདོག་སྔོ་སྐྱ་སྐེམ་རིད་ཀེང་རུས་ཚུལ། །འདོད་ཆགས་དུག་ལྔ་སྤངས་པར་མངའ༴ དབུ་སྐྲ་ལྕང་ལོ་གྱེན་དུ་འཁྱིལ་བ་ཡིས། ཁམས་གསུམ་དབང་དུ་སྡུད་པར་མངའ༴ སྨ་ར་ཨག་ཚོམ་རྒྱ་མདོར་ཞམ་པ་ཡིས། །འདོད་དགུ་ཆར་ལྟར་འབེབ་པར་མངའ༴ ཤེལ་དུང་ཝཾ་མིག་སྙན་རྒྱན་སྤྲས་པ་ཡིས། །མཆོག་ཐུན་དངོས་གྲུབ་སྩོལ་བར་མངའ༴ ཞལ་ནས་སྡེ་བརྒྱད་སྲོག་གི་སྤུ་གྲི་གསུང་། །སངས་རྒྱས་བསྟན་སྲུང་ཆེན་པོར་མངའ༴ ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་གདེངས། །སྡེ་བརྒྱད་གནད་ལ་བོར་བར་མངའ༴ གཡོན་པ་ལུང་ཐང་ཕྲེང་བ་འདྲེན་པ་ཡིས། །ལྷ་སྲིན་དྲེགས་པའི་སྲོག་འཕྲོག་མངའ༴ སྐུ་ལ་རས་དཀར་ན་བཟའ་བཀླུབས་པ་ཡིས། །རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་མངའ༴ འཁོར་དུ་དྲང་སྲོང་འབུམ་སྡེས་བསྐོར་པ་ཡིས། །སྤྲུལ་པས་ཀུན་ལ་ཁྱབ་པར་མངའ༴ རི་བོ་ཀུན་འདུས་རྩེ་ལ་བཞུགས་པ་ཡིས། །སྡེ་བརྒྱད་དབང་དུ་སྡུད་པར་མངའ༴ ནགས་ཚལ་དྲྭ་བའི་ཕུག་ན་བཞུགས་པ་ཡིས། །ས་བཅུ་ཟིལ་གྱིས་གནོན་པར་མངའ༴ ཤིང་ཐོག་སྣ་ཚོགས་ཞལ་དུ་གསོལ་བ་ཡིས། །ཚེ་དང་བསོད་ནམས་སྤེལ་བར་མངའ༴ རྣལ་འབྱོར་གདུང་བས་གསོལ་འདེབས་མངའ་གསོལ་བས། །ཐུགས་རྗེས་བྱིན་རློབས་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ་ཏྲཱཾ། དེ་ལས་ཡང་སྤྲུལ་སྐད་ཅིག་རྫུས་སྐྱེས་སུ། །ཞེ་སྡང་རྡོ་རྗེ་མཐིང་ནག་ཁྲོ་བོའི་རྒྱལ། །གཅེར་བུ་རྒྱན་མེད་རབ་འཇིགས་རྔམ་པའི་སྐུ །སྤྲོས་བྲལ་འགྱུར་མེད་ཆོས་སྐུར་མངའ་གསོལ་ལོ། །ཞལ་གཅིག་ཕྱག་བཞི་ཞབས་ཟུང་བགྲད་པ་ཡིས། །དོན་དམ་ཕྲིན་ལས་ཐབས་ཤེས་མངའ༴ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་མེ་སྟག་འཕྲོ། །གནོད་བྱེད་གཞོབ་ཏུ་བསྲེག་པར་མངའ༴ སྤྱན་གསུམ་དམར་ཟླུམ་སྡང་མིག་གློག་ལྟར་འཁྱུག །མྱུར་མགྱོགས་ཕྲིན་ལས་བསྒྲུབ་པར་མངའ༴ རྫི་སྨིན་སྨ་ར་ཨག་ཚོམ་ཚྭ་ཚྭ་འཕྲོ། །ཉམས་པ་སྒྲོལ་མཛད་དཔའ་བོར་མངའ༴ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་འབར། །དཀར་ཕྱོགས་བསྟན་པ་རྒྱས་མཛད་མངའ༴ པད་ཉི་དགྲ་བགེགས་གདན་ལ་འགྱིང་བ་ཡིས། །ཆགས་བྲལ་གདུག་པ་ཟིལ་གནོན་མངའ༴ ཕྱག་གཡས་གནམ་ལྕགས་ཐོ་ཆེན་ནམ་མཁར་ཕྱར། །དགྲ་གདོན་མགོ་བོ་འགེམས་པར་མངའ༴ གཡོན་པ་བསམ་གཅོད་རྣོ་ངར་རལ་གྲི་གདེངས། །གནོད་བྱེད་གཟུགས་ཕུང་གཏུབ་པར་མངའ༴ འོག་མའི་ཕྱག་གཉིས་མཆོད་རྟེན་ནམ་མཁར་བཏེགས། །རྣལ་འབྱོར་ཚེ་སྲོག་བསྲུང་བར་མངའ༴ རེས་གཅིག་ཉི་ཟླ་ཆ་ལང་དྲག་ཏུ་རྡེབ། །ཟློག་བསད་ཤ་ཁྲག་འཐོར་བར་མངའ༴ དེ་ཚེ་སོར་མཛུབ་སྡིག་པ་དམར་ནག་བཅུས། །ཤ་ཁྲག་ལྷག་མེད་རོལ་པར་མངའ༴ ཡང་གཅིག་ས་འཛིན་ལྷུན་པོ་མཁའ་ལ་བསྐྱོད། །དགྲ་བགེགས་གནོན་ཅིང་གཟིར་མཛད་མངའ༴ རང་འདྲའི་ཁྲོ་ཆུང་དཔག་མེད་འཕྲོ་འདུ་ཡིས། །ཐོགས་མེད་ཕྲིན་ལས་སྒྲུབ་པར་མངའ༴ དྲག་སྔགས་འཕྲོ་འདུ་ལྕགས་ཀྱུའི་ཕྲེང་བ་ཡིས། །མ་རུངས་འབྱུང་པོ་འགུགས་མཛད་མངའ༴ བཀའ་ཡི་བདེན་ཚིག་དམོད་པའི་མཐུ་སྟོབས་ཀྱིས། །དྲག་རྩལ་ནུས་མཐུ་དཔག་མེད་མངའ༴ ཡེ་ཤེས་བསྐལ་མེའི་ཀློང་དུ་བཞུགས་པ་ཡིས། །ཉོན་མོངས་དགྲ་གདོན་བསྲེག་པར་མངའ༴ བཀའ་ཉན་སྡེ་བརྒྱད་དམག་ཚོགས་གྲངས་མེད་ཀྱིས། །དགྲ་བགེགས་རྡུལ་དུ་རློག་པར་མངའ༴ དམ་ལྡན་གཏེར་སྲུང་དྲེགས་ཚོགས་མ་ལུས་པས། །དམ་ཆོས་བསྟན་པ་འཕེལ་རྒྱས་མངའ༴ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །དམ་གཙང་རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཞི་བའི་ཕྲིན་ལས་མཛོད། །ཚེ་དཔལ་འབྱོར་པ་རྒྱས་པའི་ཕྲིན་ལས་མཛོད། །སྣང་གྲགས་དབང་དུ་སྡུད་པའི་ཕྲིན་ལས་མཛོད། །དགྲ་གདོན་ཐལ་བར་རློག་པའི་ཕྲིན་ལས་མཛོད། །མཆོག་ཐུན་ལས་བཞིའི་ཕྲིན་ལས་མ་ལུས་པ། །ལྷ་མཆོག་མ་ཧཱ་རྀ་ཥིས་བསྒྲུབ་པར་མཛོད། །ཅེས་བསྐུལ་ཞིང་མངའ་གསོལ་བས་ལྷ་ཚོགས་རྣམས་དགྱེས་ཤིང་དགྲ་བགེགས་ལ་ཁྲོས་པས་ཟློག་བསྒྱུར་གྱི་ལས་རྣམས་ཐོགས་མེད་དུ་མཛད་པར་བསམ་ལ། ཧཱུྃ་བྷྱོ། དྲེགས་འདུལ་དྲང་སྲོང་དྲི་མ་མེད། །དེ་སྤྲུལ་རྫུས་སྐྱེས་ཁྲོ་ཆེན་ནི། །འཇིགས་བྱེད་ཞེ་སྡང་རྡོ་རྗེ་དང་། ཁྲོ་རྒྱལ་དེ་ཡི་སྤྲུལ་པ་དང་། །ཡང་སྤྲུལ་དམ་ཅན་རྒྱ་མཚོར་བཅས། །བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས། །རང་རང་གཡོག་སྤྲུལ་ཕོ་ཉར་བཅས། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །ཟློག་སྒྱུར་ཕྲིན་ལས་བཅོལ་བ་ནི། །སྔགས་འཆང་བདག་ཅག་འཁོར་བཅས་རྣམས། །དོ་ཅིག་དེང་སང་ཕན་ཆད་ནས། །སང་ཕོད་ད་ཙམ་ཚུན་ཆོད་ཀྱི། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །སྲོག་ལུས་དབང་ཀླུང་དགྲ་གཤེད་ཀེག །གཟའ་ཚེས་སྐར་སྦྱོར་བྱེད་པ་ངན། །ས་བདག་ཕྱོགས་ངན་ལ་སོགས་པ། །མི་མཐུན་འགལ་རྐྱེན་ཟློག་ཏུ་གསོལ། །ལྷ་བདུད་མ་མོ་རྒྱལ་བཙན་སོགས། །སྡེ་བརྒྱད་ཁྲོས་ཤིང་འཁྲུགས་པ་ཡིས། །འགོ་ནད་ཡམས་རིམས་འབྲུམ་བུ་དང་། །རྒྱུ་གཟེར་གག་ལྷོག་གཉན་ནད་སོགས། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག ལྷ་ཀླུ་གནོད་སྦྱིན་རྒྱལ་བསེན་སོགས། །གདོན་རིགས་སྟོང་ཕྲག་བཅོ་བརྒྱད་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་བདུན་བརྒྱ་ཉི་ཤུ༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་དྲུ་ལྟར་འཐུལ་བ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་སྒྱུ་སྟོབས༴ སྐེམ་བྱེད་ལྕགས་ཀྱུས་ཟིན་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ མགོན་པོའི་པར་བུ་བསྐོར་བ༴ གཤིན་རྗེའི་འཕྲུལ་འཁོར་བཅས་པ༴ ཕུར་བུའི་དབལ་ཁ་བཏབ་པ༴ ཕྲ་མེན་ཉེ་འབྱེད་བཏང་བ༴ ཕོ་ཉའི་རྦོད་གཏོང་རྐང་མགྱོགས༴ བནྡེའི་འབུམ་བསྐོར་བྱུང་བ༴ བོན་པོས་བཙོ་དམར་འཕངས་པ༴ མུ་སྟེགས་ངན་སྔགས་བཏང་བ༴ ཡུངས་ཀྱི་ཐུན་ཟོར་འཕེན་པ༴ སྔགས་པས་སྔགས་ཟོར་འཕེན་པ༴ བྱད་ཕུར་རྦོད་གཏོང་བྱུང་བ༴ མནན་གཏད་ཁྲམ་ལ་བཏབ་པ༴ བསྲེག་འཕང་ལས་སྦྱོར་བྱས་པ༴ ཡས་ཀྱི་བདུད་དུ་གཡོས་པ༴ མས་ཀྱི་སྲི་རུ་ལངས་པ༴ ཕ་མེས་རྒན་སྲི་ལངས་པ༴ མ་སྲུའི་རྒན་སྲི་ལངས་པ༴ བྱིས་པའི་ཆུང་སྲི་ལངས་པ༴ དཔོན་སློབ་དམ་སྲི་ལངས་པ༴ པྲ་དང་མོ་རྩིས་ངན་པ༴ རྨི་ལམ་མཚན་ལྟས་ངན་པ༴ མ་ཉེས་ཁ་ཡོག་ངན་པ༴ ཁ་མཆུ་ཁ་སྨྲས་ངན་པ༴ དུག་མཚོན་བསམ་སྦྱོར་ངན་པ༴ བཙའ་སད་སེར་བ་ལོ་ཉེས༴ མི་ནད་ཕྱུགས་ནད་ངན་པ༴ ཐོག་འཁྱུག་གནམ་ལྕགས་ལྕེ་འབབ༴ སྨྱོ་འབོག་བརྒྱལ་ནད་ངན་པ༴ ས་ཀླུའི་མཛེ་ཕོལ་ཤུ་འབྲས༴ གཟའ་ནད་ཧུར་ཐུམ་གཏོང་བ༴ སྔ་དགྲ་ལག་གིས་བདར་བ༴ ཕྱི་དགྲ་ཡིད་ལ་བཞག་པ༴ ད་དགྲ་མདུན་དུ་བདོ་བ༴ ལུས་ཀྱི་ན་ཚ་ངན་པ༴ སེམས་ཀྱི་སྡུག་བསྔལ་ངན་པ༴ བསམ་དོན་མི་འགྲུབ་བར་གཅོད༴ མི་མཐུན་གནོད་པའི་ཕྱོགས་ཀུན༴ ཟློག་གོ་དམར་ཆེན་གཏོར་མས་ཟློག །སྒྱུར་རོ་དྲང་སྲོང་དམོད་པས་སྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །ཆོས་སོ་གནོད་བྱེད་གདོན་ལ་ཆོས། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །ཆུང་བདུད་དལ་ཁ་ཐད་དུ་སྒྱུར། །རབ་འཇིགས་ལོཀྟྲིའི་ལྷ་ཚོགས་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད།། དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །བསྐུལ་ལོ་རྦད་དོ་མཐུ་མ་ཆུང་། །དྲང་སྲོང་བདེན་པའི་བཀའ་མ་བཅག །སྔགས་འཆང་དམ་རྫས་ཆུད་མ་གསན། །དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་ག་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་ཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག །ཅེས་ཟློག་སྔགས་ཅི་རིགས་བརྗོད། བདེན་སྟོབས་བརྗོད་པའི་ཐལ་རྡེབ་ལན་གསུམ། དྲང་སྲོང་དམོད་མོ་ལན་གཅིག་བྱ། ཐུན་གཏོར་ལ་རཀྟ་བྲན་ནས་དམིགས་བྱ་དགུག་གཞུག་བྱ། སླར་ཡང་བདུད་རྩི་བྲན་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་པོ་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། འབྲུ་གསུམ་ལན་གསུམ་གྱིས་བྱིན་བརླབ། ཨོཾ་རྀ་ཥི་ཀྲོ་དྷ་རཱ་ཛ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་བསྔོས་ལ། སླར་ཡང་དེ་ཉིད་དྲེགས་པའི་དམག་ཚོགས་མཚོན་ཆའི་འཕྲུལ་འཁོར་མི་བཟད་པར་སྤྲོ་བར་བསམ་ལ། ཧཱུྃ། དམར་ཆེན་གཏོར་ཟོར་ཁྲོ་རྒྱལ་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུག་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག་སོགས་གོང་ལྟར་ཟློག་སྔགས་དམོད་མོ་དང་བཅས་པས་དགྲ་ཕྱོགས་སུ་འཕང་ངོ་། །དེ་ནས་ཆོས་སྐྱོང་གི་གཏོར་སྐྱོང་རྗེས་ཆོག །གཞུང་གི་ཆད་ཐོ་བརྟན་སྐྱོང་གཏང་རག་གི་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་ལ་བརྟན་བཞུགས་བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་དཀྱུས་ལྟར་བྱ་སྟེ། སྒྲུབ་པའི་ཞག་གྲངས་དུ་བྱེད་དེ་ཉིད་ཀྱིས་འགྲེའོ། །གསུམ་པ་རྗེས་འཕང་བའི་ལས་ཀྱིས་མཇུག་བསྡུ་བ་ལ། སྒྲུབ་ཞག་རྫོགས་པའི་ཉིན་ཐ་མར། ཟློག་བྱང་གྲུབ་ཀྱི་བར་ཉིན་སྔ་མ་རྣམས་ལྟར་ལ། དེ་ནས་གཏོར་ཆེན་གྱི་ལྷ་ལ། ཨོཾ་རྀ་ཥི་ཀྲོ་དྷ་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱི་ཉེར་སྤྱོད། མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་གཏོར་རཀྟས་མཆོད་ཅིང་། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། གཏོར་ཆེན་གྱི་ཡེ་ཤེས་པ་རྟེན་ལ་ཐིམ། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་གསང་བདག་ཞེ་སྡང་རྡོ་རྗེ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས། ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར་པར་བསམ། ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག་སོགས་ཟློག་སྔགས་དྲག་ཏུ་བཟླས་ལ་ཟོར་རྫས་རྣམས་ལས་རྡོར་གྱིས་གྲལ་བསྐོར་བྱས་ལ་སྔགས་གདབ། བདེན་སྟོབས་བཅས་ཐལ་རྡེབ་བྱ་ཞིང་དམོད་མོ་བརྗོད། ཐུན་གཏོར་ལ་རཀྟ་བྲན་ཅིང་དགུག་གཞུག་བྱ། སླར་ཡང་བདུད་རྩི་བྲན་ལ་གོང་བཞིན་བྱིན་གྱིས་བརླབས་པ་དམག་ལྟོའི་ཚུལ་དུ་ཕུལ་ལ། ཧཱུྃ། གསང་བདག་ཞེ་སྡང་རྡོ་རྗེ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་བཞེས་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་འདོད་དོན་གསོལ། དེ་ནས་སྔོན་དུ་སྲིད་པ་ཧོའི་དཀར་གཏོར་ཕྱག་རྒྱ་དང་བཅས་པ་བཤམ་ལ་ཕྱི་སྒོའི་བར་དུ་ཟོར་ལམ་འཐེན། སློབ་དཔོན་དྲག་པོའི་ཆས་སུ་ཞུགས། གཞན་རྣམས་ཀྱང་རོལ་མོ་དང་བཅས་གདོང་ཕྱིར་ཕྱོགས་པས་གསེར་སྐྱེམས་འཐོར་བཞིན་དུ། སྒོ་དབྱེ་བ་ནི། ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ། །དཀར་པོའི་ཕྱོགས་ལ་མི་འཕེན་ནོ། ཁྱོད་རྣམས་རང་རང་གནས་ལ་གཤེགས། །ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །ཕྱོགས་དེར་གནས་པའི་གཞི་བདག་རྣམས། །སྐུ་ཟུར་དབུ་དམོད་ཞབས་སྡུས་ལ། །དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར། །དཔའ་བོའི་འཕྲུལ་འཁོར་དེར་ཤོམས་ཤིག །ཅེས་བརྗོད་ལ་སྒོ་ནང་དུ་རིམ་བཞིན། དཀར་གཏོར། ཟོར་སྣོད། གཏོར་ཆེན་རྣམས་སྤགས་ལ། ལས་བྱང་གི་བསྐུལ་དང་ཆད་ཐོ་བསྒྲག །དྲག་སྔགས་བཟླ་བཞིན་རོལ་མོ་དང་བཅས་པས་ཕྱིར་དོན། དགོན་པ་དང་སྡེ་དཔོན་ཆེན་པོ་ལྟ་བུའི་རིམ་གྲོར་སྤྲོས་པ་ཆེ་བ་བྱེད་ན། བདེ་ཡངས་ལྟ་བུར་གཏོར་ཆེན་གྱི་མདུན་དུ་བྲུབ་ཁུང་ལིངྒ་སོགས་བཤམས་ནས་གསེར་སྐྱེམས་ནས་ཞལ་སྟོབ་ཀྱི་བར་དང་། དེ་རྗེས་བསྐུལ་དང་ཟློག་བྱང་གྱེར་བའམ། དེ་ཙམ་མི་ནུས་ན་གསེར་སྐྱེམས་སྔོན་འགྲོའི་བསྐུལ་དང་ཟློག་བྱང་ཙམ་བཏགས་ཀྱང་མི་རུང་བ་མེད་དོ། །བསྡུ་ན་དེ་དག་མ་བྱས་ཀྱང་ཆོག་ལ། དཀར་གཏོར་རུ་མཚོན་སོགས་ཀྱིས་སྣ་དྲངས་ཏེ་ཟོར་གཏོར་རྣམས་གཟའ་རྒྱུ་ཕྱོགས་དང་བསྟུན་ནས་གང་དུ་འཕེན་པའི་སར་ཁྱེར་ལ། དེར་གསེར་སྐྱེམས་བཏང་། དཀར་གཏོར་གྱི་སྲིད་པ་ཧོའི་རྒྱབ་ཡིག་བསྒྲག །བདེན་སྟོབས་བརྗོད་དེ་དམིགས་བྱ་བཀུག་ལ་དམིགས་པའི་འབེན་བཅའ། ཟོར་བསྐུལ་ནི། ཧཱུྃ། ང་ནི་སྔགས་རྒོད་ཁྲོ་བོའི་རྒྱལ། ཁྲག་འཐུང་ཀུན་གྱི་རྒྱལ་པོ་ཡིན། །བཀའ་འཁོར་ལས་བྱེད་སྟོང་གསུམ་གང་། །ཐམས་ཅད་དྲག་པོའི་དམག་ལ་ཆོས། །སྒྲོལ་བྱེད་དྲག་པོ་ཟོར་གྱི་རྫས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །གཏོར་ཆེན་ཐོག་ལྟར་ཤ་ར་ར། ཁྲག་ཟོར་མཚོ་ལྟར་འཁྱིལ་ལི་ལི། །མདའ་ཟོར་འཁྱུག་ལྟར་ཁྱུགས་སེ་ཁྱུག །རྡོ་ཟོར་རྦབ་ལྟར་ཉི་ལི་ལི། །ཐུན་ཟོར་སེར་ལྟར་ཤ་ར་ར། །དུག་ཟོར་མུན་ལྟར་ཐིབས་སེ་འཐིབས། །དྲག་པོ་སྣ་ཚོགས་ཟོར་གྱི་རྫས། །སྡང་བ་དགྲ་ཡི་སྙིང་ལ་ཡཱ། །བདུན་རྒྱུད་ཆོད་ཅིག་མཱ་ར་ཡ། །གནོད་པ་བགེགས་ཀྱི་སྙིང་ལ་ཡཱ། །མེད་པར་ཆོམས་ཤིག་མཱ་ར་ཡ། །ཡུལ་མཁར་ཁྱིམ་ལ་གཏོར་ཟོར་ཡཱ། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །བདག་འཛིན་བདུད་ལ་གཏོར་ཟོར་ཡཱ། །གཉིས་མེད་སྒྲོལ་ཅིག་མཱ་ར་ཡ། །ཞེས་དྲེགས་འཇོམས་ལྟར་བདེ་ཞིང་འཚམ་པས་སྨིན་ལུགས་སོར་བཞག་གིས་འཐུས་མོད། རྩ་བའི་ཡི་གེ་བུ་ལོད་རིན་ཆེན་གྱིས་མཛད་པའི་དྲག་པོ་ཟོར་གྱི་གླེང་གཞི་ལྟར་ན། བྷྱོ། ཟོར་བྱུང་དང་པོ་གང་ནས་བྱུང་། །དང་པོ་ཟོར་གྱི་བྱུང་ས་ནི། །རི་རབ་ལྷུན་པོའི་བྱང་ཕྱོགས་སུ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །དྲེགས་པ་འདུལ་བའི་ཏིང་འཛིན་དང་། །དྲེགས་སྲོག་དབང་དུ་སྡུད་པའི་ཕྱིར། །དྲག་སྔགས་རྣོ་དབལ་འབྲུག་སྟོང་སྒྲ །རབ་ཏུ་བསྒྲགས་པའི་སྔགས་ཟོར་གྱིས། །དྲེགས་བྱེད་ལྷ་སྲིན་སྡེ་བརྒྱད་རྣམས། །རབ་འཇིགས་དངངས་སྐྲག་རེངས་ཤིང་བརྒྱལ། །བརྒྱལ་བ་སངས་ནས་དྲེགས་པའི་ཚོགས། །འཁོར་དང་འབངས་སུ་ཁས་བླངས་ནས། །རང་རང་སྲོག་གི་སྙིང་པོ་ཕུལ། །དང་པོ་སྔགས་ཟོར་དེ་ལྟར་བྱུང་། །དེ་འོག་བར་གྱི་བསྐལ་པ་ལ། །རྒྱ་གར་ཡུལ་གྱི་ལྷོ་ཡི་ཕྱོགས། །ལྷོ་ཕྱོགས་ཨིནྡྲའི་ཡུལ་དབུས་སུ། །ཆོས་རྒྱལ་དྷརྨ་ཨ་ཤྭ་དེ། །ས་བདག་ཀླུ་དུག་ནད་ཀྱིས་ཟིན། །དུས་དང་བསྐལ་པ་དེ་ཙམ་ན། །ནགས་ཚལ་དྲྭ་བ་ཅན་གྱི་ཀློང་། །རི་བོ་ཀུན་འདུས་རྩེ་མོ་ནས། །ཆོས་ལོངས་སྤྲུལ་སྐུ་དྲང་སྲོང་ཆེ། །དྲི་མེད་འོད་ཟེར་སྤྱན་དྲངས་ནས། །དྲང་སྲོང་དམོད་པའི་བདེན་ཚིག་གིས། །དྲག་སྔགས་དབལ་ཟོར་འདི་བརྒྱབས་པས། །རྒྱལ་པོ་ཀླུ་ཡི་སྙུན་ལས་གྲོལ། །བར་དུ་སྔགས་ཟོར་དེ་ལྟར་སྲིད། །དེ་རྗེས་དྷརྨ་ཨ་ཤོ་དང་། །བྲམ་ཟེ་ལེགས་གྲུབ་པྲ་ཧསྟི། །ཕུང་བྱེད་ཤཱནྟིཾ་གརྦྷ་དང་། །པདྨ་འབྱུང་གནས་ལ་སོགས་ནས། །རྩ་བའི་བླ་མ་ཡན་ཆད་ཀྱིས། །བསྙེན་ཅིང་བསྒྲུབས་པའི་ཡི་དམ་ལྷ། །ལྷ་མཆོག་དྲང་སྲོང་དྲག་རྩལ་ཅན། །རྣལ་འབྱོར་བདག་གིས་བསྒྲུབས་བསྒྲུབས་ནས། །བྱིན་རླབས་མཐུ་དཔུང་མ་ཉམས་པའི། །དྲག་སྔགས་སྤུ་གྲིའི་དབལ་ཟོར་འདི། །སྟེང་འོག་ཕྱོགས་མཚམས་ཕྱོགས་བཅུ་ཡི། །ལྷ་ཀླུ་གཉན་དང་ཕྱོགས་སྐྱོང་སོགས། །དཀར་ཕྱོགས་སྐྱོང་དང་མ་ཉེས་པའི། །ལྷ་སྲིན་ཡོངས་ལ་མི་འཕེན་ནོ། །སྐུ་ཟུར་དབུ་དམོད་ཞབས་སྐུམས་ཤིག །དབང་ཕྱུག་བདག་གིས་མ་ཉེས་སོ། །འདི་ལྟར་དྲག་པོའི་དབལ་ཟོར་འདི། །སྡང་བའི་དགྲ་དང་གནོད་པའི་བགེགས། །བར་དུ་གཅོད་པའི་རྐྱེན་ལ་འཕེན། །རྒྱལ་བསེན་གནོད་བྱེད་འདུལ་བའི་ཕྱིར། །དྲང་སྲོང་ལྷ་ཚོགས་དབྱིངས་ནས་བཞེངས། །སྤྲུལ་འཁོར་འབུམ་སྡེ་ལས་ལ་ཆོས། །དྲང་སྲོང་ཆེན་པོ་དྲི་མེད་ཁྱོད། །སྐུ་ནི་མི་འགྱུར་བརྟན་པ་ལ། །ཕྱག་མཚན་འཁོར་ལོ་སྒྱུར་བཞིན་དུ། །དགྲ་བགེགས་མགོ་ལ་འཁོར་ལོ་སྐོར། །རྒྱལ་འགོང་མགོ་ལ་འཁོར་ལོ་སྐོར། །སྡེ་བརྒྱད་སྲོག་ལ་འཁོར་ལོ་སྐོར། །འཁོར་ལོ་གཡས་སུ་སྐོར་ཙ་ན། །རྒྱལ་སྙིང་མགོ་ལ་འཁོར་ལོ་རྒྱོབ། །འཁོར་ལོ་གཡོན་དུ་སྐོར་ཙ་ན། །མོ་གདོན་སྙིང་ལ་འཁོར་ལོ་རྒྱོབ། །སྡང་བའི་དགྲ་ལ་སྔགས་ཟོར་ཡཱ། །གནོད་པའི་བགེགས་ལ་སྔགས་ཟོར་ཡཱ། །ཟ་བའི་འདྲེ་ལ་སྔགས་ཟོར་ཡཱ། །ཕུང་བའི་སྲི་ལ་སྔགས་ཟོར་ཡཱ། །གནོད་བྱེད་ཐལ་བའི་རྡུལ་དུ་རློགས། །ཟོར་འཕེན་པ་ནི། ཀོང་ཟོར་ཐོགས་ལ། ཧཱུྃ། སྔགས་རྒོད་ཞེ་སྡང་རྡོ་རྗེ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ། །གྲུ་གསུམ་གདུག་པ་ཀོང་བུའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་ག་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་ཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག །ཅེས་ཟློག་སྔགས་བཟླ་ཞིང་ཀོང་ཟོར་འཕེན་པ་དེ་བཞིན་ཕྱི་མ་རྣམས་ལའང་འགྲེ། མདའ་ཟོར་ཐོགས་ལ། ཧཱུྃ། སྔགས་རྒོད་ཞེ་སྡང་རྡོ་རྗེ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །སྔགས་བཅས་འཕང་། ཁྲག་ཟོར་ཐོགས་ལ། ཧཱུྃ། སྔགས་རྒོད་ཞེ་སྡང་རྡོ་རྗེ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ། །རྦ་ཀློང་འཁྲུགས་པ་ཁྲག་གི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །སྔགས་བཅས་འཕང་། རྡོ་ཟོར་སྒུལ་མོ་བཅས་ཐོགས་ལ། ཧཱུྃ། སྔགས་རྒོད་ཞེ་སྡང་རྡོ་རྗེ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ། །རི་བོ་ཉིལ་བ་རྡོ་ཡི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །ཞེས་སྔགས་དྲག་ཏུ་བཟླ་བཞིན་པས་འཕང་། རྒྱས་པར་ཟོར་དེ་བཞི་རེ་རེ་བཞིན་ཐམས་ཅད་ལ་འཕེན་ཚིག་བརྗོད་ལ་ཐལ་མོ་བརྡབ། དུལ་མོ་རྡུལ། དེ་ནས་གཏོར་ཆེན་གྱི་ནང་དུ་གསད་འཁོར་དང་རྦོད་གཏོང་ཟློག་པ་དྲག་པོའི་འཁོར་ལོ། །སྒོས་ཟློག་སོ་སོའི་འཁོར་ལོ་སོགས་བཅས་ཡོད་ན་འཁོར་ལིང་རྣམས་ཧོམ་ནང་དུ་སྔགས་རྒོད་ཞེ་སྡང་རྡོ་རྗེའི་ལྷ་ཚོགས་ཞལ་རབ་ཏུ་གདངས་པའི་ནང་དུ་ཕུལ་བས་གསོལ་བར་བསམ་ལ། ཨོཾ་ལོཀྟྲི་པཱ་ལ་ནན་སོད། ས་ག་པཱ་ཤ་ནན་སོད། ནཱ་ག་དུ་དུ་ནན་སོད། མ་མཾ་མ་མཾ་སོད། ཙིར་ཙར་ཙིར་ཙར་སོད། བཾ་རུ་ལུ་བཾ་རུ་ལུ་སོད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སོད། ཧོ་ར་ཧོ་ར་སོད། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད། ནྲྀ་ཏྲི་མཱ་ར་ཡ་རྦད་ཡཱ་། ཅེས་བསད་སྔགས་དང་དམོད་མོ་བརྗོད། གཏོར་ཆེན་ནི། ཧཱུྃ། དམར་ཆེན་གཏོར་ཟོར་ཁྲོ་རྒྱལ་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུག་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་བརྗོད་ཅིང་ཟློག་སྔགས་དམོད་ཚིག་བཅས་གཏོར་ཆེན་འཕངས་པས་སྤྲུལ་པའི་དམག་ཚོགས་ནམ་མཁའ་གང་བ་དཔའ་བའི་ངར་སྒྲ་དང་བཅས་དགྲ་ཡུལ་དུ་ཆས་ནས་དགྲ་བོ་འཁོར་བཅས་རྗེས་ཤུལ་ལྷག་མེད་དུ་བརླགས་པར་བསམ། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིགས་ཤིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པས་ཆོད་ཅིག །གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ཏུ་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་མེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐམས་ཅད་ཐུལ་ཅིག །ཅེས་དམོད་ཚིག་གིས་ཐལ་རྡེབ་བྱ། བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་མི་འགྱུར། །གལ་ཏེ་གནས་ན་བརླག་པར་བྱེད། །དྲང་སྲོང་དམོད་དེ་བཟློག་ཏུ་མེད། །ཅེས་དང་། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བར་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་ཡིད་ཆེས་སྐྱེད། མེ་ཆུའི་རྒྱས་འདེབས་ཀྱིས་མཚམས་བཅད་ལ་ལས་བྱང་གི་སྲུང་འཁོར་འདོན། སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་ཆེན་གྱི་སྣོད་བཤལ་པའི་ཆུས་བརྟན་མའི་གཏོར་མ་ལ་བྲན་ཏེ་བརྟན་མ་བསྐྱང་། ས་ལ་ཆོས་འབྱུང་ནྲྀ་བཅས་བྲིས་པར་དམིགས་བྱ་བཀུག །གཏོར་གཞོང་རི་རབ་གྱུར་པའི་འོག་ཏུ་མནན་པར་བསམ་ལ་གཏོར་གཞོང་ཁ་སྦུབས་ལ་ལས་བྱང་བཞིན་བྲོ་བརྡུང་། ནང་དུ་ལོག་ནས་ཚེ་འགུགས་ཤིང་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་ནོངས་བཤགས། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རྟེན་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། སང་ཉིན་ལས་བྱང་གི་གཞུང་བསྲང་ཞིང་བཟླས་པའི་བར་སོང་ནས་གཏང་རག་གི་ཚུལ་དུ་ཆོས་སྐྱོང་སྤྱི་སྒོས་ཀྱི་སྐོང་གསོ་གཏོར་སྐྱོང་ཚོགས་མཆོད་སོགས་མཐའ་རྒྱས་སུ་བྱས་པས་ལེགས་པར་གྲུབ་བོ། །ཟློག་མེད་དྲང་སྲོང་དམོད་པའི་གནམ་ལྕགས་དབལ། །བསྟན་འགྲོར་འཚེ་བའི་མི་དང་མི་མིན་གྱི། །མགོ་བོར་ལྷུངས་ནས་མིང་གི་མཐར་བྱས་ཏེ། །ཕྱོགས་དུས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག །སྲུང་ཟློག་ཁྱད་པར་འཕགས་པ་འདི་ཉིད་དེང་སང་གི་དུས་ལ་ཆེད་དུ་བསྔགས་ཤིང་ཟབ་ཀྱང་པུ་རི་ལག་ལེན་དུ་ཐེབས་དཀའ་ལ་སྤྱི་རྒྱུག་འདི་ཙམ་མེད་ཀ་མེད་གྱུར་རུང་། སྔ་འགྱུར་བ་སྤྱི་ལ་ཁྱབ་པའི་ཕྲིན་ལས་ཅན་དུ་མི་བཞུགས་པས་རང་གཞན་ལ་ཕན་པར་འདོད་པའི་བསམ་པས། རྗེ་འབྲི་གུང་པ་དང་ཆོས་རྒྱལ་གཏེར་བདག་གླིང་པ་ཡབ་སྲས་ཀྱི་གཞུང་དང་ཕྱག་བཞེས་གཙང་མ་བཀླག་ཆོག་ཏུ་བྱས་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).